TTDL-ZABTER-03-GA-034

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-034

༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་སྐོར་གྱི༔ ཚོགས་མཆོད་ཡེ་ཤེས་མངོན་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༤༤རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་འབྱོར་ཚོགས་ཀྱི༔ རྫས་དང་ཡོ་བྱད་བཤམས་ནས་སུ༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་བསང་སྦྱངས་ནི༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ སྦྱོང་བྱེད་ཡི་གེ་འབྲུ་གསུམ་འཕྲོས༔ རཾ་ལས་མེ་བྱུང་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་རྣམ་རྟོག་སྦྱངས༔ ཁཾ་ལས་ཆུ་བྱུང་བག་ཆགས་བཀྲུས༔ རཾ་ཡཾ་ཁཾ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རྡོ་རྗེའི་སྙིང་པོ་འབྲུ་གསུམ་ལས༔ ཡེ་ཤེས་བདུད་རྩི་དཀར་དམར་མཐིང་༔ འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔ སྐུ་གསུམ་དབྱིངས་ཀུན་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་རྣམ་དག་ཞིང་ཁམས་ནས༔ གཞིར་གནས་མགོན་པོ་འོད་མི་འགྱུར༔ གཞི་སྣང་རིགས་ལྔ་གངས་ཆེན་མཚོ༔ གཞི་རྩལ་དཔའ་བོ་དཔའ་མོའི་ཚོགས༔ མ་ལུས་ལུས་པ་མེད་པ་རུ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ རྟག་འཛིན་མངོན་ཞེན་གདུལ་བྱ་ལ༔ ཐུགས་རྗེའི་ཐབས་ཀྱིས་སྐུར་སྟོན་ཅིང་༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ བསོད་ནམས་བསགས་པའི་ཞིང་སར་རོལ༔ ཨོཾ་སརྦ་བུདྡྷ་བོ་དྷི་སཏྭ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔའ་དང་༔ རིགས་ལྔ་ཡབ་ཡུམ་སྒོ་སྐྱོང་བཅས༔ དུས་གསུམ་རྒྱལ་བ་སྲས་བཅས་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ སརྦ་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔའ་དང་༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དུ༔ སྡོམ་དང་བསླབ་པ་དམ་ཉམས་ཀུན༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས༔ དེ་ནས་ཉམས་པ་བསྒྲལ་བ་ལ༔ ཧཱུྃ༔ ལྕགས་ཀྱུ་མ་ཡིས་དགྲ་བགེགས་ཁུག༔ ཞགས་པ་མ་ཡིས་སྒོ་གསུམ་ཆིངས༔ ལྕགས་སྒྲོག་མ་ཡིས་དབང་པོ་སྡོམས༔ དྲིལ་བུ་མ་ཡིས་མྱོས་ཤིང་སྒྲོལ༔ ཛཿཧཱུྃ་བྃ་ཧོ༔ ནྲྀ་ཏྲི་མཱ་ར་ཡ་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བསྟན་དགྲ་བསྒྲལ་བའི་ཤ་རུས་ཁྲག༔ དབང་ཡུལ་སྐྱེ་མཆེད་ཕུང་པོ་ཁམས༔ བདེ་གཤེགས་རིགས་ལྔའི་ཞལ་དུ་བསྟབ༔ མི་འཁྲུལ་གདོད་མའི་གཞི་རུ་བསྡུས༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ མི་སྲུན་འཇིགས་པའི་ཆ་ལུགས་ངོམས༔ རྣམ་འགྱུར་མགོ་བརྙན་སྣ་ཚོགས་བསྒྱུར༔ ཟས་བཟང་དེ་ནི་ཤ་ཆེན་ཟ༔ སྐོམ་བཟང་དེ་ནི་རཀྟ་མཐུང་༔ གོས་བཟང་དེ་ནི་གཡང་གཞི་གསོལ༔ སྐྱོགས་བཟང་དེ་ནི་བྷནྡྷ་ཐོགས༔ གནས་བཟང་དེ་ནི་དུར་ཁྲོད་འགྲིམས༔ འཁོར་འདས་ཀུན་ཏུ་སྤྲུལ་པ་འགྱེད༔ དཀར་སེར་དམར་ལྗང་ཁ་དོག་སྟོན༔ ཕྲིན་ལས་བཞི་ཡི་ལས་ལ་རྒྱུ༔ འཁོར་དང་བཅས་པ་འདིར་གཤེགས་ཤིག༔ ལྷག་མའི་ཞལ་ཆབ་གཏོར་མ་བཞེས༔ ཕྲིན་ལས་རབ་འབྱམས་ཡོངས་སྒྲུབས་ཤིག༔ མ་མ་ཧྲིཾ་ཧྲིཾ་བྷྱོ་ཛཿཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ སྔོན་ཚེ་མ་ལ་ཡ་ཡི་རྩེར༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀས༔ མ་ཏྲཾ་རཱུ་དྲ་བསྒྲལ་བའི་ཚེ༔ དེ་འཁོར་དམ་བཞག་ཆད་མདོ་དང་༔ བར་དུ་རིག་འཛིན་རྒྱལ་པོ་ཡིས༔ རྡོ་རྗེ་ཐེག་པའི་ཆོས་འཆད་ཚེ༔ བཀའ་སྲུང་དྲེགས་པ་དམ་ལ་བཞག༔ བཀའ་བསྒོས་ཆད་མདོ་དེ་ཀ་དྲན༔ ཐ་མ་ཨོ་རྒྱན་པདྨ་ཡིས༔ དངོས་དང་སྤྲུལ་པ་དཔག་མེད་པས༔ བཀའ་སྲུང་དང་ནི་ལྷ་འདྲེ་ཀུན༔ དམ་བཏགས་སྲུང་མར་བསྐོས་པ་བཞིན༔ ཆད་མདོ་དམ་ཅན་སྲུང་མ་རྣམས༔ འདིར་གཤེགས་བཀའ་ཡི་གཏོར་མ་ལོངས༔ ཆད་དོན་ཁྲིམས་བཞིན་ཕྲིན་ལས་མཛོད༔ དེ་ནས་བརྟན་མ་སྐྱོང་བ་ལ༔ བཤལ་ཆུའི་གཏོར་མ་འབུལ་བ་ནི༔ ཧཱུྃ༔ ཨོ་རྒྱན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཏགས་དབང་བསྐུར་ཞིང་༔ ལྕེ་ལ་དམ་ཚིག་བདུད་རྩི་བཞག༔ མགོ་ལ་དམ་རྟགས་རྡོ་རྗེ་བཙུགས༔ མུ་སྟེགས་ལྟ་ལོག་སྲོག་ལ་གཟས༔ མ་སྲིང་བརྟན་མ་བཅུ་གཉིས་པོ༔ འཁོར་དང་བཅས་པ་འདིར་གཤེགས་ཤིག༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ བོད་ཁམས་ཆོས་ཀྱིས་སྐྱོངས་བ་དང་༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ དམ་ལས་མ་འདའ་དམ་ཚིག་ཅན༔ བཅོལ་བའི་ཕྲིན་ལས་འགྲུབ་པ་མཛོད༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔ ཡེ་ཤེས་ལྔ་ཡི་གར་འཁྱུག་ཅིང་༔ སྐུ་ལྔ་ལྷུན་གྲུབ་བྲོ་བརྡུང་ང་ོ༔ གཟུང་འཛིན་མགོ་ལ་ཆེམས་སེ་ཆེམ༔ ཉོན་མོངས་དུག་ལྔ་མཱ་ར་ཡ༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་ལེན་པ་ལ༔ ཧཱུྃ༔ བླ་མ་རྡོ་རྗེ་སེམས་དཔའ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་དུས་ལས་མི་ཡོལ་བར༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ རྡོ་རྗེ་སེམས་དཔའི་སྤྱན་སྔ་རུ༔ འདིས་མཚོན་དུས་གསུམ་དགེ་རྩ་ཀུན༔ ཁམས་གསུམ་སེམས་ཅན་ཡོངས་ལ་བསྔོ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་ཕྱག་རྒྱ་སྒོ་བཅད་ནི༔ ཧཱུྃ༔ བདེ་གཤེགས་སྙིང་པོ་ཆོས་སྐུ་ཉིད༔ གདོད་མ་གཞི་ཡི་སངས་རྒྱས་ཏེ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཞི༔ གདོད་ནས་འདུ་འབྲལ་མེད་པའི་ངང་༔ ཨ་ཨ་ཨཱཿདེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ བརྡལ་ཁྱབ་སྤྲོས་བྲལ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་གང་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ འདི་ནི་ཡང་གསང་བླ་ན་མེད༔ རྡོ་རྗེ་ཐེག་པའི་ཡང་བཅུད་ཡིན༔ གང་གི་བསྐྱེད་གསལ་གནད་ལྡན་པས༔ འདི་བསྒྲུབ་མཆོག་གི་དངོས་གྲུབ་འཐོབ༔ ཡོན་ཏན་ནམ་མཁའི་མཐའ་ལ་སྙེགས༔ དོན་གཉིས་འགྲུབ་པར་གདོན་མི་ཟ༔ ཉམས་རྟོགས་ཡོན་ཏན་འཁྲུངས་པ་ནི༔ དངོས་གྲུབ་ཀུན་གྱི་དམ་པ་ཡིན༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་པདྨ་རྣམ་པར་རྒྱལ་བས་བསྐུལ་བའི་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིག་པའི་རྡོ་རྗེས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།