TTDL-ZABTER-02-KHA-019
TTDL-ZABTER-02-KHA-019
༠༠༠བརྡ་ཡིག༢༧༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་པོའི་རྩ་སྒྲུབ་སྐར་མའི་ཕྲེང་བ་ལས༔ ཚོགས་མཆོད་དངོས་གྲུབ་གཏེར་བུམ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧༦ན་མོ་གུ་རུ་ཧ་རི་ནི་ས་་ཧཱུྃ་༔ ༠༠༠བརྡ་ཡིག༢༧༦བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་སྐལ་ལྡན་བུའི༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བ་དང་༔ ཁྱད་པར་ཉམས་ཆག་བསྐང་བའི་ཕྱིར༔ ཚོགས་མཆོད་དངོས་གྲུབ་གཏེར་བུམ་བསྟན༔ འབྱོར་ཚོགས་བཟའ་བཏུང་གོས་རྒྱན་སོགས༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་བཤམ༔ དང་པོ་བྱིན་གྱིས་བརླབས་པ་ནི༔ རྃ་ཡྃ་ཁྃ༔ མ་དག་འཁོར་བའི་བག་ཆགས་གྲིབ༔ ཡེ་ཤེས་ཆེན་པོའི་རྩལ་ཤུགས་ཀྱིས༔ མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ འདོད་ཡོན་ལོངས་སྤྱོད་ནམ་མཁའ་མཛོད༔ མི་ཟད་རྒྱན་གྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿ་ཧཱུྃ་༔ ལན་གསུམ་བརྗོད་ཅིང་ཡིད་ཀྱིས་བསྐྱེད་རིམ་གནད་དང་ལྡན་པའི་ངང་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧཱུྃ་༔ བདེ་ཆེན་འོག་མིན་བརྡལ་ཁྱབ་ཆེན་པོའི་མཁའ༔ ཚོགས་བརྒྱད་གནས་དག་དུར་ཁྲོད་མེ་འབར་ཀློང་༔ རང་བཞིན་རྣམ་པར་དག་པའི་ཕོ་བྲང་ནས༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ བརྒྱུད་འཛིན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་དཔལ་ལ་ད་ཚུར་བྱོན༔ རྣལ་འབྱོར་སྒྲུབ་པ་པོ་ལ་ད་དགོངས་འཚལ༔ དུས་གསུམ་རྒྱལ་བའི་དགོངས་པས་བརླན་པ་ཡི༔ རི་རྒྱལ་རྩེ་མོ་ལྔ་པའི་སྟེང་ཕྱོགས་སུ༔ བཀོད་པ་ལྷུན་གྲུབ་དགའ་ཆེན་ཞིང་ཁམས་ནས༔ འཇམ་དཔལ་རིགས་ལྔའི་དཀྱིལ་འཁོར་རྟེན་བརྟེན་པ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ བརྒྱུད་འཛིན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་དཔལ་ལ་ད་ཚུར་བྱོན༔ རྣལ་འབྱོར་སྒྲུབ་པ་པོ་ལ་ད་དགོངས་འཚལ༔ མི་གཞན་ལས་ལས་གྲུབ་པའི་སྣང་ཡུལ་དུ༔ གནམ་ལྕགས་ཁང་སྒྲོམ་དགུ་རིམ་འབར་བའི་ཀློང་༔ རྡོ་རྗེ་འཇིགས་བྱེད་དྲག་པོའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ བརྒྱུད་འཛིན་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ ཞལ་ཟས་རོ་བརྒྱའི་དཔལ་ལ་ད་ཚུར་བྱོན༔ རྣལ་འབྱོར་སྒྲུབ་པ་པོ་ལ་ད་དགོངས་འཚལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྲུང་མ་དམ་ཅན་རྒྱ་མཚོ་ལ༔ འདོད་ཡོན་བདུད་རྩིའི་ཚོགས་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ དཔང་གྱུར་དཀོན་མཆོག་དགོངས་སུ་གསོལ༔ རྒྱལ་བའི་བཀའ་དང་བླ་མའི་ལུང་༔ ཅི་བཞིན་མ་སྤྱད་དམ་ཉམས་པ༔ ལོངས་སྤྱོད་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་ཉམས་པ་བསྒྲལ་བ་ནི༔ ཧཱུྃ་༔ ང་ནི་བཅོམ་ལྡན་གཤིན་རྗེའི་གཤེད༔ ཕོ་ཉ་ལས་མཁན་ལས་ལ་འགྱེད༔ བདག་ཏུ་འཛིན་པའི་རཱུ་དྲ་གཤེད༔ བདག་མེད་མཉམ་པ་ཉིད་དུ་གསོད༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་སརྦ་ཤ་ཏྲཱུཾ་པ་ཙ་པ་ཙ་ཧཱུྃ་ཕཊ༔ དེ་ནས་བསྟབ་པ་ནི༔ ཧཱུྃ་༔ ངང་གནས་ཡེ་ཤེས་ལྷ་ཞལ་ཕྱེས༔ མ་རིག་ལས་བྱུང་རཱུ་དྲ་ཡི༔ གཟུགས་ཕུང་སྐྱེ་མཆེད་ཞལ་དུ་བསྟབས༔ མཉམ་པ་ཉིད་དུ་སྙོམས་པར་རོལ༔ རཱུ་དྲ་ཧ་ལ་པཉྩ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ བྷྱོ༔ ལྷག་ལ་དབང་བ་མ་མོའི་ཚོགས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ རྗེ་མོ་སྤུན་དྲུག་འབར་མ་བཞི༔ སྲིང་མོ་བདུན་དང་གིང་ཆེན་པོ༔ འབར་མ་དགུ་དང་ལང་ཀ་འབུམ༔ སྲི་མོ་ཆེན་མོ་བཅུ་བཞི་དང་༔ གཡོག་མོ་ལྔ་བཅུ་རྩ་དྲུག་དང་༔ ཡང་གཡོག་འབུམ་ཁྲི་འབུམ་སྟོང་སོགས༔ སྲིད་པ་མ་མོའི་དཀྱིལ་འཁོར་ལ༔ འདོད་ཡོན་ལྷག་མའི་ལོངས་སྤྱོད་འབུལ༔ དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས༔ གནོད་སྦྱིན་ཤན་པ་ཆེན་པོ་དང་༔ གཤིན་རྗེ་ཡ་མ་རཱ་ཙ་དང་༔ གཟའ་བདུད་དུག་གི་སྤུ་གྲི་སོགས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ ཐུགས་དང་འགལ་བའི་ནོངས་པ་བཤགས༔ དམ་སྡོམ་ཉམས་ཆག་ཞིག་རལ་སོགས༔ ཕོག་ཐུག་ཉེས་འགལ་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་ཚངས་པར་སྩོལ༔ མ་མ་ཧཱུྃ་བཛྲ་ས་མ་ཡ༔ ཨུཙྪིཥྚ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཨོཾ་ཨཱཿཧཱུྃ་་ཧ་ཧོ་ཧྲཱིཿལན་གསུམ༔ ཧཱུྃ་་ཛཿགསང་སྔགས་རྡོ་རྗེ་ཐེག་པ་ཡི༔ བསྟན་སྲུང་གཉན་པོ་འཁོར་དང་བཅས༔ སྔོན་ཚེ་ཀུན་བཟང་དཔལ་ཆེན་ནས༔ བརྒྱུད་གསུམ་བླ་མའི་བཀའ་དམ་བཞིན༔ ཆད་དོན་དམར་གྱི་གཏོར་མ་ལོངས༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི༔ བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསམ་དོན་ཡིད་བཞིན་མྱུར་འགྲུབ་མཛོད༔ ཧཱུྃ་་ཛཿབཛྲ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་དམར་གཏོར་འབུལ་བ་ནི༔ ཧཱུྃ་་བྷྱོ༔ སྔོན་ཚེ་ཀུན་བཟང་པད་འབྱུང་གི༔ སྤྱན་སྔར་ཁས་བླང་དམ་བཅས་པའི༔ བོད་ཁམས་སྐྱོང་བའི་མ་སྲིང་སྡེ༔ བརྟན་མ་ཆེན་མོ་བཅུ་གཉིས་ནི༔ སྤྲུལ་འཁོར་བཀའ་སྡོད་བྲན་གཡོག་བཅས༔ དམ་རྫས་དམར་གྱི་གཏོར་མ་ལོངས༔ བསྟན་དང་བསྟན་འཛིན་བུ་ལྟར་སྐྱོངས༔ ལོག་འདྲེན་དགྲ་བགེགས་ཐལ་བར་རློག༔ མ་མ་བཛྲ་ས་མ་ཡ༔ མཆོད་བསྟོད་རྫོགས་ནས་དངོས་གྲུབ་ལེན༔ ཧཱུྃ་༔ རྡོ་རྗེ་གསང་བའི་བང་མཛོད་ནས༔ དབང་དང་དངོས་གྲུབ་དགའ་བཞིའི་བཅུད༔ ཆོས་ཉིད་རིག་པའི་སྒྲོམ་དུ་བབ༔ དབྱིངས་དང་ཡེ་ཤེས་མཉམ་པར་བརྡལ༔ ཧཱུྃ་་པྲཛྙཱ་ཛྙཱ་ན་བཛྲ་སིདྡྷཱི་ཕ་ལ་ཨ་ལ་ལ་ཧོ༔ དེ་ནས་བཤགས་པ་ནི༔ ཧཱུྃ་༔ རྩ་གསུམ་ཆོས་སྐྱོང་དགོངས་སུ་གསོལ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ མ་རིག་ལས་ཉོན་དབང་གྱུར་པས༔ སྒོ་གསུམ་མི་དགེའི་ལས་བསགས་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ གནོང་ངོ་འགྱོད་དོ་སླན་ཆད་སྡོམ༔ དག་ཚང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡིག་བརྒྱ་ཅི་ནུས་བཟླ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ་༔ འདི་དང་དུས་གསུམ་དགེ་ཚོགས་ཀུན༔ བསྡུས་བཟླུམ་འགྲོ་བ་ཡོངས་ལ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ དེ་ནས་རྟག་ཆད་མཐའ་བསལ་ནི༔ ཧཱུྃ་༔ ཡེ་རིག་དོན་གྱི་སངས་རྒྱས་དེ༔ གཤེགས་བྱོན་བཞུགས་པའི་ཡུལ་ལས་འདས༔ འཁོར་གསུམ་དམིགས་པ་མེད་པའི་ངང་༔ མ་བསྒོམ་རང་བྱུང་ལྷ་རུ་སད༔ ཨ་ཨ་ཨ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ མེ་ཏོག་འཐོར་ཏེ༔ དཀོན་མཆོག་གསུམ་གྱི་བདེན་མཐུ་དང་༔ རྩ་བ་གསུམ་གྱི་ནུས་མཐུ་དང་༔ སྐུ་གསུམ་རྒྱལ་བའི་ཐུགས་རྗེ་དང་༔ ཆོས་ཉིད་རྣམ་དག་བདེན་པའི་མཐུས༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཡི༔ བསོད་ནམས་ཡེ་ཤེས་རྒྱས་བརྟན་འཕེལ༔ བརྒྱུད་འཛིན་རྒྱུན་ཆད་མེད་པ་དང་༔ སྙན་གྲགས་ནམ་མཁའ་དང་མཉམ་ནས༔ སྐུ་བཞིའི་དཔལ་ཐོབ་བཀྲ་ཤིས་ཤོག༔ འཇིགས་དང་སྡུག་བསྔལ་ཀུན་ཞི་ནས༔ བདེ་ལེགས་དཔལ་ཐོབ་བཀྲ་ཤིས་ཤོག༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས༔ དགའ་བདེའི་འབྱོར་ལྡན་བཀྲ་ཤིས་ཤོག༔ བདག་གཞན་སྣང་བ་དབང་འདུས་ནས༔ གཞི་ཐོག་རང་གྲོལ་བཀྲ་ཤིས་ཤོག༔ བདག་ལྟའི་དགྲ་བགེགས་ཡོངས་སྒྲོལ་གྱི༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ས་མ་ཡ༔ སྒྲུབ་པ་ལྷུར་ལེན་སྐལ་ལྡན་རྣམས༔ རྣམ་རྟོག་ཐམས་ཅད་ལས་ཟིན་མེད༔ བློ་ཐག་གཅིག་ཆོད་བསམ་པ་འགྲུབ༔ བློ་ཕུག་ཆོས་ལ་དྲིལ་ཏེ་ཞོག༔ བློ་སྣ་བསྟུང་བ་གདམས་ངག་གནད༔ ལེ་ལོ་བདུད་ཀྱི་ཇག་པ་ཡིན༔ རྣམ་གཡེངས་བདུད་ཡུལ་མུན་གླིང་ཡིན༔ འདུ་འཛིན་བདུད་ཀྱི་རྐུན་མ་ཡིན༔ རྙེད་བཀུར་བདུད་ཀྱི་སུན་མ་ཡིན༔ སྲོགས་མཛེས་བདུད་ཀྱི་བསླུ་མི་ཡིན༔ བུད་མེད་བདུད་ཀྱི་ཞགས་པ་ཡིན༔ ངག་སྙན་མཛེས་རྒྱན་གསེར་གྱི་སྒྲོག༔ ཆིངས་ནས་མི་བཀྲོལ་བརྡ་རུ་སྟོན༔ པདྨ་བདག་གི་སྙིང་གཏམ་ཡིན༔ ལྔ་བརྒྱའི་མར་གཤམ་དུས་སྙིགས་ཚེ༔ སྔགས་མིན་སྔགས་བརྫུས་སྡོམ་ཉམས་ཀྱིས༔ བུད་མེད་ལ་སྤྱོད་གཡོ་སྒྱུས་བསླུ༔ དང་པོ་གཞན་གྱི་མགོ་བསྐོར་ནས༔ ཐ་མ་དམྱལ་བར་རང་ཉིད་ཕུང་༔ འདི་དག་བདུད་ཕོ་རལ་གཡོབ་སྟེ༔ རང་ཕུང་གཞན་ཡང་དེ་འདྲས་ཕུང༔ རྦ་རིང་ཆེན་པོའི་འོག་རོལ་ནས༔ རི་དྲང་སྲི་ནག་སྟེང་དུ་སོང༔ བྱང་ཆུབ་ཤིང་གི་སྡོང་པོ་གཅོད༔ ཉི་ཟླ་དང་སྡེབ་མུན་དུ་རུབ༔ ཤྭ་ལ་མེ་སྟག་དགུ་མཆེད་ནས༔ སྲིན་གྱིས་རྔ་བརྡུང་དུག་མཚོ་ཁོལ༔ རེ་བ་ནག་པོའི་རྒྱལ་མཚན་གཡབ༔ དེ་དུས་ཤིང་ལ་མེ་སྟག་བརྒྱབ༔ མཆེད་ན་གསེར་འོད་ཉམས་པ་འབྱུང༔ ཁྲག་མདོག་གནམ་གྱིས་སྟོན་པའི་ཚེ༔ བདུད་ཀྱིས་ཤིང་ལོ་སྤྲུག་པའི་ལྟས༔ འདི་དུས་གཏེར་འདིས་གདུལ་བྱ་དུས༔ པདྨ་འབྱུང་གནས་ཐུགས་ཀྱི་སྲས༔ ཁྱོད་ལ་གདམས་པ་མ་ནོར་རེམ༔ ང་རྗེས་འཛིན་པའི་སྐལ་ལྡན་རྣམས༔ དེ་ལྟར་བདུད་ཀྱི་གེགས་ལ་གཟོབ༔ འདི་ལྟར་ཉམས་སུ་ལེན་པའི་བུ༔ མི་མཐུན་ཕྱོགས་ལས་རྣམ་རྒྱལ་ནས༔ བདུད་ཡུལ་མུན་པའི་འཕྲང་ལས་གྲོལ༔ རིམ་གཉིས་སྒྲུབ་གནད་མི་འཛོལ་བར༔ འདི་བསྒྲུབ་སྐལ་ལྡན་ཕོ་མོ་རྣམས༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ པདྨ་བདག་གི་རྡོ་རྗེའི་ཚིག༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལྟ་ལོག་དབང་པོ་བསྣུབས༔ དམ་ཚིག་ཅན་ལ་བུ་ལྟར་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨ་ཐཾ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་སྦྲང་མ་ནུས་སེམས་ཉིད་ཧད་པོ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་ཀུན་དགའི་ངོར་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།བཀྲ་ཤིས་དཔལ་གྱིས་ས་གསུམ་ཡོངས་ཁྱབ་ཤོག།།