TTDL-ZABTER-02-KHA-045

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-02-KHA-045

༠༠༠བརྡ་ཡིག༤༥༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྡོ་རྗེ་ཚེ་ཡི་སྒྲུབ་པའི་ཛཔྲ་དགོངས་ཟབ་མོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༥༩མ་འོངས་དུས་ཀྱི་སྙིགས་མ་ལ༔ པདྨའི་བརྒྱུད་འཛིན་སྐྱེས་བུ་ཡིས༔ རྡོ་རྗེའི་ཚེ་སྒྲུབ་ཉམས་ལེན་ན༔ དམིགས་གནད་སྔགས་བཟླས་རིམ་པ་ནི༔ ཧཱུྃ༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ ཐབས་ཤེས་མཉམ་སྦྱོར་ལོངས་སྤྱོད་རྫོགས༔ ཐུགས་ཀར་ཡེ་ཤེས་འོད་ཀློང་དུ༔ རཱ་གའི་བུམ་པ་དམར་གསལ་གྱི༔ ལྟེ་བར་དྭངས་མའི་ཐིག་ཀློང་དུ༔ པདྨ་ཟླ་རྒྱས་ལྟེ་བ་རུ༔ ཐུགས་སྲོག་ངོ་བོ་ཧྲཱིཿདམར་གསལ༔ མཐའ་མར་སྔགས་ཕྲེང་གཡས་སུ་འཁོར༔ འོད་འཕྲོས་རྒྱལ་བ་མཆོད་པས་མཉེས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ དབང་བྱིན་དངོས་གྲུབ་ཐམས་ཅད་དང་༔ ཚེ་བསོད་བཀྲག་མདངས་ནུས་བཅུད་ཀུན༔ ཚུར་འདུས་སྲོག་གི་སྙིང་པོར་བསྟིམ༔ ཚེ་དཔལ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་ཉེར་གཅིག་གྲངས་རྫོགས་མཐར༔ སྒྲུབ་པའི་སྒོ་རུ་འཇུག་པ་ནི༔ ཧཱུྃ༔ རང་ཉིད་འཆི་མེད་མགོན་པོ་ཡི༔ ཐུགས་སྲོག་སྔགས་ཀྱི་འཁོར་ལོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སྣོད་ཀྱི་འཇིག་རྟེན་པདྨ་འོད༔ བཅུད་ཀྱི་སེམས་ཅན་ཚེ་དཔག་མེད༔ སྒྲ་གྲགས་སྔགས་ཀྱི་རོལ་པ་ཆེ༔ དྲན་རྟོག་ཆོས་ཉིད་རོལ་པའི་ངང་༔ ཨོཾ་ཨ་མི་དྷེ་ཝ་ཡུཛྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསླར་ཡང་འོད་ཟེར་རབ་འཕྲོས་པས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ དབང་བྱིན་དངོས་གྲུབ་མ་ལུས་དང་༔ སྣོད་བཅུད་ཀུན་གྱི་ཚེ་དཔལ་ཀུན༔ འོད་ཟེར་ཁ་དོག་ལྔ་ལྡན་གྱི༔ རྣམ་པར་བསྡུས་ཏེ་སྔགས་སུ་བསྟིམ༔ ཚེ་བསོད་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿརང་ཉིད་ཚེ་དཔག་མེད་མགོན་གྱི༔ སྤྱི་བོ་ནས་བཟུང་རྐང་མཐིལ་ཡན༔ ཕྲ་རབ་རྡུལ་གྱི་ཆ་ཙམ་གྱི༔ ཕྱག་རྒྱ་ཕྲ་མོ་ཚོགས་པ་ཡི༔ འཇའ་ཚོན་འོད་ཀྱི་ཕུང་པོར་གསལ༔ ཀུན་ཀྱང་སྔགས་སྒྲ་སྒྲོགས་པ་ཡིས༔ འཇིག་རྟེན་ཁམས་ཀུན་གཡོ་བར་བསྒོམ༔ འཁོར་འདས་གཉིས་ཀྱི་དྭངས་མ་བཅུད༔ མ་ལུས་འོད་ཀྱི་རྣམ་པར་བསྡུས༔ སྲོག་གི་འཁོར་ལོར་རོ་གཅིག་དྲིལ༔ འཁོར་འདས་ཀུན་གྱི་སྲོག་ཐོབ་བསམ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་འཛབ་བསྐུལ་ནི༔ ཧཱུྃ་ཧྲཱིཿཆོས་དབྱིངས་སྐྱེ་འགགས་འགྱུར་མེད་ཞིང་ཁམས་ནས༔ ཆོས་སྐུའི་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐུལ༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་༔ ལོངས་སྐུ་རྒྱལ་བ་རྒྱ་མཚོའི་ཐུགས་རྒྱུད་བསྐུལ༔ སྟོང་གསུམ་མི་མཇེད་འཇིག་རྟེན་རྒྱ་མཚོ་ནས༔ སྤྲུལ་སྐུའི་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐུལ༔ ཡེ་ཤེས་དབྱིངས་སུ་ཐ་དད་མ་གྲུབ་ཀྱང་༔ ཀུན་རྫོབ་གདུལ་བྱའི་མོས་ངོར་རྣམ་རོལ་གར༔ གང་འདུལ་མཛད་པ་ཕྲིན་ལས་སྣ་ཚོགས་བསྒྱུར༔ གསུང་སྙན་ཡན་ལག་དྲུག་ཅུའི་ཚངས་དབྱངས་ཀྱིས༔ སྔགས་ཀྱི་སྒྲ་སྒྲོགས་འཁོར་བའི་འཁྲུལ་འཁོར་གཞིག༔ ཐུགས་ནི་མི་གཡོ་བརྡལ་ཁྱབ་ཆེན་པོའི་ངང་༔ ཡེ་ཤེས་རླབས་ཆེན་གཡོ་བའི་གཟི་བྱིན་གྱིས༔ འཁོར་འདས་དག་མཉམ་ཆེན་པོར་རོལ་པར་མཛོད༔ སྒྲུབ་པའི་རིག་འཛིན་མཆེད་དང་ལྕམ་དྲལ་ཚོགས༔ མ་ལུས་ཡང་གསང་དཀྱིལ་འཁོར་ཆེན་པོ་འདིར༔ བརྟེན་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ དག་སྨིན་གྲོལ་ཐོབ་བྱིན་གྱིས་བརླབ་མཛོད་ཅིག༔ མ་གཡེལ་དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་དུས་ལ་བབས༔ དབྱིངས་དང་དགོངས་པ་དབྱེར་མེད་རོ་གཅིག་ངང་༔ ལྷ་སྔགས་ཏིང་འཛིན་རོལ་པར་དགོངས་མཛོད་ལ༔ གྲུབ་རྟགས་དངོས་གྲུབ་མཚན་མ་མྱུར་དུ་སྟོན༔ ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿལས་སྦྱོར་དུས་བཞིར་ལས་བཞི་སྦྲགས༔ སྒྲུབ་སྔགས་འབུམ་ཕྲག་ཉེར་ལྔ་དང་༔ ལས་སྔགས་བཅུ་ཡིས་དངོས་གྲུབ་ཐོབ༔ དེ་ལྟར་སྒྲུབ་པ་ལྷུར་ལེན་ཚེ༔ ལུས་གནད་གདན་དྲོད་མི་ཉམས་སྡོད༔ ངག་གནད་མི་ཚིག་སྤངས་པ་དང་༔ སེམས་གནད་གཞན་དུ་མི་ཡེངས་པ༔ འདི་གསུམ་གནད་ཀྱི་ཡང་ཞུན་ཏེ༔ དེ་དང་ལྡན་པའི་རྣལ་འབྱོར་ལ༔ དྲོད་རྟགས་མི་རིང་ངེས་པར་འབྱུང་༔ ཚེ་ཟད་པ་ཡང་ཕྱིར་ནུར་ཞིང་༔ མཆོག་གི་དངོས་གྲུབ་ངེས་པར་ཐོབ༔ སྒྲུབ་པའི་ཡང་སྙིང་བཅུད་འདི་ནི༔ ལྷ་ཆེན་ཚོགས་ཀྱི་བདག་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་པདྨ་ངོ་མཚར་རོ།།དགེའོ།།དགེའོ།།དགེའོ།།།།