TTDL-ZABTER-05-CA-047
TTDL-ZABTER-05-CA-047
༠༠༠བརྡ་ཡིག༤༥༣རིག་འཛིན་སྙིང་གི་ཡང་ཐིག་ལས༔ ཐུགས་སྒྲུབ་བདུད་ཀྱི་དཔུང་འཇོམས་རྡོ་རྗེའི་ཕྲེང་བ་ལས༔ གསང་སྒྲུབ་རྡོ་རྗེའི་རྒྱ་ཅན་བཞུགས་སོ༔ ༠༠༠༠བརྡ་ཡིག༤༥༤གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ ཐུགས་སྒྲུབ་རྡོ་རྗེའི་ཡང་གསང་བཅུད༔ ཉམས་སུ་ལེན་པའི་རིམ་པ་ལ༔ ཆོས་བརྒྱད་ལས་དབེན་སྐྱེད་ཚལ་དུ༔ ཉེར་མཁོའི་ཡོ་བྱད་འཛོམ་བྱས་ཏེ༔ བདེ་ཞིང་ཁོད་སྙོམས་གདན་འོག་ཏུ༔ འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ ཨེ་ཡིག་བྲིས་ཏེ་ཕྱོགས་མཚམས་ཀྱི༔ རྩིབས་ལ་སྡེ་བརྒྱད་སྲོག་ཡིག་ནི༔ མདུན་ནས་བརྩམས་ཏེ་འདི་སྐད་དུ༔ ཨཿཡཿམཿདུཿརུཿཙཿཤཿནཿཞེས་བྲི༔ རྩིབས་ཀྱི་རྩེ་རུ་ཕྱོགས་བཞིར་ཕོ་གདོན་གྱི་གཟུགས་བཞི༔ མཚམས་བཞིར་མོ་གདོན་གྱི་གཟུགས་རྣམས་མགོ་ནང་དུ་བསྟན་ཏེ་རྩིབས་རྩེས་སྤྱི་བོར་ཟུག་པ་བྲི༔ མཐར་གྲི་གསུམ་གསུམ་རིམ་མེ་རི་འབར་བ་བྱ༔ དེ་ཡི་སྟེང་དུ་སྟོབས་ཆེན་མ་ཧཱ་བཱ་ལ་ཁ་ཐུར་དུ་སྦུབས་ཏེ་མགོ་ཕྱིར་བསྟན་ནས་བཞག༔ མདུན་དུ་འབྲུ་ཡི་ཚོམ་བུ་བཀོད་པའི་སྟེང་དུ་འབྲལ་མེད་ཀྱི་རྟེན་ཅིག་བཙུགས༔ མཐར་བསྐོོར་དུ་མཆོད་རྫས་ཅི་རིགས་བཤམ༔ དེ་ནས་སྒྲུབ་པ་ལ་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་བཏང་ལ༔ ཡུལ་གསུམ་གྱི་བག་ཆགས་སྦྱོང་བ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ནི༔ ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ སྟོང་པའི་རང་རྩལ་ཐུགས་རྗེའི་ཤུགས༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ རྩལ་ལས་ཡེ་ཤེས་སྙིང་པོ་ཧཱུྃ༔ རྟེན་དང་བརྟེན་པའི་རྒྱུ་རུ་ཤར༔ ཧཱུྃ་ལས་ཡེ་ཤེས་ལྔ་ཡི་གདངས༔ འོད་འཕྲོས་འབྱུང་བ་རིམ་བརྩེགས་སྟེང་༔ བདེ་ཆེན་དྲག་པོའི་ཞིང་ཁམས་སུ༔ ཡེ་ཤེས་བསྐལ་བའི་མེ་ལྟར་འབར༔ བསྲུང་བའི་འཁོར་ལོ་རིམ་ལྔའི་དབུས༔ སྐུ་ལྔ་ལྷུན་རྫོགས་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ པདྨ་དང་ནི་ཉི་ཟླའི་སྟེང་༔ རང་རིག་ཧཱུྃ་གི་འཕྲོ་འདུ་ལས༔ རྒྱལ་བ་མཆོད་ཅིང་འཁོར་བ་བསྒྲལ༔ ཚུར་འདུས་སྣང་སྟོང་དབྱེར་མེད་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་སྡུད༔ དབུ་སྐྲ་ཁམ་ནག་མེ་ལྟར་འབར༔ སྨ་ར་སྨིན་མ་མེ་སྟག་འཕྲོ༔ གཡས་གཉིས་གསེར་གྱི་རྡོ་རྗེ་ནི༔ རྩེ་དགུ་དང་ནི་རྩེ་ལྔ་ཕྱར༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞབས་གཉིས་བདུད་དང་དམ་སྲི་གནོན༔ དུར་ཁྲོད་ཆས་བརྒྱད་རྒྱན་དུ་རྫོགས༔ སྐུ་དབུས་རྩ་མཆོག་དབུ་མའི་སྦུབས༔ བདེ་ཆེན་འཁོར་ལོར་པད་ཉིའི་སྟེང་༔ འཇམ་དཔལ་ནག་པོ་རལ་གྲི་དང་༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ཁྲོ་གཏུམ་རྔམས་བརྗིད་ཕྱེད་སྐྱིལ་བཞུགས༔ ཡེ་ཤེས་མེ་དཔུང་འབར་ཀློང་དུ༔ འཆི་བདག་ཟིལ་གྱིས་གནོན་པར་བསྐྱེད༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ ཉི་སྟེང་རྟ་མགྲིན་དམར་པོ་ནི༔ ཕྱག་གཡས་དབྱུག་ཏོ་གཡོན་ཞགས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཁྲོ་ཚུལ་རྫོགས་ཤིང་མེ་དཔུང་འབར༔ ཀླུ་གདོན་ཟིལ་གྱིས་གནོན་པར་བསྐྱེད༔ ཆོས་ཀྱི་འཁོར་ལོར་པད་ཉིའི་སྟེང་༔ གསང་བདག་རྡོ་རྗེ་སྲིན་པོ་མཐིང་༔ རྡོ་རྗེ་གཡས་ལ་སྡིགས་མཛུབ་གཡོན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཁྲོ་བོའི་ཆས་དང་ཚུལ་ཀུན་རྫོགས༔ སྡེ་བརྒྱད་མ་ལུས་ཟིལ་གྱིས་གནོན༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ སྤྲུལ་པའི་འཁོར་ལོར་པད་ཉིའི་སྟེང་༔ སྲིད་པ་མ་མོའི་དཀྱིལ་འཁོར་ཀུན༔ ཡོངས་འདུས་རྡོ་རྗེ་ཕག་མོ་མཐིང་༔ གྲི་གུག་གཡས་ལ་ཐོད་ཁྲག་གཡོན༔ ཞབས་གཉིས་གར་སྟབས་ཁ་ཊྭཱྃ་ཀ༔ སྤྱི་བོར་ཕག་ཞལ་ནག་པོ་ངུར༔ གཅེས་བུ་མི་མགོའི་ཕྲེང་བས་བརྒྱན༔ ཡེ་ཤེས་མེ་དཔུང་རབ་ཏུ་འབར༔ ཁམས་གསུམ་དབང་སྡུད་ངོ་བོར་གསལ༔ བདེ་སྐྱོང་འཁོར་ལོར་པད་ཉི་དང་༔ ཟ་བྱེད་དུར་ཕག་མགོ་དགུའི་སྟེང་༔ ཕྲིན་ལས་ཡཀྵ་མེ་དཔལ་ནི༔ མཐིང་ནག་ཁྲོ་གཏུམ་རྔམས་བརྗིད་འབར༔ ཕྱག་གཉིས་ཐོ་བ་མེ་ཞགས་བསྣམས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ ཁམས་གསུམ་དབང་སྡུད་ངོ་བོར་གསལ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ བཙན་དུག་ནག་པོའི་ངད་རླངས་དང་༔ མེ་ཁྱུང་ཕག་ནག་ལྕགས་སྡུག་པའི༔ ཚྭ་ཚྭ་སྐར་ལྟར་འཁྲིགས་པ་ཡིས༔ དབུ་རྐྱང་རོ་གསུམ་ལ་སོགས་པའི༔ རྩ་ཁམས་མ་ལུས་ཡོངས་གང་སྟེ༔ བ་སྤུའི་བུ་ག་ཐམས་ཅད་ནས༔ ཕྱོགས་མཚམས་ཀུན་ཏུ་སྐར་ལྟར་འཁྲུགས༔ གཉན་དང་ས་བདག་ནད་རིམས་གདོན༔ རྗེས་ལྷག་མེད་པར་བརླག་པར་བསམ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ནི༔ ཕྱག་གཡས་ཁ་ཊྭཱྃ་གཡོན་ཐོད་ཁྲག༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་པས་སྲིད་པའི་སྒོ་འཕར་གནོན༔ གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ སྤྲུལ་པ་ཕག་དང་ཁྱུང་སྡིག་འགྱེད༔ ས་བདག་ཀླུ་གཉན་ནད་རིམས་གདོན༔ བསྲེག་གཏུབ་ཧབ་ཧབ་ཟས་སུ་རོལ༔ སྤྱི་བོར་བྱ་ཁྱུང་ནག་པོ་ལས༔ བརྒྱལ་བྱེད་ཧ་ལའི་ངད་རླངས་འཕྱོ༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཀུན་ཏུ་བཟང་པོ་མཉམ་བཞག་ཅན༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་པའི༔ ལྟེ་བར་དྭངས་མའི་ཐུགས་ཀློང་དུ༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་དུས་གསུམ་རྒྱལ་དང་སྲས༔ མ་ལུས་ལུས་པ་མེད་པ་ཀུན༔ རྡོ་རྗེ་གཞོན་ནུའི་རྣམ་རོལ་དུ༔ མཚོ་ལ་ཁ་ཆར་བབས་པ་ལྟར༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ སྣོད་བཅུད་དཀྱིལ་འཁོར་གསུམ་ལྡན་གྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ནས་བསྒྲུབ་པ་ནི༔ ཐུགས་སྲོག་ཧཱུྃ་དང་སྔགས་ཕྲེང་ལས༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་དཔའ་བོ་མཁའ་འགྲོ་ཡི༔ ཐུགས་རྗེའི་བྱིན་རླབས་དབང་དངོས་གྲུབ༔ འོད་ཕུང་འཇའ་སྤྲིན་ལྟ་བུ་ཡི༔ རྣམ་པར་འདུས་ཏེ་བདག་ལ་ཐིམ༔ བསྒྲུབ་རྫས་དུས་གསུམ་རྒྱལ་རྣམས་ཀྱི༔ སྐུ་དང་ཡེ་ཤེས་ངོ་བོ་ལ༔ རྣམ་པ་འོད་ལྔའི་རོལ་པར་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཨཱཿདེ་ནས་ལས་ལ་སྦྱོར་བ་ནི༔ རང་ཉིད་གདན་གསུམ་ཚང་བའི་ལྷའི༔ སྐུ་ཡི་ཆ་རྣམས་ཐམས་ཅད་ནས༔ ཐུན་མཚོན་མེ་རླུང་ཁྲོ་ཚོགས་དང་༔ ཁྱུང་དང་ཕག་ནད་སྡིག་པ་ཡི༔ འདུ་འཕྲོ་སེར་རླུང་འཁྲུགས་པ་ལྟར༔ འཕྲོ་ཞིང་གཡོ་བའི་བྱེད་ལས་ཀྱིས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པའི་ནད་རིམས་གདོན༔ གཏུབ་ཅིང་བསྲེག་སྟེ་ཧབ་ཧབ་ཟོས༔ རྗེས་ལྷག་མེད་པར་བརླག་པར་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་ཙཎྜ་ཡཀྴ་ཀྲོ་ཏ་ནག་པོ་ཏི་པ་རཱ་ཙ་ཁྲོཾ་ག་རུ་ཊ་ཕེ་ཁྱི་མ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རིལ་རིལ༔ སྙིང་རྩིག་རྩིག༔ འུག་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ༔ ཀརྨ་ཤཱི་གྷྲཾ་ཀ་ར་ཡེ༔ མཱ་ར་ས་ན༔ པྲ་མར་ཏ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སརྦ་ཛྭ་ར་པྲ་ཤ་མ་ཎི་ཡེ་སྭཱ་ཧཱ༔ གཉན་པར་པ་ཏ་པཪྤ་མཱ་ར་ཡ་ཛྭ་ལ་རཾ་རཾ་རྦད་སོད་ནན་བྷྱོ༔ བསྙེན་པ་བྱེ་བ་བཅུ་ཕྲག་དང་༔ བསྒྲུབ་པ་བྱེ་བ་གཅིག་སློང་ནས༔ ལས་སྦྱོར་འབུམ་ཕག་གསུམ་ནས་འགྲུབ༔ ས་མ་ཡ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ རང་སྣང་ཉིད་དུ་དབང་བསྒྱུར་ཏེ༔ དག་གསུམ་འཁོར་ལོར་སྦྱངས་པ་ཡིན༔ གསང་བའི་ཡང་སྙིང་བླ་ན་མེད༔ གང་གིས་བསྐྱེད་རིམ་གནད་ལྡན་པས༔ ཉམས་སུ་ལེན་ཀུན་རྫོགས་སངས་རྒྱས༔ སྒྲུབ་པའི་གནས་མི་སྤོ་བ་དང་༔ གདན་གྱི་དྲོད་མི་ཡལ་བ་རུ༔ སྡོད་གནས་གཅིག་ཏུ་སྒྲུབ་ཚུགས་ཟུངས༔ མི་ཚིག་དག་གིས་བར་མི་ཆོད༔ སྔགས་ནི་ཆུ་བོའི་རྒྱུན་བཞིན་བཟླ༔ ཤེས་པ་གཞན་དུ་མི་ཡེངས་པར༔ གསལ་ཞིང་ལྷ་ཡི་ང་རྒྱལ་ཟུངས༔ དེ་ལྟར་གནད་དང་ལྡན་པའི་མིས༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ རྣམ་པར་སྨིན་པའི་རིག་འཛིན་འཐོབ༔ འཁོར་འདས་འུབ་ཆུབ་རྫོགས་པ་ཆེ༔ ཆོས་རྣམས་ཀུན་གྱི་གྲོལ་ས་སྟེ༔ ཤེས་པར་གྱིས་ཤིག་སྐལ་ལྡན་བུ༔ པདྨའི་སྙིང་ཏིག་གཏད་དོ་རྒྱ༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ གཟའ་རྒོད་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ སྐལ་ལྡན་སྐྱེས་བུའི་འདོད་དོན་སྒྲུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་བརྒྱད་བར་དུ་བཀའ་རྒྱ་བྱས་མཐར།ཀུན་དཔལ་དང་རིག་དགའ་དབང་ཕྱུག་འབྱུང་གནས་རྣམས་ཀྱིས་བསྐུལ་ངོར་རྫ་རྒྱལ་རྡོ་རྗེ་འཕན་པོའི་ཉེ་འདབས་སུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་ཆོས་གྲགས་ཀྱི་བགྱིས་པ་ཡོངས་ལ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།