TTDL-ZABTER-03-GA-031
TTDL-ZABTER-03-GA-031
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་ལས༔ གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༢༩ན་མོ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་དང་༔ ལོངས་སྐུའི་སྟོན་པ་རིགས་ལྔ་རྡོ་རྗེ་འཆང་༔ སྤྲུལ་སྐུའི་སྟོན་པ་རིགས་གསུམ་འགྲོ་བའི་མགོན༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་དང་༔ ཤྲཱི་སིང་ཧ་དཔལ་ལྡན་པདྨ་སྐྱེས༔ སྤྲུལ་པའི་རྗེ་འབངས་ཉེར་ལྔ་བཅས་པ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཧེ་རུ་ཀ་དཔལ་རྩ་བའི་བླ་མ་དང་༔ ཟབ་གསང་རྒྱུད་སྡེ་བཞི་དྲུག་ཐེག་པ་དགུར༔ འབྲེལ་བའི་རྩ་གསུམ་དམ་ཅན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དལ་འབྱོར་རྙེད་པར་དཀའ་བའི་ཚུལ་དྲན་ནས༔ མི་ལུས་དོན་དང་ལྡན་པར་བྱིན་གྱིས་རློབས༔ འདུས་བྱས་ཆོས་ཀུན་སྒྱུ་མ་རྨི་ལམ་བཞིན༔ ཤེས་ཏེ་རྩེ་གཅིག་སྒྲུབ་ལ་བརྩོན་བྱིན་རློབས༔ དགེ་སྡིག་བླང་དོར་ཚུལ་ལ་མ་རྨོངས་པར༔ རྣམ་དཀར་ཆོས་མཐུན་འགྲུབ་པར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་ཆེན་པོའི་མཚང་རྡོལ་ནས༔ ཐར་དང་རྣམ་མཁྱེན་སྒྲུབ་པར་བྱིན་གྱིས་རློབས༔ སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་ཀུན༔ སྐྱོན་མེད་མཐར་ཕྱིན་འབྱུང་བར་བྱིན་གྱིས་རློབས༔ ཟབ་གསང་རྫོགས་པ་ཆེན་པོའི་ངེས་པའི་དོན༔ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས༔ ཡེ་ཤེས་རྩེ་མོ་འོད་མི་འགྱུར་བའི་སར༔ བྱང་ཆུབ་ཆེན་པོར་ཡང་དག་སངས་རྒྱས་ཤོག༔ དེ་ལྟར་ཚིག་དོན་ཡིད་ལ་དྲན་བྱས་ནས༔ རྩེ་གཅིག་གསོལ་བ་བཏབ་པའི་སྐྱེས་བུ་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱི་གཏེར་ནས་བཏོན་ཏེ་མཐར་པདྨ་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་ལྷ་ལུང་བདེ་ཆེན་གླིང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རྣལ་འབྱོར་ཨོ་རྒྱན་རྡོ་རྗེའོ།།དགེའོ།།ལེགས་སོ།།།།