TTDL-ZABTER-07-JA-012
TTDL-ZABTER-07-JA-012
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར་ལས༔ དྲག་པོར་ཧར་བཞེངས་ལེའུའོ༔ ༠༠༠༠བརྡ་ཡིག༢༢༩རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ དོན་གཉིས་མཐར་ཕྱིན་པདྨ་འབྱུང་གནས་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ དྲག་པོར་ཧར་བཞེངས་ལེའུ་ཞེས་བྱ་བསྟན༔ བདག་མདུན་ལྷ་ཚོགས་དྲག་མོའི་སྐུར་བཞེངས་ནི༔ ཧཱུྃ་ཧ་ཧེ་ཨཱཿསྐད་ཅིག་རིག་པའི་རྫོགས་རྩལ་ལས༔ བདག་མདུན་ལྷ་ཚོགས་ཀྲོ་ཏིར་བཞེངས༔ སྤྱན་གསུམ་དམར་ཟླུམ་གློག་ལྟར་འཁྱུགས༔ མཆེ་བ་ཟླ་ལྟར་བཞི་གཙིགས་ཤིང་༔ གློག་དམར་འཁྱུགས་འདྲའི་ལྗགས་འདྲིལ་བ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོན་རློན་ཕྲེང་བས་དོ་ཤལ་ཅན༔ ཆས་ཀུན་ཡོངས་སུ་རྫོགས་པ་ལས༔ ཞབས་གཉིས་གར་སྟབས་ལོག་རྟོག་གནོན༔ རང་འདྲའི་ཁྲོ་མོས་ནམ་མཁའ་གང་༔ སྤྲུལ་པའི་མཁའ་འགྲོས་བར་སྣང་གང་༔ ལས་བྱེད་མཁའ་འགྲོས་ས་གཞི་གང་༔ སྣང་བ་ཐམས་ཅད་འོད་གསལ་ཞིང་༔ སྲིད་པ་ཐམས་ཅད་མཁའ་འགྲོའི་སྐུ༔ སྒྲ་གྲགས་ཐམས་ཅད་རུ་ལུའི་སྒྲ༔ འཁོར་བའི་གནས་དག་འདས་པའི་ཞིང་༔ ཐམས་ཅད་གསང་བ་ཡེ་ཤེས་མཁའ༔ སྣང་སྲིད་གཞིར་བཞེངས་སྐུར་བསྒོམ་མོ༔ ལྷ་བསྐྱེད་ཐབས་ཤེས་ལུས་ལ་ཞུགས༔ བུམ་དབང་ཡོངས་རྫོགས་ངང་གིས་ཐོབ༔ བཟླས་པ་སྔགས་ཀྱིས་ངག་སྒྲིབ་དག༔ གསང་དབང་བདུད་རྩི་ངག་ལ་ཞུགས༔ དྲན་རྟོག་ཆོས་ཉིད་རོལ་པར་འཕོས༔ ཤེས་རབ་ཡེ་ཤེས་དབང་རྫོགས་ཏེ༔ སྤྲུལ་པ་ཡང་སྤྲུལ་སྒྱུ་འཕྲུལ་གྱི༔ རྡོ་རྗེ་ཚིག་གི་དབང་རྫོགས་སོ༔ ཞི་ཉིད་དྲག་པོར་བཞེངས་པ་ཡི༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་བོ༔ ཨོཾ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཧྲཱིཿམ་ཧ་རི་ནི་ས་ཧྲཱིཾ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལན་྄༵བདུན༔ རྩ་྄༵སྔགས་ཝཱཀ་ཨ་བྷི་ཥིཉྩ་ཨཱཿརྩ་྄༵སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་སརྦ་ཨ་བྷི་ཥིཉྩ་སྭཱ༔ རྩ་྄༵སྔགས་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དབང་ནི་སོ་སོར་དམིགས་བྱས་ཏེ༔ རེ་བཞིན་བདུན་བདུན་བཟླ་བའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་སྔགས་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་ཡི་གེ་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ།།།།