ཉེ་བརྒྱུད་གཅོད་ཀྱི་ཁྲིད་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ།

From Dudjom Wiki
Revision as of 11:22, 11 March 2026 by Mort (talk | contribs)

TTDL-ZABTER-20-WA-001
Wylie title nye brgyud gcod kyi khrid yig gsal bar bkod pa legs bshad bdud rtsi'i rol mtsho
Location bdud 'joms gling pa'i zab gter
Volume 20, Text 1, Pages 1-741 (Folios 1a1 to 371a4)
Author པདྨ་ལུང་རྟོགས་རྒྱ་མཚོ་
Citation Pad+ma lung rtogs rgya mtsho. Nye brgyud gcod kyi khrid yig gsal bar bkod pa legs bshad bdud rtsi'i rol mtsho. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 20: 1-741. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'grel pa   Verso: bdud 'joms gcod khrid
More details More details
Genre Commentaries - 'grel pa  ·  Contemplative Guide Books and Instructional Manuals - khrid yig
Colophon

།ཅེས་ཉེ་བརྒྱུད་གཅོད་ཀྱི་ཁྲིད་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི་རྒྱལ་བ་ཀུན་གྱི་ངོ་བོ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱི་ཟབ་ཆོས་མཐའ་དག་གི་བདག་པོར་མངའ་གསོལ་ཞིང་།འདི་ཉིད་ཀྱི་བཤད་པ་འབྲི་བར་བཀས་གནང་བ་དང་། ཐོས་བསམ་སྒོམ་པའི་ཡོན་ཏན་མཆོག་མངའ་རྣལ་འབྱོར་གྱི་དབང་ཕྱུག་རྨ་ཐོག་པའི་རྣམ་འཕྲུལ་དུ་ལུང་གིས་བསྔགས་པ་རང་སློབ་རེ་ཀོང་བླ་མ་དགེ་འདུན་གྱིས་སྔ་མོ་ནས་ནན་ཏན་ཆེན་པོས་བསྐུལ་བ་དང་། དེ་རྗེས་ཕུར་ཐོགས་རིགས་སྔགས་འཆང་བ་ཀུན་བཟང་པདྨ་ཆོས་འཛིན་དང་།མགྲོན་ལུང་པ་དད་དམ་ལྡན་པ་རྡོ་རྗེ་སྨན་རྒྱལ་ནས་རྗེ་རྟ་ནག་པའི་ཚད་མའི་མཐའ་དཔྱོད་ཆེན་པོའི་དཔེ་ཆ་འབྱོར་བས་གཡར་དམ་བཅས་པ་དང་། དཔྱོད་ལྡན་དམ་པ་ཤེས་རབ་ནས་ཀྱང་དངུལ་ཊཾ་ལ་སོགས་པ་དང་བཅས། གཏེར་ཆེན་རིན་པོ་ཆེའི་རིགས་སྲས་མཁྱེན་དང་བརྩེ་བའི་དབང་ཕྱུག་རིན་པོ་ཆེ་མཆོག་ནས་དྲི་མེད་ལྷ་རྫས་བཅས་བཀས་བསྐུལ་བ་དང་། ཉེ་ཆར་རྡོ་རྗེའི་ལུང་ཟིན་གྱི་སྐྱེས་མཆོག་ཕུར་ཐོགས་པ་རྡོ་རྗེ་རྣམ་པར་རྒྱལ་བས་དངུལ་སྲང་གང་གི་མཎྜལ་དང་། དད་དམ་ཤེས་རབ་མཆོག་ལྡན་རི་ཁྲོད་པ་ཀུན་དགའ་ནས་ཀྱང་དངུལ་ཞོ་ལྔ་བཅས་བསྐུལ་པའི་ངོར། བླ་མ་སངས་རྒྱས་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཤིང་གསར་རྙིང་རིས་མེད་ཀྱི་གྲུབ་མཐའི་ཟབ་གནད་ཤེས་པ་སྐྱེས་མིང་པ་པདྨ་ལུང་རྟོགས་རྒྱ་མཚོས་བྲིས་པའི་ཡི་གེ་པ་ནི་བསྐུལ་བ་པོའི་གཙོ་བོ་རྣམ་པར་རྒྱལ་བ་སྟེ། དགེ་བས་རྒྱལ་བསྟན་སྤྱི་དང་དམ་ཆོས་བདུད་གཅོད་མཆོག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག། །།

ces nye brgyud gcod kyi khrid yig gsal bar bkod pa legs bshad bdud rtsi'i rol mtsho zhes bya ba 'di ni rgyal ba kun gyi ngo bo bka' drin mtshungs med gter chen chos kyi rgyal po'i zhal snga nas kyi zab chos mtha' dag gi bdag por mnga' gsol zhing /'di nyid kyi bshad pa 'bri bar bkas gnang ba dang /thos bsam sgom pa'i yon tan mchog mnga' rnal 'byor gyi dbang phyug rma thog pa'i rnam 'phrul du lung gis bsngags pa rang slob re kong bla ma dge 'dun gyis snga mo nas nan tan chen pos bskul ba dang / de rjes phur thogs rigs sngags 'chang ba kun bzang pad+ma chos 'dzin dang /mgron lung pa dad dam ldan pa rdo rje sman rgyal nas rje rta nag pa'i tshad ma'i mtha' dpyod chen po'i dpe cha 'byor bas g.yar dam bcas pa dang / dpyod ldan dam pa shes rab nas kyang dngul TaM la sogs pa dang bcas/gter chen rin po che'i rigs sras mkhyen dang brtse ba'i dbang phyug rin po che mchog nas dri med lha rdzas bcas bkas bskul ba dang /nye char rdo rje'i lung zin gyi skyes mchog phur thogs pa rdo rje rnam par rgyal bas dngul srang gang gi maN+Dal dang /dad dam shes rab mchog ldan ri khrod pa kun dga' nas kyang dngul zho lnga bcas bskul pa'i ngor/bla ma sangs rgyas du ma'i zhabs rdul spyi bos blangs shing gsar rnying ris med kyi grub mtha'i zab gnad shes pa skyes ming pa pad+ma lung rtogs rgya mtshos bris pa'i yi ge pa ni bskul ba po'i gtso bo rnam par rgyal ba ste/dge bas rgyal bstan spyi dang dam chos bdud gcod mchog gi bstan pa phyogs dus kun tu dar zhing rgyas par gyur cig/_//

[edit]
༄༅། །ཉེ་བརྒྱུད་གཅོད་ཀྱི་ཁྲིད་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོཾ་སྭསྟི། ཐུགས་རྗེ་ཆེན་པོ་མཆོག་ཏུ་ཉེར་ཞི་བས། །བདུད་གཅོད་ཟབ་མོའི་ཆོས་ཚུལ་བསམ་ཡས་པ། །གདུལ་བྱའི་ཁམས་དབང་ཇི་བཞིན་གསལ་མཛད་པའི། །ཐུབ་དབང་ལྷ་མིའི་སྟོན་པ་རྒྱལ་གྱུར་ཅིག། སྨྲ་བསམ་བརྗོད་མེད་སོ་སོར་རང་རིག་ཡུལ། །ཆོས་རྣམས་ཀུན་དང་རང་བཞིན་གཉིས་སུ་མེད། །མ་ལུས་བདེ་གཤེགས་སྲས་དང་བཅས་རྣམས་ཀྱི། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མར་འདུད། །ཁྱབ་བདག་རྒྱལ་བའི་དབང་ཕྱུག་གཞོན་ནུའི་ལུས་ཅན་དམར་སེར་མཚམས་སྤྲིན་གསར་པའི་དཔལ་མངའ་བ། །རིན་ཆེན་མཐོན་མཐིང་མདངས་འཛིན་ཐོར་ཚུགས་ཟུར་ཕུད་ལྔ་ལྡན་ཡིད་འཕྲོག་མེ་ཏོག་གདེངས་ཀས་མཛེས། །སྙན་དབྱངས་ཡན་ལག་རྒྱ་མཚོས་འགྲོ་ཀུན་བདེ་བར་དབུགས་དབྱུང་མཁྱེན་རབ་ཀུན་ནས་ཟབ་ཡངས་གསལ། །ལྷག་པའི་ལྷ་གཅིག་འཇམ་དཔལ་དཔའ་བོས་བྱང་ཆུབ་བར་དུ་བདག་གི་སྙིང་ལ་དགྱེས་པར་རོལ། །བདེ་སྟོང་ཟུང་འཇུག་བཅུ་དྲུག་དགའ་བ་རྒྱས་པའི་འཇོ་སྒེག་རབ་གསལ་མཁའ་སྤྱོད་ལྷན་སྐྱེས་མཛེས་མ་ཡི། །དྲག་པོའི་ཕྲིན་ལས་ལྷུར་མཛད་ཁྲོ་ཆགས་དགྱེས་པའི་ཉམས་ལྡན་བཛྲ་ཝཱ་ར་ཧི་ཞེས་རབ་སྙེམས་མ། །གཟུང་འཛིན་རྟོག་ཚོགས་གཏུམ་པོར་ཟ་བྱེད་རྣོ་དཀར་མཆེ་བ་རབ་གཙིགས་མ་རུངས་འཇིགས་པའི་ཆས་ཀྱིས་བརྒྱན། །བསྐལ་མེའི་འོད་ཀྱིས་ཡོངས་འཁྱུད་ཨིནྡྲ་ནཱི་ལའི་རང་བཞིན་རབ་བརྗིད་དཔལ་ལྡན་ཀྲོ་ཏི་ཀ་ལིས་སྲུངས། །དུས་གསུམ་རྒྱལ་བའི་ཕྲིན་ལས་མ། །དཀར་མཛེས་ཚེ་དང་ཡེ་ཤེས་གཏེར། །སྐྱབས་གཅིག་ཨཱཪྻ་ཏཱ་རེ་མ། །སྙིང་ནས་དྲན་ནོ་བཤེས་མཛོད་ཅིག། བདེ་ཆེན་ཆགས་པའི་རོ་ལ་དགྱེས་པ་ཆེན་པོས་རྟག་ཏུ་རོལ། །མཐའ་ཡས་དངོས་ཀུན་ལྷན་སྐྱེས་འོད་གསལ་མཆོག་གི་དབྱིངས་སུ་སྦྱོར། །སྲིད་གསུམ་ཡིད་ནི་འགུགས་བྱེད་རྗེས་སུ་ཆགས་པའི་རྣམ་འགྱུར་ཅན། །རིག་བྱེད་དབང་གི་ལྷ་མོ་དེས་ཀྱང་བདེ་ལེགས་མཆོག་སྦྱིན་མཛོད། །སྐྱེ་མེད་རྟོགས་པའི་གདིང་ལྡན་ཡེ་ཤེས་མདའ། །མ་རིག་སྒོང་རྒྱར་བསྣུན་པའི་དཔའ་རྩལ་ནི། །བརྟུལ་ཞུགས་འཇིགས་མེད་སྤྱོད་པའི་སྟབས་སུ་བསྒྱུར། །ཟུང་འཇུག་གྲུབ་པའི་མཐར་སོན་མགོན་དེར་བསྔགས། །དཔལ་ལྡན་འཆི་མེད་གནས་བརྙེས་རྡོ་རྗེའི་སྐུ། །གསུང་གི་དགའ་སྟོན་དགུ་ལྡན་གདམས་པའི་མཛོད། །ཐུགས་བརྩེ་སྙིགས་མའི་འགྲོ་ལ་ཡོལ་མེད་པའི། །མཚོ་སྐྱེས་འགྲོ་བའི་བླ་མར་སྙིང་ནས་དད། །བདེ་ཆེན་ཕྱག་རྒྱའི་རང་བཞིན་མི་མོའི་གཟུགས། །མ་གཅིག་ཡེ་ཤེས་ཌཱ་ཀི་ལབ་སྒྲོན་སོགས། །ཐབས་དང་ཤེས་རབ་ཐབས་ཤེས་གཉིས་མེད་ཀྱི། །གཅོད་བརྒྱུད་མཁས་གྲུབ་ཚོགས་རྣམས་ཕྱག་བྱའི་ཡུལ། །ཆོས་ཉིད་ནམ་མཁའི་ཀློང་མཛོད་ཆེན་པོའི་ཚུལ། །གཉིས་མེད་གཉིས་སུ་སྣང་བའི་སྟོན་འཁོར་ལས། །སྨིན་གྲོལ་ཆོས་གཏེར་རྒྱ་མཚོའི་དཔལ་འབྱོར་ལ། །དབང་སྒྱུར་བདུད་འཇོམས་གླིང་པ་གཏན་གྱི་སྐྱབས། །གཞན་ཡང་གདུལ་བྱའི་སྐྱེ་བོ་བདག་འདྲ་བ། །སྣ་ཚོགས་མཛད་པས་འདུལ་ཕྱིར་སངས་རྒྱས་ཀུན། །དགེ་བའི་བཤེས་ཀྱི་རྣམ་པར་བསྟན་པ་ཡི། །བཀའ་དྲིན་མཚུངས་མེད་དམ་པ་ཀུན་ལ་གུས། །ཡུམ་དོན་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དུ། །གསང་ཆེན་ཐེག་པར་ཡོངས་འབྲེལ་ཉམས་བླངས་པས། །དོན་གཉིས་ཡིད་བཞིན་འགྲུབ་པའི་ལམ་བཟང་གིས། །ཡིད་རབ་མི་འཕྲོག་བློ་ལྡན་སུ་ཞིག་མཆིས། །དེ་ཚུལ་བྱིན་རླབས་ཉེ་བརྒྱུད་ལས་བྱུང་བའི། །རིག་འཛིན་གྲུབ་པའི་ཐུགས་བཅུད་ཆེས་ཟབ་མོ། །མ་དང་མཁའ་འགྲོའི་ཞལ་རླངས་མ་ཉམས་པར། །བཀའ་གཏེར་ཟུང་དུ་འཇུག་པར་འཆད་ལ་སྤྲོ། །དེ་ལ་འདིར་སློབ་དཔོན་ཆེན་པོ་བྲམ་ཟེ་ཨཱཪྻ་དེ་ཝས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཅེས་པ་གཅོད་ཀྱི་རྒྱ་གཞུང་དུ་གྲགས་པ་ལས། །བརྗོད་བྱའི་སྙིང་པོ་རྩ་བ་དང་བྲལ་བ། །གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་པའི་དོན། །རྟག་ཆད་ལ་སོགས་དམིགས་པའི་མཐའ་བྲལ་བར། །ཅི་ནུས་པར་ནི་འགྲོ་ལ་བཤད་པར་བྱ། །ཞེས་གསུངས་པ་ལྟར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱའི་དོན་གྱི་སྙིང་པོར་གྱུར་པ་བདེན་པའི་རྩ་བའམ་རྟེན་གཞི་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་དོན་ཡུལ་དང་ཡུལ་ཅན་ངོ་བོ་གཉིས་སུ་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱས་པའམ་དེ་དང་རྗེས་སུ་མཐུན་པའི་གནས་ལུགས་ཟབ་མོ་རྟོགས་པའི་ཤེས་རབ་ཐབས་སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་སྦྱིན་སོགས་སྤྱོད་པའི་ཕྱོགས་རྒྱ་ཆེན་པོ་ཉིད་དང་མ་བྲལ་བར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལྷའི་རྣལ་འབྱོར་སོགས་དང་ཟུང་འབྲེལ་དུ་གོམས་པར་བྱེད་པའི་ཚུལ་གྱིས་ཚོགས་གཉིས་བདེ་བླག་ཏུ་རྫོགས་པའི་སྒོ་ནས་སྲིད་ཞིའི་མཐའ་གང་དུའང་མི་གནས་པའི་གོ་འཕང་ཆེན་པོའི་ཕ་རོལ་དེར་ཕྱིན་པར་བྱེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གྲགས་པའི་དོན་རྟག་ཆད་དུ་འཛིན་པའི་རྟོག་པ་དང་བདག་གཅེས་འཛིན་གྱི་བློའི་དམིགས་པའི་མཐའ་དང་བྲལ་བར་ཉམས་སུ་ལེན་པའི་ཚུལ་མན་ངག་ཁྱད་པར་བ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཟབ་མོའི་དམིགས་ཁྲིད་ཡན་ལག་དང་བཅས་པ་ཅི་ནུས་སུ་གཞན་ལ་ཕན་པའི་སེམས་ཀྱིས་འཆད་པར་བྱ་བ་ལ་བཞི། གང་འཆད་བྱའི་གདམས་པ་འདིའི་ལོ་རྒྱུས་བཤད་པ། དེའི་ཆེ་བ་བརྗོད་པ། གདམས་དོན་ཉམས་སུ་ལེན་པའི་ཚུལ། དེ་ཉམས་སུ་བླངས་པའི་གྲུབ་འབྲས་བསྟན་པའོ། །དང་པོ་གདམས་པའི་ལོ་རྒྱུས་ནི། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་མཐའ་དག་གི་ནང་ནས་རབ་དང་མཆོག་ཏུ་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་སྡེ་རིན་པོ་ཆེ་ནི་གདམས་པ་འདིའི་གཞུང་གི་གཙོ་བོ་ཡིན་ལ། དེའི་དགོངས་དོན་ལ་དངོས་བསྟན་ཟབ་མོ་སྟོང་པ་ཉིད་དང་། སྦས་དོན་རྒྱ་ཆེ་བ་མངོན་པར་རྟོགས་པའི་རིམ་པ་གཉིས་སུ་ཡོད་པ་ལས། དང་པོའི་གདམས་པ་ནི། རྒྱལ་བ་ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དཔལ་སྨྲ་སེང་། དཔལ་ལྡན་ཨཱཪྻ་དེ་ཝ། དེས་དམ་པ་སངས་རྒྱས་ལ་གནང་། གཉིས་པའི་གདམས་པ་ཡང་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་མགོན། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། ཨཱཪྻ་དེ་ཝ། དེས་དམ་པ་སངས་རྒྱས་ལ་གནང་། དེས་ན་དམ་པ་ལ་གདམས་ངག་དེ་གཉིས་ཀ་མངའ་བ་སྐྱོ་སྟོན་བསོད་ནམས་བླ་མ་ལ། དེས་མ་གཅིག་ལབ་སྒྲོན་ལ་གནང་བ་ལ་ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ་དང་། ཤེར་ཕྱིན་གྱི་དགོངས་དོན་གསང་སྔགས་དང་འབྲེལ་བར་ཉམས་སུ་ལེན་ཚུལ་གྱི་གདམས་པ། ཆོས་སྐུ་ཡུམ་ཆེན་མོ། རྗེ་བཙུན་སྒྲོལ་མ། མཁའ་འགྲོ་མ་སུ་ཁ་སིདྡྷི། དེས་མ་གཅིག་ལབ་སྒྲོན་ལ་གནང་བ་ལ་མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ་དང་། གདམས་པ་དེ་གཉིས་གཅིག་འདྲེས་ཀྱི་ཚུལ་དུ་མ་གཅིག་གིས་རང་གི་སྲས་རྣམས་ལ་གནང་བ་ལ་ཐབས་ཤེས་གཉིས་མེད་ཀྱི་བརྒྱུད་པ་ཞེས་གྲགས་ལ། གཞན་ཡང་བཀའ་གཏེར་དང་སྲས་བརྒྱུད་སོགས་སུ་བཏགས་པའི་བརྒྱུད་ཚུལ་ངོས་འཛིན་ལུགས་མི་འདྲ་བ་མང་དུ་གསུངས་ཏེ་འདི་དག་རྣམས་ནི་རིང་བརྒྱུད་དང་། ཉེ་བརྒྱུད་ནི། མ་གཅིག་དེ་ཉིད་གང་ལ་གང་འདུལ་གྱི་རྣམ་པས་གདུལ་བྱའི་སྣང་ངོར་མིའི་བུད་མེད་ཀྱི་གཟུགས་སུ་སྣང་བ་ལས། ངེས་པའི་དོན་དུ་ཕྱི་ལྟར་ན་ཆོས་སྐུ་ཡུམ་ཆེན་མོ། ནང་ལྟར་ན་རྗེ་བཙུན་སྒྲོལ་མ། གསང་བ་ལྟར་ན་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་པས། དེའི་སྔོན་དུ་བརྒྱུད་རིམ་གཞན་འཚོལ་མི་དགོས་པར་གསུངས་པ་དང་། ཡང་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་སྒྲོལ་མ། དེས་མ་གཅིག་ལ་གནང་བ་ལ་གསང་སྔགས་ཀྱི་བརྒྱུད་པར་ངོས་བཟུང་། གཞན་ཡང་ལྷག་པའི་ལྷ་དུ་མས་དངོས་སུ་ཞལ་གཟིགས་ཏེ་དབང་བསྐུར་བ་དང་གདམས་པ་མཐའ་ཡས་པ་གནང་བ་ལ། མ་གཅིག་གིས་མཛད་པའི་གསང་སྔགས་ཨུ་དུམ་ཝ་ར་དང་། ཐུགས་བཅུད་མ་རིག་མུན་སེལ་སོགས་གསང་སྔགས་ཀྱི་བསྐྱེད་རྫོགས་སྐོར་ཡང་མང་དུ་ཡོད་པར་གསུངས་པའི་གཅོད་ཀྱི་གདམས་ངག་གི་གཙོ་བོ་ནི་ད་ལྟ་མ་གཅིག་སྙན་བརྒྱུད་དུ་གྲགས་པའི་སྐོར་འདི་རྣམས་ཡིན་ནོ། དེ་ལྟར་ཡང་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་བདག་ཅག་གི་སྟོན་པས་མདོ་སྡེ་དྭངས་སྙིགས་འབྱེད་པ་དང་། འཇམ་དཔལ་རྩ་བའི་རྒྱུད་སོགས་ལས་ཡུམ་ཆེན་མོའི་རྣམ་འཕྲུལ་དུ་བསྔགས་ཤིང་བྱང་ཕྱོགས་ཁ་བ་ཅན་འདིར་སྐྱེ་མེད་སྙིང་པོའི་དོན་དར་རྒྱས་སུ་སྟོན་པ་པོར་ལུང་བསྟན་པར་མ་གཅིག་སྙན་བརྒྱུད་ལས་བྱུང་བ་དང་། རྒྱལ་དབང་ཨོ་རྒྱན་ཆེན་པོས་ཀྱང་དེ་ཁོ་ན་བཞིན་དུ་ལུང་བསྟན་ལ། དམ་པ་ཁ་གཅིག་གིས་མ་གཅིག་ཡན་ཆད་ལ་གཅོད་ཀྱི་ཐ་སྙད་མེད་པར་ཡང་གསུངས་པས་ན་བསིལ་ལྡན་གྱི་ལྗོངས་འདིར་དམ་ཆོས་བདུད་གཅོད་ཟབ་མོའི་གདམས་པའི་ཤིང་རྟའི་སྲོལ་གསར་དུ་འབྱེད་པ་པོ་ནི་མ་གཅིག་ཉིད་ཡིན་པར་ཁས་ལེན་དགོས་སོ། །དེས་ན་མ་གཅིག་རང་གི་ཞལ་ནས་ཀྱང་། སྙིགས་མ་ལྔ་བདོ་བའི་དུས་སུ་ཐུབ་པ་ཉིད་ཀྱིས་ལུང་བསྟན་པ་བཞིན་དུ་རྣལ་འབྱོར་མ་ངའི་ཆོས་ལུགས་ཀྱིས་གངས་ཅན་པ་ཐམས་ཅད་འདུལ་དགོས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ལ། དེ་ལས་བྱུང་བའི་གཅོད་ཀྱི་གདམས་པ་ནི་སྔོན་ནས་ད་ལྟའི་བར་གྲུབ་མཐའ་རིས་མེད་ཀྱི་དམ་པ་ཀུན་གྱིས་ཉམས་བཞེས་སུ་མཛད་ནས་གཅོད་ཀྱི་སྤྱི་གཞུང་ལྟ་བུར་ཡོངས་སུ་གྲགས་པ་དང་། དེར་མ་ཟད་གཏེར་ཆེན་རིན་པོ་ཆེ་ལ་མ་གཅིག་ཡེ་ཤེས་སྒྱུ་མའི་སྐུས་དངོས་སུ་རྗེས་སུ་བཟུང་སྟེ་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གནང་བ་དང་། ཕ་གཅིག་དམ་པས་ཀྱང་ཞལ་དངོས་སུ་བསྟན་ནས་སྟོང་ཉིད་ལྟ་བའི་གནད་དོན་ཚུལ་བཞིན་དུ་གདམས་པར་གསུངས་ལ། གཅོད་ཀྱི་ཉམས་ལེན་གྱི་སྙིང་པོ་ནི་ལྟ་བ་ཡིན་པས་ན་བརྒྱུད་ཚུལ་འདི་དག་ཀྱང་ཟབ་ཁྲིད་འདིའི་བརྒྱུད་པར་དོན་གྱིས་སོང་བ་དང་། སྐབས་འདིར་ཡང་སྔ་ཕྱིའི་གདམས་པ་གཉིས་ཅི་རིགས་པར་ཕྱོགས་མཐུན་དུ་བྱས་ཏེ་བཀའ་གཏེར་ཟུང་འབྲེལ་གྱི་ཚུལ་དུ་འཆད་པར་འདོད་པས་ན་མཚོན་ཙམ་སྨྲས་པ་ཡིན་ལ། གཞན་ཡང་གསང་རྙིང་ཀུན་ལ་བཀའ་གཏེར་དག་སྣང་ཅི་རིགས་ལས་བྱུང་བའི་གཅོད་ཀྱི་མན་ངག་མཐའ་ཡས་པ་ཞིག་ཡོད་པ་ནི་སྨྲོས་ཀྱིས་ག་ལ་ལང་། བྱེ་བྲག་ཏུ་གདམས་པ་འདི་ནི་དེ་དག་ཀུན་ལས་ཁྱད་པར་དུ་གྱུར་པ་བདག་ཅག་གི་འདྲེན་མཆོག་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དོན་གྱི་སླད་དུ་ན་རིག་འཛིན་བདུད་འཇོམས་རྡོ་རྗེའི་ཞལ་སྔ་ནས་ཀྱི་དགོངས་གཏེར་ཆོས་ཉིད་ནམ་མཁའི་ཀློང་མཛོད་ཆེན་པོའི་སྐོར་ལས་བྱུང་བའི་ཉེ་བརྒྱུད་ཀྱི་གདམས་ངག་རྨད་དུ་བྱུང་བ་སྙིགས་མའི་དུས་འདིར་ཡང་གདུལ་བྱའི་སྐྱེ་བོ་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་པའི་རྟེན་འབྲེལ་དུས་བབས་ཀྱི་ཆོས་དུས་གསུམ་རྒྱལ་བའི་དགོངས་བཅུད་གྲུབ་པའི་དབང་ཕྱུག་དཔལ་ལྡན་ས་ར་ཧས་གནང་བའི་མན་ངག་ཟབ་མོ་སྟེ། དེའི་གླེང་གཞིའི་ཚུལ་ཟབ་གཏེར་གཅོད་ཀྱི་ཁྲིད་གཞུང་རང་ནས་བྱུང་བའི་དོན་ཅུང་ཟད་གསལ་བར་བཤད་ན། རྒྱུད་ལས། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔ་ལས། གནས་ཕུན་སུམ་ཚོགས་པ་འཛིན་པས་བདག་ཏུ་བཟུང་བའི་ཡུལ་གྱི་རྣམ་པར་སྣང་བ་ནི་ཕན་ཚུན་གཅིག་འབྲེལ་ཞིང་སོ་སོར་འབྱེད་མི་ནུས་པས་ན་འཕྱང་པ་དང་། ཤིན་ཏུ་རྒྱ་ཆེ་བར་ཡོད་པས་ན་ཆེན་པོ་སྟེ། དེ་ལྟ་བུའི་གཟུང་འཛིན་ཐ་མལ་གྱི་རྟོག་པ་ཡུལ་དང་བཅས་པའི་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་ཐོག་མར་གང་ལས་ལྡང་བའི་རང་གི་མལ་གནས་ལྟ་བུ་ནི་གཞི་