TTDL-ZABTER-02-KHA-041
TTDL-ZABTER-02-KHA-041
༠༠༠༠བརྡ་ཡིག༤༢༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་གསོལ་འདེབས་ཐུགས་རྗེའི་རྒྱུད་བསྐུལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༤༢༥ཚེ་ཡི་རིག་འཛིན་བསྒྲུབ་པའི་དུས༔ མོས་གུས་གདུག་ཤུགས་དྲག་པོ་ཡིས༔ གསོལ་བ་འདེབས་ཤིང་བློ་སྙིང་བཀལ༔ དེས་ནི་དབང་བྱིན་དངོས་གྲུབ་འཐོབ༔ ས་མ་ཡ༔ ཨེ་མ་ཧོ༔ གདོད་མ་གཞི་ཡི་སངས་རྒྱས་ཆོས་ཀྱི་སྐུ༔ ཀ་དག་ཕྱོགས་ཡན་སྤྲོས་པའི་མཐའ་དང་བྲལ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་དཔལ༔ གཞོམ་གཞིག་བྲལ་བ་མི་འགྱུར་རྡོ་རྗེའི་སྐུ༔ རྡོ་རྗེ་སེམས་དཔའི་ཞབས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཐུགས་རྗེའི་རོལ་པ་འགྲོ་བའི་དཔལ་དུ་ཤར༔ སླར་ཡང་གཞོན་ནུ་བུམ་སྐུར་འབྱམས་ཀླས་པ༔ དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཡེ་སངས་རྒྱས་ཀྱང་གདུལ་བྱའི་མོས་ངོ་རུ༔ སྒྱུ་མ་ལྟ་བུའི་སྐུར་སྟོན་རྗེས་སུ་འཛིན༔ ཤྲཱི་སེང་ཧའི་ཞབས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ གདོད་ནས་མ་བཅོས་སྐྱེ་མེད་ཀུན་ཏུ་བཟང་༔ ལྷུན་གྲུབ་མ་འགགས་སྣང་བ་མཐའ་ཡས་སྐུ༔ ཐུགས་རྗེའི་རོལ་པ་ནམ་མཁའི་རྒྱལ་པོར་ཤར༔ གང་འདུལ་སྒྱུ་འཕྲུལ་སྤྲུལ་སྐུ་པདྨ་འབྱུང་༔ གྲངས་མེད་དཔག་ཡས་མཛད་པ་སྟོན་མཛད་པ༔ སྐུ་བཞིའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཉིས་མེད་སྣང་སྟོང་རོལ་པའི་དབྱིངས་ཆེན་མོ༔ མཐོང་ཐོས་དྲན་རེག་ཡང་དག་ལམ་དུ་སྦྱོར༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྟ་བའི་གདིང་ཐོབ་གཞན་སྣང་ཟིལ་གྱིས་གནོན༔ དཔལ་དགུའི་དཀྱིལ་འཁོར་ཡོངས་ལ་མངའ་དབང་བསྒྱུར༔ ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱུད་སྡེ་རྒྱ་མཚོའི་དགོངས་མཛོད་ཀློང་ནས་རྡོལ༔ མུན་གླིང་བོད་ཀྱི་གསལ་སྒྲོན་བླ་ན་མེད༔ བཻ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གྲུབ་པ་མངོན་གྱུར་གདུལ་བྱ་རྗེས་སུ་འཛིན༔ མ་འོངས་སངས་རྒྱས་མོས་པ་དེ་བཞིན་གཤེགས༔ ཁྱེའུ་ཆུང་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་དེའི་ཐུགས་གསང་ཀློང་ཆེན་ནམ་མཁའི་མཛོད༔ ཆོས་ཉིད་སྒྱུ་མར་རོལ་པའི་གར་དབང་པོ༔ རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས༔ བདུད་འཇོམས་ཁྲོ་ལོད་རྩལ་ལ་གསོལ་བ་འདེབས།མཆན།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་དཔལ༔ ཕུན་སུམ་ཚོགས་པའི་ཕུང་པོར་སྐུར་སྟོན་པ༔ མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བཅོམ་ལྡན་སྐུ་ཡི་གསང་ཆེན་ཡོངས་རྫོགས་དཔལ༔ སྟུག་པོ་བཀོད་པར་སྟོན་འཁོར་རོལ་པའི་གར༔ རྣམ་སྣང་གངས་ཆེན་མཚོ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་གཤེགས་ཐུགས་ཀྱི་གསང་ཆེན་ཡོངས་རྫོགས་དཔལ༔ མངོན་དགའི་ཞིང་དུ་སྟོན་འཁོར་བཀོད་པ་ངོམས༔ མི་བསྐྱོད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་གཤེགས་ཡོན་ཏན་གསང་ཆེན་རྫོགས་པའི་དཔལ༔ དཔལ་ལྡན་ཞིང་དུ་སྟོན་འཁོར་རྣམ་རོལ་རྩེ༔ རིན་ཆེན་འབྱུང་ལྡན་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བཅོམ་ལྡན་གསུང་གི་གསང་ཆེན་རྫོགས་པའི་དཔལ༔ བདེ་ཆེན་ཞིང་དུ་སྟོན་འཁོར་སྒྱུ་འཕྲུལ་ངོམས༔ སྣང་བ་མཐའ་ཡས་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བཅོམ་ལྡན་ཕྲིན་ལས་གསང་ཆེན་རྫོགས་པའི་དཔལ༔ ལས་རབ་རྫོགས་པར་སྟོན་འཁོར་སྒྱུ་འཕྲུལ་ངོམས༔ དོན་གྲུབ་རྒྱལ་བོའི་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོ་མཚམས་ནས་ཞི་བའི་ཕྲིན་ལས་སྒྲུབ༔ ཚད་མེད་སྙིང་རྗེས་ཁམས་གསུམ་འགུགས་མཛད་མ༔ ལས་མཛད་ལྕགས་ཀྱུ་མ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་མཚམས་ནས་རྒྱས་པའི་ཕྲིན་ལས་སྒྲུབ༔ བྱམས་པ་ཆེན་པོས་འཁོར་བའི་འགྲོ་བ་སྐྱོབ༔ ལས་མཛད་ཞགས་པ་མ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་མཚམས་ནས་དབང་གི་ཕྲིན་ལས་སྒྲུབ༔ དགའ་བས་འགྲོ་ཀུན་སྡུག་བསྔལ་སྐྱོབ་བྱེད་མ༔ ལས་མཛད་ལྕགས་སྒྲོག་མ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་མཚམས་ནས་དྲག་པོའི་ཕྲིན་ལས་སྒྲུབ༔ བཏང་སྙོམས་ཆེན་པོས་འཁོར་བའི་འགྲོ་བ་སྐྱོབ༔ ལས་མཛད་དྲིལ་བུ་མ་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཕྲིན་ལས་དྲག་པོས་དགྲ་བགེགས་རྡུལ་དུ་རློག༔ དམ་ཚིག་གཉན་པོའི་སྲོག་འཛིན་བསྟན་པ་སྐྱོང༔ བཀའ་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཁྱོད་ལ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ བདག་གི་བློ་སྣ་དམ་པའི་ཆོས་སུ་བསྒྱུར༔ ཚེ་སྒྲུབ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཅིང་༔ འཁྲུལ་པའི་འཁོར་ལོ་དབྱིངས་སུ་ཞིག་ནས་ཀྱང་༔ འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་རྩེ་གཅིག་འདེབས་པའི་ཚེ༔ གནས་ལུགས་རང་ཞལ་མངོན་གྱུར་གདིང་ལྡན་གྱིས༔ བླ་མ་རང་སེམས་དབྱེར་མེད་རོ་གཅིག་ངང་༔ གཏད་དུ་མི་འབྲལ་དམ་བཅའ་དྲན་པར་བྱ༔ དེས་ནི་བྱིན་རླབས་དངོས་གྲུབ་ངེས་པར་ཐོབ༔ ཕྱི་ནང་བར་ཆད་གེགས་ལས་རྣམ་གྲོལ་འགྱུར༔ བཀའ་སྲུང་ལྷ་ཆེན་གཙུག་ན་ཟླ་བར་གཏད༔ ཐུབ་པར་སྲུངས་ཤིང་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་ནས་མཐར་རང་སློབ་དམ་པ་འགྱུར་མེད་དབང་ཆེན་རྡོ་རྗེས་དབང་གི་ཁ་དོག་བཀྲ་བའི་ལྷ་རེག་རྟེན་དུ་བཞག་ནས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ཡང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།