TTDL-ZABTER-03-GA-055
TTDL-ZABTER-03-GA-055
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་སྒྲུབ་སྐོར་ལས་འཛབ་དགོངས་མུ་ཏིག་ཕྲེང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༣༣འཛབ་དགོངས་མུ་ཏིག་ཕྲེང་བ་འདི༔ གནད་བཞི་ལྡན་པས་ཉམས་སུ་ལོངས༔ སྔགས་ཀྱི་རྩ་བ་དམིགས་པའི་གནད༔ ཤེས་པར་གྱིས་ཤིག་བརྒྱུད་འཛིན་རྣམས༔ ཧཱུྃ༔ རང་ཉིད་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀར་པདྨ་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་པད་ཉིའི་སྟེང་༔ གནམ་ལྕགས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གའུའི་ནང་༔ སྲོག་གི་སྙིང་པོ་ཡི་གེ་ཧཱུྃ༔ ཁོངས་སུ་རྩ་གསུམ་དམ་ཅན་དང་༔ བསྲུང་བར་བྱ་བ་ཀུན་ཆུབ་བོ༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ རྩ་གནས་རྣམས་དང་བ་སྤུའི་སྒོར༔ རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཟླ་བ་ཆུ་ཟླ་ཇི་བཞིན་དུ༔ སྣང་སྲིད་དཀྱིལ་འཁོར་གསུམ་གྱི་ངང་༔ རང་བྱུང་རང་ཤར་ཆེན་པོར་ཞུ༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་ལྷ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ གསང་གསུམ་རྡོ་རྗེ་དཀྱིལ་འཁོར་ནས༔ དབང་དང་དངོས་གྲུབ་ཆུ་རྒྱུན་བཞིན༔ བདག་གི་སྒོ་གསུམ་ལ་ཞུགས་ནས༔ རྡོ་རྗེ་གསུམ་དུ་དག་སྨིན་གྲོལ༔ འགྲོ་ཀུན་སྒྲོལ་བའི་དགོངས་སྤྱོད་ཀྱིས༔ དྲག་པོ་སྔགས་ཀྱི་འབྲུག་སྒྲ་སྒྲོགས༔ བདག་གི་ཅིར་སྣང་ཐམས་ཅད་ཀུན༔ དག་པ་རབ་འབྱམས་ངང་གྲོལ་མཛོད༔ དེང་ནས་ཡང་དག་མ་ཐོབ་བར༔ ཁྱེད་དང་མི་འབྲལ་དམ་བཅའ་ཞིང་༔ ལྷ་སྔགས་ཏིང་འཛིན་མི་གཏོང་བསྒྲུབ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རང་ཉིད་གསང་བའི་བདག་པོར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད་ཐུགས་དམ་གྱི་རྒྱུད་བསྐུལ༔ འོད་ཟེར་ཚུར་འདུས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་གི་ཐུགས་ཀར་བསྟིམ༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི་དབང་དང་དངོས་གྲུབ་ཐོབ་པར་བསམ༔ ཡང་འོད་ཟེར་ཕྱིར་འཕྲོས་ཁམས་གསུམ་སེམས་ཅན་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཚེ་བསོད་ནམས་བཀྲག་གཟི་མདངས་སྲོག་སྙིང་ནུས་མཐུ་ཐམས་ཅད་བསྡུས་ནས་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་འཁོར་འདས་ཡོངས་ཀྱི་སྲོག་ཐོབ་པར་བསྒོམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཡང་རང་ཉིད་གསང་བའི་བདག་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་མེ་འོད་མཚོན་ཐུན་དཔག་ཏུ་མེད་པར་སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས་པས་བར་ཆད་དགྲ་བགེགས་རྣམ་རྟོག་བག་ཆགས་ལས་ཉོན་དང་བཅས་པ་ཐམས་ཅད་སྦུར་མ་མེ་ལ་བསྲེག་པ་ལྟར་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་བསམ་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་བཛྲཕཊ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ཤམ་བུ་སྦྱར་ནས་བཟླས་པའི་མཐར༔ ཨ་ལི་ཀ་ལི་རྟེན་སྙིང་བརྗོད༔ བསྙེན་པ་འབུམ་ཕྲག་བཅུ་གཉིས་མཐར༔ སྒྲུབ་སྔགས་བཅུ་དང་ལས་སྦྱོར་ལྔ༔ སྒོམ་བཟླས་གནད་དང་ལྡན་པའི་ངང་༔ རྫོགས་ཚེ་མཆོག་གི་དངོས་གྲུབ་ཐོབ༔ སྒོམ་སྒྲུབ་གནད་དང་མི་ལྡན་ན༔ བཟླས་པ་གཅིག་པུས་དོ་མ་ཡིན༔ གསང་བའི་བདག་པོ་སྒྲུབ་པའི་མི༔ སྐྱེ་བ་བདུན་ལས་མི་འགྱང་བར༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ༔ ཉི་ཟླ་ཤར་དང་ལོ་ཐོག་རྒྱས༔ མེ་ཏོག་ཚར་སླེབས་རྩི་ཤིང་བཅོམ༔ བྲག་བཤིགས་འཕུར་དང་རི་རྩེར་ཕྱིན༔ སྐྱེ་འགྲོ་ཀུན་འདུད་ལོངས་སྤྱོད་འབུལ༔ དངོས་ཉམས་རྨི་ལམ་གང་བྱུང་ཡང་༔ འདི་དག་འགྲུབ་པའི་ལྟས་སུ་ལེགས༔ རྡོ་རྗེ་ལ་སོགས་མཚོན་ཐོགས་ནས༔ ཕ་རོལ་གཞོམ་དང་གཡུལ་ལས་རྒྱལ༔ བཀའ་བསྒོ་དམ་བཞག་བྱེད་པ་དང་༔ གཞན་དག་བྲན་དུ་ཁོལ་བ་ནི༔ ལས་རྣམས་འགྲུབ་པའི་རྟགས་མཚན་ཡིན༔ རོལ་མོ་སྣ་ཚོགས་སྒྲོགས་པ་ནི༔ སྙན་དང་གྲགས་པའི་ངོ་རུ་ཤེས༔ མཚོན་ཆ་ཆག་དང་ལོ་ཐོག་སད༔ མུན་པ་འཐིབ་དང་ལམ་མི་མཐོང་༔ རོལ་མོ་དག་ལ་སྐད་མི་འབྱུང་༔ འདི་དག་གནད་དང་མི་ལྡན་རྟགས༔ ངོས་བཟུང་སྒོམ་བཟླས་གནད་ལྡན་བྱ༔ ས་མ་ཡ༔ བཀའ་སྲུང་གཟའ་བདུད་ནག་པོས་སྲུངས༔ སྒྲུབ་པའི་རྣལ་འབྱོར་བུ་ལྟར་སྐྱོངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱས་བཏབ་མཐར་རང་སློབ་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།