TTDL-ZABTER-06-CHA-014

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-014

དབུ་ཁྲིད་བརྡ་ཡིག༔ ༡༤༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྒྲུབ་པ་བཀའ་བརྒྱད་ཀྱི་བཟློག་བསྡུས་གཤིན་རྗེའི་གད་མོ་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༡༤༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ མ་ལུས་གཅིག་ཏུ་འདུས་པའི་དཔལ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི༔ བཟློག་པ་གཤིན་རྗེའི་གད་མོ་བསྟན༔ དམར་གྱི་གཏོར་མ་གཙོ་འཁོར་དགུ༔ དུག་སྣ་ཁྲག་མཚེ་ཡུངས་ཀྱིས་བསྐོར༔ ལྟ་བ་གྱད་ཀྱི་ང་རྒྱལ་དང་༔ ལྡན་པའི་ངང་ནས་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ གཞི་དབྱིངས་གདོད་ནས་དག་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་སྐུ་དང་ཡེ་ཤེས་བདག༔ མ་བཅོས་ཐུགས་རྗེ་ཞི་དང་ཁྲོ་བོར་སྟོན༔ གདུལ་དཀའ་འདུལ་མཛད་རྒྱལ་བའི་ཡེ་ཤེས་སྐུ༔ མཉམ་ཉིད་ངང་ལས་གཟུགས་སྐུ་ཁྲོས་པར་བཞེངས༔ དགུ་རྫོགས་དཀྱིལ་འཁོར་རྒྱ་མཚོ་གནད་ནས་བསྐུལ༔ ཐུགས་བསྐྱེད་དམ་བཅའ་ཡལ་བར་མི་འདོར་བར༔ མཁྱེན་བརྩེ་ནུས་པའི་རྩལ་ཤུགས་མྱུར་དུ་ཕྱུང་༔ མ་རུངས་བདུད་དགྲ་ཞིང་བཅུ་ཚང་བ་རྣམས༔ འདའ་མེད་རྡོ་རྗེའི་ཞགས་པས་མྱུར་དུ་ཆིངས༔ འཆོལ་མེད་འབར་བའི་ཕྱག་རྒྱས་ཚལ་པར་ཐོངས༔ བཟློག་མེད་འཁོར་བ་ངན་སོང་སྐྱེ་སྒོ་ཆོད༔ ལྡོག་མེད་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ འབད་མེད་ཡེ་རྫོགས་ཆོས་ཉིད་དོན་གྱི་ལྷ༔ སྒྲིབ་མེད་མཁྱེན་གཉིས་ཡེ་ཤེས་སྤྱན་གྱིས་གཟིགས༔ འགགས་མེད་ཐུགས་རྗེས་བརྩེ་བའི་རྗེས་འཇུག་རྣམས༔ འདོར་མེད་རྟག་ཏུ་བྱམས་དང་སྙིང་རྗེས་སྐྱོངས༔ གཟུར་མེད་ལས་ངན་འཁྲུལ་པའི་རྒྱུན་ཆོད་ལ༔ འཕོ་མེད་ཕྱག་རྒྱ་ཆེན་པོའི་ས་རུ་དྲོངས༔ འགོགས་མེད་རྟག་ཁྱབ་ཡོན་ཏན་མངོན་གྱུར་ནས༔ མཐའ་མེད་འགྲོ་རྣམས་བྱང་ཆུབ་ཆེན་པོར་སྒྲོལ༔ དབྱེར་མེད་བདེ་ཆེན་སྣང་སྟོང་ཟུང་འཇུག་ལྷ༔ གཉིས་མེད་མཉམ་ཉིད་ངང་ནས་རང་ཞལ་མཇལ༔ འཁྲུལ་མེད་གཞོན་ནུ་བུམ་སྐུའི་ས་ལ་སྐྱོལ༔ ཧཱུྃ་བྷྱོ༔ ཐིག་ལེ་འབར་བ་རྡོ་རྗེ་ཨེ་ཡི་མཁར༔ མ་བཅོས་ལྷུན་གྲུབ་ཆེ་མཆོག་ཧེ་རུ་ཀ༔ སྐུ་གསུམ་ཞལ་ནི་རྒོད་གཤེ་གཏུམ་པའི་ཞལ༔ དུག་གསུམ་དགྲ་བགེགས་ཆོས་ཉིད་དབྱིངས་སུ་བཟློག༔ དགུ་རྫོགས་ཡེ་ཤེས་སྤྱན་ནས་རྡོ་རྗེ་འཁྲུགས༔ མ་རིག་འཁྲུལ་འཁོར་ཤེས་རབ་ཆེན་པོར་བཟློག༔ དོན་གཉིས་ལྷུན་གྲུབ་ཤངས་ནས་ཧཱུྃ་གླུ་ལེན༔ ཉེར་ལེན་འཁྲུལ་པའི་འཁོར་ལོ་དབྱིངས་སུ་བཟློག༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་མཆེ་བ་གཙིགས༔ ལོག་འདྲེན་གདོན་བགེགས་ཟང་ཐལ་ངང་དུ་བཟློག༔ སྣང་སྟོང་ཟུང་འཇུག་སྨིན་མར་གློག་འོད་འཁྲུགས༔ གཟུང་འཛིན་རྟོག་པ་འཛིན་མེད་ངང་དུ་བཟློག༔ ཆོས་ཉིད་མ་འཁྲུལ་དབུ་སྐྲ་སྲིད་རྩེར་འཁྱིལ༔ མ་དག་འཁྲུལ་སྣང་དག་ཆེན་ངང་དུ་བཟློག༔ རྒྱབ་གཞུང་རྡོ་རྗེའི་གཤོག་པ་མཁའ་ལ་བརྐྱང་༔ ང་བདག་འགོང་པོ་སྤྲོས་བྲལ་ངང་དུ་བཟློག༔ ཡེ་ཤེས་རབ་རྫོགས་སྨ་ར་མེ་དཔུང་འབར༔ གཉིས་སྣང་རྟོག་པ་གཉིས་མེད་ངང་དུ་བཟློག༔ ཡེ་ཤེས་དྲུག་གི་ཕྱག་ནི་མཉེན་ཅིང་ལྕུགས༔ ཉོན་དྲུག་རྟོག་པ་ཡེ་ཤེས་ངང་དུ་བཟློག༔ ཐེག་པ་དགུ་རྫོགས་ས་དགུའི་རྟོག་པ་གཅོད༔ སྐུ་ལྔ་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི༔ དཀྱིལ་འཁོར་རྫོགས་པའི་རྡོ་རྗེ་རྩེ་དགུ་དང་༔ རྩེ་ལྔ་རྩེ་གསུམ་ནམ་མཁའི་དབྱིངས་སུ་ཕྱར༔ ཉོན་མོངས་འཁྲུལ་འཁོར་ཆོས་ཕུང་ངང་དུ་བཟློག༔ ཁམས་གསུམ་སྐུ་གསུམ་དབྱིངས་སུ་རོལ་པའི་ཕྱིར༔ བྷནྡྷ་སྐམ་པོ་ར་རི་རློན་པ་བསྣམས༔ ཁམས་གསུམ་གཡོ་འཁྲུགས་དབྱིངས་གསུམ་ངང་དུ་བཟློག༔ རྫུ་འཕྲུལ་བཞི་ལྡན་ཞབས་ཀྱིས་བདུད་བཞི་མནན༔ སྐྱེ་བཞི་མ་བཅོས་སྐྱེ་མེད་ངང་དུ་བཟློག༔ བྷནྡྷ་འབར་བ་རིགས་ལྔའི་དབུ་རྒྱན་མཛེས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཕུང་ཁམས་ཚོགས་ཡུལ་རྟག་ཆད་མུ་བཞི་རྣམས༔ ཡེ་ཤེས་རོལ་པ་ལྷ་ཡི་ངང་དུ་བཟློག༔ སྙན་དཀྱིལ་པདྨའི་དཀྱིལ་འཁོར་རབ་རྒྱས་ཤིང་༔ ཐབས་དང་ཤེས་རབ་ཉི་ཟླའི་སྙན་རྒྱན་མཛེས༔ སྒྲ་རླུང་ངན་རྟོག་གཉིས་འཛིན་འཁྲུལ་པའི་གདོན༔ བདེན་གཉིས་དབྱེར་མེད་མཉམ་ཉིད་ངང་དུ་བཟློག༔ སྤྱི་བོར་ཐལ་ཚོམ་ཁུར་ཚོས་ཁྲག་ཐིག་དང་༔ ཞལ་ལ་ཞག་གི་ཟོ་རིས་རྣམ་པར་མཛེས༔ ཕྱི་ནང་གསང་གསུམ་རཱུ་ཏྲ་འཁོར་བའི་གདོན༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་དུ་བཟློག༔ སྐུ་སྟོད་གླང་ཀོ་སྐེད་པར་ཞིང་ལྤགས་དཀྲིས༔ སྐུ་སྨད་མདངས་ལྡན་སྟག་གི་ཤམ་ཐབས་གསོལ༔ ཕྱི་ནང་རྟེན་འབྲེལ་རྒྱུ་རྐྱེན་ངན་པ་རྣམས༔ དག་པ་ཆོས་ཉིད་རོལ་པའི་ངང་དུ་བཟློག༔ གདོལ་པའི་དོ་ཤལ་རིགས་ལྔའི་ཕྱག་ཞབས་གདུབ༔ ཁྲག་འཛག་ལྔ་བཅུའི་ཕྲེང་བ་སེ་རལ་ཁ༔ བག་ཆགས་ཉེར་ལེན་གཡོ་བའི་རྒྱུ་རྐྱེན་ཀུན༔ ཐབས་དང་ཤེས་རབ་གཉིས་མེད་ཀློང་དུ་བཟློག༔ བདེ་བསྐྱེད་གནམ་ཞལ་ཁྲོ་མོ་གཡོན་ནས་འཁྲིལ༔ ཁ་ཊྭཱཾ་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་བསྐུམ་བརྐྱང་རྡོ་རྗེ་པདྨོར་སྦྱོར༔ འགྲོ་རྗེས་འཛིན་ཕྱིར་དབུ་སྐྲ་སྐུ་རྒྱབ་འཕྱང་༔ ཆགས་པས་བཅིང་བའི་འགྲོ་བ་མ་ལུས་ཀུན༔ ཞེན་བྲལ་གནས་ལུགས་འོད་གསལ་ངང་དུ་བཟློག༔ མི་ལྤགས་སྟོད་གཡོགས་གཟིག་ཤམ་རུས་རྒྱན་དང་༔ སྦྲུལ་དང་རྒྱུ་མ་ཐོད་ཕྲེང་དབུ་རྒྱན་མཛེས༔ སྙན་གོང་རུས་པའི་རྒྱན་ཆ་འོད་དུ་འབར༔ རྒྱན་དང་གར་ལ་སྲེད་པའི་བཅིང་བ་ཀུན༔ ཡེ་གནས་ལོངས་སྤྱོད་རྫོགས་སྐུའི་ངང་དུ་བཟློག༔ འཁོར་བར་མ་ཆགས་པད་ཉི་བམ་གདན་བརྫིས༔ སྲིད་ཞི་དབྱེར་མེད་མཉམ་ཉིད་ངང་དུ་བཟློག༔ སྐུ་ལས་ཡེ་ཤེས་མེ་ཡིས་ལོག་འདྲེན་བསྲེགས༔ དུས་འཁྲུགས་མཐའ་དམག་དམིགས་མེད་ངང་དུ་བཟློག༔ ཧཱུྃ་བྷྱོ༔ ཡབ་ཡུམ་གཉིས་མེད་ཆོས་ཉིད་ཆགས་པའི་སྟབས༔ རིགས་བཞི་ཧེ་རུ་ཡབ་ཡུམ་བཅུ་དང་ནི༔ ཁྲོ་བཅུ་ཡབ་ཡུམ་ཏ་ཀྲྀཏ་སྒོ་བ་བཞི༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ མི་འདོད་མི་མཐུན་ཕྱོགས་རྣམས་མ་ལུས་ཀུན༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ལ་བྷྱོ༔ རྗེས་ཤུལ་མིང་ཙམ་མེད་པར་བཟློག་པར་མཛོད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་ཟླ་གམ་རིན་ཆེན་ཨེ་ཡི་ཁར༔ རྒྱལ་བ་ཀུན་གྱི་ཐུགས་མཆོག་ཁྲོ་བོའི་རྒྱལ༔ ཡང་དག་སངས་རྒྱས་མཉམ་སྦྱོར་མཐིང་ནག་འབར༔ བཛྲ་ཀྲོ་ཏི་ཡུམ་དང་གཉིས་མེད་འཁྲིལ༔ ཁྲག་འཐུང་རིགས་ལྔ་ཀཽ་སེང་སྒོ་བ་བཞི༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་འཁོར་བཅས་ཀྱི༔ དགྲ་བགེགས་ཤ་ཁྲག་སོགས༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་སེར་ནག་གྲུ་གསུམ་གདེངས་པ་ནས༔ སྐུ་ཡི་དབང་ཕྱུག་འཇམ་དཔལ་གཤིན་རྗེ་གཤེད༔ དུར་ཁྲོད་བདག་མོ་སེར་སྐྱ་མཉམ་པར་སྦྱོར༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཙ་ཏི་དང་༔ གཤེད་བཞི་སྦྱོར་སྒྲོལ་ཡུམ་དང་ལས་བྱེད་མཁན༔ ཕྱོགས་སྐྱོང་བཅུ་གཉིས་བདུད་གིང་རྩིས་བཞི་དང་༔ སྲོག་གཅོད་ཤན་པ་སྡེ་བཞི་ལ་སོགས་པ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་དང་བཅས༔ དགྲ་བགེགས་ཤ་ཁྲག་སོགས༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་དམར་ནག་དབང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་རྒྱལ་པོ་པདྨ་གཟི་ལྡན་ཡུམ༔ བཀའ་ཉན་བྱི་ལ་པུ་ཤུད་མགོ་ཅན་དང་༔ ཟིལ་གནོན་ཁྲོ་བཅུ་ཡབ་ཡུམ་སྒོ་མ་བཞི༔ དམུས་ལོང་བཅུ་དྲུག་ཁམས་བརྒྱ་མ་དྲུག་དང་༔ དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད་དབང་མོ་ཆེ༔ པདྨ་གསུང་གི་ལྷ་ཚོགས་འཁོར་དང་བཅས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ ལྗང་ནག་གྲུ་གསུམ་ཨེ་མཁར་བདུད་བཞིའི་སྟེང་༔ རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་ཡུམ༔ བུདྡྷ་ཀཱི་ལ་སྒྲོལ་ཡུམ་ཨེ་ཀ་ཛ༔ སྲས་མཆོག་རིགས་བཞི་ཁྲོ་བཅུ་ཡབ་ཡུམ་དང་༔ ཟ་གསོད་ཁྲ་ཐབས་ཉེར་གཅིག་སྒོ་མ་བཞི༔ ཕུར་སྲུང་བཅུ་གཉིས་གིང་དང་ལང་ཀའི་སྡེ༔ ཕུར་པ་ཕྲིན་ལས་ལྷ་ཚོགས་འཁོར་དང་བཅས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བླ་མེད་ཧེ་རུ་མུ་ཁ་ཡུམ་དང་སྦྱོར༔ དབྱིངས་ཡུམ་ལྔ་དང་རྗེ་མོ་བཅུ་གཉིས་དང་༔ སྨན་མོ་ཉེར་གཉིས་ཡང་གབ་མཆེད་བཞི་དང་༔ སྦས་པའི་མ་བཞི་གདོང་བཞི་འབར་མ་གསུམ༔ ཕུང་བྱེད་མ་གསུམ་གསང་བའི་མ་མོ་གསུམ༔ མ་མོ་རྦོད་གཏོང་ལྷ་ཚོགས་འཁོར་དང་བཅས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ རིག་འཛིན་གདུང་འཚོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཐོད་པ་རྩལ༔ གཉིས་མེད་ཡུམ་མཆོག་རང་སྣང་ཡུམ་དང་འཁྲིལ༔ རིག་འཛིན་རྣམ་བརྒྱད་མཁའ་འགྲོ་སྡེ་བཞི་དང་༔ དཔའ་བོ་སྡེ་བཞི་གིང་ཆེན་མཆེད་སྡེ་བཞི༔ ཕོ་ཉ་བཀའ་སྡོད་དམ་ཅན་རླུང་ལྟར་འཚུབ༔ རིག་འཛིན་སློབ་དཔོན་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ མཆོད་བསྟོད་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཁྲོ་རྒྱལ་ཡབ་མཆོག་དྲེགས་པ་ཀུན་འདུལ་ལ༔ ཁྲོ་མོ་ཁམས་གསུམ་སྤྱི་འདུལ་གཡོན་ནས་འཁྱུད༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལ་སོགས་པའི༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་འཁོར་གྱིས་བསྐོར༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ དྲག་སྔགས་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཁྲོ་བོའི་རྒྱལ་པོ་སྟོབས་ལྡན་ནག་པོ་ལ༔ འབྱུང་ལྔའི་བདག་མོ་མཐིང་ནག་གཡོན་ནས་འཁྱུད༔ དྲེགས་ཆེན་བཅོ་བརྒྱད་བརྟན་མའི་འཁོར་གྱིས་བསྐོར༔ དམོད་པ་དྲག་སྔགས་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་སོགས༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ནས༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ གིང་ཆེན་བཅོ་བརྒྱད་འབར་མ་ཆེན་མོ་བརྒྱད༔ ཕོ་ཉ་དྲུག་ཅུ་རྩ་གཉིས་མ་མོ་བདུན༔ སྲིང་བཞི་ས་བདག་སོ་གཉིས་མཁའ་འགྲོ་འབུམ༔ བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ མི་འདོད་མི་མཐུན་ཕྱོགས་རྣམས་མ་ལུས་ཀུན༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ལ་བྷྱོ༔ རྗེས་ཤུལ་མིང་ཙམ་མེད་པར་བཟློག་པར་མཛོད༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་སོགས་བྱད་ཕུར་རྦོད་གཏོང་ཆགས་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག༔ དམིགས་གནད་ལྡན་པའི་ངང་ནས་བརྗོད༔ ཐལ་རྡེབ་གཏོར་མ་དགྲ་ཕྱོགས་འཕང་༔ བསྲུང་བའི་འཁོར་ལོ་ཡང་ཡང་བསྒོམ༔ སྒྲུབ་ཁང་བཀྲ་ཤིས་ལེགས་པའི་ཕྱིར༔ རྣམ་པར་འཇོམས་པའི་ཆུ་ཡིས་བྲན༔ འདི་ཡིས་མི་བཟློག་གང་ཡང་མེད༔ གནམ་ལྕགས་རྡོ་རྗེའི་ཐོ་བ་ཡིན༔ བྱད་ཕུར་བཟློག་པའི་ཕོ་ཉ་ཡིན༔ བཀའ་སྲུང་དམ་ཅན་རྒྱ་མཚོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་བཏོན་ཏེ་མཐར་ཆོས་ཀྱི་བདག་པོ་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་གར་དབང་བདུད་འཇོམས་གླིང་པས་ཤོག་སེར་ལས་ཞལ་བཤུས་ཏེ་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།