TTDL-ZABTER-02-KHA-026
TTDL-ZABTER-02-KHA-026
༠༠༠༠བརྡ་ཡིག༣༡༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་སྲེག་བླུགས་ཡེ་ཤེས་དྲྭ་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༡༥ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཤིན་རྗེ་སྒྲུབ་པའི་རྣལ་འབྱོར་གྱི༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔ རྒྱུན་དུ་ཉམས་ལེན་སྲེག་བླུགས་བརྩོན༔ ལག་ཏུ་ལེན་པའི་ཚུལ་འདི་ལྟར༔ མདུན་དུ་ལས་བཞི་རང་མཐུན་པའི༔ ཤིང་ལ་ཧོམ་ཡངས་དབྱིབས་མཐུན་བྱ༔ ཡང་ན་མེ་འབར་ཙམ་གྱིས་ཆོག༔ འབྱོར་ཚོགས་མཆོད་རྫས་སྣ་ཚོགས་ལ༔ ཡེ་ཤེས་བདུད་རྩི་བཀུག་བསྟིམས་ཏེ༔ དྲག་པོའི་ཞལ་གྱི་ཧོམ་དུ་བསྟབས༔ དམིགས་བཟླས་ཁ་བསྒྱུར་མཁས་པར་བྱ༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱི༔ གནད་དང་ལྡན་པས་འདིར་འཇུག་གོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན༴ཞི་བ་ལ་མདུན་དུ་ཧཱུྃ་ཡིག་དཀར་པོ་ཞུ་བ་ལས༔ ཞི་བའི་མེ་ཐབ་དཀར་ལ་ཟླུམ་པ་རྒྱ་ཆེ་ཞིང་ཡངས་པའི་དབུས་སུ་ཡེ་ཤེས་འོད་ཀྱི་ཐིག་ལེ་མེ་འབར་བའི་ཀློང་དུ་མཱུཾཿཡིག་ཡོངས་སུ་གྱུར་པ་ལས་འཇམ་དཔལ་རྡོ་རྗེ་རྣོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས༔ རྒྱས་པའི་ཕྲིན་ལས་སྒྲུབ་པ་ལ༔ མདུན་དུ་སྭཱ་ཡིག་ཞུ་བ་ལས་རྒྱས་པའི་མེ་ཐབ་གྲུ་བཞི་སེར་པོ་ཁ་ཁྱེར་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡེ་ཤེས་འོད་ཀྱི་ཐིག་ལེ་སེར་པོ་མེ་འབར་བའི་ཀློང་དུ་ཧཱུྃ་ཞུ་བ་ལས༔ འཇམ་དཔལ་ཡ་མཱནྟ་ཀ་སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས༔ དབང་གི་ཕྲིན་ལས་སྒྲུབ་པར་འདོད་ན༔ མདུན་དུ་མཾ་ཞུ་བ་ལས་དབང་གི་མེ་ཐབ་ཟླ་གམ་དམར་པོ་ཁ་ཁྱེར་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་དམར་ནག་འོད་ཀྱི་ཐིག་ལེ་མེ་འབར་བའི་ཀློང་དུ་འཇམ་དཔལ་དབང་ཆེན་རོལ་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས༔ དྲག་པོའི་ཕྲིན་ལས་སྒྲུབ་པར་འདོད་ན༔ མདུན་དུ་ཧཱ་ཞུ་བ་ལས་དྲག་པོའི་མེ་ཐབ་ཁ་ཁྱེར་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡེ་ཤེས་འོད་ཀྱི་ཐིག་ལེ་ནག་པོ་གྲུ་གསུམ་གྱི་ཀློང་དུ་ཧོ་ཞུ་བ་ལས་འཇམ་དཔལ་དྲག་ཁྲོས་མཐིང་ནག་ཞལ་གཅིག་ཕྱག་གཉིས༔ གཡས་པས་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་གཡོན་པས་རྡོ་རྗེའི་ཞགས་པ་བསྣམས་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་སྨ་ར་སྨིན་མ་མེ་ཞགས་འཕྱོ་བ་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བའི་ཁྲོད་དུ་གླང་ཞལ་དཀར་བོ༔ སེར་པོ༔ དམར་པོ༔ ནག་པོ༔ གྱེན་དུ་ངུར་བ་ཞབས་གཉིས་འཆི་བདག་ཕོ་མོའི་སྟེང་དུ་གྱད་ཀྱི་འདོར་སྟབས་སུ་བསྒྲད་ཅིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་ཅིང་༔ གར་དགུའི་ཉམས་དང་ལྡན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གསལ་བ་ལས་འོད་ཟེར་དཀར་དམར་མཐིང་ནག་འཕྲོས་པས་རང་སྣང་དོན་གྱི་འོག་མིན་ཆེན་པོ་ནས་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ ཧཱུྃ་ཛ༔ འཇམ་དཔལ་རིགས་ལྔ་གཤེགས་སུ་གསོལ༔ ཡ་མཱནྟ་ཀ་གཤེགས་སུ་གསོལ༔ རྡོ་རྗེ་འཇིགས་བྱེད་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོཿཧོཿདམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ མཉམ་སྦྱོར་ཆེན་པོ་བཞུགས་སུ་གསོལ༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ༔ སྐྱེ་འགགས་འགྱུར་མེད་ཡོན་ཏན་རྫོགས༔ རང་བྱུང་ཐུགས་རྗེ་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་ཚོགས་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་དང་མཉམ་སྣོད་ཡངས་པར༔ འཁོར་བ་དབྱིངས་གཞིག་མཆོད་པའི་སྤྲིན༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཆེ་གེའི་ཕྲིན་ལས་སྒྲུབ་པ་དང་༔ མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་སརྦ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཁཱ་ཧི༔ སྣང་སྲིད་ཞལ་གྱི་ཧོམ་ཁུང་ཡངས་པ་རུ༔ གྷ་ཎའི་ལོངས་སྤྱོད་མི་ཟད་རྒྱན་འཁོར་འབུལ༔ དགྱེས་ཚིམ་བདེ་སྟོང་རོ་ཡིས་མྱོས་གྱུར་ནས༔ སྐུ་ཡི་འོད་ཟེར་དཀར་པོ་རབ་འཕྲོས་པས༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་ལས་ཉོན་བཅས༔ བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསམ༔ ནད་གདོན་སྡིག་སྒྲིབ་བག་ཆགས་ལས་ཉོན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྩ་སྔགས་འབུལ་ཚིག་དང་སྦྲེལ་ཅི་ནུས་བཟླ༔ སྐུ་ལས་འོད་ཟེར་གསེར་མདོག་རབ་འཕྲོས་པས༔ འཁོར་འདས་གཉིས་ཀྱི་ཚེ་བསོད་ནུས་པ་བསྡུས༔ བདག་ཐིམ་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཀུན༔ རབ་ཏུ་རྒྱས་ཤིང་མི་ནུབ་རྒྱས་གདབ་གྱུར༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླས་ཤིང་ཕུལ༔ སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས༔ དཔག་མེད་འཕྲོས་པས་སྣང་སྲིད་ཁམས་རྣམས་ཁྱབ༔ ལྷ་འདྲེ་མི་གསུམ་འགྲོ་བ་ཕོ་མོ་རྣམས༔ རང་དབང་མེད་པར་དབང་བསྡུས་སྲོག་སྙིང་འཕྲོག༔ བྲན་ཁོལ་ཕྲིན་ལས་ཐམས་ཅད་ཡོངས་འགྲུབ་བསམ༔ ཁམས་གསུམ་སྲིད་གསུམ་འདོད་ཡོན་ལོངས་སྤྱོད་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཟླས༔ སྐུ་ལས་འོད་ཟེར་དཔག་མེད་རབ་འཕྲོས་པས༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་མ་ལུས་པ༔ དྲག་པོའི་ཞལ་ཧོམ་ཡངས་པར་སིབ་སིབ་ཐིམ༔ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་གྱུར༔ དགྲ་བགེགས་གནོད་བྱེད་ཐམས་ཅད་མཱ་ར་ཡ་རྦད་ཁཱ་ཧི༔ མིང་ཡིག་ལིང་ག་ལ་འགུག་གཞུག་བྱས་ནས་ཕུལ༔ གང་ལ་ཡང་གཤམ་དུ་བྲིས་ནས་ཕུལ་ཀྱང་ཆོག༔ ཀུན་གྱི་རྗེས་སུ་རྫས་ལྷག་ཕུལ་ཏེ༔ ཨརྒྷཾ་ནས་རཱུ་པ་སོགས་ནསཔཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་གྷ་ཎ་པཱུ་ཛ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ དཔལ་དང་ཡོན་ཏན་རྫོགས་པའི་དཔལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ ཆེ་བའི་ཆེ་མཆོག་ཆེན་པོར་བསྟོད༔ ཧཱུྃ༔ མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད༔ ཡང་དག་མཐར་གྱུར་ཁྱོད་ལ་འདུད༔ སོགས་ནསཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཇིགས་བྱེད་ཆེན་པོར་བདག་བསྟོད་དོ༔ བཟོད་གསོལ་ཁ་བསྐང་བྱས་ནས་མཐར༔ ཧཱུྃ༔ གདོད་ནས་ལྷ་དང་རང་སྣང་གཅིག༔ དབྱེར་མེད་དུ་མ་རོ་གཅིག་ཏུ༔ མི་འབྲལ་ཆོས་ཀྱི་དབྱིངས་སུ་གཤེགས༔ ཀ་དག་ཟང་ཐལ་ཆེན་པོར་ལྷུག༔ ཕཊ་ཕཊ་ཕཊ༔ འདི་ཉིད་རྒྱུན་དུ་ཉམས་ལེན་ན༔ ཚོགས་རྫོགས་སྒྲིབ་པ་ཀུན་ཀྱང་འབྱངས༔ ཕྲིན་ལས་ཐོགས་མེད་འགྲུབ་འགྱུར་དུ༔ གདོན་མི་ཟའོ་པདྨའི་བཀའ༔ ལྷ་ནི་རང་རྒྱུད་མི་གོལ་བར༔ རང་རིག་ཡང་ན་བླ་མ་ཉིད༔ འདི་ནི་ཤེས་བྱ་གནད་དུ་ཆེ༔ ཚེ་འདིར་རེ་ཆགས་གཅིག་མིན་པར༔ གཏན་དུ་བདེ་བའི་ཆེད་དུ་ཟུངས༔ བཀའ་སྲུང་ཡ་མ་རཱ་ཛ་དང་༔ དྲང་སྲོང་གཟའ་བདུད་རྒྱལ་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་པོ་བདུད་འཇོམས་རྡོ་རྗེའི་གཏེར་ནས་བཏོན་ཏེ་སྨར་མདོ་མཁའ་འགྲོའི་འདུ་གླིང་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་དགའ་རབ་བོ།།དགེའོ།།དགེའོ།།དགེའོ།།།།