TTDL-ZABTER-07-JA-040
TTDL-ZABTER-07-JA-040
༠༠༠༠༠བརྡ་ཡིག༥༣༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནང་སྒྲུབ་སེང་གེའི་གདོང་ཅན་མའི༔ སྣང་སྲིད་ཕུར་པས་གདབ་འདྲེན་པའི༔ ཐུགས་རྗེའི་གསང་ལམ་ཟབ་མོ་བཞུགས༔ ༠༠༠༠༠བརྡ་ཡིག༥༣༤དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་མཆོག་ལ་འདུད༔ བདག་འདྲ་བདུད་འཇོམས་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ སྣང་སྲིད་ཕུར་པའི་གདབ་འདྲེན་ཟབ་ལམ་བསྟན༔ མ་འོངས་སྙིགས་མའི་དུས་ཀྱི་གང་ཟག་རྣམས༔ བསྒྲལ་འདྲེན་གནད་དང་ལྡན་པའི་དོན་འགྲུབ་མཐུ༔ ཚུལ་དང་ལྡན་ན་འགྲོ་དོན་རྒྱ་ཆེར་འགྲུབ༔ ཚུལ་མིན་ཞེ་སྡང་དྲག་པོས་བསད་པ་ན༔ ལས་ཀྱི་རྣམ་པར་སྨིན་པ་རང་ལ་འཁོར༔ བསྒྲལ་ཡང་འཁོར་བའི་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ བསད་ཀྱང་ཉོན་མོངས་གཟུང་འཛིན་བག་ཆགས་བསད༔ ཆོས་ཉིད་སྒྱུ་མའི་རོལ་པར་བསད༔ མ་བཅོས་ཆོས་དབྱིངས་ཀློང་དུ་བསྟིམ༔ འཁྲུལ་རྒྱུ་འཁོར་བའི་ས་བོན་བསྲེགས༔ བསད་པས་སངས་ཏེ་ཤེས་བྱ་རྒྱས༔ དཔེར་ན་རྨི་ལམ་སྣང་བ་ལས༔ སད་ལྟར་བསད་ཅིང་ཉིན་སྣང་ལྟར༔ ལྷ་དང་ཞིང་ཁམས་ངང་རྫོགས་པ༔ དེ་ནི་བསད་པའི་མཆོག་ཆེན་པོ༔ ས་མ་ཡ༔ དེ་ནས་ཕུར་པ་ལག་ཏུ་ཐོགས་ལ༔ ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ༔ ལག་གཡས་ཟླ་བའི་དལ་ལ་སོར་མོ་ལྔ་དཔའ་བོ་ཡབ་ལྔར་བསྒོམ༔ མཱུཾཿལཱཾཿམཱཾཿཔཱཾཿཏཱཾ༔ ལག་གཡོན་ཉི་མའི་དལ་ལ་སོར་མོ་རྣམས་དཔའ་མོ་ཡུམ་ལྔར་བསྐྱེད་དོ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ལས་བྱུང་བའི་ཡི་གེ་ཧཱུྃཿཡིག་ལྗང་ནག་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་ཡར་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་རྗེ་བྱིན་རླབས་མཐུ་སྟོབས་ནུས་རྩལ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་ཏེ་ཧཱུྃཿཡིག་ལ་ཐིམ༔ མར་འཕྲོས་འགྲོ་བ་རིགས་དྲུག་གི་འཁྲུལ་པ་ཆོས་ཉིད་ཀྱི་ངང་དུ་བཤིག༔ སྲོག་གི་ཡི་གེ་ཨཿནྲྀཿསུཿཏྲིཿཔྲེཿདུཿདྲུག་པོ་ཡེ་ཤེས་ཀྱི་མེས་བསྲེགས༔ ཧཱུྃཿཡིག་དམར་ནག་ཡེ་ཤེས་ཀྱི་མེ་འབར་བ་དྲུག་ཏུ་གྱུར་ནས་ཧཱུྃཿཡིག་ལ་ཐིམ་པས་འགྲོ་བ་རིགས་དྲུག་གི་སྲོག་འདུས་པར་བསམ༔ ཧཱུྃཿཡིག་ཡོངས་སུ་གྱུར་པ་ལས་སྐུ་གསུམ་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ་པ་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་དབུ་སྐྲ་ལྗང་སྔོན་སྲིད་པའི་རྩེ་མོར་བརྫེས་པ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་ཐུགས་ཀར་འདྲིལ་ཞིང་སྐུ་སྨད་ཟངས་ལྕགས་འདྲེས་མའི་ཕུར་དབལ་མགར་གྱི་སོལ་མལ་ནས་ཕྱུངས་པ་ལྟ་བུ་ལས་ཕུར་པའི་ཚྭ་ཚྭ་དམར་ཆ་ལ་ལ་འཕྲོ་བ༔ འདྲིལ་བ་ཙམ་གྱིས་སྣང་སྲིད་གཡོ་ཞིང་འཕྱར་བ་ཙམ་གྱིས་ཁམས་གསུམ་སྒྲོལ་ནུས་པ་ཞིག་ཏུ་གྱུར༔ ཨོཾ་མ་ཧཱ་ཀྲོ་ཏི་སེང་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དབུ་ཡི་དུང་ཁང་ན་ཆོས་སྐུ་ཀུན་ཏུ་བཟང་མོ༔ མགྲིན་པ་ན་ལོངས་སྐུ་རྡོ་རྗེ་ཕག་མོ༔ ཐུགས་ཀར་སྤྲུལ་སྐུ་ཁྲོས་མ་ནག་མོ༔ དེའི་མཐའ་བསྐོར་དུ་ཡེ་ཤེས་རང་མདངས་ལས་སྤྲུལ་པའི་མཁའ་འགྲོ་སྡེ་བཞིས་བསྐོར་བར་བསམ༔ ལྟེ་བར་སྔགས་སྲུང་ཨེ་ཀ་ཙ་ཏི༔ རྒྱ་མདུད་འོག་མར་དཔལ་ལྡན་རང་བྱུང་རྒྱལ་མོ༔ དེ་གཉིས་ལ་ཡང་ཡེ་ཤེས་དང་འཇིག་རྟེན་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོས་བསྐོར་བར་བསྐྱེད་དོ༔ ཡང་ཕུར་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་རབ་ཁྲོས་སེང་གེ་གདོང་ཅན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཕུར་པ་ལ་གཉིས་མེད་དུ་ཐིམ༔ དེ་ནས་ཕུར་པ་དེ་རྣོ་ངར་ནུས་པ་དང་ལྡན་ཞིང་གང་ལ་བཏབ་པ་ཙམ་གྱིས་ལྷ་ཡང་རུང་སྟེ་སྒྲོལ་ནུས་པར་བསམ༔ ཨོཾ་མ་ཧཱ་ཀྲོ་ཏི་སེང་ཧ་མུ་ཁ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ལན་བདུན་བརྗོད༔ སླར་ཡང་ཕུར་པ་དེ་དམིགས་བྱའི་སྙིང་གར་གདབ་པས་དགྲ་བོའི་ཚེ་བསོད་ནམས་ཐམས་ཅད་ནྲྀ་ལྗང་གུར་གྱུར་ཏེ་ཕུར་པའི་ཁོང་གསེང་ནས་ཡར་དྲངས་ཏེ་སྤྱི་བོར་ནས་ཐོན་ཏེ་བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་པས༔ རང་ཉིད་བཀྲག་མདངས་གཟི་བརྗིད་མཐུ་རྩལ་ནུས་སྟོབས་དང་ལྡན་པར་བསམ༔ ཡང་དགྲ་བགེགས་ཀྱི་སྙིང་གར་གདབ་པས་སྙིང་གི་དཀྱིལ་ན་སྲོག་གི་རྟེན་ཁྲག་གི་དྭངས་མ་དམར་པོ་རྒྱ་སྲན་ཙམ་པ་དེའི་ནང་དུ་རྣམ་ཤེས་ཀྱི་རྟེན་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་དེ་ལ་ཕུར་པ་གདབ་པས་ཁྲག་གི་དྭངས་མ་དེ་ཆུ་ཐིག་ལ་ལྕགས་སྲེག་བཏབ་པ་བཞིན་དུ་སྐམ༔ སྲོག་རྩ་དཀར་པོ་དེ་སྤུ་ཤད་མེ་ལ་བསྲེགས་པ་ལྟར་བསྲེགས༔ རླུང་གི་འཕྲོ་འདུ་དྲུང་ནས་འབྱིན་ཅིང་བཅད༔ རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་ཡུངས་འབྲུ་ཙམ་དེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཁོང་གསེང་ནས་ཡར་འདྲེན་ནས༔ ནིརྨ་ཀཱ་ཡ་སྭཱ་ཧཱ་ཨཱཿཕཊ༔ ཅེས་ཆངས་བཟུང་གི་ཁྲོས་མར་བསྟིམ༔ སམྦྷོ་ཀཱ་ཡ་སྭཱ་ཧཱ་ཨཱཿཕཊ༔ ཅེས་པས་ཁྲོས་མ་དང་བཅས་ཕག་མོ་ལ་བསྟིམ༔ དྷརྨ་ཀཱ་ཡ་སྭཱ་ཧཱ༔ ཨཱཿཕཊ༔ ཅེས་པས་ཕག་མོ་དང་བཅས་པ་ཀུན་ཏུ་བཟང་མོ་ལ་བསྟིམ༔ བཟང་མོ་ཡང་ཁྱབ་གདལ་ཀློང་ཆེན་ཡངས་པར་འབྱམས་ཀླས་སོ༔ དེ་ནས་གནས་ལྔར་གདབ་པ་ནི༔ ཧཱུྃ༔ ང་ནི་བདུད་འདུལ་དྲག་མོའི་སྐུ༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས༔ གཡོན་གྱི་ཕྱག་ན་ཕུར་པ་འདྲིལ༔ གྲི་ཁུག་འབར་བས་དབང་དུ་སྡུད༔ སྐུ་གསུམ་ཕུར་པས་མཁའ་ལ་སྒྲོལ༔ ལས་ངན་གདུག་བྱེད་དགྲ་བགེགས་ཁྱོད༔ བསད་ནི་མནར་མེད་ངང་དུ་གསོད༔ བསྒྲལ་ནི་སྲིད་པའི་མཚོ་ལས་སྒྲོལ༔ ཉོན་མོངས་ཡེ་ཤེས་ངང་དུ་བསད༔ གཟུང་དང་འཛིན་པ་སྟོང་པར་བཤིག༔ འཁྲུལ་འཁོར་ཆོས་ཉིད་ངང་དུ་གསོད༔ བག་ཆགས་སྐུ་གསུམ་ཀློང་དུ་སངས༔ སྡུག་བསྔལ་བདེ་ཆེན་ངང་དུ་བསད༔ ཉེར་ལེན་ཆགས་ཞེན་རེ་དོགས་ཀུན༔ སྤྲོས་བྲལ་ཆོས་སྐུའི་ཀློང་དུ་བསྒྲལ༔ ཡེ་ཤེས་མཚོན་གྱིས་རྣམ་རྟོག་བསད༔ འོད་གསལ་ཆོས་སྐུའི་རྣལ་འབྱོར་ངས༔ མི་གསོད་བསད་པའི་མཆོག་ཆེན་པོ༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ཕུང་ལྔ་ཡེ་ཤེས་ལྔ་རུ་བསྒྲལ༔ ཚད་མེད་རྣམ་བཞིས་སྐྱེ་བཞི་གསོད༔ ལས་ཀྱི་བག་ཆགས་སྡུག་བསྔལ་ཀུན༔ ཡུལ་མེད་ཟང་ཐལ་ངང་དུ་གསོད༔ སེམས་སུ་འཁྲུལ་པའི་སེམས་ཉིད་ཀྱང་༔ གཡོ་མེད་ཁྱབ་བརྡལ་ཀློང་དུ་གསོད༔ དེ་ལས་གཞན་གྱི་ཚུལ་མིན་ཏེ༔ དེ་ལས་ཕ་རོལ་ལ་མི་ལྟོས༔ དེ་ནི་ཁྱོད་ཀྱི་བསད་ཚུལ་ལོ༔ དེ་ནས་ཕྱེ་མར་གཏུབ་པ་ནི༔ ཧཱུྃ༔ གཏུབས་ཤིག་རློག་ཅིག་ཁྲོ་མོའི་ཚོགས༔ གནམ་ལྕགས་ཕུར་པས་རྡུལ་དུ་རློག༔ རྡོ་རྗེ་འབར་བས་ཕྱེ་མར་ཐོངས༔ གཟུགས་ཁམས་སྐྱེ་མཆེད་ཐལ་བར་རློག༔ འཁྲུལ་པའི་རྟོག་ཚོགས་དབྱིངས་སུ་སྒྲོལ༔ རྣམ་ཤེས་ཆོས་དབྱིངས་ངང་དུ་སྤོར༔ ཨོཾ་སརྦ་མ་ཧཱ་ཀྲོ་ཏི་ཧ་རི་ནི་ས་ས་མ་ཡ༔ དགྲ་བགེགས་ཐུལ་ཐུལ་རློག་རློག་ཕྱེ་མ་ཕྱེ་མ་རྦད་རྦད་ཏ་ཐ་ཡ་ཏ་ཐ་ཡ་རྦད་ནན་ཧུར་ཐུམ་ཐུམ་རི་ལི་ལི་མཱ་ར་ཡ་རྦད་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་ཡི་གེར་བྲིས༔ སྔགས་སྲུང་མ་མོའི་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གླིང་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་སློབ་བུ་ཀློང་ཆེན་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རང་སློབ་ངག་དབང་ཕྲིན་ལས་ཀྱིས་བྲིས་པའི་དགེ་བས་རྒྱལ་བསྟན་བསྲུང་བའི་མཚོན་ཆར་འགྱུར་བར་ཤོག་ཅིག།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།