TTDL-ZABTER-02-KHA-023
TTDL-ZABTER-02-KHA-023
༠༠༠བརྡ་ཡིག༢༩༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བསྒྲལ་ལས་གནམ་ལྕགས་ཐོག་མདའ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༩༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཇམ་དཔལ་གཤིན་རྗེའི་སྒྲུབ་པ་ཡི༔ རྣལ་འབྱོར་དམ་ཚིག་ལྡན་པ་ལ༔ སྡང་བའི་དགྲ་དང་བགེགས་བྱུང་ན༔ བསྒྲལ་ལས་ཟབ་མོ་ཉམས་ལེན་བྱ༔ ལག་ཏུ་ལེན་པའི་རིམ་པ་ལ༔ དྲག་པོའི་ལྕགས་ཀྱི་ཧོམ་ཁུང་དུ༔ རཱུ་པ་དབང་ཚང་མིང་རུས་བྲིས༔ ཤི་ལྤགས་ལྟར་ལྟེབ་འཕང་ནས་སུ༔ ཧཱུྃ་ཛ༔ མདུན་དུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ཆེན་པོ་ནག་ལ་གཏིང་ཟབ་པ་ཞེ་སྡང་གི་མེ་འབར་ཞིང་གཏི་མུག་གི་མུན་ནག་འཐིབ་པ༔ འདོད་ཆགས་ཀྱི་དུག་མཚོ་ཁོལ་ཞིང་ང་རྒྱལ་གྱི་བྲག་རི་ཉིལ་བ༔ ཕྲག་དོག་གི་རླུང་དམར་རབ་ཏུ་འཚུབས་པའི་ཀློང་དུ་ནྲྀ་དང་ཏྲི་ཡོངས་སུ་གྱུར་པ་ལས༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་འདུས་པའི་རཱུ་པ་སྔོ་བ༔ ཧམ་པ༔ རིད་པ༔ སྲོག་མ་ཆད་ཙམ༔ དབུགས་མ་བྲལ་ཙམ༔ རྐང་ལག་ལྕགས་སུ་བཅུག་ཅིང་བུ་ག་དགུ་ནས་ཁྲག་འཛག་པ་འདར་ཕྲི་ལི་ལི་བྱེད་པར་གྱུར༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་རང་དབང་མེད་པར་བཀུག་ནས་ལིང་ག་ལ་ཐིམ་པར་གྱུར༔ འགུག་གཞུག་ནན་དུ་བྱས་མཐར༔ བཀུག་པའི་ལས་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་ལྷ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་དང་༔ སྤྲུལ་འཁོར་བཀའ་སྡོད་དུས་ལ་བབ༔ དགྲ་བགེགས་བཀུག་ཅིང་བསྒྲལ་ལས་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཛཿརྦད་སོད༔ དེ་ནས་འཆིང་བར་བྱེད་པའི་ལས༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་དུས་ལ་བབ༔ དགྲ་བགེགས་ལུས་ངག་གྲུམ་ཆིངས་མཛོད༔ རྩ་སྔགས་མཐར༔ དགྲ་བགེགས་སརྦ་ནྲྀ་ཏྲི་ཧཱུྃ་ཆིང་ཆིང་རྦད་སོད༔ དེ་ནས་བསྡམ་པའི་ལས་བྱེད་ནི༔ ཧཱུྃ༔ སྐྱེ་མེད་ཀློང་ལས་སྤྲུལ་པའི་ལྷ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་དུས་ལ་བབ༔ དགྲ་བགེགས་ཡན་ལག་ཐམས་ཅད་སྡོམས༔ རྩ་སྔགས་མཐར༔ དགྲ་བགེགས་སརྦ་ནྲྀ་ཏྲི་མཱ་ར་ཡ་བཾ་རྦད་ནན༔ དེ་ནས་འབེབ་པར་བྱེད་པའི་ལས༔ ཧཱུྃ༔ ལྷུན་གྲུབ་དབྱིངས་ལས་སྤྲུལ་པའི་ལྷ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་དུས་ལ་བབ༔ དགྲ་བགེགས་གཟུགས་མིང་རཱུ་པར་ཕོབ༔ རྩ་སྔགས་མཐར༔ དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་ཧོཿརྦད་ནན༔ ལྷ་དབྱེ་བའི་ལས་ནི༔ ཧཱུྃ༔ འགྲོ་བའི་དོན་དུ་བཞེངས་པའི་ལྷ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་དང་༔ སྤྲུལ་འཁོར་ཡོངས་རྫོགས་དུས་ལ་བབ༔ དགྲ་བགེགས་སྐྱོབ་བྱེད་ལྷ་དང་ཕྲོལ༔ རྩ་སྔགས་མཐར༔ དགྲ་བགེགས་མཱ་ར་ཡ་ཕྱེས་ཕྱེས་རྒྱབ་རྟེན་དང་ཕྱེས་ཕྱེས་ཕཊ་སྭཱ་ཧཱ༔ དེ་ནས་བསྒྲལ་བའི་ལས་ཚོགས་ནི༔ ཧཱུྃ༔ བཞེངས་ཤིག་ཡེ་ཤེས་རོལ་པའི་ལྷ༔ དྲག་གཏུམ་རྔམས་བརྗིད་འབར་བའི་སྐུ༔ གཤིན་རྗེའི་གཤེད་པོའི་དུས་ལ་བབ༔ དགྲ་བགེགས་གནོད་བྱེད་ཐལ་བར་བརློག༔ རྩ་སྔགས་མཐར༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད༔ མཚོན་ཐུན་སྣ་ཚོགས་གདབ་ལ༔ ཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་རྒྱས་འདེབས་མ༔ དུར་ཁྲོད་བདག་མོའི་དུས་ལ་བབ༔ རྡོ་རྗེའི་མཚོན་ཐུན་ཐོག་ཆར་གྱིས༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ རྩ་སྔགས་མཐར༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད༔ ཧཱུྃ༔ འཇིགས་བྱེད་རྡོ་རྗེ་བདུད་འདུལ་ནི༔ གླང་གདོང་ཐོ་ཆེན་ཞགས་པ་བསྣམས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲོ་ཆེན་ཡཀྴ་མེ་དབལ་ནི༔ རྟ་གདོང་གླིང་བཞི་བེ་ཅོན་བསྣམས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲོ་ཆེན་ཀླུ་བདུད་རྡོ་རྗེ་ནི༔ ཁྱུང་གདོང་རྡོ་རྗེ་མེ་ཞགས་བསྣམས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲོ་ཆེན་ཚེ་བདག་ནག་པོ་ནི༔ སྦྲུལ་གདོང་རྒྱ་གྲམ་སྦྲུལ་ཞགས་བསྣམས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཛཿསྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ ཟ་བྱེད་པུ་ཤུད་མགོ་བོ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ བྱམས་པས་ཁམས་གསུམ་འཆིང་བྱེད་མ༔ འཇོམས་བྱེད་ཀང་ཀའི་མགོ་བོ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ བཾ༔ དགའ་བས་ཁམས་གསུམ་སྡོམ་བྱེད་མ༔ གཏུམ་རྔམས་སྲིན་བྱའི་མགོ་བོ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧོཿབཏང་སྙོམས་འཁོར་བ་འཇིགས་མཛད་མ༔ ཟ་བྱེད་ཁྲ་ཡི་མགོ་བོ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཛཿའཇིགས་བྱེད་ནག་མོའི་བཀའ་ཉན་པ༔ དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ༔ སྤྲུལ་འཁོར་དྲུག་ཅུའི་ཚོགས་དང་བཅས༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཛཿལས་མཁན་མི་སྲུན་དྲག་པོའི་སྐུ༔ ནག་པོ་ཁྲོ་གཏུམ་གླང་ལ་ཞོན༔ འཆི་བདག་ལས་ཀྱི་གཤིན་རྗེ་ཁྱོད༔ ལས་མཁན་བརྒྱད་དང་ཤན་པ་འབུམ༔ ཁྱེད་ཅག་དམ་ཚིག་གཉན་གྱིས་བསྐུལ༔ དོ་ནུབ་དགྲ་བགེགས་བརླག་པར་མཛོད༔ ཧཱུྃ༔ རྡོ་རྗེ་འཇིགས་བྱེད་བཀའ་འཁོར་དང་༔ དེ་ཡི་བཀའ་ཉན་དམ་ཅན་བཅས༔ དམ་ཚིག་གཉན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ བརླག་བྱེད་མཚོན་ཐུན་ནད་དུག་ཐོབ༔ ཧཱུྃ༔ ཕུར་བའི་ཐུན་དང་ཡུངས་དཀར་ཐུན༔ ཁྲག་གི་ཐུན་དང་བྲག་མཚེའི་ཐུན༔ དུག་གི་ཐུན་དང་མཚོན་ཆའི་ཐུན༔ མདའ་ཡི་ཐུན་དང་རྡོ་ཡི་ཆར༔ དམར་གྱི་གཏོར་ཐུན་ལ་སོགས་པའི༔ མཚོན་ཐུན་གདུག་པའི་དབལ་ཁ་འདི༔ དམ་ཉམས་ལུས་ངག་ཡིད་ལ་ཕོབ༔ རྡུལ་ཕྲན་བཞིན་དུ་མཱ་ར་ཡ༔ རྡོ་རྗེ་འཁོར་ལོ་རལ་གྲི་དང་༔ དབྱུག་ཏོ་རྒྱ་གྲམ་དགྲ་སྟྭ་འདི༔ དམ་ཉམས་ལུས་ངག་ཡིད་ལ་ཕོབ༔ རྡུལ་ཕྲན་བཞིན་དུ་མཱ་ར་ཡ༔ རྩ་སྔགས་མཐར༔ མཱ་ར་ཡ་རྦད༔ ཧཱུྃ༔ ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་༔ ཡུངས་དཀར་ཡུངས་ནག་ཀེ་ཤངས་མཚེ༔ སྲོག་གཅོད་ལས་ཀྱི་མཚོན་ཐུན་འདི༔ དགྲ་བགེགས་ལུས་ངག་ཡིད་ལ་ཕོབ༔ རྡུལ་ཕྲན་བཞིན་དུ་མཱ་ར་ཡ༔ རྩ་སྔགས་མཐར༔ མཱ་ར་ཡ་རྦད་སོད༔ ཧཱུྃ༔ རྡོ་རྗེ་ཕུར་པ་མཚོན་གྱི་རྒྱལ༔ དགྲ་བགེགས་སྙིང་གི་དཀྱིལ་དུ་གདབ༔ བླ་སྲོག་དོན་སྙིང་ཐམས་ཅད་འཇོམས༔ རྣམ་ཤེས་ཁོང་གསེང་ལམ་ནས་དྲངས༔ དོན་གྱི་འོག་མིན་དབྱིངས་སུ་བསྒྲལ༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད༔ རྩ་སྔགས་མཐར༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཧཱུྃ༔ འཐག་བྱེད་རྡོ་རྗེ་ཐོ་ཆེན་གྱིས༔ བྱང་ཆུབ་ཆེན་པོའི་གཏུན་དུ་བརྡུང་༔ གཉིས་མེད་མཉམ་པ་ཉིད་དུ་སྒྲོལ༔ སངས་རྒྱས་ཆེན་པོར་འུབ་ཆུབ་རོལ༔ རྩ་སྔགས་མཐར༔ དགྲ་བགེགས་ཏ་ཐ་ཡ་ཏ་ཐ་ཡ་ཕྱེ་མ་ཕྱེ་མ་རྦད་སོད༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཡ་མཱནྟ་ཀ་ཞལ་ཕྱེས་ཤིག༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དབྱིངས༔ སྤྲུལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ ལས་ཀྱི་ཕོ་ཉ་ཆེན་པོ་སྟེ༔ ཡ་མ་རཱ་ཙ་ཞལ་ཕྱེས་ཤིག༔ དགྲ་བགེགས་ཤ་ཁྲག་རུས་པ་དང་༔ བླ་སྲོག་དོན་སྙིང་དཀོར་དང་བཅས༔ ཞལ་དུ་བསྟབས་སོ་ལྷག་མེད་རོལ༔ མགུལ་དུ་བསྟིམ་མོ་ཨ་ར་ལི༔ རྗེས་ཤུལ་མེད་པར་བཞེས་ཤིག་རོལ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་བ་སུ་ཏ་ལ་ཁཱ་ཧི༔ དང་པོ་བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ཅིང་༔ རིམ་གཉིས་ལམ་ལ་ཡེངས་མེད་བསླབ་གྱུར་ནས༔ ཀློང་དུ་གྱུར་ཚེ་ཞིང་བཅུ་བསྒྲལ་བའི་ལས༔ དྲག་པོ་མངོན་སྤྱོད་ལས་ལ་བརྩོན་པར་བྱ༔ དེས་ནི་དགྲ་བགེགས་ལོག་འདྲེན་ཐམས་ཅད་སྒྲོལ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ་འགྱུར་རོ༔ དུས་ངན་བདུད་དབང་གྱུར་བའི་སྐྱེས་བུ་འགས༔ བསྐྱེད་རྫོགས་མི་ཤེས་བསྙེན་སྒྲུབ་མི་འབུང་བར༔ ཐོ་ཅོའི་སྤྱོད་པས་དྲག་ལས་སྣ་ཚོགས་བྱེད༔ འགྲུབ་པར་མི་འགྱུར་ཆོས་དང་ལྷ་ལ་སྨོད༔ དེ་ལྟར་མ་བྱེད་པདྨའི་བུ་མཆོག་རྣམས༔ ཚུལ་བཞིན་ཉམས་སུ་ལོངས་དང་འདོད་དོན་འགྲུབ༔ བཀའ་འདི་གནོད་སྦྱིན་ཤན་པ་དམར་ནག་དང་༔ དྲང་སྲོང་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་མ་ཤོར་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༠༠༠༠བརྡ་ཡིག༣༠༥ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་ཤྭ་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་དགའ་རབ་བོ།།དགེའོ།།དགེའོ།།དགེའོ།།།།