TTDL-ZABTER-07-JA-005
TTDL-ZABTER-07-JA-005
༠༠༠༠བརྡ་ཡིག༡༤༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ བཅུད་ལེན་སྡོམ་བཟུང་ལེའུའོ༔ ༠༠༠༠བརྡ་ཡིག༡༤༩ངེས་གསང་སྙིང་པོའི་ཀློང་གི་མཛོད༔ ཆོས་ཉིད་སྒྱུ་མར་རོལ་ལ་འདུད༔ རྣལ་འབྱོར་གཏུམ་མོར་འཇུག་འདོད་ན༔ དང་པོ་མལ་ནས་ལངས་མ་ཐག༔ ལས་རླུང་ལན་གསུམ་ཕྱི་ལ་འབུད༔ དེ་ནས་མདུན་གྱི་ནམ་མཁའ་རུ༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ སྐུ་གསུམ་ལྷུན་གྲུབ་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཕྱག་གཉིས་རྡོ་རྗེ་བྷནྡྷ་འཛིན༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས༔ པད་ཞྭ་ཟ་བེར་ཆོས་གོས་གསོལ༔ མཆན་ཁུང་གཡོན་ན་ཁ་ཊྭཱྃ་མཛེས༔ སྤྱི་གཙུག་ཀུན་བཟང་སྣང་མཐའ་ཡས༔ དམར་གསལ་མཉམ་བཞག་སྐྱིལ་ཀྲུང་ཅན༔ སངས་རྒྱས་བྱང་སེམས་རིག་འཛིན་ཚོགས༔ སྤྲིན་ཕུང་གཏིབས་པ་བཞིན་དུ་གསལ༔ གནས་གསུམ་འོད་འཕྲོས་ཡེ་ཤེས་པ༔ དཔག་མེད་སྤྱན་དྲངས་གཉིས་མེད་བསྟིམས༔ ཨོཾ་བཛྲ་ས་མ་ཡ་ཛ་ཛཿསྟྭཾ༔ ཡན་ལག་བདུན་པ་འབུལ་བའི་མཐར༔ ཀྱཻ་ཧོཿསྟོན་པ་བླ་མེད་སངས་རྒྱས་དང་༔ ཆོས་དང་ཚོགས་མཆོག་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ སྐུ་གསུམ་ཡོངས་འདུས་པདྨ་འབྱུང་༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་དགོངས༔ བདག་ནི་འདི་ནས་བྱང་ཆུབ་བར༔ ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི༔ ལུས་དང་ལོངས་སྤྱོད་དགེ་རྩ་བཅས༔ རྗེས་ལྷག་མི་འཛིན་ཁྱེད་ལ་འབུལ༔ སྡུག་བསྔལ་འདམ་དུ་བྱིང་བ་ཡི༔ ཕ་མ་སྐྱེས་འགྲོ་སེམས་ཅན་རྣམས༔ སྲིད་པའི་འཆིང་བ་ལས་གྲོལ་ནས༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཕྱིར༔ བདག་གི་དཀའ་བ་དང་ལེན་ཞིང་༔ རྡོ་རྗེ་ཐེག་པའི་ལམ་གྱི་མཆོག༔ ཐབས་མཆོག་མྱུར་ལམ་སྙིང་པོར་འཇུག༔ རྡོ་རྗེའི་དམ་ཚིག་ལས་མི་འདའ༔ འོད་གསལ་ཆེན་པོའི་ཉམས་ལེན་ལས༔ བྱང་ཆུབ་བར་དུ་མི་འདའ་འོ༔ དགའ་བཞིའི་ཡེ་ཤེས་ཆེན་པོ་ནི༔ ད་ལྟ་ཉིད་དུ་བདག་རྒྱུད་ལ༔ སྤོར་ཅིག་བསྐྱེད་ཅིག་བདེ་གཤེགས་རྣམས༔ རྩ་ཁམས་དང་ནི་རླུང་གི་ཁམས༔ ཐིག་ལེ་གནས་སུ་དག་པ་ཡི༔ དག་པ་རབ་འབྱམས་བྱིན་ཕོབ་ཅིག༔ ཟབ་ལམ་རྩ་མཆོག་ཀུན་དར་མའི༔ འཁོར་ལོ་ལྔ་ཡི་རྩ་མདུད་རྣམས༔ འོད་གསལ་ཆེན་པོའི་ཐོད་རྒལ་གྱི༔ ལམ་དུ་གྲོལ་བར་བྱིན་གྱིས་རློབས༔ བདེ་ཆེན་འཁོར་ལོའི་ཧཾ་ཡིག་གིས༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་རྒྱུན༔ སྤེལ་བའི་རྩ་ཁམས་དཔའ་བོ་དང་༔ ཌཱ་ཀིའི་ཚོགས་ལ་མཉེས་མཆོད་ཅིང་༔ ཉམས་ཆག་ཀུན་སྐོངས་ཚོགས་གཉིས་རྫོགས༔ སྒྲིབ་གཉིས་དྲི་མ་ཀུན་དག་ནས༔ དབང་བཞི་ངང་གིས་རྫོགས་ཐོབ་ཅིང་༔ དགའ་བཞིའི་ཡེ་ཤེས་ཉམས་མྱོང་སྟེ༔ རྡོ་རྗེ་ཐེག་པའི་ལམ་གྲོལ་ནས༔ འཕོ་ཆེན་བུམ་སྐུ་འགྲུབ་པ་རུ༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ མྱུར་བ་ཉིད་དུ་བྱིན་གྱིས་རློབས༔ བདག་གིས་མ་གྱུར་སེམས་ཅན་ཀུན༔ སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ བྱང་ཆུབ་སེམས་དང་མི་འབྲལ་ཞིང་༔ གང་ལ་གང་འདུལ་ཐབས་མང་གི༔ སྤྲུལ་པས་འགྲོ་བ་འདྲེན་གྱུར་ཅིག༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་བདེན་པའི་བྱིན་རླབས་ཀྱིས༔ བདག་གིས་སྨོན་པའི་ཚིག་འདི་དག༔ མ་ལུས་བདེན་པར་འགྲུབ་གྱུར་ཅིག༔ འདི་བརྗོད་དུས་སུ་སྐྱབས་ཡུལ་གྱི༔ ཞབས་ལ་མགོ་བོས་རབ་བཏུད་ནས༔ མོས་གུས་གདུང་བས་ལན་གསུམ་བརྗོད༔ དེ་ཚེ་རྒྱལ་བ་སྲས་བཅས་ཀྱིས༔ ཆུད་མི་ཟ་བར་འགྲུབ་གྱུར་ཅིག༔ གསུངས་པར་བསམ་ལ་དགའ་བ་བསྒོམ༔ དེ་ནས་སྐྱབས་ཡུལ་ལྷ་རྣམས་ཀྱིས༔ མངོན་སངས་རྒྱས་པར་ལུང་བསྟན་ཞིང་༔ རང་ལ་གཉིས་མེད་མཉམ་སྦྱོར་རོ༔ ཞག་ནི་བདུན་ནམ་ཉེར་གཅིག་སོགས༔ དང་པོ་ཉུང་ལ་ཇེ་མང་བསླབས༔ མི་སུན་ཚོད་ཀྱིས་བསླབ་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་མོ་སྲིད་པའི་རྒྱལ་མོས་སྲུངས༔ དམ་ཉམས་ལྟ་ལོག་དབང་པོ་སྣུབས༔ ཉམས་སུ་ལེན་ལ་བུ་ལྟར་སྐྱོངས༔ གཡུ་ཡི་ཕྲེང་བ་ཅན་གྱིས་སྲུངས༔ པད་འབྱུང་ཐུགས་ཀྱི་སྲས་ལ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གླིང་པ་བདུད་འཇོམས་རྡོ་རྗེ་ལྷ་བཙུན་འོད་གསལ་སྙིང་པོས་གཏེར་ནས་བཏོན་དེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།།།