TTDL-ZABTER-02-KHA-018
TTDL-ZABTER-02-KHA-018
༠༠༠༠བརྡ་ཡིག༢༦༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་པོའི་རྩ་སྒྲུབ་སྐར་མའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔ ༠༠༠བརྡ་ཡིག༢༦༢ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་འདྲ་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་རྣམས་ལ༔ ཐར་བ་ཆེན་པོའི་གསང་བའི་ལམ༔ ཡང་དག་གདོད་མའི་སངས་རྒྱས་བསྟན༔ ཀྱེ་ཧོ༔ ལས་སྨོན་ཕུན་སུམ་ཚོགས་པ་ཡི༔ སྐལ་བར་ལྡན་པའི་སྐྱེས་བུ་རྣམས༔ མ་དག་སྒོ་གསུམ་འཁྲུལ་པའི་སྒོ༔ རྡོ་རྗེ་གསུམ་དུ་སྨིན་གྲོལ་ཕྱིར༔ ཧེ་རུ་ཀ་དཔལ་སྒོམ་སྒྲུབ་བརྩོན༔ མ་དག་ལས་ཀྱི་རྩ་ཐིག་རླུང་༔ དག་པ་ཡེ་ཤེས་ངང་དུ་སྦྱངས༔ སྒོ་གསུམ་དབེན་པ་དང་ལྡན་པའི༔ བཀྲ་ཤིས་བྱིན་ཆགས་གནས་བཟང་སོགས༔ སྔོན་འགྲོའི་ཆོ་ག་ཟིན་པའི་རྗེས༔ རྡུལ་ཚོན་རས་བྲིས་ཚོམ་བུ་དང་༔ གཏོར་མའི་རྟེན་སོགས་གང་རུང་ལ༔ བསྟེན་ནས་བསྒྲུབ་པ་ཕྱི་ལྟར་ཏེ༔ ནང་ལྟར་རྡོ་རྗེའི་ཕུང་པོའི་གྲོང་༔ ཡེ་རྫོགས་ཡོངས་གྲུབ་དལ་ཆེན་པོ༔ གསང་བ་ཡེ་རིག་ཆོས་ཀྱི་སྐུ༔ དོན་གྱི་སངས་རྒྱས་རང་བྱུང་བ༔ དབང་པོ་རབ་འབྲིང་ཐ་མ་དང་༔ སྤྲོས་བཅས་དང་ནི་སྤྲོས་པ་མེད༔ ཤིན་ཏུ་སྤྲོས་པ་མེད་པ་ཡིས༔ རྣལ་འབྱོར་རང་ཚུལ་དང་བརྟེན་ལམ༔ མཆོད་རྫས་འབྱོར་ཚོགས་བཤམས་པ་ལ༔ ཡིད་སྤྲུལ་མི་ཟད་རྒྱན་འཁོར་སྤེལ༔ སྤྱོད་ཡུལ་དག་པའི་ངང་ནས་ཕུལ༔ ས་མ་ཡ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་དཔལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་དོན་གྱི་ཧེ་རུ་ཀ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལན་ཆགས་བུ་ལོན་གཏོར་མས་འཇལ༔ དགའ་མགུ་ཡི་རང་ཚིམ་གྱུར་ནས༔ སོ་སོར་རང་རང་གནས་སུ་སོང་༔ བཀའ་ལས་འདའ་ན་བརླག་འགྱུར་རོ༔ རྩ་སྔགས༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ མེ་རླུང་ཐུན་མཚོན་ཁྲོ་ཆུང་འཕྲོས༔ བསྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ སྣང་སྲིད་བདེ་ཆེན་ཀློང་རྒྱས་འདེབས༔ ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿབཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ བདག་ཉིད་འབར་བ་ཡེ་ཤེས་ལྷ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་ཆེན་པོའི་དབང་བྱིན་ཕོབ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་མཎྜ་ལ་སརྦ་ས་མ་ཡ༔ བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ལན་གསུམ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ༔ སྣང་སྲིད་གདོད་ནས་རང་སྣང་ཀློང་༔ དག་པ་ཆེན་པོའི་རྒྱས་འདེབས་ཀྱིས༔ ཕྱི་ནང་མཆོད་པའི་སྤྲིན་ཆེན་པོ༔ འདོད་ཡོན་རྒྱན་གྱི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃ་སརྦ་གྷ་ཎ་པཱུ་ཛ་པཉྩ་ཨ་མྲྀ་ཏ་སྭཱ་ཧཱ༔ དེ་ནས་སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ནི༔ ཨོཾ༔ ཀ་དག་ལྷུན་འབྱམས་ཆོས་ཀྱི་དབྱིངས༔ ཨཱཿལྷུན་གྲུབ་རང་གདངས་ཐུགས་རྗེ་ཆེ༔ ཧཱུྃ༔ ཐུགས་རྗེའི་གདངས་ཆེན་རྒྱུ་རུ་ཤར༔ རྒྱུ་ཡི་སྤྲུལ་པ་ཆེན་པོ་ལས༔ མེ་ཆུ་བྲག་དང་ཤིང་བརྒྱད་སོགས༔ དུར་ཁྲོད་བརྒྱད་དབུས་སྲུང་འཁོར་ནང་༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་༔ རྒྱན་དག་བཀོད་པ་ལྷུན་རྫོགས་དབུས༔ པདྨ་དང་ནི་ཉི་དཀྱིལ་དབུས༔ གཤིན་རྗེ་ཆུ་གླང་བརྫིས་པའི་སྟེང་༔ ཧཱུྃ་ལས་བདག་ཉིད་གཤིན་རྗེའི་གཤེད༔ སེར་ནག་ཞལ་གདངས་ལྗགས་འདྲིལ་ཞིང་༔ སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་གྱེན་དུ་འབར༔ ཕྱག་བཞི་གཡས་གཉིས་རལ་གྲི་དང་༔ འོག་མས་དགྲ་སྟྭ་འབར་བ་གདེངས༔ གཡོན་གཉིས་འཁོར་ལོ་མེ་ཆུ་བསྣམས༔ ཞབས་གཉིས་ཁྲོ་བོའི་གྱད་སྟབས་བསྒྲད༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ འཁོར་ལོ་ལྔ་ཡི་རྩ་རྣམས་སུ༔ ཁྲག་འཐུང་རིགས་ལྔ་ཀཽ་སིང་དང་༔ སྒོ་སྐྱོང་མ་བཞི་དབང་ཕྱུག་ཚོགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ དུར་ཁྲོད་བདག་མོ་ཡུམ་གྱིས་འཁྱུད༔ ཕྱག་གཉིས་རྡོ་རྗེ་བྷན་ཁྲག་སྟོབ༔ ཁྲོ་མོའི་ཆས་ཀུན་ཡོངས་རྫོགས་པའི༔ གནས་ལྔར་ཀྲོ་ཏི་ཡུམ་ལྔ་ཤར༔ སྤྱི་བོར་ཡེ་ཤེས་ཁྱུང་གིས་བརྒྱན༔ རིགས་བདག་འཇམ་དཔལ་གཞོན་ནུ་སེར༔ ཕྱག་གཉིས་རལ་གྲི་གླེགས་བམ་བསྣམས༔ བཞི་བཅུ་རྩ་གཉིས་སངས་རྒྱས་རྫོགས༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ཤར་དུ་རྡོ་རྗེ་བདུད་འདུལ་དཀར༔ གླང་ཞལ་ཕྱག་གཉིས་ཐོད་ཞགས་བསྣམས༔ ལྷོ་རུ་ཡཀྴ་མེ་དབལ་སེར༔ རྟ་ཞལ་ཕྱག་ན་གླིང་བཞི་དང་༔ རིན་ཆེན་འབར་བའི་བེ་ཅོན་བསྣམས༔ ནུབ་ཏུ་ཀླུ་བདུད་རྡོ་རྗེ་ནི༔ ཁྱུང་གདོང་རྡོ་རྗེ་མེ་ཞགས་བསྣམས༔ བྱང་དུ་ཚེ་བདག་ནག་པོ་ནི༔ སྦྲུལ་གདོང་རྒྱ་གྲམ་རླུང་ཞགས་བསྣམས༔ ཀུན་ཀྱང་ཁྲོ་བོའི་ཆས་རྫོགས་ཤིང་༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ཤར་སྒོར་རྡོ་རྗེ་པུ་ཤུད་གདོང་༔ ཕྱག་གཉིས་ལྕགས་ཀྱུ་ཐོད་ཁྲག་ཐོགས༔ ལྷོ་སྒོར་རིན་ཆེན་གངྒའི་གདོང་༔ ཕྱག་གཉིས་གསེར་ཞགས་ཐོད་ཁྲག་བསྣམས༔ ནུབ་སྒོར་པདྨ་སྲིན་བྱའི་གདོང་༔ ཕྱག་གཉིས་ལྕགས་སྒྲོག་ཐོད་ཁྲག་བསྣམས༔ བྱང་སྒོར་ཀརྨ་ཁྲ་གདོང་མ༔ ཕྱག་གཉིས་དྲིལ་བུ་ཐོད་ཁྲག་བསྣམས༔ ཀུན་ཀྱང་དཀར་སེར་དམར་ལྗང་འབར༔ ཡེ་ཤེས་མེ་དཔུང་ཀློང་དུ་གསལ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོརཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དང་༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ སངས་རྒྱས་བྱང་སེམས་རིག་འཛིན་ཚོགས༔ དམ་ཚིག་བསྒོམས་པའི་དཀྱིལ་འཁོར་ལྷའི༔ རྣམ་པར་རོལ་པས་སྤྱན་དྲངས་ཏེ༔ གཉིས་མེད་ལྷུན་རྫོགས་ཆེན་པོར་རོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨོཾ་ཡ་མཱནྟ་ཀ་མཉྫུ་ཤྲཱི་ཀཱ་ཡ་མཎྜ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿསྔགས་ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་རྒྱལ་བ་གཤེགས་སུ་གསོལ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ དུས་གསུམ་རྒྱལ་བ་ཡོངས་རྫོགས་དཔལ༔ ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ༔ གཤིན་རྗེའི་གཤེད་པོ་གཤེགས་སུ་གསོལ༔ ཡ་མཱནྟ་ཀ་གཤེགས་སུ་གསོལ༔ རྡོ་རྗེ་འཇིགས་བྱེད་གཤེགས་སུ་གསོལ༔ ཚེ་བདག་ནག་པོ་གཤེགས་སུ་གསོལ༔ རྡོ་རྗེ་བདུད་འདུལ་གཤེགས་སུ་གསོལ༔ ཀླུ་བདུད་རྡོ་རྗེ་གཤེགས་སུ་གསོལ༔ ཡཀྴ་མེ་དབལ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷའི༔ རྣམ་པར་གཉིས་མེད་རོལ་པར་བསྟིམ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨ་བཛྲ་ས་མ་ཡ་ཛཿཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧོཿགདོད་ནས་དམ་ཚིག་ཡེ་ཤེས་པ༔ གཉིས་མེད་ལྷུན་རྫོགས་ངོ་བོ་རུ༔ བཞུགས་ནས་མངོན་གྱུར་ཡེ་ཤེས་ཀྱི༔ རང་ཞལ་སྤྲོད་ཅིག་ས་མ་ཡ༔ ཏིཥྛ་བཛྲ་ས་མ་ཏི་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོཿགདོད་ནས་ལྷན་ཅིག་སྐྱེས་པའི་ལྷ༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ལ༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་པས༔ ཕྱག་འཚལ་དབང་དང་དངོས་གྲུབ་སྩོལ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རང་བྱུང་རང་ཤར་དཀྱིལ་འཁོར་དུ༔ གཉིས་མེད་སྒྱུ་མར་རོལ་པའི་འཕྲུལ༔ འདོད་ཡོན་ཕུན་སུམ་ཚོགས་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོ་འབུལ༔ ཉེ་བར་སྤྱོད་པའི་ལྷ་མོ་བདུན༔ འདོད་ཡོན་སྟོབ་མ་ལྔ་དང་ནི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ དུག་ལྔ་བསྒྲལ་བ་འཁོར་བའི་ཁྲག༔ སྣོད་བཅུད་སྣང་བ་གཏོར་མ་བཅས༔ ཡེ་རྫོགས་ལྷ་ལ་མཉེས་པར་འབུལ༔ ཡོངས་གྲུབ་ལྷ་ལ་རིག་པས་འབུལ༔ ལྷན་སྐྱེས་ལྷ་ལ་ཚིམས་པར་འབུལ༔ ཧཱུྃ་མ་ཧཱ་སརྦ་ག་ན་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་པྲ་ཏཱིཙྪ་ཧོ༔ ཨ༔ སྣང་བ་བདེ་ཆེན་རྒྱལ་པོ་ལ༔ སྟོང་ཉིད་དབྱིངས་ཀྱིས་རྒྱས་འདེབས་པའི༔ སྦྱོར་བ་ཆེན་པོའི་བྱང་ཆུབ་སེམས༔ ཡེ་གཞི་རྡོ་རྗེ་སྲིན་པོའི་ཐོ༔ ཆགས་བྲལ་ཤེས་རབ་མཁའ་གསང་དུ༔ སྦྱོར་བས་འཁོར་བ་དབྱིངས་སུ་བསྒྲལ༔ མཉམ་ཉིད་ཡེ་ཤེས་ཆེན་པོས་མཆོད༔ སརྦ་ཏ་ན་ག་ན་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདེ་ཆེན་འཕོ་འགྱུར་མེད་པའི་གཞལ་ཡས་ནས༔ ཆགས་བྲལ་པདྨ་ཉི་མའི་གདན་སྟེང་དུ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ སྐུ་དང་ཡེ་ཤེས་ཡོངས་རྫོགས་དཔལ་ཆེན་པོ༔ འཇམ་དཔལ་ཡ་མཱནྟ་ཀར་ཕྱག་འཚལ་བསྟོད༔ སྣང་སྲིད་འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ འཆི་བདག་ལས་ཀྱི་གཤིན་རྗེ་འཇོམས་མཛད་ཅིང་༔ མ་རིག་བདག་ལྟའི་རཱུ་དྲའི་གཤེད་དུ་ཤར༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ སེར་ནག་ཞལ་གཅིག་ཕྱག་བཞི་རྔམས་ཁྲོ་འབར༔ གཡས་གཉིས་རལ་གྲི་གནམ་ལྕགས་དགྲ་སྟྭ་གདེངས༔ སྐྱེ་ཤི་རྩད་གཅོད་ང་བདག་འགོང་པོ་སྒྲོལ༔ གཡོན་གཉིས་གནམ་ལྕགས་འཁོར་ལོ་མེ་ཆུ་ཡིས༔ སྲིད་པ་དབྱིངས་སུ་འཇིག་ཅིང་དམྱལ་ཁམས་གཞོམ༔ ཞབས་གཉིས་གྱད་སྟབས་གཤིན་རྗེ་ཕོ་མོ་དང་༔ ངན་སོང་འཁོར་བའི་སྒོ་འཕར་ཐམས་ཅད་གནོན༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ འཁོར་བ་མྱང་འདས་དབྱིངས་སུ་སྒྲོལ་བར་བྱེད༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ ཁམས་གསུམ་མ་ལུས་མཉམ་ཉིད་ངང་དུ་རོལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་བསྒྲད་པ་ཡིས༔ དུག་གསུམ་སྐུ་གསུམ་ལྷུན་གྲུབ་ཆེན་པོར་ཞིག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ཡིས༔ མི་སྲུན་བདུད་བགེགས་དམ་སྲིའི་ནུས་པ་བཅོམ༔ དབྱངས་ཅན་རབ་ཁྲོས་དུར་ཁྲོད་བདག་མོས་འཁྱུད༔ ཕྱག་གཉིས་རྡོ་རྗེ་བྷན་ཁྲག་ཡབ་ལ་སྟོབ༔ ཐབས་ཤེས་བདེ་སྟོང་སྙོམས་པར་ཞུགས་པའི་མཁར༔ མ་རིག་ལས་ཉོན་མལ་ནས་དཀྲོག་པར་བྱེད༔ ཁྲག་འཐུང་ལྔ་བཅུ་སྐུ་ལ་རྫོགས་པ་ཡིས༔ ཉོན་མོངས་བརྒྱད་ཁྲིའི་གཡོ་འཁྲུགས་དབྱིངས་སུ་འཇོམས༔ འཇིགས་བྱེད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ མི་ཤེས་རྨོངས་པའི་མུན་པ་དྲུང་ནས་འབྱིན༔ འཇམ་དཔལ་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་དཔལ༔ རྡོ་རྗེ་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད༔ ང་རྒྱལ་གཟུགས་ཀྱིས་ང་རྒྱལ་འཇོམས་མཛད་དཔལ༔ ཡཀྴ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད༔ འདོད་ཆགས་གཟུགས་ཀྱིས་འདོད་ཆགས་འཇོམས་མཛད་དཔལ༔ ཀླུ་བདུད་རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད༔ ཕྲག་དོག་གཟུགས་ཀྱིས་ཕྲག་དོག་འཇོམས་མཛད་དཔལ༔ ཚེ་བདག་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཚད་མེད་རྣམ་བཞིས་ལོག་རྟོགས་དབྱིངས་སུ་སྒྲོལ༔ སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་བསྟོད༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ དྲག་པོའི་གསུང་གི་ང་རོས་འཁོར་བ་འཇིག༔ ཐུགས་ཀྱི་ཡེ་ཤེས་གསང་ཆེན་སྒྱུ་འཕྲུལ་རོལ༔ བཅོམ་ལྡན་དཔལ་ཆེན་འཇིགས་བྱེད་ཆེན་པོར་བསྟོད༔ ས་མ་ཡ༔ དེ་ནས་ཛཔྲ་དགོངས་དམིགས་པའི་འཁྲུལ་འཁོར་ནི༔ རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གཅེར་བུ་རྒྱན་མེད་པ་གཡས་རལ་གྲི་དང་གཡོན་པས་ཞགས་པ་བསྣམས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་ཅིང་པདྨ་དང་ཉི་མའི་གདན་ལ་འགྱིང་བའི་ཐུགས་ཀར་ཉི་མའི་སྟེང་དུ་རལ་གྲི་ཧཱུྃ་གིས་མཚན་པ་ཅན་གྱི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་ཀྱི་རྣམ་པར་སྤྱན་དྲངས་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཆོས་ཉིད་སྟོང་པ་ཉིད་དུ་སྦྱངས་ཏེ་སྣང་གྲགས་རིག་གསུམ་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱིས་རོལ་པར་དམིགས་ལ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ བདུན་བཟླས་མཐར༔ སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་པས་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ཁྱབ་བདག་ཆེན་པོར་བསྒོམ་ཞིང་རིག་པ་ཡེངས་མེད་ཀྱི་ངང་ནས་སྔགས་འདི་ཉིད་བཟླའོ༔ ཨོཾ་ཧྲཱིཥྚི་ཝིཥྚི་དྷ་ན་ན་ཧཱུྃ་ཕཊ༔ འདི་བཟླ་བའི་དུས་སུ་གསལ་བ་མི་འགྱུར་བའི་གཟེར་དང་༔ གནས་ལུགས་རང་ཤེས་ཀྱི་གཟེར་དང་༔ ཏིང་ངེ་འཛིན་རྩེ་གཅིག་པའི་གཟེར་དང་༔ འཕྲོ་འདུ་སྔགས་ཀྱི་གཟེར་དང་བཞི་བོ་ནི་གནད་ཀྱི་ཡང་ཞུན་དུ་བཟུང་བར་བྱའོ༔ དེ་ནས་སྒྲུབ་སྔགས་བཟླ་བ་ནི༔ བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་པོར་གསལ་བའི་ཐུགས་ཀའི་ཧཱུྃ་གི་ཐིག་ལེ་ལས་སྔགས་ཕྲེང་འོད་ཟེར་གྱིས་འབྲེལ་བ་ཅན་ད་ལ་ལ་བྱུང་ནས་རང་གི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་དེ་གསང་པའི་པདྨོ་ནས་རང་གི་རྡོ་རྗེའི་སྦུབས་སུ་ཞུགས་ཏེ་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་ཞིང་བར་མ་ཆད་པར་ཀྱི་ལི་ལི་མགལ་མེའི་འཁོར་ལོ་ལྟར་འཁོར་བར་བསམ༔ དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་རྒྱལ་དང་རྒྱལ་སྲས་སྲུང་མ་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་མཆོད་དཔག་ཏུ་མེད་པ་ཕུལ་ཐུགས་བདེ་སྟོང་གི་རོས་ཚིམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སླར་འདུས་སྔགས་ཕྲེང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱིས་རོལ་པར་དམིགས་ལ༔ ཨོཾ་ཧྲཱིཥྚི་ཝིཥྚི་སོགས་ཅི་ནུས་བཟླས་མཐར་ལས་སྔགས་བཟླ་བ་ནི༔ བདག་ཉིད་འཇིགས་བྱེད་གཤིན་རྗེའི་གཤེད་པོའི་ཐུགས་ཀའི་སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར་འཁོར་བ་ལས་མེ་དཔུང་མཚོན་ཆ་ཐུན་རྫས་དྲག་སྔགས་ཁྲོ་ཆུང་ཁྱུང་སྡིག་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་བསྲེགས་གཏུབ་རྔམས་ཟས་བྱས་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ ཨོཾ་ཧྲཱིཥྚི་ཝིཥྚི་དྷ་ན་ན་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ ཅེས་ཞི་རྒྱས་དབང་དྲག་གི་དམིགས་གནད་བཟུང་༔ བསྙེན་པ་འབུམ་བཅུ་སྒྲུབ་པ་བདུན༔ ལས་སྔགས་ལྔ་ཡི་དངོས་གྲུབ་ཐོབ༔ ས་མ་ཡ༔ བསྙེན་སྒྲུབ་ཚད་དུ་མ་ཁྱོལ་བར༔ སྒྲུབ་པའི་དམ་རྒྱ་མི་རལ་གནད༔ སྒྲུབ་དུས་མི་ཚིག་འཆལ་སྒོ་བསྡམ༔ ལུས་གནད་སྟན་དྲོད་མི་ཡལ་ཞིང་༔ ངག་གནད་སྔགས་ཀྱི་རྒྱུན་མི་བཅད༔ ཡིད་གནད་གཟེར་གྱིས་ཆིངས་སུ་གཅུན༔ ཟླ་བདུན་གནད་ལྡན་སྒྲུབ་པའི་བུ༔ རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ བསླུ་མེད་རྡོ་རྗེའི་གཏན་ཚིག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་མཁའ་འགྲོའི་སྙིང་གི་ཁྲག༔ མཚོ་རྒྱལ་བདག་གིས་ཡི་གེར་བཏབ༔ རྡོ་རྗེའི་བྲག་གི་ལོགས་སུ་སྦས༔ དུས་བབས་ས་མོ་ལུག་གི་ལོར༔ གཅེས་པའི་བུ་དང་འཕྲད་པར་ཤོག༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བཏབ་སྟེ་མཐར་སློབ་བུ་ཀུན་དགའི་མིང་གིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།