TTDL-ZABTER-02-KHA-017

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-02-KHA-017

༠༠༠བརྡ་ཡིག༢༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་ཡ་མཱནྟ་ཀའི་སྒྲུབ་སྐོར་ལས༔ གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲག་པོ་བསྒྲུབ་པའི་རྣལ་འབྱོར་གྱིས༔ མོས་གུས་གདུང་བའི་ཤུགས་བསྐྱེད་ནས༔ གསོལ་འདེབས་འདི་ཉིད་བརྗོད་པར་བྱ༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ སྐྱབས་གནས་དམ་པའི་མཆོག་གྱུར་པ༔ དག་པའི་སྣང་ངོར་བཞུགས་གྱུར་ནས༔ མཁྱེན་རྩེའི་ནུས་པས་བདག་སྐྱབས་གསོལ༔ ཀུན་བཟང་རྡོ་རྗེ་འཆང་ཆེན་སོགས༔ རྒྱལ་བ་དགོངས་བརྒྱུད་བླ་མ་དམ་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་བྱང་ཆུབ་ལམ་ལ་སྐྱོལ༔ དགའ་རབ་ཤྲཱི་སེང་པདྨ་ཀ་ར་སོགསཿརིག་འཛིན་བརྡ་བརྒྱུད་བླ་མ་དམ་པ་ལཿགསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབསཿསྐད་ཅིག་ཉིད་ལ་བྱང་ཆུབ་ལམ་ལ་སྐྱོལཿམཚོ་རྒྱལ་ཁྱེའུ་ཆུང་ལོ་ཙཱ་རྗེ་འབངས་སོགས༔ དུས་གསུམ་བསྟན་པའི་བརྒྱུད་རིམ་ལུག་རྒྱུད་ཀྱིས༔ གང་ཟག་སྙན་བརྒྱུད་བླ་མ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་བྱང་ཆུབ་ལམ་ལ་སྐྱོལ༔ ཡེ་སངས་རྒྱས་པ་པདྨ་ཀ་ར་ཡིས༔ གདུལ་བྱ་རྗེས་སུ་འཇུག་པའི་ཐུགས་བསྐྱེད་ཀྱི༔ རྣམ་འཕྲུལ་མ་ངེས་ཆུ་ཟླའི་རོལ་གར་གྱིས༔ སྨོན་ལམ་གཏེར་བརྒྱུད་བླ་མ་དམ་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་བྱང་ཆུབ་ལམ་ལ་སྐྱོལ༔ རྒྱལ་ཀུན་གསང་བ་འདུས་པའི་ཀློང་ཆེན་པོ༔ འཇམ་དཔལ་ཡ་མཱནྟ་ཀའི་དཀྱིལ་འཁོར་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་བྱང་ཆུབ་ལམ་ལ་སྐྱོལ༔ བཀའ་དང་དམ་ཚིག་གཉན་པོའི་སྲོག་འཛིན་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྐད་ཅིག་ཉིད་ལ་བྱང་ཆུབ་ལམ་ལ་སྐྱོལ༔ བདག་གི་ཡང་གསང་རོལ་པའི་དཀྱིལ་འཁོར་འདིར༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཏེ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཀློང་རྡོལ་ནས༔ ཀ་དག་ཀུན་བཟང་དགོངས་པར་བྱང་ཆུབ་ཤོག༔ ས་མ་ཡ༔ འདི་ཡིས་བར་ཆད་གེགས་སེལ་ནས༔ ས་ལམ་ཡོན་ཏན་གོང་དུ་འཕེལ༔ དགོངས་རྒྱུད་བྱིན་རླབས་རྒྱུད་ལ་འཕོ༔ ཡང་དག་ཆེན་པོར་གདིང་ཐོབ་བྱེད༔ བཀའ་སྲུང་ཡ་མ་རཱ་ཙས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀ་དག་རྫོགས་པ་ཆེན་པོ་ཀློང་ཆེན་རོལ་བའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་བཟང་དགའ་རབ་བོ།།དགེའོ།།དགེའོ།།དགེའོ།།བཀྲ་ཤིས་རབ་ཏུ་བརྟན་པར་གྱུར་ཅིག།།།