TTDL-ZABTER-07-JA-018
TTDL-ZABTER-07-JA-018
༠༠༠༠བརྡ་ཡིག༢༧༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་གསང་བ་ཡེ་ཤེས་ཀྱི་རྩ་སྒྲུབ་ཐུགས་ཀྱི་སྒྲོམ་བུ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༧༣མ་འོངས་དུས་ཀྱི་ཐ་མ་ལ༔ ཟབ་ལམ་བསྒོམ་པའི་སྐྱེས་བུ་རྣམས༔ མ་དག་སྒོ་གསུམ་འཁོར་བའི་ལམ༔ སྐུ་གསུམ་དབྱིངས་སུ་རབ་འཕོས་ནས༔ རྡོ་རྗེ་གསུམ་གྱི་གྲོང་འཇུག་གནད༔ གང་ལ་བརྟེན་པས་ངེས་པར་གྲོལ༔ དེ་ཕྱིར་འདི་ནི་བླ་ན་མེད༔ དཀྱིལ་འཁོར་གཏོར་མ་མི་དགོས་སོ༔ གདན་གསུམ་རྫོགས་པའི་དཀྱིལ་འཁོར་ལྷ༔ ཡེ་ཡིན་ངོ་ཤེས་ཙམ་གྱིས་ཆོག༔ དེ་ཕྱིར་མཁའ་འགྲོ་ལས་དབང་མོའི༔ བསྒོམ་བཟླས་འདི་ལ་བརྩོན་མཛོད་ཅིག༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ རང་རིག་དོན་གྱི་བླ་མ་ལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ཡུལ་མེད་ཟང་ཐལ་ཆོས་ཀྱི་དབྱིངས༔ འཁོར་གསུམ་དག་པའི་བྱང་སེམས་བསྐྱེད༔ དེ་ནས་བགེགས་བསྐྲད་སྲུང་འཁོར་ནི༔ ཧཱུྃ༔ བདག་རྟོག་ཁམས་གསུམ་འཁོར་བའི་འདྲེ༔ བདག་མེད་སྟོང་ཉིད་ཆེན་པོར་ཕཊ༔ སྣང་སྲིད་ཆོས་སྐུའི་ཡོ་ལངས་ལ༔ བསྲུང་བྱ་སྲུང་བྱེད་ཡེ་སངས་རྒྱས༔ དེ་ནས་བྱིན་ཆེན་འབེབས་པ་ལ༔ ཧཱུྃ༔ གདན་གསུམ་དཀྱིལ་འཁོར་མངོན་གྱུར་དུ༔ ཡེ་ཤེས་མཁའ་འགྲོའི་བྱིན་ཆེན་ཕོབ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་འདོད་ཡོན་མི་ཟད་གཏེར༔ རང་བྱུང་མཆོད་པའི་སྤྲིན་དུ་ཤར༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ ཆོས་ཉིད་དག་མཉམ་ཆེན་པོར་སངས༔ གདལ་ཁྱབ་དབང་གི་གཞལ་ཡས་སུ༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ རང་རིག་གསང་བ་ཡེ་ཤེས་མ༔ ཐབས་ཤེས་མཚོན་བྱེད་ཕྱག་གཉིས་ན༔ སྣང་བ་དབང་སྡུད་གྲི་གུག་དང་༔ ཁམས་གསུམ་ཁྲག་རོལ་དུང་ཁྲག་བསྣམས༔ མཐའ་གཉིས་ལས་འདས་ཞབས་གཉིས་ཀྱིས༔ གར་ཐབས་མཛད་ཅིང་རཱུ་ཏྲ་གནོན༔ དཔའ་བོར་ཡབ་མཚོན་ཁ་ཊྭཱྃ་ཀ༔ འཁོར་འདས་དབང་སྡུད་ཁ་དོག་དམར༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་ལྡན༔ སྲིད་ལས་རབ་དབེན་ཞལ་འཛུམ་མདངས༔ དོན་གཉིས་མཚོན་པའི་ཤངས་བུག་དང་༔ བདེན་གཉིས་ཟུང་འཇུག་སྙན་གཉིས་ལྡན༔ རྟོག་ཚོགས་རང་གྲོལ་དབུ་སྐྲ་མཐིང་༔ སྐྱོན་བྲལ་མཛེས་སྡུག་གཞོན་ནུའི་ཚུལ༔ བདེ་དང་སྟོང་པའི་ཡེ་ཤེས་འབར༔ ཕུང་ལྔ་རིགས་ལྔ་ཁམས་ལྔ་ཡུམ༔ དབང་པོ་སེམས་དཔའ་ཡུལ་སེམས་མ༔ ཡན་ལག་སྒོ་སྐྱོང་ཡབ་ཡུམ་དང་༔ རྩ་ཐིག་རླུང་གི་རོལ་པ་ལ༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགས༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ནས༔ ཡེ་རྫོགས་དཀྱིལ་འཁོར་ཆེན་པོར་གཤེགས༔ དེ་ནས་བཞུགས་སུ་གསོལ་བ་ནི༔ མ་འགགས་སྐུ་དང་ཡེ་ཤེས་ཆེ༔ མངོན་གྱུར་ཆེན་པོར་བཞུགས་སུ་གསོལ༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ བདེ་གཤེགས་སྙིང་པོ་སངས་རྒྱས་དཔལ༔ མཁའ་འགྲོའི་དབྱིངས་ལ་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་སྣང་བའི་གཏེར་ཆེན་པོ༔ ཕྱི་ནང་གསང་མཆོད་མཆོག་ཏུ་འབུལ༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ དེ་ནས་བསྟོད་པ་ནི༔ ཨཱཿགནས་ལུགས་ཆོས་སྐུའི་མཁའ་འགྲོ་མ༔ ལྷུན་གྲུབ་ལོངས་སྐུ་རྒྱན་དུ་ངོམས༔ རང་གྲོལ་སྤྲུལ་སྐུ་རྩལ་དུ་ཤར༔ གསང་བ་ཡེ་ཤེས་ཆེན་པོར་བསྟོད༔ དེ་ནས་འཛབ་དམིགས་ནི༔ དེ་ཡི་ཐུགས་ཀར་ཀུན་བཟང་མོའི༔ ཐུགས་གསང་ཧྲཱིཿལ་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱལ་བ་སྲས་དང་བཅས༔ ཡེ་ཤེས་གཅིག་ཏུ་དྲིལ་ཏེ་བསྒྲུབ༔ ཨོཾ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་བཾ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ འདི་ལྟར་བསྒོམ་བཟླས་བྱེད་པའི་མི༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ བྱི་རུ་དང་ནི་རཱ་ག་ཡི༔ ཕྲེང་བ་རྙེད་དང་མེ་ཏོག་འཐུ༔ མཁའ་ལ་འཕུར་དང་རི་རྩེར་དབེན༔ འདི་དག་གྲུབ་པའི་མཚན་མ་ཡིན༔ ཉམས་རྟོགས་ཡོན་ཏན་གློ་བུར་འཕེལ༔ ཆོས་ཉིད་བདེན་པ་མཐོང་གྱུར་ན༔ མཆོག་གི་གྲུབ་རྟགས་བླ་ན་མེད༔ བསྒྲུབ་དུས་སྒོ་གསུམ་ཡེ་ཤེས་ལྷའི༔ སྐུ་གསུང་ཐུགས་སུ་གསལ་བ་དང་༔ སྔགས་སྒྲ་གཏམ་གྱིས་མ་ཆོད་གནད༔ འདི་ནི་སྔར་མ་གྲགས་པའི་ཆོས༔ ཟབ་ཁྱད་སྲོག་གི་ཡང་ཐིག་ཡིན༔ སྔགས་སྲུང་ཨེ་ཀ་ཛ་ཊཱིས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་སྔགས་བཙུན་མ་ཆོས་ཀྱི་སྒྲོན་མས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་བློ་བཟང་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།།།