དབྱིངས་འོད་གསལ་དེའི་ངང་དུ་ནུབ་ཅིང་ཞིག་པས་བདག་མེད་པའི་གནས་ལུགས་དོན་དམ་པའི་ས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྩོལ་མེད་དུ་སྒྲིབ་བྱེད་ཀུན་རྟོག་གི་འཛིན་པ་མ་ལུས་པ་ཐད་ཀར་རམ་དེ་མ་ཐག་ཏུ་གྲོལ་བའི་ཚུལ་གྱིས་མངོན་གྱུར་དུ་བརྡོལ་བའི་ངེས་དོན་གསང་བའི་ནམ་མཁའ་བདེ་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པའི་ཀློང་དུ་ཤེས་རབ་ཀྱི་ཕྱོགས་སྟོང་པ་ཨེ་དང་། ཐབས་ཀྱི་ཕྱོགས་བདེ་བ་ཆེན་པོ་ནི་ཝཾ་སྟེ་ཨེ་ཝཾ་ཟུང་འཇུག་གི་རྣལ་རོལ་སྟོན་འཁོར་སོགས་ཀྱི་བཀོད་པ་ཅིར་ཡང་ངོམས་པའི་གནས་རང་སྣང་དོན་གྱི་འོག་མིན་དེ་རུ། གནད་བསྡུ་ན་གཟུང་འཛིན་དང་བྲལ་བའི་རང་སྣང་དག་པའི་ཡེ་ཤེས་ཀྱིས་གང་སྣང་དག་པ་རབ་འབྱམས་སུ་ཤར་བ་ནི་སྟོན་འཁོར་སོགས་གང་དུ་སྣང་བའི་གནས་ལྟ་བུ་ཡིན་པས་ན་དེའི་སྒྲས་བསྟན་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་གསུངས་པ་ལྟར་རོ། །སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྡོ་རྗེ་འཆང་དང་གཉིས་སུ་མེད་པ་དོན་ལ་སྟོན་འཁོར་ཐ་མི་དད་ཀྱང་དད་པའི་ཚུལ་གྱིས་སྒྱུ་འཕྲུལ་གྱི་རྣམ་རོལ་ཅི་དགར་སྟོན་པ་ལ་མངའ་དབང་སྒྱུར་བའི་རྒྱལ་པོ་དཔལ་ལྡན་ས་ར་ཧ་པས། འཁོར་ཕུན་སུམ་ཚོགས་པ་སྟོན་པ་རང་གི་ཡེ་ཤེས་ཀྱི་རོལ་རྩལ་འཁོར་དུ་ངོམས་པ་སྟེ་འཁོར་གྱི་རྣམ་པར་བསྟན་པའི་ཐོག་མ་ཐབས་ཡེ་ཤེས་ཉི་མ་དང་ཤེས་རབ་ཟླ་བའི་དབང་པོ་གཉིས་ཏེ། དེའི་ཐབས་ཤེས་གཉིས་ཀྱི་ངོ་བོའི་འཁོར་གཉིས་ལས། གཞུང་གཞན་དུ་བརྡ་དོན་སོགས་སྦྱར་བའི་སྐབས་ཐབས་ཟླ་བ་དང་ཤེས་རབ་ཉིད་ཉི་མས་མཚོན་པར་གསུང་ཀྱང་། འདིར་དེ་ལས་བཟློག་ནས་རིམ་པ་བཞིན་ཉི་མ་དང་ཟླ་བའི་མིང་གིས་བཏགས་པ་ནི་ཐབས་དེ་ཡང་ཤེས་རབ་དང་མ་བྲལ་བ་དང་ཤེས་རབ་ཀྱང་ཐབས་དང་མ་བྲལ་བ་མཚོན་པའི་ཕྱིར་ཡིན་ནོ། །དེ་གཉིས་ལ་གུས་པས་ཉན་པར་བཀའ་བསྒོས་ཏེ། ཆོས་ཕུན་སུམ་ཚོགས་པ་ཆོས་ཉིད་གནས་ལུགས་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་ཀློང་གི་ཡང་མཛོད་དེ། དཔེར་ན་མཛོད་ཀྱི་ནང་ནས་ཀྱང་ཡང་མཛོད་ཆེན་པོ་སྒོ་ཕྱེས་ནས་གཅེས་ནོར་ཕྱུངས་ཏེ་སྦྱིན་པ་བཞིན་དུ་ཡེ་ཤེས་དེའི་ཀློང་ནས་དགོངས་དོན་མཐར་ཐུག་པའི་དོན་གཞན་ལ་གསལ་བར་བསྟན་པ་ཡིན་ལ། དེ་ཡང་མཛོད་ཁང་དེ་ན་ཡོད་པའི་ལོངས་སྤྱོད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་བཞིན་དུ་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་གྱི་འབྱུང་གནས་དཀོན་པའི་མཆོག་ཏུ་གྱུར་པས་ན་རིན་པོ་ཆེ། བརྗོད་བྱ་རྟོགས་པའི་ཆོས་ཀྱི་དོན་ཟབ་མོ་རང་བཞིན་གཏིང་དཔག་དཀའ་ཞིང་མཐར་གཏུག་པའི་ཚུལ་གྱིས་མི་ཟད་ལ། རྗོད་བྱེད་ལུང་གི་ཆོས་ཀྱིས་བསྡུས་པ་བློ་གཟུ་བོར་གནས་པའི་མཁས་པ་རྣམ་དཔྱོད་ཅན་གྱིས་ཐོས་ན་ཡིད་ལ་དགའ་བའི་རྒྱན་ལྟ་བུ། ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་མཐུ་ལས་ལས་ཅན་གྱི་གདུལ་བྱ་གཅིག་ནས་གཅིག་བརྒྱུད་དུ་འཕོ་བའི་ཚུལ་གྱིས་སྲིད་པ་ཇི་སྲིད་བར་རྒྱུན་མི་ཆད་པས་འཁོར་ལོ་སྟེ། ལུང་རྟོགས་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་སྒྲ་བཤད་དོན་གྱིས་ཚང་ལ། གསང་ཞིང་གབ་པའི་དོན་གསལ་བར་སྟོན་པའི་གབ་བྱང་ཆེན་པོ་འདི་ཉིད་བདག་ཀློང་གྲོལ་རྡོ་རྗེ་མི་འགྱུར་ཞེས་གཏེར་སྟོན་ཆེན་པོ་རང་ལ་དཔེར་ན་ཕ་གཅིག་པུས་བུ་གཅིག་པུ་ལ་ནོར་བཟང་པོའི་བགོ་སྐལ་ཕོག་པ་བཞིན་དུ་གཅེས་ནོར་དུ་གནང་བ་ཡིན་ནོ། །དེ་ཡང་གཉིས་འཛིན་འཁྲུལ་པའི་རྟོག་ཚོགས་མ་ལུས་པ་རིག་པའི་ཀློང་དུ་གྲོལ་བས་སྤང་བ་དང་། མི་མཐུན་ཕྱོགས་ཀྱི་ཉེས་པས་མི་བརྫི་བའི་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་མངའ་ཞིང་། དེ་ལྟ་བུའི་སྤང་རྟོགས་ཀྱི་ཡོན་ཏན་མི་ཉམས་ཤིང་འགྱུར་བ་མེད་པ་དང་ལྡན་པས་ན་མཚན་དེ་ལྟར་གསོལ་བའོ། །དུས་ཕུན་སུམ་ཚོགས་པ་དེ་ལྟར་ཡེ་ཤེས་རང་སྣང་གི་གནས་དང་སྟོན་འཁོར་ཚོགས་ཤིང་འཛོམ་པ་དེའི་ཚེ་དེའི་དུས་ནའོ། །འདི་ནི་ཕལ་པའི་བསྟན་བཅོས་འགའ་ཞིག་ལྟར་ཐ་མལ་གྱི་རྟོག་དཔྱོད་ཀྱིས་ཀུན་ནས་བསླངས་པའི་སྒྲ་ཚིག་རང་ག་བ་ནི་མ་ཡིན་ཏེ། རང་བྱུང་འོད་གསལ་བའི་ཡེ་ཤེས་རང་རྩལ་དག་པའི་སྣང་བ་མུ་མཐའ་མེད་པར་ཤེས་བྱ་ཀུན་ལ་མཉམ་པར་བརྡལ་ཞིང་ཁྱབ་པ་ཆེན་པོའི་རང་བཞིན་ལ་རྨོངས་པའི་མུན་པ་སེལ་བའི་ཤེས་རབ་མཆོག་གིས་གསལ་སྒྲོན་རང་ཤུགས་ཀྱིས་ཤར་ནས། བྱ་བས་བསྒྲུབས་ཏེ་བྱ་ཞིང་བྱེད་པའི་རྩོལ་བས་སྐྱེད་པ་མེད་པར་ཡེ་ནས་གནས་པའི་གཞི་གནས་ཡེ་ཤེས་ལྔའི་རང་བཞིན་ནང་གསལ་འབྱུང་ཆེན་དྭངས་མ་ལྔའི་འོད་ཀྱི་མདངས་གློ་བུར་གྱི་དྲི་མའི་སྒྲིབ་གཡོགས་དང་བྲལ་ནས་ཕྱིར་སྣང་སྐུ་དང་ཞིང་ཁམས་ཀྱི་རྣམ་པར་སྣང་བ་ན་དེ་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་རླུང་གི་རང་གདངས། གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་ངོ་བོ་རྗོད་བྱེད་ཚིག་གི་རྣམ་པར་ཤར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གདམས་པའི་རྣམ་གྲངས་གཞན་ཡང་མང་དུ་ཡོད་པ་སྐབས་སུ་བབས་པ་འདི་ཡང་སྟོན་ཡུལ་གྱི་གང་ཟག་ནི་ཕྱིས་འབྱུང་དུ་ཡང་མཐའ་ཡས་པ་འབྱུང་བས་ན་མིང་འདི་དང་འདི་གྲངས་འདི་ཙམ་མོ་ཞེས་སོགས་ངོ་བོ་དང་གྲངས་ངོས་བཟུང་དང་བྲལ་བ་ཡིན། དེ་ཡང་སྐྱེ་བ་དུ་མའི་སྔོན་རོལ་ནས་ཚོགས་རྒྱ་ཆེན་པོ་བསགས་ཤིང་ལེགས་སྨོན་གྱི་མཐུ་གྲུབ་པ་རྣམ་པར་དཀར་བའི་ལས་ཀྱི་འཕྲོ་བཟང་པོ་དང་བཅས་པའི་རྒྱུ་རྐྱེན་ཚོགས་ཤིང་དུས་ལ་བབས་པར་འཛོམ་པའི་ཆེད་དུ་བྱ་བའི་གདུལ་བྱ་སྐལ་བ་དང་ལྡན་པ་གང་དང་གང་ཡིན་པ་དེ་དང་དེའི་ཟ་ཐང་སྟེ་ལོངས་སྤྱོད་ལྟ་བུའི་ཚུལ་དུ་ཉམས་སུ་བླང་བྱར་རང་བྱུང་བའོ། །སྒྱུ་འཕྲུལ་གསང་བའི་སྙིང་པོའི་འཆད་ཚུལ་དག་ལས་སྟོན་པ་རང་དང་དུས་མཉམ་པ་ལྷན་ཅིག་པའི་འཁོར་དང་། ཕྱི་ནས་བསྟན་ཡུལ་གོ་ཕྱེ་བའི་འཁོར་གཉིས་ཀྱི་རྣམ་དབྱེ་མཛད་པ་ལྟར། འདིར་ཡང་ཐོག་མའི་འཁོར་གཉིས་དང་པོ་དང་ཕྱིས་འབྱུང་འདི་དག་ཕྱི་མར་བསྟན་པ་ཡིན་ནོ། །ཟབ་གཏེར་རྡོ་རྗེའི་གསུང་ཐོད་རྒལ་གྱི་ཁྲིད་ཡིག་ལས། འོད་གསལ་བདེ་བ་ཆེན་པོའི་དབྱིངས་ཀློང་དེ་ཉིད་དུ༔ གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་དང་ཞལ་མི་གཉིས་པ་གྲུབ་བརྒྱའི་དབང་ཕྱུག་ས་ར་ཧ་པ་ཆེན་པོ་ཞལ་གྱི་དཀྱིལ་འཁོར་ངོམས་ནས༔ ཞེས་གསུངས་པ་ལྟར། སྐབས་འདིར་གཞི་ཡི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོའི་ངོ་བོ་རང་གི་སྟོན་པར་ཤར་བ་དང་སྔོན་གྱི་དུས་སུ་གྲུབ་པའི་དབང་ཕྱུག་གི་རྣམ་པར་བསྟན་པའི་གཞི་སྣང་གི་སྟོན་པ་དེ་གཉིས་ཀྱང་རང་ཅག་གི་གཟུང་འཛིན་གྱི་རྟོག་པས་ཐ་དད་དུ་བཅོས་པ་ཙམ་ལས་དོན་ལ་དབྱེར་མེད་པ་ཡིན་ལ། དུས་འདིར་ཡང་འོད་གསལ་བདེ་བ་ཆེན་པོའི་དབྱིངས་ཀློང་དུ་ངོ་བོ་གཅིག་པར་གྱུར་ཅིང་། དེར་མ་ཟད། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག། ཅེས་པ་ལྟར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་དང་ཡང་ངོ་བོ་གཅིག་པར་སོང་བས་ན། རྒྱུད་བརྟག་པ་གཉིས་པ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་གསུངས་པ་ལྟར་སྟོན་པ་དེའི་རྣམ་འཕྲུལ་འཁོར་དང་ཆོས་ཀྱི་རྣམ་པར་འཕྲུལ་པ་སྔོན་བྱུང་གི་དུས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་བ་ཆེན་པོའི་རྒྱུད་སྡེ་རྣམས་ཇི་ལྟར་གསུངས་པ་དང་ཚུལ་མཐུན་པས་ན། གཞན་སོ་སྐྱེ་རང་ག་བ་ཞིག་གིས་རྒྱུད་རྣམས་ལ་ཁུངས་བཅོལ་རློམས་ཀྱི་བསྟན་བཅོས་ཕལ་མོ་ཆེ་དང་ཆེས་མཚུངས་པ་མ་ཡིན་ཅིང་གནམ་ས་ལྟར་ཁྱད་པར་ཆེ་སྟེ། འདི་ནི་སྣང་ཚོད་ལ་བསྟན་བཅོས་ཡིན་ཀྱང་གནས་ཚོད་ལ་རྒྱལ་བའི་བཀའ་ཡིན་བྱས་ཀྱང་ཆོག་པ་ཡིན་ནོ། །སྟོན་པ་ས་ར་ཧ་པར་སྣང་བ་ནི། གཏེར་སྟོན་ཆེན་པོ་ཉིད་བདག་ཅག་གི་སྟོན་པའི་འཁོར་མཆོག་ཟུང་གཉིས་ཀྱི་ནང་ནས་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུའི་རྣམ་འཕྲུལ་ཡིན་པར་རང་ཉིད་ཀྱིས་ཞལ་གྱིས་བཞེས་ལ། དེ་ནི་རྒྱུད་འགའ་ཞིག་ལས་བྱང་སེམས་སྒྲིབ་པ་རྣམ་པར་སེལ་བ་ཡིན་པར་གསུངས་པ་སོགས་ལྟར་སྤྲུལ་པའི་ཉན་ཐོས་ཡིན་གྱི་ཐེག་དམན་གྱི་གང་ཟག་རང་ག་བ་མ་ཡིན་ལ། དེས་གདུལ་བྱའི་སྣང་ངོར་དཔལ་ས་ར་ཧའི་ལས་ཀྱི་ཕྱག་རྒྱར་ཚོང་དཔོན་གྱི་བུ་མོའི་རྣམ་པར་བསྟན་དུས་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་ཡིན་ཏེ། ཐོད་རྒལ་གྱི་ཁྲིད་ཡིག་ལས། ཀྱཻ༔ ཤེས་རབ་ཕུལ་ཕྱིན་འཕགས་པ་ཤཱ་རིའི་བུ༔ ཚོང་དཔོན་བུ་མོའི་རྣམ་པར་བཞེངས་ནས་སུ༔ ང་ཡི་ས་ལམ་བརྒལ་བའི་ཤིང་རྟ་འདྲེན༔ བདེ་སྟོང་སྙོམས་འཇུག་རོ་ལ་རོལ་པའི་ཚེ༔ བྱང་ཆུབ་སེམས་ཀྱི་ཐུགས་བསྐྱེད་གདིང་ལྡན་པས༔ མ་འོངས་ལྔ་བརྒྱའི་དུས་ཀྱི་སྙིགས་མའི་ཚེ༔ བདག་ནི་སྦས་པའི་རྣལ་འབྱོར་དམ་པར་གྱུར༔ དཔའ་བོ་ཆེན་པོ་ཁྱེད་ཀྱིས་རྗེས་བཟུང་ནས༔ སྐལ་བཟང་གདུལ་བྱ་འདུལ་བའི་སྟོབས་ལྡན་ཅིང་༔ ཐབས་ཤེས་གཉིས་མེད་གདམས་པའི་ཤིང་རྟ་ཡིས༔ འབྲེལ་ཚད་ཆོས་སྐུའི་ས་ལ་བརྒལ་གྱུར་ཅིག༔ པདྨ་ལས་སྐྱེས་སངས་རྒྱས་གར་དབང་པོའི༔ ཕྲིན་ལས་དཔལ་གྱུར་འཁོར་བ་དོང་སྤྲུགས་ཤོག༔ ཅེས་པའི་ཐུགས་བསྐྱེད་སྨོན་ལམ་རྣམ་དག་པའི༔ རྟེན་འབྲེལ་དུས་ལ་བབས་པ་དེང་གི་དུས༔ ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། སླར་ཡང་ཚིགས་སུ་བཅད་དེ་གདམས་པ། ཡུལ་དང་ཡུལ་ཅན་ལག་སྦྲེལ་ཕྲེང་པའི་མུ༔ དཔེ་རྟགས་གཤིས་ལུགས་ཐབས་ཤེས་སྙོམས་ཞུགས་པའི༔ བདེ་སྟོང་ཀློང་རྒྱས་འདེབས་མའི་ལྟོ་བར་སྦྲུམ༔ མཐའ་སྡུད་ཀུན་ཆུབ་བུམ་པའི་རྒྱལ་པོར་ཟུངས༔ སྟོང་ཆེན་ནམ་མཁའ་སྟོང་པའི་དཔེར་ཆེ་བས༔ འདམ་བུའི་ཁུང་བུ་སྟོང་པའི་ཧར་མི་སངས༔ ཞེས་པའི་དོན་ནི། ཡུལ་ཡུལ་ཅན་ལག་པ་གཉིས་སྦྲེལ་བ་ལྟར་གོང་དུ་འཕྱང་པ་ཞེས་པ་དོན་གཅིག་ཏུ་གོ་དགོས་ལ། དེ་ནི་ཐོག་མ་མེད་པ་ནས་ད་ལྟའི་བར་རྒྱུན་མི་ཆད་པས་ཕྲེང་བ་ཞེས་བྱ་ལ། ཕྱིས་ཀྱང་ཇི་སྲིད་གཉེན་པོའི་ཡེ་ཤེས་མ་སྐྱེས་ཀྱི་བར་དེའི་མུའམ་འཕྲོ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ། །དེ་ལ་སོགས་པའི་འཁོར་འདས་ཀྱི་རྣམ་པ་མ་ལུས་པ་ནི་སེམས་ཉིད་འོད་གསལ་བའི་བདག་ཉིད་བདེ་བར་གཤེགས་པའི་སྙིང་པོའི་རྩལ་ལས་བྱུང་བ་ཡིན་ཏེ། དཔལ་ས་ར་ཧ་པ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག། དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགགས་པ་མེད། །ཅེས་གསུངས་པ་ལྟར། གཞི་དབྱིངས་དོན་དམ་པའི་བདེན་པ་དེ་ནི་ནམ་མཁའ་ལྟ་བུར་ཤེས་པར་བྱ་ལ། རྟགས་ནི་སེམས་ཉིད་འགགས་མེད་ཀྱི་རྩལ་ལས་བྱུང་བའི་སྣང་ཆ་འདི་དག་གིས་མཚོན། དོན་ནི་ཆོས་ཉིད་སྐྱེ་བ་མེད་པའི་གཤིས་ལུགས་སུ་གནས་པ་ཡིན། དེ་ལས་དཔེ་དོན་ནི་གོ་སླ་ལ། རྟགས་དཔེ་མཚོན་ཚུལ། གཞི་སྣང་རྩལ་གྱི་སྣང་ཆ་འདི་དག་ཡོད་པས་ནི་འདི་དག་གི་སྣང་གཞི་མཐར་ཐུག་གཞི་དབྱིངས་གཤིས་ཀྱི་གནས་ལུགས་ཤིག་ཡོད་པར་གྲུབ་སྟེ། དེ་མེད་ན་དེ་དག་གང་ལས་སྣང་བའི་གཞི་མེད་པའི་ཕྱིར། དེ་ཕྱིར་གང་ལས་སྣང་བའི་གཞི་དེ་མེད་ན་དེ་ལ་བརྟེན་ནས་བྱུང་བའི་སྣང་བ་མེད་པས། གང་འབྱུང་བའི་སྣང་ཆ་འགག་མེད་དུ་ཡོད་པས་དེ་གང་ལས་བྱུང་བའི་སྣང་གཞི་ཡོད་པར་གྲུབ་པ་ནི་ཚད་མའི་གཞུང་ལས་མེ་རྒྱུ་དང་དུ་བ་འབྲས་བུ་ཡིན་ལ་རྒྱུ་མེད་དུ་འབྲས་བུ་ཞིག་འབྱུང་མི་སྲིད་པའི་ཕྱིར། མེ་མེད་ན་དུ་བ་མི་འབྱུང་བས། དུ་བའི་རྟགས་ཀྱིས་མེ་ཡོད་པར་སྒྲུབ་པ་དང་རིག་པའི་འགྲོས་མཐུན་ལ། གཞན་ཡང་གཞི་དབྱིངས་བདེན་པའི་སྤྲོས་པ་ཀུན་དང་བྲལ་བའི་རང་བཞིན་ཅན་ཞིག་ཡིན་ན་རྩལ་གྱི་སྣང་བ་དག་སྣང་དུ་རུང་ལ་མིན་ན་མི་རུང་བ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཅེས་གསུངས་པ་དང་གོ་དོན་གནད་གཅིག་ཏུ་འབབ་པ་ཡིན་ནོ། །དོན་དེ་ལ་དགོངས་ནས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས་ཀྱང་། བྱང་ཆུབ་སེམས་ཀྱི་མཚོན་དཔེ་ནམ་མཁའ་འདྲ། །ཞེས་དང་། དོན་ནི་རང་རིག་མཁའ་མཉམ་བྱང་ཆུབ་སེམས། །ཞེས་དང་། རྟགས་ནི་རྩལ་ལས་ཅིར་ཡང་འཆར་བ་སྟེ། །ཞེས་གསུངས་པ་དང་། དེ་དག་གི་དོན་བསྡུས་ཏེ། རང་བྱུང་ཡེ་ཤེས་ཆོས་ཉིད་ཕྱོགས་ཡན་ལ། །དཔེ་དོན་རྟགས་ཀྱི་ངེས་པས་མཚོན་ཏེ་བསྟན། །ཞེས་གསུངས་པ་ཡིན་ནོ། །རྟགས་ཀྱིས་མཚོན་ཚུལ་དེ་ལྟར་བཤད་པ་ནི། །གཞི་ལས་གཞི་སྣང་འཆར་ཚུལ་ལ་ངེས་པ་བསྐྱེད་པ་དང་། སྐབས་དོན་དང་འབྲེལ་ཞིང་གོ་ཡང་སླ་བའི་དབང་དུ་བྱས་ཀྱི། ཆོས་དབྱིངས་མཛོད་རྩ་འགྲེལ་གྱི་དགོངས་པ་ལྟར་ན་རྒྱ་མཚོ་དྭངས་པར་ནམ་མཁའི་གཟའ་སྐར་གྱི་གཟུགས་བརྙན་ཤར་བ་མཚོ་དེར་ཤར་ཙམ་ལས་ངོ་བོ་ངོས་བཟུང་མེད་པར་ངེས་པ་ན་འཆར་གཞིའི་རྒྱ་མཚོ་ཡང་དྭངས་གསལ་དུ་གོ་བ་ལྟར། རིག་དབྱིངས་ལས་ཤར་བའི་སེམས་དེ་སྣང་ཙམ་ལས་སྟོང་པའི་རང་བཞིན་ལས་མ་འདས་པར་རྟོགས་པ་ན། དེའི་གནས་ལུགས་མཐར་གཏུག་ན་འཆར་གཞིར་བཏགས་པའི་རིག་དབྱིངས་དེའི་རང་བཞིན་དང་དབྱེར་མེད་པས་ན། དེ་ཡང་སྟོང་པ་ནམ་མཁའ་ལྟ་བུར་མཚོན་ཞིང་གོ་བར་བྱེད་པའི་དོན་དུ་གསུངས་ཏེ། འདི་ནི་རྫོགས་པ་ཆེན་པོའི་ལུགས་ཀྱི་སེམས་རིག་གི་གོ་དོན་གཏིང་ཕྱིན་པ་ཞིག་མ་གོ་ན་ཚུལ་གོ་དཀའ་བར་སྣང་ངོ་། །དེ་ལྟར་དཔེ་རྟགས་དོན་གསུམ་གྱི་སྒོ་ནས་ངེས་པར་བྱ་དགོས་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་གྱི་གཞི་དབྱིངས་དེ་ཡང་འགྱུར་མེད་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་ཞིག་ཡིན་པར་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལས་གསུངས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཡེ་ཤེས་ཟག་མེད་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཅེས་དང་། བརྟག་གཉིས་ལས། རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་ཀུན་ཏུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། གཟོད་མ་ནས་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ཡིན་པའི་སངས་རྒྱས་སོ། །ཞེས་གསུངས་པ་ལྟར་ཏེ། དེ་ལ་སངས་རྒྱས་ཞེས་གསུངས་པ་ནི། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་དང་། འབྲས་བུ་མངོན་གྱུར་གྱི་སངས་རྒྱས་གཉིས་ལས་སྔ་མ་ཡིན་པར་ཀུན་མཁྱེན་ཀློང་ཆེན་པས་བཞེད་དོ། །དེ་ལྟར་ཐབས་ཤེས་སྙོམས་པར་ཞུགས་པའམ་བདེ་སྟོང་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་གཞི་དེ་མངོན་དུ་གྱུར་པ་ན་དེའི་ཀློང་དུ་བཤད་པའི་གཟུང་འཛིན་གྱི་སྣང་བ་མ་ལུས་པ་ཆུབ་ཅིང་མི་མངོན་པར་རྒྱས་ཐེབས་པ་ལྟ་བུར་འགྱུར་བས་ཀློང་རྒྱས་འདེབས་མ་ཞེས་གསུངས་ཏེ། འཁོར་འདས་མ་ལུས་འབྱུང་བའི་གནས་སུ་གྱུར་པས་ན་མ་ཞེས་བརྗོད་ལ། དེ་ལྟར་བཏགས་པ་མདོ་རྒྱུད་ཀྱི་ཁུངས་དང་ཡང་འབྲེལ་ཏེ། ཡུམ་གྱི་མདོ་སྡེ་དག་ལས་སྟོང་པ་ཉིད་ལ་ཡུམ་གྱི་སྒྲས་བརྗོད་པའི་དགོངས་གཞི་མཐར་ཐུག་དེ་ཡིན་པ་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སྙིང་པོའི་དོན་རྟོགས་པ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བས་ན་དེ་ལ་ཡུམ་གྱི་སྒྲས་བསྟན་པར་གསུངས་པ་དང་། གསང་སྔགས་བླ་མེད་ཀྱི་གཞུང་ལས་གཞིའི་འོད་གསལ་ལ་ཡང་མའི་འོད་གསལ་ཞེས་གྲགས་པ་ལྟར་ཡིན་པའི་ཕྱིར་རོ། །དཔལ་གསང་བདག་སྒྲོ་ཕུག་པ་ཆེན་པོའི་རྣལ་འཕྲུལ་ལྕང་སྐྱ་རོལ་པའི་རྡོ་རྗེས་ཀྱང་། གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག། སྐྱེ་ཤི་འཕོ་འགྱུར་འདི་ཨ་མའི་རྫུན་ཚིག། ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མ། །ཅིར་ཡང་བརྫུ་བ་ཡི་ཕར་བརྟེན་ཚུལ་བརྟེན། །འདི་ག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ། ཞེས་གསུངས་པའི་གནད་དོན་ཡང་འདི་དག་དང་མཐུན་པ་ཡིན་ནོ། །དེ་ལྟར་མ་དག་པའི་སྣང་བ་མི་མངོན་པ་ལ་སྦྲུམ་པའི་ཐ་སྙད་སྦྱར་བ་ནི། དཔེར་ན་མའི་ལྟོ་བར་བུ་སྦྲུམ་པ་ན་དེ་མི་མངོན་པ་དང་ཆོས་མཚུངས་ཕྱོགས་རེའི་སྒོ་ནས་ཡིན་ལ། རང་གི་རྩལ་གྱི་དག་པའི་སྣང་བའི་ཆ་གང་ཡིན་པའི་མཐའ་སྟེ་ཟད་པའམ་མ་ལུས་པར་སྡུད་པ་ཞེས་ཡོངས་སུ་རྫོགས་པར་འོད་གསལ་དེའི་དབྱིངས་སུ་ཀུན་ནས་ཆུབ་པའམ་རབ་ཏུ་ཆུད་པས་ན་གནས་ཀྱི་སྒྲས་བསྟན་པ་གོང་སྨོས་ལྟར་རོ། །དེ་རུ་སྣང་ཆའི་བྱེ་བྲག་སྟོན་འཁོར་ཆོས་ཀྱི་རྣམ་པར་སྣང་བ་ནི། དཔལ་གསང་བའི་སྙིང་པོ་ལས། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ནི། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་དང་། བླ་མ་ལས། སྟོང་ཞིང་དབེན་པའི་སེམས་ཉིད་ནི། །རིགས་དང་ཁ་དོག་དབྱིབས་མེད་དེ། །ཅིར་ཡང་མེད་ལས་ཅིར་ཡང་སྣང་། །མ་སྐྱེ་སྒྱུ་འཕྲུལ་སྣ་ཚོགས་སྣང་། །རྒྱལ་བའི་དཀྱིལ་འཁོར་སྣ་ཚོགས་ཀྱང་། །སེམས་ཀྱི་རྫུ་འཕྲུལ་ཆེན་པོ་ཡིན། །ཞེས་པའི་ཚུལ་དུ་གདམས་པ་འདི་འབྱུང་བ་ཡིན་ལ། གོང་གི་ཚིག་ལྷུག་གི་སྐབས་སུ། བདེ་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ཞེས་པ་དང་། འདིར་བདེ་སྟོང་ཀློང་རྒྱས་འདེབས་མ་ཞེས་པ་དོན་གཅིག་ཏུ་གོ་དགོས་ཏེ། བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་སྟོང་པའི་དབྱིངས་ཀྱི་རང་བཞིན་ཡིན་པས་ཀུན་ཏུ་བཟང་མོ་དང་། དེའི་བྷ་ག་ཞེས་པ་སྟོང་དབྱིངས་དེ་བདེ་བའི་བདག་ཉིད་ཅན་ཡིན་པའང་གོ་ནུས་མོད། བྷ་གའི་སྒྲ་བཅོམ་པ་ལ་འཇུག་པའི་དབང་དུ་བྱས་ན། རྟོག་ཚོགས་ཡུལ་དང་བཅས་པ་རྒྱས་འདེབས་པའི་ཚུལ་དུ་ཡལ་བ་དང་བཅོམ་པ་དོན་གཅིག་ཏུ་འཆད་དགོས་པའི་ཕྱིར་རོ། །དེའང་འགྲེལ་ཆུང་ལས། གནས་མཆོག་མཚན་ཉིད་བརྗོད་པ་ནི། །གཞལ་ཡས་ཕྱི་ནང་ཆོས་དབྱིངས་ནང་། །བྷ་ག་ཉིད་དུ་བསྡུས་པས་ན། །ཀུན་ཏུ་བཟང་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་ཏེ། གནས་མཆོག་ཅེས་པས། གནས་ལྟ་བུ་ཡིན་པའི་གོ་དོན་ཡང་བསྟན་པ་ཡིན་ལ། རྫོགས་པ་ཆེན་པོའི་རྒྱུད་སེང་གེ་རྩལ་རྫོགས་ལས་ཀྱང་། །ཀུན་ཏུ་བཟང་མོའི་བྷ་ག་ཀློང་ཡངས་སུ། སྣང་སྲིད་འཁོར་འདས་འབྱུང་བ་རྣམ་ལྔ་ཆུབ། །ཅེས་གསུངས་ཏེ་འབྱུང་བ་རྣམ་ལྔ་ཞེས་པ་མ་དག་པའི་སྐབས་སུ་སྙིགས་མར་གྱུར་པའི་ཕྱི་འབྱུང་ལ་ངོས་བཟུང་དགོས་ཀྱང་། དག་པའི་སྐབས་སུ་དྭངས་མའི་འོད་གདངས་ཕྱིར་སྣང་གོང་སྨོས་ལྟར་ཡིན་པས་སྐས་འདིའི་སྒྲུབ་བྱེད་དུ་ཤིན་ཏུ་བྲེལ་ཆགས་པ་ཡིན་ནོ། །དེ་ལྟར་དག་པའི་སྣང་བ་ཀུན་ཆུབ་པས་ན་དཔེ་བུམ་པའི་རྒྱལ་པོ་ལྟ་བུར་ཟུངས་ཤིག་ཅེས་པའོ། །ཡང་ན་དོན་གྱི་གོ་བའི་དབང་དུ་བྱས་ན། གཞི་དབྱིངས་དེར་གཞི་གནས་སྐུ་དང་ཡེ་ཤེས་ཀྱི་ཆ་མ་ལུས་པ་ཕྱིར་གསལ་དུ་མི་མངོན་པར་ལྷུན་གྱིས་གྲུབ་པ་དཔེར་ན་བུམ་ནང་དུ་མར་མེ་བཞག་པ་ལྟ་བུ་ཡིན་པས་ན་བུམ་པའི་རྒྱལ་པོ་སྟེ། རིན་པོ་ཆེའི་བཅུད་ཀྱིས་གཏམས་པའི་བུམ་པ་བཟང་པོ་ལྟ་བུར་ཟུངས་ཤིག་སྟེ་གོ་བར་གྱིས་ཤིག། ཅེས་པ་སྟེ་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་པ། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་གསུངས་པ་དང་མཐུན་ལ། རྫོགས་པ་ཆེན་པོའི་རྒྱུད་ལས། གཞོན་ནུ་བུམ་པའི་སྐུ་ཞེས་གསུངས་པའི་གོ་དོན་ཡང་བསྟན་པ་ཡིན་ནོ། དེ་ཡང་བུམ་པའི་སྐུ་ཞེས་པ་དང་བདེ་གཤེགས་སྙིང་པོ་ཞེས་པ་གཉིས་མིང་གི་བརྗོད་ཚུལ་ཙམ་ལས་དོན་གཅིག་གོ། ཁྱད་པར་དུ་དཔེས་མཚོན་ཚུལ་བསྟན་པ་ལ། ཀུན་ལ་ཁྱབ་པ་སྟོང་ཆེན་ནམ་མཁའ་ཡངས་པ་དེ་ནི་གཞི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་མཉམ་པ་ཆེན་པོ་དེ་ཡི་དཔེར་ཆེ་ཞིང་བསྔགས་པར་འོས་པ་ཡིན་ཏེ། གོང་གི་ཀུན་བྱེད་ཀྱི་ལུང་དེའི་འཕྲོ་ལས། ནམ་མཁའ་ལྟ་བུའི་རང་བཞིན་དུ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །ཞེས་པ་དང་ཡུམ་གྱི་མདོ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། །ཞེས་གསུངས་པ་ལྟར་རོ། །དེ་ལས་གཞན་དུ་གང་ཟག་གམ་ཀྭ་བུམ་སོགས་ཆོས་ཅན་ཕྱོགས་རེ་བ་རེའི་སྟེང་དུ་དགག་བྱ་བདེན་གྲུབ་བཅད་ཙམ་རེ་སོ་སོར་གཏན་ལ་འབེབས་པ་ནི་འདི་ལ་ལྟོས་ཏེ་ཉི་ཚེ་བའི་སྟོང་ཉིད་ཡིན་པས་ན། དཔེར་ན་རྩྭ་འདམ་བུའི་ཁུང་བུ་སྟོང་པའི་ཧར་རེ་བར་གྱི་སྟོང་སངས་ཆེན་པོ་མི་འབྱུང་བ་བཞིན་དུ་ཤིན་ཏུ་རྒྱ་ཆུང་བ་ཡིན་ནོ། །ཡང་ན་རྐང་པ་ཕྱི་མ་གསུམ་གྱི་དོན། བཤད་མ་ཐག་པ་དེ་དག་གི་མཐའ་སྡུད་པའམ་མཇུག་བསྡུ་ན་གཞི་སྣང་ཀུན་ཆུབ་པའི་བུམ་པའི་རྒྱལ་པོ་དང་དཔེ་ནམ་མཁའ་ལྟ་བུར་ཟུངས་ཤིག་ཅེས་པའི་རྒྱུ་འགྲེལ་ལོ། །དེ་ལྟར་ན་གདམས་ངག་འདི་ནི་ཇི་སྐད་དུ་རྒྱུད་ལས། དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་ལྟ་བུའི་བརྒྱུད་གསུམ་གཅིག་འདུས་ཀྱི་གདམས་པ་ཡིན་ཏེ། རྒྱལ་བ་ཀུན་དགོངས་ཀློང་རོ་གཅིག་ཏུ་གྱུར་པ་ལས་བྱུང་བས་ན་རྒྱལ་བ་དགོངས་བརྒྱུད། བརྡ་རྟགས་སྟོན་འཁོར་གྱི་རྣམ་པར་སྣང་བ་ལས་རིག་འཛིན་བརྡ་བརྒྱུད། བརྗོད་པ་སྒྲ་ཚིག་གི་རྣམ་པར་སྙན་དུ་བརྒྱུད་པས་ན་གང་ཟག་སྙན་བརྒྱུད་ཀྱང་ཡིན་པའི་ཕྱིར་རོ། །འཆད་ཚུལ་དེ་དག་ནི་དངོས་བསྟན་གྱི་འབྲེལ་ལྟར་གཙོ་བོར་གླེང་གཞིའི་དོན་བསྡུ་བར་བཀྲལ་བ་ཡིན་གྱི། གཞན་དུ་ན་གཞི་དང་སྦྱར་ན་རྨི་ལམ་གྱི་སྣང་བ་ཉིད་གཉིད་ཀྱི་ཤེས་པའི་ཀློང་དུ་ཆུབ་པ་ལྟར་གཞི་དབྱིངས་དེའི་ཀློང་དུ་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་ཏུ་ཆུབ་ཅིང་ཁྱབ་པའི་ཚུལ་དུ་གནས་པ་དང་། ལམ་གྱི་སྐབས་སུ་བསྒོམ་སྟོབས་ཀྱིས་དེའི་ཡིན་ལུགས་ཀྱི་ངོ་བོ་མངོན་དུ་གྱུར་པ་ན་གཟུང་འཛིན་གྱི་རྟོག་པ་ནུབ་ཅིང་དག་པའི་སྣང་བ་འཆར་བ་དང་། འབྲས་བུའི་སྐབས་སུ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བར་གྱུར་པ་ན། རང་སྣང་ཡེ་ཤེས་ཀྱི་རོལ་པ་དག་པའི་སྣང་བ་རབ་འབྱམས་སུ་སྣང་ཞིང་འཁྲུལ་སྣང་སླར་མི་སྐྱེ་བའི་ཚུལ་དུ་རྒྱས་ཐེབས་པ་སོགས་ཀྱི་དོན་དུ་བྱས་ཏེ། གཞི་ལམ་འབྲས་གསུམ་གྱི་སྐབས་གང་དང་ཡང་སྦྱར་ཆོག་པས་ན་དོན་ཆེན་པོ་དང་ལྡན་པའི་ཚིག་ཡིན་ནོ། །སྤྱིར་ན་གཅོད་ཀྱི་ཉམས་ལེན་སྙིང་པོ་ལྟ་བ་ཡིན་ལ། དེ་ལས་ཀྱང་སྐབས་བབ་གཅོད་ཀྱི་གདམས་ཁྲིད་འདི་རྫོགས་པ་ཆེན་པོའི་མན་ངག་གི་ཆ་ལག་ཡིན་པས་ན། དེ་ལུགས་ཀྱི་ལྟ་བ་ལ་གཞི་དང་གཞི་སྣང་གི་འཆར་ཚུལ་ཇི་ལྟ་བ་བཞིན་རྟོགས་དགོས་པས་འདིར་དེའི་ཚུལ་བསྟན་པ་གཞུང་གི་མདོར་བསྟན་དང་སྦྱར་ཏེ་འགྲེལ་ནའང་ཆོག་པ་ཡིན་ནོ། །འདིའི་གོ་དོན་ལེགས་པར་ཤེས་ན་ཟབ་གཏེར་འདིའི་གདམས་སྐོར་གཞན་དག་གི་གླེང་གཞིའི་དོན་ཡང་འདི་དང་ཕྱོགས་མཐུན་དུ་བྱུང་བས་ན་བདེ་བླག་ཏུ་རྟོགས་པར་འགྱུར་རམ་སྙམ་ནས་ཅུང་ཟད་གསལ་བར་བཤད་པ་ཡིན་གྱི། རྒྱས་སྤྲོས་སུ་བཀྲོལ་ན་ཨེ་ཝཾ་དང་སྒྱུ་འཕྲུལ་སོགས་ཀྱི་དོན་དཔལ་གསང་བ་འདུས་པ་དང་གསང་བའི་སྙིང་པོ་སོགས་གསང་བ་ཆེན་པོའི་རྒྱུད་རྣམས་ཀྱི་གླེང་གཞི་དང་སྦྱར་ཏེ་བཤད་ན་རྒྱ་ཆེ་ཞིང་ངོ་མཚར་བར་འགྱུར་བ་ཡོད་མོད། འདིར་ནི་སྔོན་འགྲོའི་ཁྲིད་ནས་བཟུང་འཆད་དགོས་པས་གཙོ་བོར་ལས་དང་པོ་པ་དག་རྗེས་སུ་བཟུང་བར་འདོད་པས་དེ་དག་གི་བློ་དང་མི་འཚམས་པ་དང་ཡི་གེ་ཡང་མང་བར་དོགས་ནས་དེ་ཙམ་ལས་མ་སྤྲོས་སོ། །བདག་དང་ཡུལ་དུ་སྣང་བའི་སྤྲོས་མཚན་ཀུན། །བདེ་སྟོང་དབྱེར་མེད་གཞི་དབྱིངས་ཀུན་བཟང་མོའི། །བྷ་གར་རྒྱས་ཐེབས་ཨེ་ཝཾ་ཟུང་འཇུག་གི། །སྒྱུ་འཕྲུལ་གཞི་སྣང་དག་པའི་འཁོར་ལོ་ངོམས། །རང་སྣང་ཆོས་སྐུའི་རང་བཞིན་མཁའ་དབྱིངས་དངོས། །གཞན་སྣང་གཟུགས་སྐུའི་སྟོན་པ་འཇའ་ཚོན་གཟུགས། །རོ་གཅིག་ཕུན་ཚོགས་འོད་ལྔའི་མདངས་བཀྲ་བ། །འོད་གསལ་ཞི་སྣང་མཛེས་བྱེད་རྒྱན་དུ་ཆེ། །ཆོས་ཉིད་ཡེ་མཁྱེན་ཡེ་རིག་ནམ་མཁའི་ངང་། །ཤེས་རབ་ཡེ་ཤེས་གཏེར་ཆེན་ཀློང་ནས་རྡོལ། །གསང་མཛོད་གསང་ཆེན་གསང་བའི་མན་ངག་དང་། །རང་བྱུང་རང་ཤར་རང་གཞན་དགའ་སྟོན་ཡིན། །ཅེས་པ་འདིའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དེའི་ཆེ་བ་བརྗོད་པ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ། །སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །འགྲོ་དོན་མངོན་ཞུགས་དེས་པའི་ཤེས་རབ་ཕ་རོལ་ཕྱིན། །གང་ལ་དཔའ་རྣམས་སྤྱོད་པ་དེ་ནི་མཉན་པར་གྱིས། །ཞེས་གསུངས་པ་ལྟར། དགའ་བ་སྟེ་དང་བའི་དད་པ་དང་། གུས་དང་ཞེས་མངོན་འདོད་ཀྱི་དད་པ་དང་། དད་པའི་མཆོག་སྟེ་ཡིད་ཆེས་ཀྱི་དད་པ་ཉེ་བར་བཞག་སྟེ། སྒྲིབ་པ་ཉོན་མོངས་པ་བག་ཆགས་དང་བཅས་པ་བསལ་ནས་དྲི་མ་ལས་འདས་པ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཉིད། རང་དོན་གཅིག་པུ་ཙམ་མ་ཡིན་པར་འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྒྲུབ་པའི་ཚུལ་ལ་མངོན་པར་ཞུགས་པར་བྱེད་པ། དེའི་རྒྱུ་བྱམས་སྙིང་རྗེ་དང་བདག་མེད་རྟོགས་པའི་ཤེས་རབ་དག་ལ་བསླབ་པས་བདག་རྒྱུད་ཞི་ཞིང་དེས་པར་བྱེད་པའི་ཆོས་ཚུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་གང་ཡིན་པ་འདི་ལ་སེམས་སྙིང་སྟོབས་དང་ལྡན་པར་དཔའ་བར་སྤྱོད་ནུས་པའི་སྐལ་བ་དང་ལྡན་པའི་སྐྱེས་བུ་དེ་ནི་མཉན་པ་དང་། དེས་མཚོན་ཉམས་སུ་ལེན་པ་ལ་བརྩོན་པར་བྱ་དགོས་ཏེ། ཅིའི་ཕྱིར་ཞེ་ན། ཆོས་ཚུལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོའི་ཞལ་ནས། བཀའ་ལུང་ཕ་རོལ་ཕྱིན་མ་ཡིན། །བརྒྱུད་པ་ཤཱཀྱ་ཐུབ་པ་ཡིན། །གྲོགས་པོ་ཀུན་ཏུ་བཟང་པོ་ཡིན། །དམ་ཆོས་ཡུམ་གྱི་སྙིང་པོ་ཡིན། །ཞེས་གསུངས་པ་བཞིན་དུ་རྗོད་བྱེད་གདམས་ངག་གི་དབང་དུ་བྱས་ན་རྣམ་པར་དག་པའི་ཁུངས་དང་འབྲེལ་ཞིང་བརྒྱུད་པ་ཁྱད་པར་ཅན་དང་ལྡན་པ་ཡིན་པའི་ཕྱིར་ཏེ། འདིའི་ཕུག་གཏུག་སའི་བཀའ་ལུང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཡིན་པ་དང་། བརྒྱུད་པ་ཡང་རྒྱལ་བ་ཤཱཀྱ་ཐུབ་པ་ལས་བྱུང་བ་ཡིན་པར་གོང་སྨོས་བཞིན་གྱི་ཕྱིར། བརྗོད་བྱ་ཉམས་ལེན་རང་གི་ངོ་བོའི་དབང་དུ་བྱས་ནའང་རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་ཐར་གྱི་རྗེས་སུ་ཞུགས་ཏེ། སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པའི་ཚུལ་ལ་བསླབ་ཅིང་དེ་དང་ཡུམ་དོན་སྟོང་ཉིད་རྟོགས་པའི་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་ལེན་པའི་ཚུལ་ཁྱད་པར་བ་ཡིན་པར་རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པ་ཡིན། དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ལས། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །ཞེས་གསུངས་པ་ལྟར་རྒྱལ་སྲས་སེམས་དཔའ་ཀུན་གྱི་ནང་ནས་དཔེར་ན་རྒྱལ་པོའི་བུ་ཐུ་བོ་སྟེ་ཆེ་ཤོས་ལྟ་བུ་མཆོག་ཏུ་གྱུར་པ་ནི་འཕགས་པ་ཀུན་ཏུ་བཟང་པོ་ཡིན་ལ། གཞན་དོན་རྫོགས་བྱང་དུ་བགྲོད་པའི་ཕྱིར་དེའི་སྤྱོད་ཚུལ་དང་མཐུན་པར་བསླབ་པ་ན། དཔེར་ན་འཇིག་རྟེན་ན་ལམ་དུ་ཞུགས་ཏེ་ཆས་ནས་མི་གཞན་ཞིག་དང་སྤྱོད་ལམ་མཐུན་པར་འགྲོ་ན་དེ་ལ་གྲོགས་ཞེས་ཟེར་བ་ལྟར་བྱང་ཆུབ་སེམས་དཔའ་དེ་ལ་གྲོགས་པོ་ཞེས་པའི་ཐ་སྙད་གདགས་སུ་རུང་བ་དགེ་འདུན་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས་ཡིན་གསུངས་པ་ལྟ་བུའོ། །བདག་མེད་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་ཤེས་རབ་ལ་ཉམས་ལེན་གཙོ་བོར་བྱེད་པས་ན། དམ་ཆོས་ཡུམ་གྱི་སྙིང་པོ་ཡིན། །ཅེས་པ་སྟེ། དཔེར་ན་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་དུ་གྲུབ་སྟེ། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་དང་། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཅེས་གསུངས་པ་བཞིན་ནོ། །དེས་ན་ཡུམ་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་ཉམས་ལེན་ཡིན་པས་ན་སྲིད་པའི་རྩ་བ་དྲུང་ནས་འབྱིན་པ་དང་། སྦས་དོན་རྒྱ་ཆེ་བའི་ཉམས་ལེན་དང་འབྲེལ་བར་སྐྱོང་བས་ན་རང་གཅིག་པུ་འཁོར་བ་ལས་གྲོལ་བའི་ལམ་ཙམ་གྱི་ཞི་བདེ་འགོགས་པས་ན་སྲིད་ཞིའི་མཐའ་གཉིས་འགོག་པར་བྱེད་པ་ཡིན་ཏེ། རྒྱུད་བླ་མ་ལས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །ཅེས་གསུངས་པ་ལྟར་རོ། །དེར་མ་ཟད་བསྒྲུབ་བྱ་དམ་པའི་ཆོས་ཀྱི་རིམ་པ་མ་ལུས་པ་དངོས་སམ་བརྒྱུད་ནས་གཅོད་ཀྱི་ཉམས་ལེན་དུ་འདུ་བ་ཡིན་པའི་ཕྱིར་ཏེ། གཅོད་འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་ཚུལ་ཁྱད་པར་བ་ཡིན་པ་གང་ཞིགརྒྱལ་བས་བསྟན་པའི་ཆོས་ཚུལ་མཐའ་དག་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་བྱེད་ཐེག་པ་ཆེན་པོའི་ལམ་ལ་གཞོལ་བའམ་དེར་སྦྱོར་བྱེད་ཡིན་པས་ན་མཐར་ཐུག་ཐེག་པའི་ཚུལ་གཅིག་ཏུ་འབབ་པར་གསུངས་པའི་ཕྱིར་ཏེ། བདེན་པ་པོ་ལེའུ་ལས། འཇམ་དཔལ་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་ཐ་དད་པ་རྣམ་པར་འགོད་པ་མེད་དོ། །ཞེས་གསུངས་པའི་ཕྱིར། དེའི་ཚུལ་གོ་སླ་བར་བཤད་ན། ངན་འགྲོའི་སྡུག་བསྔལ་སེམས་པར་གསུངས་པ་ལྟ་བུས་ཀྱང་ངན་འགྲོ་ལས་ཐར་ནས་མཐོ་རིས་ཐོབ་པར་བྱེད་པའི་ཐབས་ཙམ་འབའ་ཞིག་ཏུ་བསྟན་པ་མ་ཡིན་པར་དེའི་རྒྱུད་རིམ་གྱིས་སྦྱངས་ཏེ་གཟོད་ཐེག་ཆེན་གྱི་ལམ་དུ་འཇུག་ནས་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཐབས་བསྟན་པ་ཡིན་པས་ན་ལམ་དེར་འཇུག་བྱེད་ཡིན་པས་དེའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །དཔེར་ན་སྟེང་ཁང་དུ་ཕྱིན་པར་འདོད་པའི་ཐེམ་སྐས་ཚིག་དང་པོར་འཇུག་པ་ནས་ཀྱང་སྟེང་ཁང་དེར་བགྲོད་པའི་ཚུལ་ལ་ཞུགས་པ་ཡིན་པ་བཞིན་ནོ། །དེར་མ་ཟད་བསོད་ནམས་ཀྱི་ཞིང་ལ་ཕྱག་མཆོད་བྱེད་པ་སོགས་ཀྱིས་ཀྱང་སྡིག་སྒྲིབ་སྦྱངས་ཤིང་ཚོགས་བསགས་ནས་རྒྱུད་སྣོད་རུང་དུ་བྱས་ཏེ་རིམ་གྱིས་ལམ་དེར་འཇུག་དགོས་པ་ཡིན་པས་སོ། །འདི་ཡང་རང་བཟོ་མ་ཡིན་ཏེ་མ་ཅིག་གི་ཞལ་ནས། དམ་པའི་ཆོས་ཐམས་ཅད་གཅོད་ཀྱི་ནང་དུ་འདུ་བ་ཡིན། ཅེས་གསུངས་པའི་ཕྱིར་རོ། །ཁྱད་པར་གཅོད་ཀྱི་ཉམས་ལེན་ནི་གསང་སྔགས་ཀྱི་ལམ་དང་འབྲེལ་བ་དང་། ཁྱད་པར་དུ་སྒོམ་གྱི་གདམས་པའམ་ལྟ་སྒོམ་གྱི་གནད་ཐེག་མཆོག་རྫོགས་པ་ཆེན་པོར་གནས་པས་ན་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་དུ་བསྒྲོད་བྱེད་ཀྱི་ལམ་བླ་ན་མེད་པ་ཡིན་ནོ། །འདི་དག་གི་ཚུལ་ཞིབ་པར་ནི་འཆད་འགྱུར་ལས་ཤེས་པར་འགྱུར་རོ། །དེའི་ཕྱིར་འདིའི་ཆེ་བའི་ཡོན་ཏན་མ་གཅིག་གིས་སྲས་ཐོད་སྨྱོན་ལ་གདམས་པ། བུ་ཉོན་དང་ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་བྱ་བ་འདི་ནི་ཆོས་གཞན་ལས་ཁྱད་པར་དུ་ལྷག་ལ། ཤིན་ཏུ་ཟབ་པའི་གནད་ཀྱི་དོན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་བཅོས་གཞན་དང་མི་འདྲ་བའི་མན་ངག་གི་གནད་གདམས་པ། ཆོས་ཐམས་ཅད་ཀྱི་ཉིང་ཁུ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། མདོ་སྔགས་ཐམས་ཅད་གཅིག་ཏུ་དྲིལ་བའི་སྙིང་པོའི་མཆོག་ཏུ་གྱུར་པ། བདུད་བཞི་རང་སར་གྲོལ་བར་བྱེད་པའི་ཆོས་ཉིད། དུག་ལྔ་བཙན་ཐབས་སུ་སྤོང་བའི་ཐབས་མཆོགབདག་འཛིན་གྱི་ལྗོན་ཤིང་རྩད་ནས་གཅོད་པའི་སྟྭ་རེ། འཁོར་བའི་གཡུལ་ངོ་མངོན་སུམ་དུ་བཟློག་པའི་དམག་དཔུང་། བགེགས་དཔུང་སྟོང་ཕྲག་བརྒྱད་ཅུ་འཇོམས་པའི་མཐུ་སྟོབས། ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པའི་སྨན་མཆོག། འབྲས་བུ་དུས་ཕྱི་མར་མི་འཇོག་པར་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ། གཞན་གྱི་ཆོས་ལུགས་དང་མི་འདྲ་བའི་དམ་ཆོས་གཅོད་བྱ་བ་འདི་རྣལ་འབྱོར་མ་ངའི་ཁྱད་ཆོས་ཡིན་ནོ། །ཞེས་གསུངས་པ་ལྟར། འདིར་ཐེག་པའི་ཡང་རྩེ་ཡིན་པར་གསུངས་པ་དང་ཚིག་གི་འགྲོས་འགའ་ཞིག་རྫོགས་ཆེན་གྱི་ཚུལ་དང་མཐུན་པ་དང་། ཚེ་གཅིག་ལ་སངས་རྒྱས་ཐོབ་བྱེད་དུ་བསྟན་པ་སྔགས་སྤྱི་དང་ཁྱད་པར་བླ་མེད། དེ་ལས་ཀྱང་རྫོགས་པ་ཆེན་པོའི་མན་ངག་འབྲེལ་དགོས་པར་ཆེས་གསལ་བར་བསྟན་པ་ཡིན་ནོ། གཞན་ཡང་ད་ལྟའི་ཆོས་བྱེད་ཕལ་ཆེར་ཚེ་འདིར་ཆགས་ཤིང་བདག་ཏུ་འཛིན་པའི་དབང་གིས་རང་གི་ལུས་ལོངས་སྤྱོད་ལ་ཞེན་པས་གནོད་བྱེད་མི་དང་མི་མ་ཡིན་པ་རྣམས་བཟློག་ཐབས་དྲག་སྔགས་དང་ཐུན་རྫས་ལ་སོགས་པའི་ལས་ལ་བརྩོན་ཅིང་། བདག་བསྲུང་བའི་ཐབས་འཁོར་ལོ་དང་སྲུང་གུར་བསྒོམ་པ་སོགས་ལ་བརྩོན་པར་བྱེད། ཆོས་འཆད་ཉན་བྱེད་པ་རྣམས་ཀྱང་ཚེ་འདིའི་རྙེད་བཀུར་དང་གྲྭ་པ་དགོན་གཞིས་བཟུང་འདུ་ལོང་མང་པོ་བྱེད་པ་ནི་དམ་པའི་ཆོས་དང་མི་མཐུན་ལ་འཁོར་བར་འཁོར་བའི་རྒྱུ་དང་དེར་མ་ཟད་ངན་འགྲོར་འགྲོ་བའི་རྒྱུར་ཡང་འགྲོ་བ་ལས། གདམས་པ་འདི་ནི་ཁོང་རྣམས་ཀྱི་ཞེ་སྡང་གི་ཀུན་སློང་དྲག་པོའི་ལས་སྦྱོར་གྱི་སྒོ་ནས་བསྐྲད་ཅིང་བཟློག་པར་བྱ་བའི་གདོན་བགེགས་རྣམས་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་ཚུར་བཀུག་ནས་འཁོར་དུ་བསྡུས་ཏེ་གཅེས་ཤིང་ཕངས་པའི་ལུས་དང་ལོངས་སྤྱོད་རྣམས་ཆགས་པ་མེད་པར་གཏོང་བའི་དམིགས་རྣམ་སྦྱངས་པ་ཐེག་པ་ཆེན་པོའི་ལམ་གྱི་ཉམས་ལེན་མཆོག་ཡིན་པ་དང་། འཁོར་བ་ལས་བློ་ལྡོག་པའི་ཕྱིར་གཉེན་འབྲེལ་གྱི་འཁྲི་བ་བཙན་ཐབས་སུ་གཅོད་ཅིང་ཡུལ་སྣང་ལ་སྲེད་ཞེན་གྱི་བློ་ཤུགས་ཀྱིས་ཆོད་པའི་ཕྱིར་མི་མེད་ལུང་སྟོང་དུ་གྲོགས་མེད་གཅིག་པུར་འདུག་པས་ཕྱི་ཡུལ་སྣང་གི་བདེན་ཞེན་ཆོད་པ་དང་། གཅེས་པའི་ལུས་སྲོག་ལྟོས་མེད་ལྷ་འདྲེའི་གཟན་དུ་བསྐྱུར་བས་བར་ལུས་ཀྱི་ཆགས་འཛིན་དག་བདེན་ཞེན་ཤུགས་ཀྱིས་ཆོད་པ་དང་། དྲན་རིག་སྐྱེ་མེད་ཀྱི་དབྱིངས་སུ་སྦས་པའི་ངང་ལས་རྩལ་འགགས་མེད་ཤུགས་འབྱུང་འཛིན་ཞེན་རང་གྲོལ་སྟོང་པའི་ངང་ལ་གནས་པས་ན་ང་རུ་འཛིན་པའི་བདེན་ཞེན་ཤུགས་ཀྱིས་ཆོད་ནས་དབྱིངས་རིག་དབྱེར་མེད་རིག་པའི་བཙན་ས་ཟིན་པས་ན་ཐབས་ལ་མཁས་པས་ཁྱད་པར་དུ་བྱས་པའི་ལྟ་བའི་ཉམས་ལེན་ཐུན་མོང་མ་ཡིན་པར་གྱུར་པ་དང་། མི་མ་ཡིན་པ་སྟོབས་ཆེན་དག་གིས་གཟུགས་ཅན་གཟུགས་མེད་ཀྱི་སེམས་ཅན་དུ་མ་ལ་གནོད་པ་བྱེད་ཅིང་གནོད་སེམས་དང་རྒྱུན་དུ་འགྲོགས་པས་སླར་ཡང་རང་ཉིད་ངན་འགྲོ་མུ་མཐའ་མེད་པར་འཕེན་པས་ན་གཟུགས་ཅན་བརྒྱ་ལ་ཕན་ཐོགས་པ་བས་གཟུགས་མེད་ཀྱི་འབྱུང་པོ་གཅིག་ལ་ཕན་ཐོགས་ན་ཡོན་ཏན་ཆེ་བས་ན། འདིར་ནི་དེ་དག་བྱམས་པ་དང་སྙིང་རྗེའི་ལྕགས་ཀྱུས་བཟུང་ནས་ཤ་ཁྲག་གི་སྦྱིན་པ་གཏོང་བའི་ཉམས་ལེན་གྱིས་གནས་སྐབས་སུ་རྒྱུད་ཞི་ཞིང་དུལ་བར་བྱེད་པའི་ཚུལ་དུ་འདུལ་ཞིང་མཐར་ཐུག་བྱང་ཆུབ་ལ་འགོད་པར་བྱེད་པས་གཞན་དོན་རླབས་ཆེན་པོ་འགྲུབ་པ་དང་། གཞན་ཕལ་པའི་སེམས་ཅན་གྲངས་མེད་པ་ལ་ཕན་བཏགས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པ་ལ་སྦྱོར་བའི་གང་ཟག་གཅིག་ལ་ཕན་བཏགས་ན་ཕན་ཡོན་ཆེ་བས་ན་ཉམས་སུ་ལེན་པ་པོའི་གང་ཟག་ཉིད་ཀྱང་བསོད་ནམས་ཀྱི་ཞིང་ས་མཆོག་ཏུ་གྱུར་པ་དང་། ཟང་ཟིང་གི་ཚོགས་བརྒྱ་བསགས་པ་བས་རང་གི་ལུས་ཀྱིས་ཚོགས་གསོག་པ་བསོད་ནམས་ཆེ། ཡུལ་དགོན་དུ་གནས་ཤིང་ལུས་ངག་གི་དགེ་སྦྱོར་ཞག་བརྒྱ་བྱེད་པ་བས། གཉན་ཁྲོད་དུ་ཞག་བདུན་ལ་ལུས་མཆོད་སྦྱིན་བྱེད་པ་ཕན་ཡོན་ཆེ། རང་ལ་སེམས་ཤིང་གདུང་བ་བརྒྱ་ལ་བྱམས་པ་བསྒོམ་པ་བས་རང་ལ་ཁྲོ་ཞིང་གཏུམ་པར་སྟོན་པ་གཅིག་ལ་བྱམས་སེམས་བསྒོམ་པ་ཡོན་ཏན་ཆེ་བས་ཚོགས་རྒྱ་ཆེན་པོར་རྫོགས་པར་འགྱུར་བ་དང་། རང་གཞན་གང་ཡང་ནད་གདོན་གྱིས་བཏབ་པ་ན་གཞན་ཤེས་རབ་མེད་པའི་རྨོངས་པ་གཟུ་ལུམ་ཅན་གྱི་གཏོ་མཁན་བཀུག་ནས་ཟོག་པོ་བར་ཆད་བདུད་ཀྱིས་བསླུས་པའི་ལུང་བསྟན་དང་མོ་མ་དག་གི་ངག་ལ་མཉན་ནས་ཉེས་མེད་ཀྱི་དུད་འགྲོ་མང་པོའི་སྲོག་བཅད་པའི་ཤ་ཁྲག་གི་ཡས་གླུད་སྟེར་བ་སོགས་བྱས་པ་ནི་ཚེ་རིང་བར་འདོད་ནས་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་། ནད་མེད་ཀྱི་སེམས་ཅན་བསད་ནས་ནད་ལས་གྲོལ་བར་འདོད་པ་བླུན་པོའི་ལོག་ལྟ་ལས་འབྲས་གོ་ལོག་གི་བྱ་བ་ཕྱི་རོལ་མུ་སྟེགས་པ་དང་ཀླ་ཀློའི་ཆོས་ལུགས་དང་མཚུངས་པ་ཡིན་ལ། འདིར་ནི་རང་འདོད་ཀྱི་འཁྲིས་མེད་པར་བྱམས་སྙིང་རྗེའི་སྒོ་ནས་གཅེས་པའི་ལུས་ཤ་ཁྲག་གི་སྦྱིན་གཏོང་ལ་བརྩོན་ཞིང་བདག་མེད་ལྟ་བའི་གདིང་དང་ལྡན་པར་ཏིང་ངེ་འཛིན་ལ་དམིགས་པའི་སྒོ་ནས་འཆོས་པས་ན་ཚེ་འདིའི་རྐྱེན་སེལ་གྱི་རིམ་གྲོ་ཡང་མཆོག་ཏུ་གྱུར་པ་སོགས་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་ཡོད་དོ། །འདི་དག་ཀྱང་མ་གཅིག་གི་གསུང་སྙན་བརྒྱུད་ཀྱི་ཚིག་སྣ་བསྟུང་ཞིང་དོན་གནད་བསྡུས་ཏེ་སྐབས་དོན་དང་མཐུན་པར་བཤད་པ་ཡིན་ནོ། །གདམས་པ་འདི་འདྲ་བས་ཡིད་འཕྲོག་སྟེ་རྒྱ་གར་བ་དག་གིས་མ་གཅིག་གདན་དྲངས་པ་ན་འབྱོན་དུ་མ་གནང་མོད་ཆོས་རྒྱ་གར་དུ་བསྒྱུར་བས། རྒྱ་ཆོས་བོད་དུ་བསྒྱུར་བ་མང་ཡོད་ཀྱང་། །བོད་ཆོས་རྒྱ་ལ་དར་བ་ཁོ་མོ་ཙམ། །ཞེས་ཀྱང་གསུང་པར་གྲགས་སོ། །ཁྱད་པར་དུ་རང་ཅག་གངས་ཅན་གྱི་སྐྱེ་བོ་དག་འདུལ་བྱེད་ཀྱི་ཆོས་སྐལ་ཐུན་མོང་མ་ཡིན་པར་གྱུར་བ་ཡིན་ཏེ། མ་གཅིག་གི་ཞལ་ནས། ཐུབ་པ་ཆེན་པོའི་བསྟན་པའི་སྙིགས་མ་ལ་འཛམ་གླིང་བྱེ་བ་ཕྲག་བརྒྱའི་བྱང་ཕྱོགས་སུ་བོད་ཁམས་ཀྱང་བྱེ་བ་ཕྲག་བརྒྱ་ཡོད་པ་གངས་རིའི་ལྗོངས་སུ་ཐུབ་པ་ཉིད་ཀྱིས་ལུང་བསྟན་པའི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་ཡང་བྱེ་བ་ཕྲག་བརྒྱ་བྱུང་ལ། ང་ཉིད་ཀྱང་བྱེ་བ་ཕྲག་བརྒྱ་བྱུང་ནས་གཟུགས་ཅན་དང་གཟུགས་མེད་ཀྱི་སེམས་ཅན་གང་ལ་གནོད་པ་བྱེད་པ་རྣམས་དང་། ཁྱད་པར་དུ་སེམས་ཅན་མ་རུངས་གདུག་པ་ཅན་རྣམས་འདུལ་བའི་དུས་ལ་བབས་པའི་ཕྱིར་དུ་དམ་ཆོས་ཕྱག་རྒྱ་ཆེ་པོ་བདུད་ཀྱི་གཅོད་ཡུལ་བྱ་བ་བསྟན་ནས་འགྲོ་བ་བཟང་ངན་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་ཅིང་སྙིགས་མ་ལྔ་བདོའི་དུས་སུ་ཐུབ་པ་ཉིད་ཀྱིས་ལུང་བསྟན་པ་བཞིན་དུ་རྣལ་འབྱོར་མའི་ཆོས་ལུགས་ཀྱིས་གངས་ཅན་པ་ཐམས་ཅད་འདུལ་དགོས་པ་ཡིན་ནོ་རིགས་ཀྱི་བུ། ཞེས་གསུངས་པ་ལྟར་ཡིན་པས། དེ་ཡང་བོད་ཡུལ་འདི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་པས་དེ་ཉིད་དངོས་བྱོན་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྲིན་ལས་དུ་མས་ལྗོངས་འདིར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས་རང་རེའི་ཆོས་སྐལ་དུ་རྒྱལ་པོ་བཀའ་འབུམ་དུ་གྲགས་པའི་སྐོར་བསྩལ་བ་དང་། དེ་ནས་མ་གཅིག་གིས་གཅོད་ཀྱི་ཆོས་སྐོར་མང་དུ་གདམས་པ་ནི། སྔོན་གྱི་དུས་ན་བོད་ཡུལ་གྱི་གདུལ་བྱ་འདུལ་བའི་ཕྱིར་སྤྱན་རས་གཟིགས་ཀྱིས་ཐུགས་བསྐྱེད་པ་ན་རྗེ་བཙུན་སྒྲོལ་མས་གྲོགས་བྱེད་པར་དམ་བཅས་པའི་ཐུགས་སྨོན་གྱི་འབྲས་བུ་དུས་སུ་སྨིན་པ་ཡིན་ཏེ། མ་གཅིག་གིས། ང་ཕྱི་ལྟར་ན་ལྷ་མོ་སྒྱུ་འཕྲུལ་ཡིན། །ནང་ལྟར་ན་རྗེ་བཙུན་སྒྲོལ་མ་ཡིན། །གསང་བ་ལྟར་ན་རྡོ་རྗེ་ཕག་མོ་ཡིན། །དབྱིངས་ལྟར་ན་རྒྱལ་བའི་ཡུམ་ཆེན་ཡིན། །ཐུབ་བསྟན་ཐོག་མར་གངྒཱའི་ལྷ་མོ་ལ། །བར་དུ་མཁའ་འགྲོ་བདེ་བའི་དངོས་གྲུབ་ཡིན། །ཕྱིས་སུ་བོད་དུ་ཡེ་ཤེས་མཚོ་རྒྱལ་མ། །ད་ལྟ་ང་ཉིད་ཡིན་ནོ་རིག་ཀྱི་བུ། །ཞེས་རང་ཉིད་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་དུ་ཞལ་གྱིས་བཞེས་པའི་ཕྱིར་རོ། །སྤྱན་རས་གཟིགས་ནི་སྙིང་རྗེའི་ལྷ་ཡིན་ལ་མ་གཅིག་གིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་འདི་ངའི་ཆོས་ལུགས་ཀྱི་སྲོག་ཤིང་ཡིན་ཅེས་གསུངས་པས། དེའི་གདུལ་ཞིང་ཡིན་པ་དང་གཅོད་ཀྱི་གདམས་པ་ཆོས་སྐལ་དུ་བབས་པ་གཉིས་ཤིན་ཏུ་འབྲེལ་འགྲིགས་པ་ཡིན་ནོ། །དེས་ན་དམན་པ་རང་ཉིད་ཀྱང་ཆོས་རྒྱལ་ཆེན་པོའི་རྣམ་འཕྲུལ་འདྲེན་མཆོག་གཏེར་སྟོན་བདུད་འཇོམས་པདྨ་གླིང་པ་རྩལ་གྱིས་གཏེར་དུ་བཞེས་པའི་གཏེར་གསར་ཆོས་རྒྱལ་བཀའ་འབུམ་དང་། སྐྱབས་རྗེ་གཏེར་ཆེན་རིན་པོ་ཆེའི་གཏེར་བྱོན་ཟབ་ཆོས་འཆད་བཞིན་པ་འདི་གཉིས་ཀྱི་བཀའ་བབས་ཆོས་ཀྱི་བདག་པོར་གཏེར་སྟོན་རྣམ་གཉིས་སོ་སོ་ནས་བཀས་བསྔགས་པས་སྐལ་བ་ཤིན་ཏུ་བཟང་ངོ་སྙམ་དུ་ཟབ་ཁྲིད་འདི་སྐོར་གསལ་བར་འབྲི་བ་ལ་ཡིད་རབ་ཏུ་སྤྲོ་བར་གྱུར་ཏེ་རང་ཉིད་ཀྱི་རང་བཞིན་བརྗོད་པ་ཞར་བྱུང་དུ་ཁ་ནས་ཐལ་སོང་བ་ལ་ཆེན་པོ་དག་གིས་དགོངས་པས་མི་ཁྲེལ་བར་ཞུའོ། །དེར་མ་ཟད་སྙིགས་མ་ལྔ་བདོ་བའི་དུས་འདིར་ཆོས་འདི་བྱིན་རླབས་གཞན་ལས་ལྷག་པ་ཡིན་ཏེ། སྙིགས་མ་ལྔ་ངོས་འཛིན་ན། ཐུབ་པ་ཆེན་པོའི་བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུ་སྟེ་ལྔ་ཚན་གཉིས་སུ་གནས་པ་ལས་ཕྱི་མའི་སྐབས་ལྔ་བརྒྱ་ཐ་མའི་དུས་སུ་གྱུར་པ་བསྟན་པའི་སྙིགས་མ། སེམས་ཅན་རྣམས་མདོག་གཟུགས་དམན་ཅིང་ཕྱིན་ཅི་ལོག་གི་ལས་ལ་དགའ་སྟེ་མི་དགེ་བ་ལ་མོས་པ་སེམས་ཅན་གྱི་སྙིགས་མ། དེའི་དུས་སུ་ཆགས་སྡང་ཕྲག་དོག་སོགས་ཉོན་མོངས་ཤིན་ཏུ་རགས་པ་ཉོན་མོངས་པའིསྙིགས་མ། མ་གཅིག་རང་བྱོན་དུས་ཚེ་ལོ་དྲུག་ཅུ་པར་གསུངས་དེ་ནས་བཅུ་པའི་བར་ཇེ་འགྲིབ་ཏུ་འགྲོ་བ་ཚེའི་སྙིགས་མ། དུས་མ་ཡིན་པར་ཁ་ཆར་འོང་བ་དང་ཆུ་འགྱུར་བ་རླུང་དམར་འཚུབ་པ་ནད་མུག་འཁྲུག་རྩོད་རྒོད་པ་སོགས་ད་ལྟ་མཐོང་ཆོས་སུ་གྱུར་པ་འདི་ལྟ་བུ་དུས་ཀྱི་སྙིགས་མ་སྟེ། དེ་ལྟར་སྙིགས་མར་གྱུར་པའི་དུས་འདིར་གདུལ་བྱ་རྣམས་གཅོད་ཀྱི་ཆོས་འདིས་འདུལ་བར་བྱེད་པ་ཡིན་ཏེ། མ་གཅིག་ཉིད་ནས་སྙིགས་མ་ལྔའི་ངོས་འཛིན་དེ་ལྟར་གནང་བ་ནས་དེའི་རྗེས་སུ། ཀྱི་ཧུད་སྙིགས་མ་ལྔ་པོ་བྱ་བ་དེ་ལ་ཟེར་བ་ཡིན་ནོ། །རིག་ཀྱི་བུ། དུས་ད་ལྟའི་ཚེ་དམ་པའི་ཆོས་ཇི་ལྟ་བ་བཞིན་སྤྱོད་པའི་གང་ཟག་ནི་ཤིན་ཏུ་ཉུང་བ་ཆོས་ཇི་ཙམ་ཤེས་པ་བཞིན་ཉོན་མོངས་པའི་གཉེན་པོར་འགྲོ་དགོས་པ་ཡིན་ཏེ་ཆོས་ཇི་ཙམ་ཤེས་པ་བཞིན་ཉོན་མོངས་པའི་བསྣོན་པ་བྱས་ནས། དུས་ད་ལྟའི་གང་ཟག་རྣམས་ལ་ང་རྒྱལ་དང་དྲེགས་པ་ཆེན་པོ་སྐྱེས་ནས་རང་རྒྱུད་མ་དུལ་བ་ཆུ་རྡོ་འདྲ་བའི་ཆོས་འཆད་པ་པོ་རྣམས་ཀྱིས་སེམས་ཅན་གཞན་ལ་ཕན་ཐོགས་པ་སྐྲའི་རྩེ་མོ་ཙམ་མི་འོང་ཞིང་། ལྷག་པར་རྩོད་པ་རྒྱས་པར་བྱེད་པའི་ཆོས་ལུགས་དམུ་རྒོད་ཆོས་ཀྱིས་འདུལ་རྒྱུའི་གང་ཟག་ཤིན་ཏུ་དམུ་རྒོད་གཉིས་འཕྲད་པས་དམ་པའི་ཆོས་ཀྱི་དགོངས་པ་སྟོར་བ་ཡིན་པས་དེ་ནི་ཆོས་ཀྱི་སྐྱོན་མ་ཡིན་ཅིང་གང་ཟག་གི་སྐྱོན་ཡིན། དེ་ཡང་སེམས་ཅན་གྱི་སྙིགས་མ་ལ་ཐུག་པས་སེམས་ཅན་དམུ་རྒོད་དུ་གྱུར་པ་དང་སངས་རྒྱས་ཀྱི་བསྟན་པའི་ཐ་མ་ལ་ཐུག་པའི་སྟོབས་ཀྱིས་བཀའ་ཡང་དག་པ་རྣམས་ནུས་པ་ཆུང་ངུར་སོང་བ་ལྟར་བཀའ་ཡང་དག་པའི་གཞུང་ལུགས་གཞན་གྱིས་ད་ལྟའི་སེམས་ཅན་རྣམས་འདུལ་དཀའ་བ་ཡིན་ནོ། །མི་སྐྱེ་བ་ཤིན་ཏུ་ལེགས་པའི་ཡ་རབས་ཅན་ཀྱང་རྒས་ཤིང་རྒུད་ནས་སྟོབས་ཤོར་ཅིང་ཉམས་ཆུང་ངུར་གྱུར་པ་དང་འདྲ་བ་ཡིན་ནོ། །དེ་ལྟ་བུའི་ན་གཞོན་ལུས་པོ་དར་ལ་བབས་པ་བཟང་པོ་རྒས་པ་བས་ཕྱོགས་རེ་ལ་དར་ཅིག་དྲག་པ་ཡིན་པ་དེ་བཞིན་དུ་ཡང་དག་པའི་སངས་རྒྱས་ཉིད་ཀྱིས་མ་ཐུལ་བའི་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུལ་བའི་སྐབས་ཡོད་པ་ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་བཅོས་གསར་དུ་རྩོམ་པ་རྣམས་ཀྱིས་ལྷག་པར་སེམས་ཅན་ལ་ཕན་ཐོགས་པ་ཡོད་པ་དེ་བཞིན་དུ། བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་སྤྱན་རས་གཟིགས་དབང་ཕྱུག་གི་གདུལ་བྱའི་སྐལ་བར་བབ་ཅིང་། རྣལ་འབྱོར་མ་ངས་འགྲོ་བ་འདུལ་བའི་དུས་ཀྱང་ད་ལྟའི་འདི་ཡིན། ཁྱད་པར་དུ་དམ་པའི་ཆོས་བདུད་ཀྱི་གཅོད་ཡུལ་གྱི་དུས་ལ་བབས་པར་གཅོད་ཟེར་བའི་མིང་བཏགས་པའི་ཆོས་ཀྱིས་སེམས་ཅན་མ་རུངས་པ་རྣམས་གདུལ་བྱའི་རྟེན་འབྲེལ་ཡོད་པ་ཡིན་ནོ་རིགས་ཀྱི་བུ་ཞེས་གསུངས་སོ། །དེ་ཡང་བཀའ་གདམས་པའི་བློ་སྦྱོང་ལས། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུན་རྩིའི་སྙིང་པོ་འདི། །ཞེས་གསུངས་པ་ལྟར་ད་ལྟ་བདེ་བའི་རྐྱེན་ཉུང་ལ་མི་དང་མི་མ་ཡིན་པས་འཚེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྐྱེན་ཤིན་ཏུ་མང་བས། རྐྱེན་ངན་གྱི་རྒྱུ་འཛིང་པ་ནི་གདམས་ངག་འདི་ལྟ་བུའི་ཚུལ་ལ་བརྟེན་ནས་རྐྱེན་ངན་ལམ་ཁྱེར་དུ་བྱས་ན་ཉམས་རྟོགས་གོང་འཕེལ་དུ་འགྱུར་བའི་གྲོགས་སུ་བསྒྱུར་ནུས་པས་ན་དུག་ཐམས་ཅད་སྨན་དུ་བསྒྱུར་བར་བྱེད་པའི་བདུད་རྩི་ལྟ་བུ་ཡིན་ནོ། །དེས་ན་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་གྱི་གསུང་དགེ་ལྡན་སྙན་བརྒྱུད་བླ་མཆོད་ལས། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་ཚེ། །མི་འདོད་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང་། །ལས་ངན་འབྲས་བུ་ཟད་པའི་རྒྱུར་མཐོང་ནས། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལ། བདག་ཅག་གི་རིགས་བདག་བཀའ་དྲིན་མཚུངས་མེད་འཇའ་ལུས་རྡོ་རྗེ་འཆང་སྐུ་དག་ཞིང་དུ་གཤེགས་ཁར་སྨོན་ཚིག་འདི་ཡང་ཡང་ཞལ་འདོན་མཛད་དེ། རང་རེ་རྣམས་གདམས་ངག་འདི་ལྟ་བུ་དང་འཕྲད་ནས་ཡོད་པའི་དུས་སུ་ཚུལ་དང་མཐུན་པའི་ཉམས་ལེན་མཐར་འཁྱོལ་བྱེད་རྒྱུའི་སྐལ་བ་དང་ལྡན་ན་དམ་པ་དེ་དག་གིས་ཐུགས་སྨོན་མཛད་ཡུལ་ཡང་དེ་ཀ་ལས་ལྷག་རྒྱུ་ཅི་ཡང་མི་འདུག་གོ། ཡང་སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་ཡང་ཞུན། དངོས་འཛིན་རེ་དོགས་གཅོད་པའི་གདམས་པ། གནས་ལུགས་རང་ཞལ་སྤྲོད་པའི་མན་ངག། གྲུབ་མཆོག་ས་ར་ཧ་པའི་སྙིང་ཐིག་ཟབ་མོར་གྱུར་པའི་གདམས་པ་འདི་ལ་ནི། བརྒྱུད་ཐག་ཉེ་བ། བྱིན་རླབས་ཆེ་བ། གདམས་ངག་གི་གནད་མི་འཆུག་པ་སྟེ་ཟབ་མོ་གཏེར་ཆོས་རྣམ་དག་གི་ཆེ་བའི་ཡོན་ཏན་སྤྱི་དག་མཆིས་པ་ནི་སྨོས་ཅི་དགོས་ཏེ། བྱེ་བྲག་ཏུ་ཆོས་འདིའི་སྒོ་ནས་འཇའ་ལུས་དྭངས་མའི་སྐུར་གྲུབ་པ་སོགས་གྲུབ་པའི་ཡོན་ཏན་མཆོག་བརྙེས་པའི་གང་ཟག་ད་ལྟ་ཡིན་ཀྱང་མང་དུ་བྱུང་བ་མཐོང་ཆོས་སུ་གྱུར་པ་འདི་ལྟར་དང་། ཕྱིས་ཀྱང་བགྲང་བ་ལས་འདས་པ་འབྱུང་བ་རྡོ་རྗེའི་ལུང་གིས་བསྔགས་པ་ནི་བསྟན་བྱའི་དོན་ལ་མི་བསླུ་བའི་ཚིག་ཡིན་པས་ཤིན་ཏུ་ཡིད་ཆེས་པར་བྱ་སྟེ། འདིའི་མཇུག་གི་གདམས་གཏད་དུའང་། དེ་ལྟར་རྣལ་འབྱོར་ལམ་གྱི་རིམ༔ ཚུལ་བཞིན་བསྟེན་པའི་སྐལ་ལྡན་བུ༔ སངས་རྒྱས་ང་དང་གཉིས་སུ་མེད༔ ཚེ་གཅིག་སངས་རྒྱས་མ་ཐོབ་ན༔ བརྒྱུད་འཛིན་སྐལ་ལྡན་ངས་བསླུས་སོ༔ བླ་མེད་ཐེག་ཆེན་སྙིང་པོའི་ཆོས༔ སྙིང་གི་ཁྲག་ལས་ཕངས་པའི་ཕྱིར༔ ཞེས་གསུངས་པ་ཡིན་ནོ། །དེ་ན་རིང་བརྒྱུད་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་ལབ་སྒྲོན་མའི་གདམས་ངག་དང་། ཉེ་བརྒྱུད་གྲུབ་པའི་འཁོར་ལོས་སྒྱུར་བ་དཔལ་མདའ་བསྣུན་ཞབས་ཀྱི་ཐུགས་བཅུད་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གནས་ཤིང་ཉམས་སུ་ལེན་ཚུལ་གྱི་ལག་ལེན་དགོངས་དོན་མཐའ་དག་གནད་གཅིག་ཏུ་འབབ་པའི་གདམས་པ་འདི་ནི་གཞན་ལས་ཁྱད་པར་འཕགས་པའོ་ཞེས་བློ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །ཐུབ་དབང་ཆེན་པོས་སྙན་པའི་ཚངས་དབྱངས་ཀྱིས། །བསྙད་པའི་ཆོས་ཚུལ་བརྒྱད་ཁྲི་བཞི་སྟོང་ཡང་། །ཐེག་གསུམ་གདུལ་བྱའི་ཁམས་དབང་རྗེས་འགྲོ་སྟེ། །ཀུན་གྱི་སྙིང་པོ་ཤེར་ཕྱིན་མདོ་སྡེ་ཡིན། །དེ་ཡི་དགོངས་དོན་ཉམས་སུ་ལེན་པའི་ཐབས། །མི་མོའི་གར་བསྒྱུར་ཛྙཱ་ན་ཌཱ་ཀི་དང་། ཡེ་ཤེས་སྐུ་མངའ་མདའ་བསྣུན་གྲུབ་པའི་རྗེའི། །མན་ངག་ཟབ་མོའི་ཆོས་ཉིད་ཆེས་རྨད་བྱུང་། །གང་འདིས་སྲིད་ཞིའི་མཐའ་འགོག་ཐེག་པ་ཆེའི། །ལམ་སྲོལ་ཚེ་འདིར་རྫོགས་བྱང་ཐོབ་བྱེད་དེ། །བསྔགས་བརྗོད་ངག་གི་འཇུག་པ་བརྒྱ་ཡི་ཡུལ། །དེ་ཕྱིར་སྐལ་ལྡན་ཚོགས་ཀྱིས་བསྟེན་བྱར་འོས། །སྙིང་མཚང་ཀུན་ནས་བདོ་བའི་ཤྭ་འུད་ཀྱི། །རྐྱེན་ངན་དུག་མཚོ་རྟག་ཏུ་འཕྱུར་བའི་སྐབས། །གདམས་ངག་བདུད་རྩིའི་བཅུད་ལེན་འདི་མ་གཏོགས། །ཐར་ལམ་སྲོག་འཚོ་སྨན་གཞན་གང་མ་མཆིས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་གདམས་དོན་ཉམས་སུ་ལེན་ཚུལ་ལ་གཉིས་ལས། རྣམ་པར་བཞག་པ་སྤྱིར་བསྟན་པ། ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་རྣམ་པར་བཞག་པ་སྤྱི་བསྟན་པ་ལ་གཉིས། རྗོད་བྱེད་གཞུང་གི་རྣམ་གྲངས་བསྟན་པ། བརྗོད་བྱ་གཅོད་ཀྱི་གོ་དོན་བཤད་པའོ། །དང་པོ་སྤྱིར་ན་གཅོད་ཀྱི་གཞུང་ལ་བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་མདོ་རྣམས་དང་། བདག་ཅག་གི་སྟོན་པ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་སྐུ་ལུས་དང་རྒྱལ་སྲིད་བུ་དང་ཆུང་མ་སོགས་སྦྱིན་པར་བཏང་བའི་ཚུལ་གྱི་ལོ་རྒྱུས་བསྟན་པའི་མདོ་རྣམས་ཀྱང་འདིའི་ཁོངས་སུ་གཏོགས་པས་ན་དེར་བཞག་ཆོག་པ་ཡིན། གཉིས་པ་བསྟན་བཅོས་ལ་བཞི། བྱིན་རླབས་བཀའ་བརྒྱུད་ལུགས། བསྟན་བཅོས་འགྲེལ་པ་ལུགས། མན་ངག་སྙན་བརྒྱུད་ལུགས། ཡང་ཟབ་ཉེ་བརྒྱུད་ཀྱི་ལུགས་སོ། །དང་པོ་ནི། མ་གཅིག་གི་ཞལ་ནས་གསུངས་པའི་ཕྱི་བཀའ་ཚོམ་ཞིབ་རྒྱས་སུ་བསྟན་པ། ནང་མན་ངག་ཏུ་བསྟན་པ། གསང་བ་བརྡ་ཆོས་ལ་བཟླ་སྐོར་གསུམ་ལ་སོགས་པ་རྣམས་ཡིན་ནོ། །གཉིས་པ་ནི། ཨཱཪྻ་དེ་ཝ་ལ་སོགས་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གཅོད་སྐོར་གྱི་ཆོས་རྣམས་དང་འགྲེལ་བའི་རིགས་རྣམས་ཡིན་ནོ། །གསུམ་པ་ནི། དེ་དག་གི་གནད་གསལ་བར་སྟོན་པའི་མཁས་པ་དང་གྲུབ་པ་དག་གི་སྙན་བརྒྱུད་དུ་བྱས་པའི་གདམས་པ་རྣམས་ཡིན། བཞི་པ་ནི། དཔལ་ས་ར་ཧ་པའི་ཐུགས་བཅུད་ཟབ་གསང་དགོངས་གཏེར་དུ་བབས་པ་རྣམས་སོ། །གཞན་ཡང་བཀའ་མའི་ཕྱོགས་ཀྱི་ཁྲོས་མའི་སྒྲུབ་ཐབས་རྣམས་དང་། ཟབ་གཏེར་འདི་སྐོར་གྱི་དེའི་སྒྲུབ་ཐབས་སོགས་གཏེར་ཕྱོགས་དང་། རྗེ་ངག་དབང་ཕུན་ཚོགས་ཀྱི་ལམ་ཟབ་རྒྱུན་གྱི་རྣལ་འབྱོར་དང་། ཀརྨ་ཆགས་མེད་ཀྱི་བསྒྲིག་ཆོག་ཚོགས་ལས་རིན་ཆེན་ཕྲེང་བ་ལྟ་བུའི་སྒྲུབ་ཕྲིན་ཆོ་གའི་སྐོར་རྣམས་ཀྱང་གཅོད་གཞུང་དུ་གཏོགས་པ་ཡིན་ནོ། །གཉིས་པ་བརྗོད་བྱ་གཅོད་ཀྱི་གོ་དོན་བཤད་པ་ལ་གསུམ། དངོས་ཀྱི་དོན་དང་། དེ་ལུང་དང་སྦྱར་བ། གནད་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི། གཅོད་ཀྱི་ངོ་བོ། དབྱེ་བ། སྒྲ་བཤད། ས་མཚམས་སོ། །དང་པོ་ངོ་བོ་ནི། ཐབས་ཁྱད་པར་གྱི་ཉམས་ལེན་དང་རྗེས་སུ་འབྲེལ་བའི་རང་གི་མི་མཐུན་ཕྱོགས་གཅོད་བྱེད་ཀྱི་ཆ་ནས་བཞག་པའི་བདག་མེད་པའི་དོན་རྟོགས་པའི་ཤེས་རབ་དེ་གཅོད་ཀྱི་ངོ་བོ། ཡང་ཐབས་ཤེས་གང་རུང་གི་ཉམས་ལེན་གྱིས་བསྡུས་པའི་རང་གི་མི་མཐུན་ཕྱོགས་གཅོད་བྱེད་ཀྱི་རིགས་སུ་གནས་པའི་རྟོགས་པ་ཁྱད་པར་ཅན་དེར་འཇོགསྔ་མ་ནི་གཅོད་ཀྱི་ངོ་བོ་བདག་མེད་རྟོགས་པའི་ལྟ་བ་ཁོ་ནར་ངོས་བཟུང་བའི་ལུགས་དང་། ཕྱི་མ་སྙིང་རྗེ་ཆེན་པོ་སོགས་ཀྱང་གཅོད་དུ་འཇོག་པའི་ལུགས་ཡིན་པས་མི་འགལ་ལོ། །གཉིས་པ་དབྱེ་བ་ནི། དེ་ལ་རྟོགས་བྱ་ཡུལ་གྱི་སྒོ་ནས་དབྱེ་ན། གང་ཟག་གི་བདག་མེད་རྟོགས་པའི་གཅོད། ཆོས་ཀྱི་བདག་མེད་རྟོགས་པའི་གཅོད། ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་དུ་རྟོགས་པའི་གཅོད་དང་གསུམ། རྟོགས་བྱེད་ཡུལ་ཅན་ཀྱི་སྒོ་ནས་དབྱེ་ན། བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། དེ་མངོན་སུམ་དུ་རྟོགས་པའི་གཅོད་གཉིས། རྟོགས་རིགས་ཀྱི་སྒོ་ནས་དབྱེ་ན། སྙིང་རྗེ་ཆེན་པོ་སོགས་ཀྱི་དམིགས་རྣམ་སྐྱོང་བ་ཐབས་ཀྱི་གཅོད། བདག་མེད་རྟོགས་པ་ཤེས་རབ་ཀྱི་གཅོད། དེ་གཉིས་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ཐབས་ཤེས་ཟུང་འབྲེལ་གྱི་གཅོད་གསུམ། རང་རྒྱུད་ལྡན་གྱི་གང་ཟག་གི་སྒོ་ནས་དབྱེ་ན། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་གཅོད། འཕགས་པའི་རྒྱུད་ཀྱི་གཅོད་གཉིས། གཅོད་བྱའི་སྒོ་ནས་དབྱེ་བ། ཕྱི་གཉན་སར་གཅོད་པ། ནང་ནད་གདོན་ལ་གཅོད་པ། གསང་བ་རྣམ་རྟོག་བྱུང་ཚོར་ལ་གཅོད་པ། དེ་ཁོ་ཉིད་དུག་ལྔ་དུག་གསུམ་ལ་གཅོད་པ་དང་བཞི་སྟེ། མ་གཅིག་གིས། ཉོན་དང་ང་ཡི་ཆོས་ལུགས་འདི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་རྣམ་པ་བཞི་རུ་དབྱེ་དགོས་ཏེ། དང་པོ་གཅོད་ཀྱི་ཡུལ་བཞི་ཡང་། །ཕྱིའི་གཅོད་ཡུལ་གཉན་སའི་བྱེ་བྲག་ལ་བྱེད་པ་ཡིན། ནང་གི་གཅོད་ཡུལ་ནད་གདོན་ལ་བྱེད་པ་ཡིན། གསང་བའི་གཅོད་ཡུལ་རྣམ་རྟོག་བྱུང་ཚོར་ལ་བྱེད་པ་ཡིན། དེ་ཁོ་ན་ཉིད་ཀྱི་གཅོད་ཡུལ་དུག་ལྔ་དུག་གསུམ་ལ་བྱེད་དོ་བུ། ཞེས་གསུངས་པས་སོ། །དེ་ཡང་གཉན་ས་སོགས་ལ་འཇིགས་སྣང་དང་། ནད་གདོན་ལ་གནོད་འཛིན་གྱི་ཉེར་ལེན་དང་། རྣམ་རྟོག་སྣ་ཚོགས་དང་། དུག་ལྔའི་དབང་དུ་འགྲོ་ལ་གཅོད་པའོ། །གཅོད་ཚུལ་གྱི་སྒོ་ནས་དབྱེ་ན། ཕྱི་ཡུལ་ལ་བདེན་ཞེན་གཅོད་པ་ཕྱིའི་གཅོད། ནང་སྣང་སེམས་ལ་བདེན་ཞེན་གཅོད་པ་ནང་གི་གཅོད། བར་ལུས་སེམས་གཉིས་ཀ་ལ་གཅེས་འཛིན་དང་བདེན་ཞེན་གཅོད་པ་ཕྱི་ནང་གཉིས་མེད་ཀྱི་གསུམ་སྟེ། མ་གཅིག་གིས། ཕྱི་སྣང་བ་ཡུལ་གྱི་རི་མོ་གཅོད། །ནང་འཛིན་པ་སེམས་ཀྱི་འཁྲི་བ་གཅོད། །བར་ལུས་སེམས་གཉིས་ཀྱི་འཁྲི་བ་གཅོད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་ཏེ། དེ་ལྟར་ཕྱིའི་གཅོད་སོགས་སུ་བཞག་པ་ནི། དཔེར་ན་ཕྱི་དང་ནང་གི་ཆོས་སོགས་བདེན་པས་སྟོང་པ་ལ་ཕྱི་སྟོང་པ་ཉིད་སོགས་སུ་བཏགས་པ་བཞིན་ནོ། །ཉམས་སུ་ལེན་ཚུལ་གྱི་སྒོ་ནས་དབྱེ་ན། གཉན་ས་རི་ཁྲོད་འགྲིམ་པ་སོགས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ཕྱི་ཡུལ་ལ་བརྟེན་པའི་གཅོད། ཕུང་པོ་ལྷ་འདྲེ་དག་གི་གཟན་དུ་བསྐྱུར་བ་ནང་ཕུང་པོ་ལ་བརྟེན་པའི་གཅོད། འཁོར་རྩ་ཕྲ་བའམ་ཉག་གཅིག་པུ་བདེན་འཛིན་རྩད་ནས་གཅོད་པ་ཉམས་ལེན་དོན་གྱི་གཅོད་གསུམ། ཇི་སྐད་དུ། གཉན་ས་རི་ཁྲོད་འགྲིམས་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་རྗེ་མི་ལ་སོགས་མཁས་གྲུབ་མང་པོ་ཞལ་མཐུན་པར་གྱུར་པ་བཞིན་ནོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚུལ་གྱིས་དབྱེ་ན། རང་གི་རྣམ་ཤེས་དབྱིངས་སུ་སྤར་ཏེ་ལུས་ལྷ་འདྲེ་ལ་སྦྱིན་པའི་དམིགས་པ་སྦྱང་བ་ལྟ་བུ་སྔོན་བདག་ཅག་གི་སྟོན་པས་གནོད་སྦྱིན་སོགས་ལ་སྐུ་ལུས་ཀྱི་ཤ་ཁྲག་སྦྱིན་པ་བཏང་བའི་རྣམ་ཐར་དང་རྗེས་སུ་མཐུན་པར་སློབ་ལམ་ཐུན་མོང་བ་མདོ་ཕྱོགས་ཀྱི་གཅོད། རྣམ་ཤེས་ཁྲོས་མ་སོགས་ལྷའི་རྣམ་པར་དམིགས་ཏེ་ལུས་གང་འདོད་མཆོད་སྦྱིན་འདོད་ཡོན་གྱི་རྣམ་པར་འཕྲུལ་ཏེ་གཏོང་བ་ལྟ་བུ་ལམ་ཐུན་མོང་མ་ཡིན་པ་སྔགས་ཕྱོགས་དང་འབྲེལ་བའི་གཅོད་དང་གཉིས། དབྱེ་ཚུལ་གྱི་རྣམ་གྲངས་གཞན་ཡང་ཕུལ་བྱུང་གསེར་ཕྲེང་ལས། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །ཤ་ཟ་གྲུལ་བུམ་ལ་སོགས་ལ། །ཤ་ཁྲག་སྟེར་བ་ཕྱི་ཡི་གཅོད། །འགྲོ་དྲུག་ཕ་མར་ཤེས་བྱས་ནས། །བྱམས་དང་སྙིང་རྗེ་བསྒོམ་པ་དང་། །བྱང་ཆུབ་སེམས་མཆོག་བསྒོམ་པ་ནི། །རྣལ་འབྱོར་ང་ཡི་ནང་གི་གཅོད། །འདྲེ་གདོན་ཡི་དམ་ལྷར་བསྒོམ་ནས། །ཟག་པ་མེད་པའི་བདུད་རྩིས་མཆོད། །དངོས་གྲུབ་རྣམ་གཉིས་ཞུ་བ་ནི། །རྣལ་འབྱོར་ང་ཡི་གསང་བའི་གཅོད། །འཁོར་བའི་རྩ་བ་བདག་ཏུ་འཛིན། །མ་ལུས་རྩད་ནས་གཅོད་པའི་ཕྱིར། །སྟོང་ཉིད་གནས་ལུགས་བསྒོམ་པ་འདི། །ངའི་དེ་ཁོ་ན་ཉིད་ཀྱི་གཅོད། །གཅོད་ལུགས་འདི་ལྟར་བྱ་བ་ནི། །ཐུབ་པའི་དབང་པོའི་དགོངས་པ་ཡིན། །ཨ་ཏི་ཤ་ཡི་མན་ངག་ཡིན། །རྣལ་འབྱོར་ང་ཡི་ཉམས་ལེན་ཡིན། །ཅེས་གསུངས་པ་ལྟར་དང་། རེ་ཡུལ་སངས་རྒྱས་སོགས་ལ་བདེན་ཞེན་འགོག་པ་ཞི་མཐའ་ལ་རེ་བ་མེད་པའི་གཅོད། དོགས་ཡུལ་དམྱལ་བ་སོགས་ལ་བདེན་ཞེན་འགོག་པ་སྲིད་མཐའ་ལ་དོགས་པ་མེད་པའི་གཅོད། འཛིན་པ་སེམས་ཀྱི་རྟོག་པ་གང་ཤར་གནས་ལུགས་ཀྱི་ངང་དུ་རང་ཞིར་གཏོང་བ་ཀུན་གྱི་རྩ་བ་ནང་དོན་རིག་པའི་གཅོད། ཡེ་ཤེས་ཀྱི་རང་སྣང་ཙམ་ལས་སྐུ་གསུམ་གཞན་དུ་གྲུབ་པ་མེད་པར་རྟོགས་ནས་བདེན་ཞེན་གཅོད་པ་ཐོབ་བྱ་འབྲས་བུ་ལ་ཞེན་པ་འགོག་པའི་གཅོད། འཁོར་བྱེད་ཀྱི་རྐྱེན་རྣམ་རྟོག་མ་ལུས་པ་བདེན་ཞེན་གཞི་རྩ་དང་བྲལ་བར་རྟོགས་པ་སྤང་བྱ་གསུམ་གྱི་རྩ་བ་འགོག་པའི་གཅོད། མི་མཐུན་ཕྱོགས་བདུད་བཞི་སོགས་རང་གི་སེམས་གཏིང་ནས་འཁྲུག་པའི་ཆོ་འཕྲུལ་ཙམ་དུ་རྟོགས་ནས་དེ་ལ་བདེན་ཞེན་འགོག་པ་གེགས་བྱེད་བདུད་བཞི་ལས་གྲོལ་བའི་གཅོད་རྣམས་སུའང་དབྱེར་ཡོད་དེ། མ་གཅིག་གི་ཞལ་ནས། རེ་བ་མེད་པས་སངས་རྒྱས་གཅོད། །དོགས་པ་མེད་པས་དམྱལ་བ་གཅོད། །འཛིན་རྟོག་མེད་པས་ནང་རིག་པ་གཅོད། །ཡེ་ཤེས་རང་ཤར་ཡིན་པས་སྐུ་གསུམ་གཅོད། །རྣམ་རྟོག་རྩ་བྲལ་ཡིན་པས་ཁམས་གསུམ་གཅོད། །གཅོད་བྱ་ཁོངས་འཁྲུག་ཡིན་པས་བདུད་བཞི་གཅོད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་སྒྲ་བཤད་ནི། བདག་འཛིན་སོགས་ཕྱིན་ཅི་ལོག་གི་རྟོག་པ་གཅོད་བྱེད་ཡིན་པས་གཅོད་ཅེས་བྱ་ལ། དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་པའང་། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་བྱེད་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར་གང་ཉམས་སུ་བླང་བ་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་སེལ་བྱེད་ཡིན་པས་སམ། ཡང་ན་དམ་པ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་ཚུལ་ཡིན་པའམ། སྐྱེ་བུ་དམ་པ་རྣམས་ཀྱི་ཉམས་སུ་བླང་བྱ་ཡིན་པས་ན་དམ་ཆོས་སམ། མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་དེ་ལྟར་གྱུར་པ་ཡིན། །ཅེས་གསུངས་པ་ལྟར། ཐར་ལམ་ལ་བར་དུ་གཅོད་པས་ན་བདག་འཛིན་ལ་བདུད་ཀྱི་སྒྲས་བསྟན་པ་དེ་གཅོད་པའམ། ཡང་ན་བདུད་བཞི་གཅོད་བྱེད་ཀྱི་གཉེན་པོར་གྱུར་པས་ན་བདུད་ཀྱི་གཅོད་ཅེས་བྱ་སྟེ། དཔེར་ན་ནད་གསོས་པར་བྱེད་པའི་སྨན་ལ་ནད་ཀྱི་སྨན་ཞེས་བརྗོད་པ་བཞིན་དང་། གཅོད་ཡུལ་ཞེས་པ་རྗོད་བྱེད་ཀྱི་གཞུང་དང་སྦྱར་བ། བརྗོད་བྱ་གཅོད་ཀྱི་དོན་དེ་གང་དུ་གནས་པའི་ཡུལ་ལྟ་བུར་གྱུར་པས་ན་གཅོད་ཡུལ་ཏེ། དཔེར་ན་གང་དུ་ཚིག་དང་དོན་གྱི་སྡེ་ཚན་དུ་མ་འདུས་པའི་སྣོད་དམ་གནས་སུ་གྱུར་པའི་བཀའ་ལ་སྡེ་སྣོད་ཅེས་བརྗོད་པ་བཞིན་ནོ། །བརྗོད་བྱ་དོན་དང་སྦྱར་ན་གཅོད་ཅེས་པ་ཡུལ་ཅན་རྟོགས་པ་དང་། ཡུལ་ཞེས་པ་ཡུལ་བདག་མེད་པའི་དོན་ལ་གོ་བར་བྱ་སྟེ། བདག་འཛིན་གཅོད་པའི་རྟོགས་པ་གང་ཞིག་ཡུལ་བདག་མེད་པའི་དོན་ལ་འཇུག་པའི་བློ་ཡིན་པས་ན་དེ་སྐད་ཅེས་བརྗོད་པ་སྟེ། གནད་བསྡུ་ན་བདག་མེད་པའི་དོན་དུ་ཡུལ་དུ་བྱ་བའི་བདག་འཛིན་གཅོད་བྱེད་ཀྱི་རྟོགས་པ་ཡིན་པར་གོ་བའི་ཕྱིར་ཚིག་བསྡུས་ཤིང་བརྗོད་བདེ་བར་བྱས་ལ། གོང་འོག་བརྗེས་ཏེ་སྟོན་པ་དཔེར་ན་ལེགས་སྦྱར་གྱི་ལུགས་སུ་སྡེབ་སྦྱར་བྱས་པའི་ཚིག་འགའ་ཞིག་བཞིན་ནོ། །རྗོད་བྱེད་བརྗོད་བྱ་གཉིས་ཀ་དང་སྦྱར་ན་ཐར་འདོད་ཀྱི་སྐྱེ་བོ་དག་གིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཇུག་པའི་ཡུལ་དུ་གྱུར་པས་དེ་སྐད་ཅེས་བརྗོད་པའོ། །བཞི་པ་ས་མཚམས་ནི། ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དོ། །སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ལ་བཅོས་མས་མྱོང་བ་ཐོན་པ་ནས་ཀྱང་གཅོད་དུ་བཞག་པ་ལ་རིག་པས་གནོད་པ་མེད་ཅིང་། སངས་རྒྱས་འཕགས་པ་ནི་སྒྲིབ་པ་བག་ཆགས་དང་བཅས་གཏན་ནས་གཅོད་པར་བྱས་ཟིན་པའི་གཅོད་པ་མཐར་ཐུག་ཡིན་པའི་ཕྱིར། སྔོན་ཆད་ཁྲིད་ཡིག་དག་ལས་ངོ་བོ་དང་དབྱེ་བ་སོགས་འདི་ལྟར་ཕྱོགས་གཅིག་ཏུ་བཤད་པ་མ་མཐོང་བས་འདིར་ནི་ཅུང་ཟད་གསལ་བར་བཤད་པ་ཡིན་ལ། འོན་ཏེ་དམིགས་ཁྲིད་ལག་ལེན་གྱི་སྐབས་ཡིན་པས་གནད་དོན་འཚོལ་བ་ལས། ཚིག་འཁྲིའི་སྤྲོས་པ་གཅོད་པ་གཙོ་བོར་མ་བྱས་པས་གཅོད་རིགས་པ་དག་གིས་ཀོ་ལོང་སྡོམ་པར་མི་བྱ་སྟེ། གང་ཕྱིར་ནང་པ་སངས་རྒྱས་པ་དག་གི་བསྟན་བཅོས་ནི་རྩོད་པ་ལྷུར་ལེན་པ་མ་ཡིན་པར་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ལུང་དང་སྦྱར་བ་ལ། འདིའི་ཁུངས་ཡུམ་གྱི་མདོ་ཡིན་པར་སྔར་ཡང་བཤད་ཟིན་པ་ལྟར་ཡིན་པས་འདིར་དེ་དང་སྦྱར་དགོས་ཏེ། མ་གཅིག་གིས་ཀྱང་། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་གཟིགས་རྟོག་མཛད་པ་ལས་བདུད་ཀྱི་ལེའུའི་སྐབས་སུ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གང་ལ་ཆགས་ནའང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་པ་ལ་སོགས་པ་དང་། གཟུགས་ནི་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་ཁུ། ལེ་བརྒན་ཡང་མ་ཡིན་ནོ། །ཞེས་སོགས་དང་། གཟུགས་ནི་གང་ནས་ཀྱང་འོང་བ་མེད། གང་དུའང་འགྲོ་བ་མེད། གང་དུ་གནས་པར་གྱུར་པ་མེད་དེ། ཞེས་པ་ལ་སོགས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་པ་ལ་སོགས་པ་གཟིགས་པ་ལས་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་ཤིང་བདུད་བཞི་རང་སར་གྲོལ་བའི་གཅོད་ཀྱི་རྟོགས་པ་བརྙེས་པར་གསུངས་ལ། མདོ་ཚིག་འདིས་ཀྱང་གཅོད་ཀྱི་གོ་དོན་བསྟན་པ་ཡིན་ཏེ་དེའི་ཚུལ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་བདེན་པར་ཆགས་ན་བདུད་ཀྱི་ལས་སུ་གྱུར་པ་གཅོད་བྱ་ཡིན་པས་དེ་ལྟར་མི་ཆགས་པར་བདེན་མེད་དུ་རྟོགས་པའི་ཤེས་རབ་ནི་གཅོད་ཡིན་པར་བསྟན་ལ། གཟུགས་ནི་དཀར་པོ་ཞེས་སོགས་ཀྱི་དཔེས་རྟོགས་བྱའི་དོན་གྱི་གནས་ལུགས་གཏན་ལ་དབབ་ལ་གཟུགས་སོགས་ཀྱི་བཏགས་དོན་བཙལ་ནས་རང་བཞིན་གྱི་སྟོང་པར་ཤེས་དགོས་ཚུལ་དང་། གཟུགས་ནི་གང་ནས་ཀྱང་འོང་བ་སོགས་ཀྱིས་གང་ནས་འོང་བ་རྒྱུ་ལས་རང་བཞིན་གྱིས་མ་སྐྱེས་པས་རྒྱུ་མཚན་མ་མེད་པ། གང་དུ་འགྲོ་བ་འབྲས་བུ་རང་བཞིན་གྱི་གྲུབ་པ་བསྐྱེད་པ་མེད་པས་འབྲས་བུ་སྨོན་པ་མེད་པ། གང་དུ་གནས་པ་མེད་པས་གཟུགས་རང་གི་ངོ་བོར་རང་བཞིན་གྱིས་གནས་པ་མེད་པས་ངོ་བོ་སྟོང་པ་ཉིད་དེ། རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་གྱི་གནས་ལུགས་དེ་རང་གི་ངོ་བོ་བསྟན་པ་དང་། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མཉམ་པ་ཉིད་དུ་རྟོགས་པས་ནི་གནས་ལུགས་རྟོགས་པས་ན་གནས་ལུགས་རྟོགས་ན་གཅོད་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་ཚད་དང་། དེ་ལྟར་རྟོགས་པ་ལས་གཅེས་འཛིན་གྱི་འཆིང་བ་མེད་པར་ལུས་སོགས་གཏོང་ནུས་པས་ན་ཉམས་ལེན་ལུས་སྦྱིན་སོགས་ཀྱི་ཚུལ་ཡང་བསྟན་པ་ཡིན་ནོ། །ཡང་ཡུམ་གཞན་ནི་ཚིག་དོན་གྱི་སྤྲོས་པ་ཧ་ཅང་རྒྱས་ལ། སྡུད་པ་ནི་གནད་འདུས་ཤིང་གོ་སླ་བས་འདིར་ཡང་དེ་དེ་དང་སྦྱར་ཚུལ་གྱི་སྒོ་ཙམ་བསྟན་པར་བྱ་སྟེ། མ་གཅིག་གི་ཞལ་ནས། ཆོས་ཐམས་ཅད་གཅོད་ཀྱི་ནང་དུ་འདུ་བ་ཡིན། གཅོད་ཉམས་སུ་ལེན་པའི་གང་ཟག་གིས་ཆོས་གང་དང་ཡང་བསྟུན་དུ་བཏུབ་པ་ཡིན། ཕྱི་ཕ་རོལ་དུ་ཕྱིན་པ་དང་མཐུན་པ་ཡིན་པས་རྒྱས་འབྲིང་བསྡུས་གསུམ་མ་ཤེས་ཀྱང་སྡུད་པ་ཙམ་རེ་བཤད་པ་གྱིས། ནང་གསང་སྔགས་དང་མཐུན་པ་ཡིན་པས་རྒྱུད་སྡེ་མང་པོ་མ་ཤེས་ཀྱང་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཙམ་སྐྱོང་། ཞེས་གསུངས་པ་ལྟར་རོ། །དེ་ཡང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །བྱང་ཆུབ་སེམས་དཔའ་དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་པ་ནི། གཅོད་ཀྱི་ངོ་བོ་བསྟན་ཏེ་མཐའ་བཞི་གང་དུའང་རང་གིས་ཐོབ་པའི་ཤེས་རབ་ཀྱི་ཕོ་རོལ་ཏུ་ཕྱིན་པའི་མཆོག་རྣམ་མཁྱེན་ཉིད་མི་དམིགས་ལ། དེ་ཐོབ་པར་བྱ་བའི་ཕྱིར་ལམ་སྒོམ་པ་པོའི་གང་ཟག་བྱང་ཆུབ་སེམས་དཔའ་རང་ཡང་མི་དམིགས་པ་དང་། དེ་ཐོབ་བྱེད་ཀྱི་ལམ་བྱང་ཆུབ་ཀྱི་སེམས་ཀྱང་མི་དམིགས་ལ། དེ་སྐད་བསྟན་པའི་ཚུལ་དེ་ཐོས་པའི་ཤེས་རབ་ཀྱིས་ཤེས་ཤིང་དེའི་དོན་བསམ་པས་ཚུལ་བཞིན་གཏན་ལ་ཕབ་པ་སྣང་སྟོང་དབྱེར་མེད་དུ་ངེས་པ་རྙེད་ནས་ཐ་སྙད་སྒྱུ་མ་ལྟ་བུར་རྟོགས་པ་ལ་རྨོངས་པ་མེད་ཅིང་། སྒོམ་པས་དོན་དམ་སྟོང་པ་ཉིད་ཀྱི་རྟོགས་པ་ལ་དབང་འབྱོར་ཐོབ་ནས་མི་སྐྲག་པར་གྱུར་པ་ནི་བདེ་བར་གཤེགས་པའི་གོ་འཕང་ཐོབ་བྱེད་ཀྱི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པར་གསུང་པ་སྟེ། འདིས་ནི་ཐོབ་བྱ་འབྲས་བུ་དང་། དེ་ཐོབ་བྱེད་ལམ། དེ་ཐོབ་པ་པོའི་གང་ཟག་བཅས་རང་བཞིན་གྱིས་མི་དམིགས་པར་བསྟན་ལ། སྤྱིར་ཆོས་ཀུན་ལ་བདེན་ཞེན་གཅོད་དགོས་ཀྱང་བྱེ་བྲག་ཏུ་ལམ་ཉམས་ལེན་ལ་བརྩོན་པའི་ཚེ་ནི་གང་ཟག་རང་གི་ལམ་འདི་ལྟ་བུ་ཞིག་བསྒོམ་པ་ལས་འབྲས་བུ་འདི་ལྟ་བུ་ཞིག་མངོན་དུ་བྱེད་དོ་ཞེས་བདེན་ཞེན་གྱི་དམིགས་པ་དང་བཅས་ན་ནི་ལམ་ཡང་དག་པ་མ་ཡིན་པས་དེ་དག་ལ་བདེན་ཞེན་འགོག་པ་གནད་ཆེ་བ་དང་། ཡང་ན་གཞི་ལམ་འབྲས་གསུམ་ལ་སྦྱར་ཀྱང་མཆོག་སྟེ། གཞི་གང་ཟག་རང་གི་རྒྱུད་ཀྱིས་བསྡུས་པའི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པའི་ཚུལ་དང་། དེ་མངོན་དུ་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་རང་བཞིན་ལ་མི་རྨོངས་པར་སྤྱོད་པ་དང་། ཡང་གང་ཟག་རང་ཉིད་རང་བཞིན་གྱིས་མ་དམིགས་པར་རྟོགས་པ་གང་ཟག་གི་བདག་མེད། དེའི་ལམ་དང་འབྲས་བུ་རང་བཞིན་གྱིས་མི་དམིགས་པར་རྟོགས་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར། དེ་ལྟར་བདག་མེད་གཉིས་རྟོགས་པའི་ཤེས་རབ་ནི་གཅོད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཞུང་དོན་བདུན་ཅུ་དང་སྦྱར་སྐབས་རྐང་པ་བཞི་པོ་དེས་གདམས་ངག་བསྟན་པར་གསུངས་པ་དང་ཡང་ཤིན་ཏུ་འགྲིགས་ཏེ་གདམས་དོན་ཚུལ་བཞིན་ཉམས་སུ་ལེན་པ་ནི་གཅོད་ཀྱི་རྣལ་འབྱོར་ཡིན་པས་སོ། །ཡང་། གང་ལ་གཟུགས་མིན་ཚོར་མིན་འདུ་ཤེས་མི་དམིགས་ཤིང་། །རྣམ་པར་ཤེས་པ་མ་ཡིན་སེམས་པ་མི་དམིགས་ལ། །ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་དང་། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་ཕུང་པོ་ལྔ་དང་ཤེས་བྱའི་ཆོས་རྣམས་མ་ལུས་པ་སྟོང་ཞིང་རང་བཞིན་མེད་པར་བསྟན་པ་འདི་དག་གིས་ཀྱང་དེ་བཞིན་དུ་བསྟན་པ་ཡིན་ཏེ་དེ་ལྟ་བུའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་བདེན་འཛིན་དངོས་སུ་གཅོད་པའི་གཅོད་ཀྱི་རྟོགས་པ་ཡིན་པའི་ཕྱིར། འདི་དག་ཀྱང་མཚོན་ཙམ་ཡིད་གྱི་གཞུང་དོན་མ་ལུས་པས་སྟོང་པ་ཉིད་དོན་བསྟན་པས་ཕྱོགས་རེ་ཙམ་དང་བསྒྲིགས་མི་དགོས་སོ། །དེ་ལྟར་རྟོགས་པ་ལ་རྟག་ཆད་མཐའ་གཉིས་སུ་འཛིན་པ་ཁེགས་དགོས་ཚུལ། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེར་རྟོག་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང་། །ཞེས་གསུངས་ཏེ། གང་ཞིག་རྒྱུ་རྐྱེན་སོགས་ལ་མ་ལྟོས་པར་ཡོད་པ་མ་ཡིན་པ་དེ་རང་བཞིན་གྱི་མེད་པར་ཡིན་པ་ལ། བྱིས་པ་རྣམས་ཀྱིས་དེ་ལ་ཕྱིན་ཅི་ལོག་ཏུ་བཟུང་ནས་མཐར་ལྟུང་བ་ལས་མཁས་པ་དག་གི་དེ་མཐའ་བྲལ་གྱི་ཡིན་ལུགས་ཚུལ་བཞིན་དུ་ཤེས་ནས་སྲིད་པ་ལས་འབྱུང་བར་གསུངས་པའོ། །དེ་ལ་ཐོག་མར་བརྟག་ཅིང་དཔྱད་དེ་སོ་སོར་རྟོག་པའི་ཤེས་རབ་བསྐྱེད་དགོས་ཚུལ། གང་ཚེ་འདུས་མ་བྱས་དང་འདུས་བྱས་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་གསུངས་པ་དང་། གནས་ལུགས་མཐོང་བའི་ཚད། ཆོས་རྣམས་རང་བཞིན་གྱི་མ་གྲུབ་པ་ནམ་མཁའ་ལྟ་བུར་མཐོང་བའི་ཚུལ། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་པ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པར། །འདི་ནི་ཆོས་མཐོང་ཡིན་ཅེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །ཞེས་གསུངས་པ་དང་། རང་ཅག་དངོས་འཛིན་ལ་སྤྱོད་པས་ཀྱང་ནན་ཏན་བྱས་ན་རྟོགས་པར་ནུས་ཚུལ། ཇི་ལྟར་ཀུན་ཏུ་རྒྱུ་བ་ཕྲེང་ཅན་ཤེས་པ་ཡིས། །དམིགས་མེད་ཕུང་པོ་རྣམ་པར་འཇིག་པར་འབྱུང་བ་ལྟར། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཆོས་ཤེས་པ། །མྱ་ངན་འདས་ལ་མི་རེག་དེ་ནི་ཤེས་རབ་གནས། །ཞེས་གསུངས་ཏེ། ཇི་ལྟར་ན་མུ་སྟེགས་པ་བཟོ་སྦྱང་ཞེས་པ་ཀུན་ཏུ་རྒྱུ་ཕྲེང་ཅན་དུ་གྲགས་པ་དེས་ཀྱང་དོན་དམ་པའི་ཚུལ་ཇི་ལྟ་བ་བཞིན་ཤེས་པ་ཡིས་དམིགས་མེད་སྟོང་པ་ཉིད་ཀྱི་དོན་མངོན་དུ་བྱས་ནས་ཟག་བཅས་ཀྱི་ཕུང་པོ་འཇིག་པའི་མྱང་འདས་ཐོབ་པར་གྱུར་བ་ལྟར་ཆོས་རྣམས་ཀྱི་གནས་ལུགས་ཤེས་ནས་དམན་པའི་མྱང་འདས་ལ་མི་རིག་པར་བླ་ན་མེད་པར་ཆོས་ཀུན་མཁྱེན་པའི་ཤེས་རབ་ཐོབ་པར་འགྱུར་བ་ཡིན་ཅེས་བསྟན་པའོ། །དོན་དེ་མཐོང་ནས་སྒྱུ་མ་ལྟ་བུར་བལྟ་བའི་ཚུལ། གང་དག་ཕུང་པོ་ལྔ་དག་སྒྱུ་མ་ལྟར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་ཕྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་ཕུང་པོ་ལྔས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མ་དང་མཉམ་པར་གསུངས་པ་དང་། ཐབས་ཀྱི་ཉམས་ལེན་དང་ཟུང་འབྲེལ་དུ་བྱེད་དགོས་ཚུལ། གང་དག་ཕན་དང་སྙིང་བརྩེར་བཅས་པས་སྤྱོད་བྱེད་པ། །དེ་དག་རིག་སྔགས་འདི་ལ་བསླབ་ནས་བྱང་ཆུབ་རེག། ཅེས་དང་། དེ་དག་ཐབས་ཀྱི་ཡོན་ཏན་ཤེས་རབ་ཡོངས་ཟིན་པར། །མཆོག་ཏུ་བདེ་གཤེགས་བྱང་ཆུབ་གནས་ལ་མྱུར་དུ་རེག། ཅེས་དང་། དེ་ཉིད་ཐབས་དང་ཤེས་རབ་མཆོག་གི་ཡོངས་ཟིན་ནས། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །ཞེས་དང་། བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་གྱུར་པ། །འདི་ནི་བྱང་ཆུབ་སེམས་དཔའ་གང་ཞིག་ཐོབ་འདོད་པ། །ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྤྱོད། །ཅེས་གསུངས་པ་ལྟར་ཏེ་བདེ་གཤེགས་བྱང་ཆུབ་ཐ་དད་ཆོས་དང་བྲལ་ཞེས་པ་སྐབས་འདིར་རྟོགས་བྱ་དེ་བཞིན་ཉིད་རྟོགས་བྱེད་ཀྱི་ཡེ་ཤེས་ངོ་བོ་དབྱེར་མེད་པར་སོང་བའི་དོན་དུ་བྱས་ན་ཆོགདེས་ན་ཉན་ཐོས་དགྲ་བཅོམ་པ་དང་རྐྱེན་རྟོགས་རང་རྒྱལ་གྱི་ལམ་གྱི་རྗེས་སུ་མི་སློབ་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་སློབ་དགོས་ཚུལ། བྱང་ཆུབ་སེམས་དཔའ་ལ་རེག་དེ་ལྟར་སྤྱོད་པ་ནི། །དགྲ་བཅོམ་ས་ལ་མི་སློབ་རྐྱེན་རྟོགས་ས་ལ་མིན། །ཐམས་ཅད་མཁྱེན་ཉིད་ཆེད་དུ་སངས་རྒྱས་ཆོས་རྗེས་སློབ། །ཅེས་གསུངས་སོ། །དེ་ཡང་གཅོད་ཀྱི་ཆོས་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ཡིན་པས་དང་པོར་སྟོང་ཉིད་རྟོགས་ནས་དེའི་རྗེས་སུ་སྙིང་རྗེ་སོགས་བསྐྱེད་ཚུལ། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་པ། །ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག། ཅེས་གསུངས་པ་དང་། རྟོགས་པ་དེ་རྒྱུད་ལ་བསྐྱེད་པ་ལ་ཕྱི་ནང་གི་མཐུན་རྐྱེན་ཚང་དགོས་ཚུལ། དགེ་བའི་བཤེས་དང་ལྡན་ཅིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱི་ཡུམ་ཐོས་སྐྲག་པར་ཡོངས་མི་འགྱུར། །ཞེས་དང་། དེའི་འགལ་རྐྱེན་སྡིག་གྲོགས་སོགས་སྤོང་དགོས་ཚུལ། གང་ཞིག་སྡིག་པའི་གྲོགས་ལྡན་གཞན་གྱི་དྲིང་འཇོག་པ། །དེ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན། །ཅེས་དང་། དབྱེ་བ་བསྟན་པ་ལ། ཡང་འདི་ཤེས་རབ་འདི་ནི་གང་ཡིན་སུ་ཡི་ཡིན། །གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོགས། །ཞེས་གསུངས་ཏེ། ཡང་འདི་སྙམ་དུ་ཤེས་རབ་ཅེས་བྱ་བ་འདི་གང་ཞིག་ཡིན་ཅེས་རྟོགས་བྱ་དང་། གང་ཟག་སུ་ཡི་ཡིན་ཅེས་རྟོགས་པ་པོ་དང་། ཐབས་གང་ལས་རྟོགས་པ་ཡིན་ཅེས་རྟོགས་ཚུལ་ལ། བདེན་ཞེན་གཅོད་པས་མཚོན། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། དེས་ཇི་ལྟར་རྟོགས་ཤིང་ཤེས་པ་སོགས་རྣམ་གྲངས་དུ་མར་དབྱེ་བའི་ཆོས་ཀུན་ལ་སྦྱར་བས། ཕྱི་ཡུལ་དང་ནང་སེམས་ལ་བདེན་ཞེན་གཅོད་པ་སོགས་གོང་གི་ཕྱི་དང་ནང་གི་གཅོད་ལ་སོགས་པའི་ཚུལ་བསྟན་ལ། གང་ཟག་གི་བདག་མེད་རྟོགས་པ་སོགས་གསུམ་དུ་དབྱེ་ཚུལ་ཡང་། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོགས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་གསུངས་པས་བསྟན་ཏེ། བདག་མེད་གཉིས་རྟོགས་པ་དང་སྐྱེ་བ་མེད་པ་གནས་ལུགས་སྟོང་པ་ཉིད་དོན་དམ་པ་དང་སྐྱེ་བ་སྣང་ཚུལ་ཀུན་རྫོབ་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་རྟོགས་པ་རྣམ་བསྟན་པ་ཡིན་ལ། འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ། །དེ་ཉིད་ནས་ནི་ཡོན་ཏན་ཆོས་ཀུན་འགྲོ་བར་འགྱུར། །ཞེས་འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་འགྲོ་བ་དེ་ན་རྒྱལ་སྲིད་བདུན་དང་དཔུང་ཚོགས་བཞི་དང་བཅས་པ་འགྲོ་བ་ལྟར། ལམ་གྱི་ཡོན་ཏན་ཐམས་ཅད་ཤེས་རབ་དང་རྗེས་སུ་འབྲེལ་བར་འགྲོ་བར་བསྟན་པ་དང་། ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་པ་འདི་དག་གིས་དབྱེ་བའི་རྣམ་གྲངས་གཞན་དག་ཀྱང་དོན་གྱིས་བསྟན་པ་ཡིན་ནོ། །ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་ཡང་། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །ཞེས་པ་འདིས་བསྟན་ཏེ། གཏོང་བ་ཆེ་བ་ཉན་རང་ལ་ལོངས་སྤྱོད་ཙམ་གཏོང་བ་ཡོད་ཀྱང་ལུས་གཏོང་བ་མེད་ལ་འདིར་དེ་གཏོང་བའི་ཉམས་ལེན་ལ་གཙོ་བོར་བྱེད་པའི་སྦྱིན་པ་དང་། བློ་ཆེ་བ་ལུས་ངག་གི་ཉེས་སྤྱོད་སྤོང་བ་ཙམ་མ་ཡིན་པར་ལུས་ལ་ཆགས་པ་དང་བདག་གཅེས་སོགས་ཀྱི་ཀུན་སློང་ཡང་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་། མཐུ་ཆེ་བ་གཞན་དོན་དུ་ཐེག་པ་ཆེན་པོའི་ལམ་གྱི་ཉམས་ལེན་ལ་ཞུམ་པ་མེད་ཅིང་མི་སྐྲག་ལ་རྗེས་སུ་སྤྲོ་བའི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། གོ་ཆ་བགོ་བ་རང་དོན་ཆེ་ན་དོན་དུ་གཉེར་རམ་དམན་པའི་ཡིད་བྱེད་དང་མ་འདྲེས་ཤིང་རྣམ་གཡེང་གི་རྟོག་པས་ཀུན་ནས་མི་ཚུགས་པའི་རྩེ་གཅིག་པའི་བསམ་གཏན་དང་། བདུད་ཀྱི་སྒྱུ་འདུལ་བ་ཇི་སྐད་དུ། ནམ་མཁའ་ལྟ་བུའི་ཡིད་དང་རབ་ལྡན་པས། །གཡོ་ཅན་དཔུང་བཅས་སྟོབས་ཀྱིས་བརྫི་བ་མེད། །ཅེས་གསུངས་པ་ལྟར། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་ལྡན་པའི་སྒོ་ནས་བདུད་ཀྱི་སྒྱུ་རྩལ་ལམ་ཆོ་འཕྲུལ་ཐམས་ཅད་འདུལ་པའམ་འཇོམས་པར་བྱེད་པ་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་དང་ལྡན་པར་བྱེད་དགོས་པ་དང་། ཁྱད་པར་དུ། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམ་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ལ་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ། །ཞེས་ལུས་སྦྱིན་གཏོང་ཚུལ་དང་། གཏོང་ལ་མོས་པར་གྱུར་ཅིང་རྟག་ཏུ་ལྷུག་པར་གཏོང་། །ཞེས་དང་། བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་གསུམ་གྱི། །སེམས་ཅན་ཇི་སྙེད་སྙེད་དག་ཀུན་ལ་སྦྱིན་པ་ནི། །སྦྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་བྱིན་ལ། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་བསྔོ། །སྦྱིན་པ་བྱིན་ནས་དངོས་ལ་གནས་པར་བྱེད་པ་མེད། །ཅེས་དང་། དེ་ནི་ནམ་དུའང་རྣམ་པར་སྨིན་ལ་རེ་བ་མེད། །ཅེས་དང་། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །སེམས་ཅན་གཞན་གྱི་དགོངས་ལ་ཉིན་མཚན་མངོན་པར་བརྩོན། །བུ་གཅིག་པ་ལ་མ་ནི་རིམ་གྲོ་བྱེད་པ་ལྟར། །བསམ་པ་ཐག་པས་རྣམ་པར་སྐྱོ་མེད་གནས་པར་བྱེད། །ཅེས་སོགས་ཀྱིས་ཇི་ལྟར་གཏོང་བའི་ཚུལ་ཡང་གསལ་བར་བསྟན། དེ་ལས་སྲིད་གསུམ་སེམས་ཅན་ཇི་སྙེད་ཅེས་པ་མགྲོན་རིགས་དག་དང་། བདོག་པ་ཐམས་ཅད་གཏོང་ཞེས་པ་དང་། ཀུན་ལ་སྦྱིན་པ་འདི་ཞེས་པས་དཀར་འགྱེད་དང་ཁྲ་འགྱེད་སོགས་ཀྱང་བསྟན་ཏེ། བདོག་པ་ཐམས་ཅད་དངོས་སུ་གཏོང་བའི་བློ་ནུས་བསྐྱེད་པ་ལ་ཐོག་མར་དེའི་དམིགས་རྣམ་ལ་བློ་སྦྱོང་ཞིང་གོམས་པར་བྱེད་དགོས་པ་དང་། སེམས་ཅན་ཀུན་ལ་སྦྱིན་པར་དུ་མ་ཇི་ལྟར་མཁོ་བའི་ཉེར་སྤྱོད་དུ་གཏོང་བ་འོས་མེད་པའི་ཕྱིར་དང་། ཕལ་པོ་ཆེའི་མདོ་ལས། བདག་ཉིད་འགྲོ་བ་ཀུན་གྱི་ཉེ་བར་འཚོ་བའི་ལུས་ནི་བསྒྱུར་། །ཞེས་ལུས་གཏོང་བ་སོགས་ཀྱི་ཚུལ་ཡང་གང་ལ་གང་འདོད་ཀྱི་ཉེར་འཚོར་དམིགས་པའི་ཚུལ་དུ་གཏོང་བ་རྒྱལ་སྲས་ཀྱི་སྦྱིན་གཏོང་སྤྱིའི་ལུགས་ཡིན་པའི་ཕྱིར། ཡང་། དཔེར་ན་སྒྱུ་མ་མཁན་གྱིས་བཞི་མདོར་སྤྲུལ་བྱས་ཏེ། །སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་པའི། །གསོད་བྱེད་དེ་དག་ཅི་འདྲར་དེ་ལྟར་བྱང་ཆུབ་སེམས། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་སོགས་ཀྱིས་གཉན་སར་ལྷ་འདྲེའི་ཆོ་འཕྲུལ་བྱུང་བ་སོགས་ཀྱི་མི་འཇིགས་ཚུལ་དང་། །གཞན་ཡང་ཚར་ཚད་སློང་སོགས་དང་བསྒྲིགས་ཚུལ་ནི་འོག་ཏུ་འཆད་དོ། །གཅོད་ཀྱི་སྒྲ་བཤད་ནི། ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །ཅེས་པས་བསྟན་ཏེ། བདག་འཛིན་གྱི་ཆགས་པ་གཅོད་ཅིང་ཆོས་ཀུན་ལ་རང་རང་གི་ངོ་བོས་བདེན་པར་ཆགས་པའི་བློ་དེའི་ས་བོན་བག་ཆགས་དང་བཅས་པ་ཡང་གཅོད་ཅིང་ཟད་པར་བྱེད་པས་ན་གཅོད་ཅེས་བརྗོད་པ་ཡིན་པའི་ཕྱིར། གཞན་ཡང་། སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དག། སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ། །ཞེས་པས་ཀྱང་སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དག་བདག་བས་གཞན་གཅེས་པའི་སྒོ་ནས་སེམས་ཅན་གྱི་དོན་ལ་སྤྱོད་པས་དེ་དག་གི་མགོན་སྐྱབས་སུ་གྱུར་པའི་ཚུལ་དུ་བདག་གཅེས་པར་འཛིན་པ་གཅོད་ཅིང་གཞན་རྒྱུད་ཀྱི་ལྟ་ངན་རྣམས་ཀྱང་གཅོད་པས་ཀྱང་དེ་སྐད་ཅེས་བྱ་སྟེ་འདི་ནི་ཐབས་ཤེས་གཉིས་ཀའི་ཆ་ནས་སོ། །དེར་མ་ཟད་བདུད་ཀྱི་སྒྱུ་འདུལ་བ་ཞེས་པ་དང་། གང་ལའང་ཞེན་པ་ཞེས་སོགས་ཀྱིས་བདུད་གཅོད་ཅེས་པའི་སྒྲ་བཤད་ཀྱང་བསྟན་ཏེ། ས་མཚམས་ཀྱི་ཚུལ་ཡང་། ཆུ་ཡི་ཐིགས་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་ཏུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་པོ་ནས་བཟུང་སྟེ། །བྱང་ཆུབ་བླ་ན་མེད་པ་ཐོབ་པར་འགྱུར་གྱི་བར། །ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་བྱེད་ན། །མཁས་པ་གསལ་བས་བརྩོན་འགྲུས་བརྩམ་པར་རིག་པར་བྱ། །ཞེས་པས་བསྟན་ཏེ། དང་པོའི་སེམས་ཞེས་པ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་ཀྱང་དངོས་གནས་མ་ཡིན་པར་དེ་བསྐྱེད་པའི་འགོ་བརྩམ་པ་ནས་ཡིན་པར་ཆུ་ཡི་ཐིགས་པ་དང་པོར་གསོག་པའི་དཔེས་བསྟན་པ་དང་། དེ་ལྟར་བརྩམས་ནས་ཀྱང་རྫོགས་བྱང་གི་རྒྱུར་འགྱུར་བ་དང་། སེམས་བསྐྱེད་པ་ལས་སེམས་སྐྱེས་པ་ཞེས་མ་གསུངས་པ་དང་། དེ་ནས་བཟུང་རྟོགས་པ་དེ་ལ་བརྩོན་པས་ཞུགས་པ་ཡིན་པར་བསྟན་པ་འདིས། ཐོག་མའི་ས་མཚམས་དང་བླ་ན་མེད་པའི་བྱང་ཆུབ་ཐོབ་ཅེས་པ་དང་། དཀར་པོའི་ཡོན་ཏན་རྫོགས་ནས་སངས་རྒྱས་ཞེས་པས་ཐ་མའི་ས་མཚམས་ཀྱང་བསྟན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་དྲངས་པའི་ལུང་དེ་དག་གིས་དོན་དེ་རྣམས་ཚུལ་དེ་ལྟར་གསལ་བར་བསྟན་པར་རིག་པར་བྱ་སྟེ། ཇི་ལྟར་ནང་གསང་སྔགས་ཀྱི་རྒྱུད་སྡེ་དག་གི་དོན་བཤད་རྒྱུད་སོ་སོས་བཀྲལ་དགོས་པ་བཞིན། ཡུམ་གྱི་དོན་ཉིད་ཀྱང་རྒྱལ་ཚབ་ཆེན་པོའི་མན་ངག་གིས་བཀྲལ་དགོས་པའི་རྒྱུ་མཚན་ཡང་ཤིན་ཏུ་ཟབ་ཅིང་རྟོགས་དཀའ་བས་ཏེ། དེས་ན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ལས་གཞན་ནི། སྦས་དོན་གྱི་ཚུལ་དུ་བསྟན་པ་གཙོ་ཆེ་བས་ན་དེ་འདྲ་ཞིག་ལས་ལྷག་ཏུ་གསལ་བར་སྟོན་པའི་འོས་མེད་པའི་ཕྱིར། འོན་ཏེ་གཞུང་དོན་དཀྱུས་ལ་འཆད་པའི་སྐབས་སུ་སྦྱོར་མཐོང་སོགས་ལམ་གོང་མའི་སྐབས་དང་སྦྱར་ཏེ་བཤད་པའི་རིགས་ཀྱི་འདི་ལྟར་འཆད་པ་མི་རིགས་སོ་ཞེ་ན། སྤྱིར་ན་རྒྱལ་བའི་བཀའ་ནི་བརྗོད་བྱ་རྣམ་པ་ཐམས་ཅད་ཡེ་ནས་བདག་ཉིད་ཡིན་པ་དང་། ཁྱད་པར་ཡུམ་གྱི་མདོ་ནི་གསུང་རབ་ཀུན་གྱི་མཐར་ཐུག་ཡིན་པས་ན་སྔགས་བླ་མེད་ཀྱི་རྒྱུད་དོན་ལ་ཡིད་དཔྱོད་སོགས་ཀྱི་བཤད་པ་མང་དུ་འཇུག་པ་བཞིན། འདི་ལ་ཡང་ཡོངས་གྲགས་ལྟར་དངོས་བསྟན་གྱི་དོན་དང་། དེ་གང་ལའང་གཙོ་ཕལ་དང་དངོས་བསྟན་དང་ཤུགས་བསྟན་གྱི་ཚུལ་སོགས་དུ་མ་ཡོད་པའི་ཕྱིར་གཞན་དུ་ན་དོན་གཅིག་ལས་མི་སྟོན་ན་དངོས་བསྟན་གྱི་ཚུལ་ཁོ་ན་ལས་གཞན་མི་རིགས་པ་དང་། རྒྱ་བོད་ཀྱི་མཁས་པ་དག་གིས་ལས་དང་པོ་པའི་ཉམས་ལེན་ལའང་སྦྱར་ཏེ་རང་རང་གིས་གང་བཤད་པའི་རྒྱབ་སྐྱོར་དུ་ཇི་ལྟར་འོས་པ་དྲངས་པ་ལ་མི་རིགས་པ་མེད་པའི་ཕྱིར། ཚུལ་དེ་ཁོ་ན་ལས་རང་ཅག་ལྟ་བུའི་རྒྱུད་ཚོད་དང་མཐུན་པའི་བསླབ་བྱ་ཅི་ཡང་མི་སྟོན་ན་དེ་ལ་ད་ལྟ་ཐོས་བསམ་བྱེད་པ་ལ་དགོས་པ་མི་འདུག་པའི་ཕྱིར་དང་། གཅོད་འདི་ཡུམ་དོན་གྱི་ཉམས་ལེན་ཡིན་ཚེ་དེའི་རྣམ་བཞག་སྟོན་དགོས་པ་སྨོས་ཀྱང་མ་དགོས་པའི་ཕྱིར་རོ། །དེའི་ཕྱིར་མངོན་རྟོགས་རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་གསུངས་པ་ལྟར་མདོའི་དོན་བསྟན་བཅོས་ཀྱིས་ཇི་ལྟར་བཀྲལ་བ་ལྟར་བརྗོད་བྱ་དངོས་པོ་བརྒྱད་ཀྱི་ཚུལ་དང་སྦྱར་ན། གཅོད་ཉམས་སུ་ལེན་པ་ལ་གཞི་ཕུང་ཁམས་སྐྱེ་མཆེད་དང་ཐེག་པ་གསུམ་གྱི་ལམ་གྱི་ཚུལ་དང་ཤེས་བྱའི་རྣམ་པ་མ་ལུས་པའི་ཡིན་ལུགས་ཚུལ་བཞིན་རྟོགས་དགོས་པ་དང་། གཞི་ཤེས་དང་ལམ་ཤེས་དང་རྣམ་མཁྱེན་གསུམ་གྱི་ཉམས་ལེན་དང་། དེ་ཡང་ཐབས་ཤེས་ཀྱི་རྣམ་པ་རྫོགས་པའམ་ཚང་བར་དམིགས་ཡུལ་དུ་བྱས་པས་ན་རྣམ་རྫོགས་སྦྱོར་བ་དང་། དེ་ལ་སྒོམ་བྱུང་གི་མྱོང་བ་ཐོན་ངེས་པ་བྱས་པས་རྩེ་སྦྱོར་དང་། ཇི་ལྟར་བསླབ་པའི་གོ་རིམ་མི་འཆོལ་བར་བྱེད་པས་མཐར་གྱིས་སྦྱོར་བ་དང་། དེ་ལྟར་བསླབ་པ་ལས་མཐར་དམིགས་རྣམ་གྱི་རིམ་པ་མཐའ་དག་ཡུན་ཐུང་ངུ་ཙམ་ལའང་མངོན་དུ་བྱེད་ནུས་པ་སྐད་ཅིག་གཅིག་སྦྱོར་དང་། འབྲས་བུ་ཆོས་སྐུ་ལ་ཐོབ་བྱར་དམིགས་ཏེ་དེའི་ཐོབ་བྱེད་དུ་སྒོམ་པར་བྱེད་དགོས་པས་ན། དེའི་ཉམས་ལེན་ཀྱང་ཚང་བ་ཡིན་ཏེ། དེང་སང་གི་གཅོད་པ་དག་ཐོས་རྒྱ་ཆུང་རིགས་སུ་འདུག་པས་དོན་དུ་མི་འགྱུར་སྙམ་ནས་དེ་ཙམ་ལས་མ་སྤྲོས་སོ། །གསུམ་པ་གནད་དོན་བསྡུས་ཏེ་བསྟན་པ་ནི། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི། །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པའི། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་པས་བསྒོམ་པར་བྱ་བ་ཡིན། །ཅེས་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་གནས་ཤིང་གཞན་ལ་བསྟན་པའི་ལམ་གྱི་ཚུལ་དམ་པར་གྱུར་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་གང་ཡིན་ཅེ་ན། ཆོས་རྣམས་ཀྱི་གནས་ལུགས་དོན་དམ་པའི་བདག་དང་ཕུང་པོ་དང་རྣམ་རིག་སྟེ་ཤེས་པ་ལ་བདེན་པར་ཞེན་པའི་རྟོག་པ་རྣམས་ཀྱིས་མ་བསྒྲིབ་པའི་ཕྱིན་ཅི་ལོག་གི་བློ་དེས་ཇི་ལྟར་བཟུང་བ་ལྟར་དུ་མ་གྲུབ་པར་རྟག་ཏུ་སྟོང་པ་ཉིད་ཀྱི་མཚན་ཉིད་དམ་རང་བཞིན་དུ་གནས་པ་དེའི་དོན་རྟོགས་པའི་ཡེ་ཤེས་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ཡང་སྙིང་རྗེ་ཆེན་པོས་རབ་ཏུ་བརླན་པའི་སེམས་ཀྱི་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བསྒོམ་པར་གསུངས་པ་ལྟར། སྐབས་འདིར་ཡང་དོན་དམ་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་སྟོང་པའི་ཚུལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་གཏན་ལ་ཕབ་ནས་མཉམ་བཞག་ཏུ་དེའི་ངང་སྐྱོང་ཞིང་། རྗེས་ཐོབ་ཏུ་ཆོས་རྣམས་མ་ལུས་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་བལྟ་ཞིང་དེར་མ་ཟད་ཨཱཪྻ་དེ་ཝའི་གཅོད་ཀྱི་རྒྱ་གཞུང་ལས། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བར་བྱ། །ཞེས་པ་ལྟར་གནས་ལུགས་མངོན་དུ་བྱ་བའི་ཐབས་དམ་པ་ཆོས་འདིའི་སྒོས་ཆོས་ལྟ་བུར་གྱུར་པ་དབྱིངས་རིག་བསྲེ་བའི་མན་ངག་གིས་དོན་དམ་པའི་གནས་ལུགས་ཐད་སོར་མངོན་དུ་བྱེད་པའི་ཚུལ་གྱིས་ཀྱང་རྟོགས་པ་དེའི་བོགས་འབྱིན་པ་སྟེ། དེས་ན་བློ་ཆུང་དབང་རྟུལ་དག་གིས་སྟོང་པ་ཉིད་ཀྱི་དོན་དཔྱད་པས་རིམ་གྱིས་གཏན་ལ་འབེབས་པ་དང་། བློ་ཆེན་དབང་རྣོན་རྣམས་ཀྱི་ནམ་མཁའ་སྒོ་འབྱེད་ལྟ་བུའི་དབང་དུས་ཀྱི་བརྡ་ཐབས་དང་དབྱིངས་རིག་བསྲེ་བའི་ཐབས་ལས་ཅིག་ཅར་དུ་མངོན་དུ་བྱེད་པའི་ཚུལ་གཉིས་སུ་བྱེད་ནའང་སྔོན་རབས་མཁས་པའི་དབང་པོ་རྣམས་ཀྱི་དགོངས་པར་དོན་གྱིས་སོང་མོད། མདོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟག་དེ་ཉིད་བསྒོམ་པ་ནི། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་པ་ལྟར་གཏེར་ཆེན་ཆོས་རྗེ་རང་གི་ཞལ་སྔ་ནས་ནི། ལས་དང་པོ་པའི་དུས་སུ། མིང་གི་གདགས་གཞི་བཙལ་བ་ཞེས་སོགས་ཀྱིས་ས་བཅད་གནང་ནས་བརྟག་ཅིང་དཔྱད་དེ་གཏན་ལ་འབེབས་པ་འདི་ཁོ་ན་གཙོ་བོར་མཛད་དེ། དེ་གཅིག་པུ་ཙམ་མ་ཡིན་པར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཐབས་ལ་ནན་ཏན་བྱེད་ཅིང་། དེ་ལས་བདག་ཏུ་འཛིན་པའམ་གཅེས་འཛིན་གྱི་བློ་གང་ལ་བརྟེན་ནས་སྐྱེ་བའི་གཞིའི་གཙོ་བོ་བདག་གི་ལུས་ཆགས་འཛིན་མེད་པར་གཏོང་བའི་སྦྱིན་པའི་ཉམས་ལེན་ཉིད་གཙོ་བོར་བཟུང་ནས་དེ་ལ་ཕར་ཕྱིན་གཞན་གྱི་ཉམས་ལེན་གྱི་གནད་ཀྱང་ཚང་བར་བྱས་ཏེ་ཡར་མར་གྱི་ཞིང་ལ་མཆོད་སྦྱིན་གྱི་རིམ་པའམ་སྟབས་གཅིག་ཏུ་བྱེད་པའི་སྒོ་ནས་ད་ལྟ་རང་ཅག་ལྟ་བུ་ལས་དང་པོ་པའི་དུས་ནས་ཀྱང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ་སྟེ། དེའི་ཚུལ་ཐུན་མོང་མ་ཡིན་པ་ནི་འགྱེད་བཞིའི་དམིགས་པ་སྦྱོང་བ་འདི་ཡིན་ཏེ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་ཚུལ་དུ་གོམས་པར་བྱེད་པ་ནི་གཅོད་ལ་རྣལ་འབྱོར་དུ་བྱ་བའི་ཚུལ་ཡིན་ཏེ། གཅོད་ཀྱི་རྒྱ་གཞུང་ལས། གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་བླང་དོར་རེ་དོགས་ཀྱང་། །མཐའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་བ་བྱས་གྱུར་ཀྱང་། །ཚེ་འདི་ཉིད་ལ་གྲོལ་མི་འགྱུར། །དེས་ན་འདུས་བྱས་འདུས་མ་བྱས། །དཀར་དང་ནག་པོའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་འགྱུར་རོ། །འོན་ཀྱང་ཐབས་ལ་མ་བརྟེན་པར། །ཤེས་རབ་མངོན་དུ་མི་འགྱུར་རོ། །སོ་ནམ་སྔོན་དུ་མ་སོང་བར། །ལོ་ཏོག་མི་འབྱུང་བ་དང་མཚུངས། །ཞེས་གསུངས་པ་ཡིན་ནོ། །དེས་ན་གཅོད་འདི་ནི་བྱང་ཆུབ་སེམས་དཔའི་ལམ་མ་ནོར་བ་ཡིན་ཏེ། གཱ་ཡ་གོ་རི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་གཉིས་ཏེ། གཉིས་གང་ཞེ་ན་ཐབས་དང་ཤེས་རབ་བོ། །ཞེས་གསུང་པ་ལྟར་རོ། །གཞན་ཡང་དབུ་མ་རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐར་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པ་དང་། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ་ཁྱབ་པའི་སྙིང་རྗེ། མཐའ་གཉིས་ལ་མི་བརྟེན་པའི་ལྟ་བ་སྟེ་བླ་མེད་བྱང་ཆུབ་ཀྱི་རྒྱུའི་ཆོས་སུ་གསུངས་པའི་ཉམས་ལེན་གྱི་གནད་ཀྱང་ཚང་བ་དང་ཞིབ་པར་དབུ་མ་སྙིང་པོ་ལས། བྱང་ཆུབ་སེམས་ནི་མི་གཏོང་དང་། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །དེ་ཉིད་ཤེས་པ་འཚོལ་བ་ནི། །དོན་ཀུན་གྲུབ་པའི་སྤྱོད་པ་ཡིན། །ཅེས་པ་དང་ཚུལ་མཐུན་པས་ན་དེ་ལྟར་བསླབ་པར་བྱ་སྟེ། དེ་ལས་བྱང་ཆུབ་ཀྱི་སེམས་མི་གཏོང་ཚུལ། བྱམས་པ་དང་ནི་སྙིང་རྗེ་དང་། །ཤེས་པ་ཆེན་པོས་བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང་། །ཞེས་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་། ཐབས་ཀྱི་ཤེས་པ་ཆེན་པོ་ཕྱག་འཚལ་བ་སོགས་ཡན་ལག་བདུན་གྱིས་མཚོན་དགེ་བའི་རྩ་བ་དུ་མ་བསྐྱེད་པ་དང་། ཤེས་རབ་ཀྱི་ཤེས་པ་ཆེན་པོ་ཆོས་རྣམས་བདེན་པའི་མཚན་མ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་སྟེ། དེ་དག་གིས་བརྒྱན་བྱང་ཆུབ་ཀྱི་རྒྱུ་ཡིན་པས་དེ་མི་གཏོང་ཚུལ་སྣང་དང་། ཚུལ་ཇི་ལྟར་ན། བློ་ལྡན་སྙིང་སྟོབས་ཆེ་བ་དང་། གཞན་གྱི་སྡུག་བསྔལ་མི་བཟོད་ཅིང་། །ཡང་དག་བརྩོན་འགྲུས་རྩོམ་པ་དང་། །མཐུ་དང་ལྡན་ཅིང་མཁས་པ་ནི། །ཤེས་རབ་སྣང་བ་མེད་པ་ཡིས། །འཇིག་རྟེན་ཀུན་ལ་བལྟ་བྱས་ནས། །འཁོར་བ་མི་གཙང་ས་འོག་ནས། །བདག་ཉིད་བརྒལ་ནས་བསྒྲལ་བར་རིགས། །ཞེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་དང་ལྡན་པ་དང་། བདུད་དང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཕྱེད་ཅིང་བརྟན་པའི་སེམས་དང་ལྡན་པའི་སྙིང་སྟོབས་ཆེ་བ་དང་། གཞན་སྡུག་བསྔལ་བས་བདག་ཉིད་སྡུག་བསྔལ་བར་གྱུར་པ་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པ་དང་། དགེ་བའི་ཆོས་ལ་བརྩོན་འགྲུས་བརྟན་པར་རྩོམ་པ་དང་། བདག་དང་གཞན་གྱི་དོན་བྱེད་ནུས་པའི་མཐུ་དང་ལྡན་པ་དང་། དེ་ལྟ་བུའི་མཁས་པ་དེས་ནི་ཤེས་རབ་ཀྱི་སྣང་བ་དང་བྲལ་བའི་འཇིག་རྟེན་སེམས་ཅན་གྱི་ཚུལ་ལ་ཡང་དང་ཡང་དུ་བརྟགས་ནས་འཁོར་བ་མི་གཙང་བའི་ས་འོག་ལྟ་བུ་ལས་བདག་ཉིད་བརྒལ་ཏེ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ཐོག་མར་རང་དོན་མཐར་ཕྱིན་པར་བྱེད་པ་དང་། དེ་ནས། གང་ཞིག་ཤེས་རབ་མཚོན་རྣོན་གྱིས། །འཆིང་བ་ཀུན་བཅད་གྲོལ་གྱུར་པ། སྙིང་རྗེའི་བདག་ཉིད་ལྡན་པ་ཡིས། །གང་ཕྱིར་མགོན་ཕྱིར་སྡུག་བསྔལ་བ། །འཁོར་བའི་བཙོན་ར་མི་བཟད་པར། །འདོད་ཆགས་ལ་སོགས་སྒྲོག་གིས་བཅིང་། །བག་མེད་པ་ཡི་ཆང་བཏུང་ནས། །གཏི་མུག་གཉིད་ཀྱིས་ལོག་པ་དང་། །རྣམ་པར་རྟོག་པའི་ཆོམ་རྐུན་གྱིས། །དགེ་ཚོགས་མ་ལུས་བརྐུས་པ་དག། གལ་ཏེ་གྲོལ་བར་མི་བྱེད་ན། །མཐུ་ལྡན་མཐུས་ནི་ཅི་ལ་ཕན། །ཞེས་ཤེས་རབ་ཀྱི་མཚོན་རྣོན་པོས་བདག་རྒྱུད་ཀྱི་འཆིང་བ་ཀུན་བཅད་ཅིང་གྲོལ་བར་གྱུར་པ་སྙིང་རྗེའི་བདག་ཉིད་དང་ལྡན་པ་ཡིས། མགོན་མེད་ཅིང་འཆི་འཕོ་བ་ལ་སོགས་པ་འཁོར་བའི་བཙོན་ར་མི་བཟད་པར་འདོད་ཆགས་སོགས་ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པས་སྒོ་གསུམ་བག་མེད་པ་དང་། ལེ་ལོ་ཆང་དང་འདྲ་བས་ཀུན་ཏུ་མྱོས་པར་གྱུར་པ་གཏི་མུག་གི་གཉིད་ཀྱིས་ལོག་པར་འདོད་པ་དང་། གནོད་སེམས་སོགས་རྣམ་པར་རྟོག་པའི་ཆོམ་རྐུན་གྱི་དགེ་ཚོགས་མ་ལུས་བརྐུས་པའི་སེམས་ཅན་གལ་ཏེ་གྲོལ་བར་མི་བྱེད་ན་མཐུ་དང་ལྡན་པའི་མཐུས་ནི་ཅི་ལ་ཕན་ཏེ་ཕན་པར་མི་འགྱུར་བས་ན་དེས་ན་སེམས་ཅན་རྣམ་པར་སྒྲོལ་བར་བྱའོ་ཞེས་གཞན་དོན་ཡོངས་སུ་སྒྲུབ་པ་དང་། གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་དག་གིས་ནི། །རྨ་ལ་འབྱར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་དེ་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་འདས་ལས་གཞན་ཅི་ཡོད། །ཅེས་གཞན་དོན་སྒྲུབ་ཚུལ་ཡང་སྔོན་ཆད་ཀྱི་དུས་སུ་ཉོན་མོངས་པའི་ཉེས་པའི་གདོན་གྱིས་བརླམས་པ་སྟེ། རྒྱུད་བརླམས་པ་དག་གིས་ནི། དཔེར་ན་མཚོན་ལ་སོགས་པས་སྨས་པའི་རྨ་ལ་འབྱར་བྱེད་ཚྭའི་ཁུ་བ་རྣོན་པོ་འདེབས་པ་བཞིན་དུ་རང་ཉིད་སྡུག་བསྔལ་གྱི་ནད་ཀྱིས་གདུངས་བཞིན་པའི་སེམས་ཅན་གང་དག་ཡིན་པ་དེ་དག་ལ་དེའི་སྟེང་དུ་གནོད་པ་སྣ་ཚོགས་བྱས་ཏེ་སྡུག་བསྔལ་བར་བྱས་ལ། སྐྱེ་བ་གཞན་དང་གཞན་དུ་སེམས་ཅན་དེ་དག་གིས་བདག་ལ་བྱམས་པ་དང་བསྙེན་བཀུར་གྱིས་ཕན་པ་མཐའ་ཡས་པ་དུ་མ་བསྒྲུབ་པ་དེ་དག་ལ་ལན་དུ་ཕན་གདགས་པ་ནི་མྱ་ངན་ལས་འདས་པའི་གོ་འཕང་ལ་འགོད་པ་ལས་གཞན་ཅི་ཞིག་ཡོད་དེ་མེད་པས་ན་དེ་ལ་འགོད་པར་བྱ་དགོས་སོ། །དེ་ནས་ཐུབ་པ་རྒྱལ་བ་སྲས་བཅས་ཀྱིས་བཀགས་ཏེ་སྤྱོད་པ་བརྟེན་ཚུལ། དེ་ལྟར་འགྲོ་ལ་ཕན་པའི་ཕྱིར། །བྱང་ཆུབ་ཆེན་པོ་བརྟན་བླངས་པའི། །ཚུལ་དང་མཐུན་པའི་ལམ་ཉིད་དུ། །རབ་ཏུ་ཞུགས་པ་རྣལ་འབྱོར་མས། །ཞེས་མདོར་བསྟན་ནས། དེའི་ཚུལ་རྒྱས་པར་བཤད་པ་ལ། དེ་ནི་བྱམས་པ་གནོད་མེད་དང་། །སྙིང་རྗེས་ཕན་པ་སྒྲུབ་པ་ཡིན། །དམ་ཆོས་རྟོགས་པས་ངོམས་མེད་དང་། །ཆོས་སྦྱིན་པ་ལ་སེར་སྣ་མེད། །ཅེས་བྱམས་པས་སེམས་ཅན་རྣམས་བདེ་བ་ལ་འགོད་དེ་ཡོངས་སུ་བསྐྱབ་པར་འདོད་པས་གནོད་སེམས་མེད་པ་དང་། སྙིང་རྗེས་གཞན་སྡུག་བསྔལ་ཅན་དག་དེ་དང་བྲལ་ནས་ཕན་པ་བསྒྲུབ་པར་འདོད་པས་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་རྟོགས་པ་ལ་ཉིན་མཚན་ཀུན་ཏུ་བརྩོན་ཞིང་ངོམས་པ་མེད་པ་དང་། སེམས་ཅན་ཀུན་ལ་ཆོས་ཀྱི་སྦྱིན་པ་སེར་སྣ་མེད་པར་བྱེད་པ་སྟེ་གཞན་དོན་བྱེད་པའི་བསམ་སྦྱོར་ཕུན་ཚོགས་དང་ལྡན་པ་དང་། ཡང་། དྲང་དང་ང་རྒྱལ་བཅོམ་པ་དང་། །ཡིད་ཀྱིས་དེ་ཉིད་བལྟ་བ་དང་། །གཞན་སྐྱོན་རྟོག་པ་ལོང་བ་དང་། །རང་སྐྱོན་བྱུང་བས་འཇིགས་པ་ཡིན། །ཅེས་གཡོ་སྒྱུ་དང་བྲལ་བས་དྲང་བ་དང་། ཁེངས་པའི་ཡིད་ཀྱི་ང་རྒྱལ་བཅོམ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཇི་ལྟ་བ་བཞིན་མཐོང་བའི་ཡིད་ཀྱིས་དེ་ཉིད་བལྟ་བ་དང་། གཞན་གྱི་སྐྱོན་ལ་མི་རྟོག་པ་དང་། བདག་གི་སྐྱོན་ཁ་ན་མ་ཐོ་བ་ཆུང་ངུས་ཀྱང་འཇིགས་པར་བལྟ་བ་སྟེ་ནང་གི་བསམ་པ་རྣམ་པར་དག་ཚུལ་དང་། རྩོད་དང་འཇིག་རྟེན་འདུ་འཛི་དང་། །འཇིག་རྟེན་རྒྱང་འཕེན་རྒྱབ་ཀྱིས་ཕྱོགས། །ཡོན་ཏན་མེད་ལའང་ཡོན་ཏན་གྱི། །རྒྱན་རྣམས་སྐྱེ་བར་རྟག་ཏུ་གུས། །ཞེས་རང་གཞན་གྱི་ཕྱོགས་བཟུང་སྟེ་རྩོད་ཅིང་མཚང་འདྲུ་བ་སོགས་དང་། འཇིག་རྟེན་གྱི་འདུ་འཛི་ཆོས་མ་ཡིན་པའི་བྱ་བ་དང་། སྐྱེ་བོ་ཕལ་པ་དང་ལྷན་ཅིག་པར་དོན་མེད་པའི་ལས་རྫོགས་པར་བྱེད་པ་དང། ཡང་དག་པའི་ལུགས་དང་བྲལ་བར་ཚེ་ཕ་རོལ་མེད་པའི་གསང་ཚིག་སྨྲ་ཞིང་ཕྱི་མ་དོན་དུ་མི་གཉེར་བའི་འཇིག་རྟེན་རྒྱང་འཕེན་གྱི་ཚུལ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། སྐྱེ་བོ་ཡོན་ཏན་མེད་པ་ལའང་དེ་བཞིན་གཤེགས་པའི་སྙིང་པོ་དང་ལྡན་པར་ཤེས་ནས། འདི་ཡང་དུས་གཞན་ན་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་རྟག་ཏུ་གུས་པ་མི་ལྷོད་པར་བྱ་བ་སྟེ་ཕྱིའི་ཀུན་སྤྱོད་ཚུལ་མཐུན་དང་ལྡན་པ་དང་། དེ་ལྟར་བསམ་སྦྱོར་གྱི་སྒོ་ནས་སྤང་བླང་གི་རིམ་པ་རྣམས་མ་འཛོལ་བར་བྱས་ནས་སྤྱོད་པའི་ཚུལ་དངོས་ལ། སྙིང་རྗེས་བསྐྱེད་པའི་སྦྱིན་པ་དགསྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཀྱི། །སྡུག་བསྔལ་ཆུ་བོ་ཀུན་ཞིའི་ཕྱིར། །ཐམས་ཅད་མཁྱེན་ཉིད་འདོད་པ་བསྐྱེད། །ཅེས་ལན་དང་རྣམ་སྨིན་ལ་མི་རེ་བ་སྙིང་རྗེ་འབའ་ཞིག་གིས་བསྐྱེད་པ་སྟེ་ཀུན་ནས་བསླང་བའི་སྦྱིན་པ་གཏོང་བ་དང་། དེ་ཡང་དོན་གང་གི་ཕྱིར་ན་སྐྱེ་གནས་བཞིས་བསྡུས་པའི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱ་ཕྱིར་དང་། གང་གི་ཆེད་དུ་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཉིད་བསྒྲུབ་པར་འདོད་པའི་ཚུལ་དུ་གཏོང་བ་སྟེ། འདིར་ཡང་དེ་ལྟར་སྦྱིན་པས་གཙོར་བྱས་ཏེ་བསྟན་པ་གཅོད་ཀྱི་ལུགས་དང་དགོངས་པ་མཐུན་ལ། དེ་ནས་ཕྱིར་རོལ་པའི་དྲང་སྲོང་དག་ནི་ཁྲུས་དང་། སེ་རལ་ཕྲེང་བ་དང་རལ་པ་དང་ཤིང་ཤུན་དང་པགས་པ་དང་རིལ་བ་དང་རྩྭ་སྟན་ལ་སོགས་རྣལ་འབྱོར་པའི་རྟགས་འཆང་ཞིང་། འབྲས་བུ་དང་རྩ་བ་ཟ་བ་དང་། རང་གི་ལྷ་ཉིད་མགུ་བར་བྱེད་པ་དང་མེད་ལ་ཉེ་བར་བསྟེན་པ་དང་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པར་བྱེད་པ་དང་ཆོས་མཚུངས་སུ་ཚུལ་ཁྲིམས་སོགས་བསྟན་པ། ཚུལ་ཁྲིམས་དྲི་མེད་ཆུ་ཁྲུས་དང་། །བཟོད་པའི་སེ་རལ་ཕྲེང་བ་དང་། །བརྩོན་འགྲུས་རལ་པའི་ཁུར་བཅིངས་དང་། །བསམ་གཏན་ཤེས་པ་ལྷུར་ལེན་དང་། །ཞེས་ཕར་ཕྱིན་ཐ་མ་ལྔ་པོ་དང་། དེའི་ཡན་ལག་ཏུ་དགེ་བའི་ཚོགས་གཞན་དག་ཀྱང་བསྐྱེད་པ། བློ་མིག་ལེགས་པར་འབྱེད་པ་དང་། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས། །ངོ་ཚ་ཁྲེལ་ཡོད་གོས་དང་ནི། །དེས་པའི་སྐེ་རག་བཅིང་བ་དང་། །སྙིང་རྗེའི་པགས་པ་གནག་འཆང་ཞིང་། །དད་དང་དྲི་མེད་རིལ་བ་དང་། །དྲན་པས་དབང་པོའི་སྒོ་སྲུང་ཞིང་། །བརྟན་པ་སྦ་སྟེགས་སྟན་ལ་འདུགཅེས་བདེན་པ་གཉིས་ཀྱི་འདུ་ཤེས་བློ་མིག་འབྱེད་པ་དང་། ནང་པའི་བསྟན་བཅོས་ཀྱི་དོན་ཤེས་པ་དང་། བླ་མ་ལ་གུས་པས་ཕྱག་འཚལ་བ་དང་། གྲོགས་དང་མཛའ་བཤེས་དག་གི་བློ་དང་མཐུན་པར་སྒྲུབ་པ་སོགས་འཇིག་རྟེན་ཤེས་པ་དང་། ངོ་ཚ་ཁྲེལ་ཡོད་ཀྱི་གོས་ཤིང་ཤུན་ལྟར་གྱོན་པ་དང་། ཞི་ཞིང་དེས་པའི་འགྲོགས་ན་བདེ་བ་ཉིད་སྐེ་རག་དམ་པོ་བཅིང་བ་དང་། སེམས་ཅན་ལ་ཕན་པར་འདོད་པའི་སྙིང་རྗེའི་གཡང་གཞི་ནག་པོ་ལྟ་བུ་འཆང་ཞིང་། སངས་རྒྱས་ཀྱི་ཆོས་ལ་དད་པའི་རིལ་བ་སྤྱི་བླུགས་དང་ལྡན་པ་དང་། དགེ་བའི་ཆོས་ཀྱི་རྣམ་པ་མི་བརྗེད་པའི་དྲན་པས་དབང་པོའི་སྒོ་བསྲུང་བ་དང་། བདུད་ལ་སོགས་པས་མི་ཕྱེད་པའི་བསམ་པ་བརྟན་པའི་སྦ་སྟེགས་ཏེ་རྩྭ་ལ་སོགས་པ་རྣལ་འབྱོར་དང་རྗེས་སུ་མཐུན་པའི་སྟན་ལེགས་པ་ལ་འདུག་པ་དང་། དེ་ལ་བརྟེན་ནས་ཡོན་ཏན་གྱི་འབྱོར་པ་ལ་སྤྱོད་ཚུལ། ཐེག་པ་ཆེན་པོའི་དགའ་ཆེན་གྱི། །དཀའ་ཐུབ་ནགས་ཚལ་ཡང་དག་བརྟེན། །བསམ་གཏན་དགའ་བའི་འབྲས་བུ་གསུམ། །དྲན་པ་ཉེར་བཞག་སྤྱོད་ཡུལ་ཅན། ཅེས་གནས་སྐབས་དང་མཐར་ཐུག་གི་ཕུན་ཚོགས་བསྐྱེད་པ་དང་རྣམ་ཐར་དང་མངོན་པར་ཤེས་པ་ལ་རྣམ་པར་རྩེར་བའི་དགའ་བ་ཆེན་པོ་དང་ལྡན་པ་དང་། བསྐལ་པ་གྲངས་མེད་དུ་དཀའ་བ་སྤྱད་ནུས་པའི་སྙིང་སྟོབས་ཆེན་པོ་དང་ལྡན་པའི་ནགས་ཚལ། བྱང་ཆུབ་ཀྱི་ལམ་གྱི་ཡན་ལག་གི་མེ་ཏོག་རྒྱས་ཤིང་མཉམ་པ་མེད་པའི་བྱང་ཆུབ་ཀྱི་འབྲས་བུས་བརྒྱན་པ་ཉོན་མོངས་པའི་གཅན་གཟན་དང་སྲིན་པོའི་ཚོགས་དང་བྲལ་བ་དང་། དགེ་བ་དཔག་ཏུ་མེད་པའི་རྩི་བའི་ཚོགས་རྣམ་པར་མཛེས་པ་ཡང་དག་པར་བརྟེན་པ་དང་། བསམ་གཏན་གྱི་ཏིང་ངེ་འཛིན་དང་ལྡན་པའི་དགའ་བའི་འབྲས་བུ་ཟ་བ་དང་། དྲན་པ་ཉེར་བཞག་བཞིའི་སྤྱོད་ཡུལ་དང་ལྡན་པ་དང་། དེ་ལ་ཕྱི་ནང་གི་རྒྱུ་ཚོགས་བརྟེན་ཚུལ། ཟབ་དང་རྒྱ་ཆེའི་མདོ་སྡེ་མཐའ། །འདོན་ཅིང་སྡིག་པ་བཅོམ་པ་དང་། །བདེན་པ་གཉིས་ལ་བརྟེན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཉི་བཤད་ཟློས། །ཞེས་ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་པའི་ཡུམ་ཤེར་ཕྱིན་ལ་སོགས་པའི་མདོ་སྡེ་ཀློག་ཅིང་ཁ་ཏོན་དུ་བྱེད་པ་དང་། དེས་སྡིག་སྒྲིབ་མ་ལུས་པ་བཅོམ་པ་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་པ་ཡི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་རྒྱལ་བ་རྫོགས་པའི་སངས་རྒྱས་འཇིག་རྟེན་གསུམ་གྱི་ཉི་མ་མཆོག་དེས་བཤད་པ་ཟློས་པ་སྟེ་གཞན་སྟོན་པ་དང་། སྒྲུབ་པའི་མེ་ཏོག་སྔགས་ལྡན་པ། །ཕྱོགས་རྣམས་ཀུན་ཏུ་དྲིས་ཁྱབ་པས། །རྫོགས་པའི་སངས་རྒྱས་ཉི་མ་ལ། །ཉིན་བཞིན་བསྙེན་བཀུར་བྱེད་པ་དང་། །སོ་སོར་རྟོག་པའི་མེ་ཐབ་ཏུ། །མི་དགེའི་རྟོག་པ་ཀུན་ཏུ་བསྲེག། ཅེས་ཡུལ་འདོད་པ་སྣ་ཚོགས་པ་ཕྱིར་ཟློག་གི་སོ་སོར་རྟོག་པའི་མེ་ཐབ་ཏུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་བུད་ཤིང་དུམ་གྲུབ་མ་ལུས་པ་ཀུན་ཏུ་བསྲེག་པ་དང་། མཇུག་བསྡུ་བ་ལས། བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །དེ་ལྟར་ཐུབ་པའི་བརྟུལ་ཞུགས་སྤྱོད། །ཅེས་གསུངས་ལ། དེ་ནས་དེ་ཁོ་ན་ཉིད་འཚོལ་བ་ལ། གང་ལ་ཤེས་པའི་མིག་ཡོད་པ། །དེ་ལ་མིག་ཡོད་གཞན་མ་ཡིན། །དེས་ན་གང་ཕྱིར་བློ་ལྡན་དག། དེ་ཉིད་ཤེས་པ་འཚོལ་ལ་བརྩོན། །ཞེས་རྒྱུ་མཚན་དང་བཅས་ནས་དེ་ཁོ་ན་ཉིད་ཀྱི་ལྟ་བ་འཚོལ་ཚུལ་རྒྱས་པར་གསུངས་ཏེ། དེ་ལྟར་རྒྱལ་བའི་སྲས་ཀྱི་བསམ་སྦྱོར་སྤྱིའི་ཚུལ་འཕགས་ཡུལ་གྱི་མཁས་པའི་གསུང་ཚིག་སྙན་ཅིང་དོན་ཟབ་པ་ལ་ཡིད་རབ་ཏུ་སྤྲོ་བར་གྱུར་ནས་སྐབས་དོན་དང་སྦྱར་ནས་བཤད་དེ། ཁྱད་པར་གཅོད་པར་རློམས་པ་དག་སྤྱོད་པ་ཤིན་ཏུ་རྩིང་བས་ན་སྤྱོད་པའི་ཚུལ་འདི་ཤིན་ཏུ་གལ་ཆེ་བས་བརྟུལ་ཞུགས་ཀྱི་ལེའུའི་ཚིག་ཚང་བར་དྲངས་ཏེ་བཤད་པ་སྟེ། མ་གཅིག་གིས་ཀྱང་སྤྱོད་པའི་ཚུལ་ཞིབ་པར་དགོས་ཚུལ་མང་དུ་གསུངས་པ་དང་། ཨོ་རྒྱན་ཆེན་པོས། ང་ལྟ་བ་ནམ་མཁས་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་པ་དང་། རྣམ་ཐར་སྦ་བཞེད་ལས་སྔགས་ཀྱི་མཁན་པོ་པདྨ་འབྱུང་གནས་གཤེགས་ཁར་བྲག་དམར་འོམ་བུའི་ཚལ་དུ་བཙད་པོ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་ཕྲེང་བ་བཤད་ནས། རྒྱལ་པོ་ཆེན་པོ། ངའི་གསང་སྔགས་འདི་ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་ལ་སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ཅིགསྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་། ཆད་ལྟ་སྐྱེས་ནས་ཕྱིས་གསོར་མི་རུང་། ལྟ་བའི་ཕྱོགས་སུ་སྤྱོད་པ་འབྲང་ན་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་ཤས་ཆེ་སྟེ། མ་འོངས་པ་ན་ཚིག་གི་ལྟ་བ་ནི་ཤེས། དོན་རྒྱུད་ལ་ཁེལ་པའི་ལྟ་བ་དངོས་ནི་མ་རྙེད་པར་མང་པོ་ཞིག་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྟ་སྤྱོད་ཡ་བྲལ་བའི་འདྲ་མིན་འགས་སེམས་ཅན་མང་པོའི་དོན་བྱེད་པ་ཡོང་སྟེ། གང་ཟག་གིས་བཅོས་མའི་འདྲ་མིན་མང་བས་བྱིན་རླབས་ཉམས་ཏེ་རྟོགས་པ་ཅན་ཉུང་། ཞེས་གསུངས་པའི་དོན་ལ་བློ་གྲོས་ཞིབ་མོས་དཔྱད་ནས་ཉམས་སུ་བསྟར་བར་བྱའོ། །ཡང་གཅོད་འདི་ཆོས་གང་དང་ཡང་བསྟུན་དུ་རུང་བར་གསུངས་པ་ལྟར་དཔལ་མཉམ་མེད་ཇོ་བོ་ཆེན་པོའི་ལུགས་སྲོལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་སྦྱར་ན། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་གསུངས་པ་ལྟར་གཅོད་ཉམས་སུ་ལེན་པ་ལ་ཚེ་འདིའི་ཞེན་པ་གཅོད་པ་གལ་ཆེ་བས། འདིའི་སྔོན་འགྲོའི་རིམ་པ་ལས་དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པའི་ཚུལ་ལ་བསམ་ཞིང་ངན་འགྲོ་གསུམ་གྱི་སྡུག་བསྔལ་མཐོང་ནས་དེ་ལ་སྐྲག་པས་དགེ་སྡིག་གི་བླང་དོར་བྱས་ཏེ་མཐོ་རིས་ཀྱི་བདེ་བ་ཙམ་ཐོབ་པའི་ཐབས་ལ་ཞུགས་པ་སྐྱེས་བུ་ཆུང་ངུའི་ལམ་དང་། དེ་ཉིད་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་སྲིད་པའི་བདེ་འབྱོར་ལ་སྐྱོན་དུ་མཐོང་ནས་སྐྱོ་ངལ་སྐྱེས་ཏེ་རྒྱབ་ཀྱིས་ཕྱོགས་ཤིང་སྡིག་པའི་ལས་ལས་རྣམ་པ་ཀུན་ཏུ་ལྡོག་པའི་བདག་ཉིད་ཅན་གྱིས་སྐྱེས་བུ་རང་ཉིད་འབའ་ཞིག་གི་ཕྱིར་ཞི་བདེ་ཙམ་དོན་དུ་གཉེར་བ་དེ་ནི་འབྲིང་དུ་གསུང་པ་ལྟར། གཅོད་འདི་ཐར་པའི་ལམ་ཡང་དག་པ་ཡིན་པས་ན་འཁོར་བ་མཐའ་དག་གི་ཉེས་དམིགས་ལ་བསམ་ནས་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་ཐར་འདོད་བཅོས་མིན་བསྐྱེད་པ་སྐྱེས་བུ་འབྲིང་གི་ལམ་དང་། དེ་ཉིད་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་རང་རྒྱུད་ལ་གནས་པའི་སྡུག་བསྔལ་གྱིས་རང་མནར་བ་མི་བཟོད་པའི་ཚུལ་རྟོགས་ནས་རང་ཉམས་ལ་དཔག་སྟེ་གཞན་གྱི་སྡུག་བསྔལ་བག་ཆགས་དང་བཅས་པ་ཀུན་ཡང་དག་པར་ཟད་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་དེ་ནི། སྐྱེས་བུ་ཆེན་པོར་གསུངས་པ་ལས། མ་གཅིག་གིས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ངའི་ཆོས་ལུགས་ཀྱི་སྲོག་ཤིང་ཡིན་པས། ཞེས་གསུངས་པ་ལྟར་བྱམས་སྙིང་རྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཙོ་བོར་བྱས་ནས། དངོས་གཞི་སྐྱེས་བུ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ལམ་དང་འབྲེལ་བ་ལམ་སྒྲོན་ལས་ཀྱང་སྔགས་ལ་འཇུག་པའི་ཚུལ་གསུངས་པ་དང་མཐུན་པ་ཡིན་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཚང་བ་ཡིན་ནོ། །ཡང་། རྗེ་འཆད་ཁ་བའི་ལུགས་ཀྱི་དོན་བདུན་མར། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱང་གི་དམ་ཚིག། བློ་སྦྱང་གི་བསླབ་བྱ་སྟེ་དོན་ཚན་བདུན་གྱི་ས་བཅད་མཛད་པ་ལས། ས་བཅད་དང་པོ་གཉིས་ནི་འདིའི་སྔོན་འགྲོ་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་ཚུལ་དུ་འདུ་ལ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ལ། བློ་སྦྱོང་ལས། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་སྦྱོར། །ཞེས་བསམ་པ་བྱང་ཆུབ་ཀྱི་སེམས་དང་སྦྱོར་བ་བསགས་སྦྱོང་གཉིས་ཀྱི་སྒོ་ནས་ལམ་དུ་ཁྱེར་ཚུལ་གསུངས་པའང་འདིར་ཚང་ལ། ཁྱད་པར་གཉན་སར་འགྲིམས་ནས་མ་སློང་བ་སློང་། སླང་བ་བཀོལ། བཀོལ་བ་ཚར་ཕྱིན་པར་བྱེད་པ་ཡིན་ལ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལས། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་འཕེན་གོམས་ས་བོན་སུན་འབྱིན་སྨོན་ལམ་གྱི་སྟོབས་དང་ལྔ་ལས། དང་པོ་འཕེན་པའི་སྟོབས་ནི། དེང་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་སངས་མ་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་མན་ངག་ཟབ་མོ་བདུད་གཅོད་ཀྱི་ཉམས་ལེན་འདི་དང་མི་འབྲལ་བར་བྱའོ་སྙམ་དུ་འཕེན་པ་བཏང་བ་དང་། གཉིས་པ་གོམས་པའི་སྟོབས་ནི། འཕེན་པ་ཇི་ལྟར་བཏང་བ་བཞིན་དུ་རྒྱུད་ཐོག་ཏུ་བཀལ་ཏེ་ཡང་ཡང་གོམས་པར་བྱེད་པ་དང་། གསུམ་པ་དཀར་པོའི་ས་བོན་གྱི་སྟོབས་ནི། དེ་ལྟ་བུའི་ཉམས་རྟོགས་རྒྱུད་ལ་སྐྱེ་བའི་ཕྱིར་དུ་ཅི་ནུས་སུ་ཚོགས་གསོག་པ་དང་། བཞི་པ་སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་སོགས་ལམ་དེའི་མི་མཐུན་ཕྱོགས་ཀྱི་ཉེས་དམིགས་ཡང་ཡང་སེམས་ནས་སྐྱོན་དུ་བལྟ་བ་དང་། ལྔ་པ་སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་གང་བྱེད་ཀྱང་ཉམས་རྟོགས་དེ་སྐྱེ་བའི་རྒྱུར་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་འདེབས་པའོ། །བློ་འབྱོངས་པའི་ཚད་ནི། ཆོས་རྣམས་དགོངས་པ་གཅིག་ཏུ་འདུས། །ཞེས་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོངས་པ་བདག་འཛིན་འདུལ་བའི་ཐབས་ལ་འདུས་པས་ན། འདིར་ཡང་བདག་འཛིན་གྱི་གཉེན་པོར་སོང་ན་རྟོགས་པ་རྒྱུད་ལ་སྐྱེ་བའི་ཚད་ཡིན་པ་དང་། བློ་སྦྱོང་གི་དམ་ཚིག་ནི། སྤྱི་དོན་རྣམ་པ་གསུམ་ལ་བསླབ། །ཅེས་དང་། གཅོད་པ་ཡིན་ཟེར་ནས་ལྟ་བ་མཐོ་སྐད་ཀྱིས་བསླབ་པ་ཁྱད་དུ་གསོད་པ་སྤངས་ཏེ་བཅས་ཁྲིམས་ཕྲ་མོ་ཙམ་དང་ཡང་འགལ་བར་མི་བྱེད་པ་ཁས་བླངས་དང་མི་འགལ་བ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་ཡིན་སྐད་ཀྱི་ཐོ་ཅོ་སྤྱོད་ཅིང་སྣ་ཚོགས་བྱེད་པ་སྤང་བ་ཐོ་ཅོར་མ་སོང་བ་དང་། མི་དང་མི་མ་ཡིན་པ་ཕྱོགས་རེའི་གནོད་པ་བཟོད་ཅིང་གཞན་ལ་ཁོང་ཁྲོ་བ་ལྟ་བུའི་ཕྱོགས་རེར་མ་ལྟུང་བ་སོགས་བློ་སྦྱོང་གི་དམ་ཚིག་ཏུ་གསུངས་པ་རྣམས་ལ་བསླབ་པའོ། །བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཞེས་ཉམས་ལེན་གང་བྱེད་ཀྱང་བདག་འཛིན་འདུལ་བྱེད་གཅོད་ཀྱི་ཉམས་ལེན་དུ་འཁྱེར་ཤེས་པ་དང་། ནད་གདོན་སོགས་རྐྱེན་ངན་ཅི་བྱུང་ཡང་དེའི་ལོག་གནོན་ནམ་གཉེན་པོ་གཅོད་ཀྱིས་བྱས་ནས། དཔེའི་གྲོགས་སུ་བསྒྱུར་བར་བྱེད་པ་སོགས་ཡིན་ཏེ་རྒྱས་པར་ནི་བློ་སྦྱོང་གི་གཞུང་དུ་བལྟ་བར་བྱའོ། །གང་ལྟར་ཡང་གཅོད་འདི་ནི་ཐེག་པ་ཆེན་པོའི་བློ་སྦྱོང་གི་སྙིང་པོ་ཡིན་པས་གཅོད་པ་ཚུལ་མཐུན་ཅིག་བྱེད་འདོད་ན་རྒྱ་བོད་ཀྱི་བློ་སྦྱོང་ཐམས་ཅད་ཀྱི་གཙོ་བོ་དཔལ་རྒྱལ་སྲས་ཤཱནྟི་དེ་ཝའི་གསུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ཙམ་ལ་ཐོས་བསམ་རེ་མི་བྱེད་ཀ་མེད་ཡིན་པ་གཅོད་པ་རྣམས་ཀྱི་སྙིང་དུ་བཅང་བར་བྱའོ། །དེ་ལྟར་ཡུམ་དོན་གྱི་ཉམས་ལེན་ཟབ་མོ་གཅོད་ཀྱི་རྣལ་འབྱོར་འདི་ལ་ནི་ཉིན་མཚན་ཀུན་ཏུ་བརྩོན་པ་མི་གཡེལ་བར་བྱ་སྟེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་འདིར་ཡུན་རིང་འབྲེལ་བ་ཡི། །ལྷ་མི་ངན་སོང་གསུམ་གྱི་སེམས་ཅན་དགྲོལ་བའི་ཕྱིར། །ལམ་ཡང་ཕ་རོལ་སེམས་ཅན་ཁམས་ལ་སྟོན་འདོད་པ། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་ལ་བརྩོན་པར་བྱ། །མི་ཞིག་སྔོན་ཆད་མ་རྙེད་པ་ཡི་རིན་ཆེན་མཆོག། དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་དགའ་བ་ལས། །རྙེད་མ་ཐག་ཏུ་བག་མེད་གྱུར་ཏེ་སྟོར་ན་ནི། །སྟོར་བས་རིན་ཆེན་མངོན་འདོད་རྟག་ཏུ་སྡུག་བསྔལ་ལོ། །དེ་ལྟར་བྱང་ཆུབ་མཆོག་ཞུགས་རིན་ཆེན་ལྟ་བུ་ཡི། །ཤེས་རབ་ཕ་རོལ་ཕྱིན་ལ་རྣལ་འབྱོར་དོར་མི་བྱ། ཞེས་གསུངས་པ་ལྟར་རོ། །གཅོད་ཡུལ་མཆོག་གི་གཞུང་དང་བརྗོད་བྱའི་དོན། །གསལ་སྟོང་འབྲས་བཟང་སྙེ་མ་འདི་ཁྱད་འཕགས། །ལྟ་སྤྱོད་ལོག་པའི་རྡུལ་གྱིས་བསླད་པ་ཡི། །ཉེས་བཤད་ཚིག་གི་སྤུན་པ་དེ་མ་ལགས། །བདག་འཛིན་འཆིང་བ་དམ་པོ་གཅོད་བྱེད་འདི། །ཡུམ་དོན་ཐབས་ཤེས་ལམ་གྱི་རལ་གྲི་ནི། །སྲིད་པའི་གཡུལ་ངོ་བཟློག་པའི་མཚོན་ཆ་སྟེ། །རྒྱལ་སྲས་དཔའ་བོའི་ཚོགས་ཀྱིས་བསྟེན་བྱར་འོས། །གྲུབ་པའི་ཡོན་ཏན་རིན་ཆེན་མཆོག་ཐོབ་སྐད། །ཕྱི་ཚུལ་འཆོལ་སྤྱོད་ས་རྡོ་ཕལ་པར་ཞེན། །རྙེད་བཀུར་དོན་མེད་གཡེང་བ་སྙིང་པོ་རུ། །ཤེས་པའི་གཅོད་རློམ་བྱིས་པ་གྱི་ནར་ཟད། །བྱང་ཆུབ་སེམས་སྦྱོང་ཡང་དག་གདམས་པའི་ཕུལ། །དམ་ཆོས་བདུད་གཅོད་གོ་དོན་ཉམས་ལེན་གནད། །ཁུངས་དང་སྦྱར་ནས་ཚུལ་བཞིན་འཆད་པ་འདི། །སྔོན་མེད་ལེགས་པར་བཤད་པའི་ཚུལ་གཅིག་ཡིན། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༈ གཉིས་པ་ཉམས་སུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ། སྔོན་དུ་འགྲོ་བའི་ཆོས་ཀྱིས་རྒྱུད་སྦྱང་བ་དང་། དངོས་གཞིའི་རྟོགས་པ་རྒྱུད་ལ་བསྐྱེད་ཚུལ། དེའི་ཡན་ལག་གི་བསླབ་བྱ་ཡོངས་གཏད་ཀྱི་ཚུལ་དུ་གདམས་པ་ལ་བསླབ་པའོ། །དང་པོ་སྔོན་དུ་འགྲོ་བའི་ཆོས་ཀྱིས་རྒྱུད་སྦྱང་བ་ལ་གཉིས། །ཐུན་མོང་སྤྱིའི་སྔོན་འགྲོ་དང་། ཐུན་མིན་ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལ་བཞི། བླ་མ་ལ་གསོལ་བ་གདབ་པས་རྒྱུད་སྣོད་རུང་དུ་བྱ་བ། བློ་ལྡོག་རྣམ་པ་བཞིའི་ཚུལ་ལ་བསླབ་པ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ། མཎྜལ་དང་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པའོ། །དང་པོ་བླ་མ་ལ་གསོལ་བ་གདབ་པ་ནི། ཀྱཻ༔ རྒྱལ་དང་རྒྱལ་སྲས་མ་ལུས་འདུས་པའི་ཞལ༔ སྐལ་ལྡན་གདུལ་བྱའི་ཤེས་རྒྱུད་སྨིན་མཛད་ཅིང་༔ འཁོར་བ་མྱང་འདས་ཀློང་གྲོལ་མཐུ་མངའ་བའི༔ རིགས་ཀུན་ཁྱབ་བདག་བླ་མ་དེ་མཁྱེན་ནོ༔ ཞེས་པ་སྟེ། ཀྱེ་ཞེས་གདུང་ཤུགས་དྲག་པོས་འབོད་ནས། རྒྱུད་སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་སྐྱབས་གནས་མཆོག་གསུམ་གྱི་ངོ་བོར་གྱུར་པ་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཕྱིར་སངས་རྒྱས་ཐམས་ཅད་ནི། །འདས་དང་མ་བྱོན་ད་ལྟར་གྱི། །ཐམས་ཅད་མི་ཡི་འཇིག་རྟེན་དུ། །མི་ཡི་ལུས་སུ་ཡང་དག་འབྱུང་། །ཞེས་དང་། ཀྱེ་རྡོ་རྗེ་ལས། ཕྱི་མའི་དུས་སུ་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །ཞེས་དང་། རྡོ་རྗེ་གུར་ལས། གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །རྡོ་རྗེ་སློབ་དཔོན་གཟུགས་སུ་གནས། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་དུས་གསུམ་སངས་རྒྱས་ཐམས་ཅད་གདུལ་བྱ་འདུལ་བའི་ཕྱིར་བླ་མའི་གཟུགས་སུ་སྟོན་པར་གསུངས་པ་ལྟར། རྒྱལ་དང་རྒྱལ་སྲས་མ་ལུས་པ་གཅིག་ཏུ་འདུས་པའི་ངོ་བོ། སྐལ་བ་དང་ལྡན་པའི་གདུལ་བྱ་མཐའ་དག་གི་རྒྱུད་བྱིན་གྱིས་བརླབས་ནས་ལམ་རྒྱུད་ལ་སྐྱེ་རུང་དང་སྒྲིབ་པ་སྤང་རུང་གི་ཚུལ་དུ་སྨིན་པར་མཛད་ཅིང་། འཁོར་བའི་ཕྱོགས་ཀྱིས་བསྡུས་པའི་ལས་དང་ཉོན་མོངས་པ་ཀུན་དང་སྒྲིབ་པ་ཐམས་ཅད་སྤང་བའི་མྱ་ངན་ལས་འདས་པའི་གོ་འཕང་ཆེན་པོའི་ཀློང་ངམ་རང་བཞིན་མངོན་དུ་གྱུར་ཏེ་དེར་གྲོལ་ཞིང་སྒྲོལ་བར་མཛད་པའི་མཐུ་མངའ་བ། རིགས་དང་དཀྱིལ་འཁོར་རྒྱ་མཚོ་ཀུན་ལ་མངའ་དབང་བསྒྱུར་བའི་ཁྱབ་བདག་དྲིན་ཆེན་བླ་མ་དེ་མཁྱེན་ནོ། །ཞེས་བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ། ཞེས་གསུངས་པ་ལྟར། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་དུ་བྱས་ཏེ་གསོལ་བ་གདབ་པ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། ཐོས་ན་ཚིག་མི་ཟིན་བསམ་ན་དོན་མི་གོ་བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཁྱད་པར་ཅན་ཡིན། ཅེས་གསུངས་པ་ལྟར་ཡུལ་ཁྱད་པར་ཅན་བསོད་ནམས་ཀྱི་ཞིང་གི་མཐུ་ལ་བརྟེན་པ་ནི་རྟོགས་པ་རྒྱུད་ལ་སྐྱེ་བའི་ཐབས་དམ་པ་ཡིན་པ་དང་། དེ་ལས་ཀྱང་བླ་མ་ལ་འདི་ལྟར་གསོལ་བ་གདབ་པ་ནི་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག། ཅེས་རྒྱལ་བ་རྡོ་རྗེ་འཆང་འདི་ནི་རང་བྱུང་གི་བཅོམ་ལྡན་འདས་ལྷག་པའི་བཅོམ་ལྡན་འདས་ལྷའི་རིགས་རྣམས་མ་ལུས་པ་འདུས་པའམ་བདག་ཉིད་གཅིག་པུ་ཉིད་ཡིན་པ་ལ། བདག་ལ་མན་ངག་རབ་ཏུ་སྟེར་བའི་ཕྱིར་རྡོ་རྗེ་སློབ་དཔོན་ནི་དེ་བས་ཀྱང་ལྷག་པ་ཡིན་ཅེས་སློབ་མའི་བསོད་ནམས་བསགས་པའི་ཞིང་དུ་རྡོ་རྗེ་འཆང་ལས་ཀྱང་བླ་མ་ལྷག་པར་གསུངས་པའི་ཕྱིར། ཡེ་ཤེས་གྲུབ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་གཉིས་སུ་མེད་པར་མཐོང་། །དངོས་གྲུབ་བསྡུས་པའི་བདག་ཉིད་ཅན། །དེ་ཉིད་འདིར་ནི་འདིས་ཐོབ་འགྱུར། །ཞེས་དེ་ལས་མཆོག་ཐུན་མོང་གི་དངོས་གྲུབ་འདུས་པའི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེས་ནས་ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་དང་། རྒྱལ་བ་ཡང་དགོན་པ་ཆེན་པོས། དཀོན་མཆོག་གསུམ་དང་ཡི་དམ་གྱི་ལྷ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ཡིན་པས་དེ་ལ་གསོལ་བ་བཏབ་ན་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཐོགས་པ་མེད་པར་འབྱུང་ཞིང་ཚེ་འདི་ལ་སངས་རྒྱས་ཐོབ་པའི་ཐབས་ཟབ་མོ་མོས་གུས་ཡིན་ཅེས་གསུངས་པ་དང་། དེ་ལ་མོས་གུས་མེད་ན་ཡོན་ཏན་རྒྱུད་ལ་མི་སྐྱེ་པ་དཔལ་གསང་བའི་བདག་པོས་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། ལས་ཀྱི་རྡོ་རྗེ་བླ་མ་ལ་མོས་གུས་མ་ཐོབ་བར་ཡི་དམ་ལྷ་ཡི་ཞལ་གཟིགས་ཟེར་བ་དང་ཉམས་མྱོང་བཟང་པོ་སྐྱེ་ཟེར་བ་རྫུན་ཡིན། ཅེས་གསུངས་པ་ལྟར་དང་། མོས་གུས་ཇི་ཙམ་སྐྱེས་པ་དེ་ཙམ་གྱི་ཡོན་ཏན་སྐྱེ་བ་འཇིག་རྟེན་མགོན་པོས་མོས་གུས་རབ་ལ་སྒོམ་རབ། མོས་གུས་འབྲིང་ལ་སྒོམ་འབྲིང་། མོས་གུས་ཐ་མ་ལ་སྒོམ་ཡང་ཐ་མ་སྟེ་མོས་གུས་ཇི་ཙམ་སྐྱེ་བ་དེ་ཙམ་གྱི་ཁ་ཚོད་ཀྱི་ཡོན་ཏན་ཡང་དེ་ཙམ་སྐྱེ་བ་ཡིན་ཅེས་གསུངས་པ་ལྟར་ཡིན་ནོ། དེས་ན་རྗེ་ས་པཎ་ཆེན་པོས་ཀྱང་། གདམས་པ་རྒྱ་མཚོ་ཁོང་དུ་མ་ཆུད་ཀྱང་། །སྤྱི་བོར་བླ་མ་བསྒོམ་ཞིང་དད་པ་ཡི། །མིག་ནས་མཆི་མ་འཁྲུགས་ཤིང་གསོལ་འདེབས་པ། །ཐར་པའི་ལམ་སྣ་ཟིན་པའི་སྒོམ་ཆེན་ཡིན། །ཅེས་གསུངས་པ་ལྟར་ཡིན་ནོ། རིགས་ཀུན་ངོ་བོ་དྲིན་ཆེན་བླ་མ་ལ། །རྩེ་གཅིག་གུས་པས་གསོལ་བ་འདེབས་པ་ནི། །རྟོག་པའི་ཡོན་ཏན་རྒྱུད་ལ་སྐྱེ་བའི་ཐབས། །བྱ་སླ་དོན་ཆེ་འཕྲུལ་གྱི་མན་ངག་ཡིན། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བློ་ལྡོག་རྣམ་བཞིའི་ཚུལ་ལ་བསླབ་པ་ལ་གཉིས། བློ་ལྡོག་ཅེས་པའི་གོ་དོན་དང་། དེའི་ཚུལ་སོ་སོར་བསམ་པའོ། །དང་པོ་གོ་དོན་གང་ལས་ལྡོག་ན་འཁོར་བ་རིགས་དྲུག་གི་གནས་ལས་ལྡོགགང་གིས་ལྡོག་ན་བློ་ལྡོག་རྣམ་བཞིའི་གདམས་པ་ལ་བློ་སྦྱངས་པས་ལྡོགཇི་ལྟར་ལྡོག་ན་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པའི་ཚུལ་ལ་བསམ་པས་ཚེ་འདི་ཁོ་ནར་ཞེན་པའི་ཚེ་འདིའི་སྣང་ཤེས་ལྡོགལས་འབྲས་མི་བསླུ་བ་དང་འཁོར་བའི་ཉེས་དམིགས་བསམ་པས་ཚེ་ཕྱི་མ་མངོན་མཐོ་ལྷ་མིའི་བདེ་འབྲས་ཙམ་ཞིག་དོན་དུ་གཉེར་བའི་ཕྱི་མའི་སྣང་ཤེས་ལྡོགལྡོག་པའི་ཚད་འཁོར་བ་མཐའ་དག་གི་སྐྱོན་མཐོང་ནས་ཞེན་པ་ལོག་སྟེ་ཐར་འདོད་བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པ་སྐྱེས་པ་ན་བློ་ལྡོག་པ་ཡིན་ནོ། །གཉིས་པ་སོ་སོར་བསམ་པ་ལ་བཞི། །དལ་འབྱོར་རྙེད་དཀའ་བསམ་པ། ཚེ་མི་རྟག་པ་བསམ་པ། འཁོར་བའི་སྡུག་བསྔལ་བསམ་པ། ལས་རྒྱུ་འབྲས་བསམ་པའོ། །དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། དལ་འབྱོར་ལྡན་པའི་མི་ལུས་རིན་ཆེན་ཐོབ༔ ཚོགས་སྨོན་ལས་འབྲེལ་བཟང་པོའི་རྒྱུ་འབྲས་བསྐྱེད༔ ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ༔ ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་ཐོབ་ཤོགཅེས་གསུངས་ཏེ། ད་རེས་ཀྱི་སྐབས་འདིར་དམ་པའི་ཆོས་སྒྲུབ་པ་ལ་ཁོམ་པས་དལ་བ་དང་། དེ་སྒྲུབ་པའི་མཐུན་རྐྱེན་འབྱོར་པས་ན་འབྱོར་པ་སྟེ། དལ་འབྱོར་གྱི་ཡོན་ཏན་དང་ལྡན་པའི་མི་ལུས་རིན་ཆེན་འདི་ཐོབ་པར་གྱུར་པ་ལ། རྟེན་འདིར་རྒྱུ་དགེ་བའི་ཚོགས་རྒྱ་ཆེན་པོ་བསགས་ཤིང་རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་ལ་བརྟེན་ནས་ལེགས་པའི་ཡོན་ཏན་གྱི་འབྲས་བུ་རང་རྒྱུད་ལ་འབྱོར་བར་བྱེད་པའི་ཚུལ་དུ་རྣམ་པར་དཀར་བའི་ལས་འབྲེལ་བཟང་པོའི་རྒྱུ་འབྲས་དག་བསྐྱེད་པར་བྱ་སྟེ། ཕྱིས་ནི་ཡང་ཡང་རྙེད་དཀའ་བ་དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་ནི་འཇིག་རྟེན་ན་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་བྱོན་པའམ་ཡང་ན་འཁོར་ལོས་སྒྱུར་རྒྱལ་བྱུང་བའི་དུས་སྐབས་ལས་གཞན་དུ་མི་སྐྱེ་བས་ཤིན་ཏུ་དཀོན་པ་དང་འདྲ་ལ། དེས་ན་རྟེན་འདི་ཆུད་ཟོས་སུ་མི་གཏོང་བར་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྤྱི་དང་ཁྱད་པར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་ཐབས་ལ་བརྩོན་པས་སྙིང་པོ་ལེན་པར་བྱའོ་སྙམ་དུ་བསམ་ཞིང་དེ་ལྟ་བུའི་གོ་འཕང་ཚེ་འདི་ལ་འགྲུབ་པར་ཤོག་ཅིག་སྙམ་དུ་སྨོན་པའི་ཡུལ་དུའང་བྱ་བའོ། །འདི་ལ་གསུམ། དལ་འབྱོར་རང་གི་ངོ་བོ་བཤད་པ། དེ་རྙེད་པ་དོན་ཆེ་བའི་ཚུལ། རྙེད་པར་དཀའ་བའི་རྒྱུ་མཚན་བསམ་པའོ། །དང་པོ་དལ་འབྱོར་གྱི་ངོ་བོ་ནི། སེམས་ཉིད་ངལ་གསོ་ལས། འདི་ལྟར་མི་ཡི་ལུས་རྙེད་ཙམ་པོ་དང་། །ཁྱད་པར་ཅན་དང་མི་ལུས་རིན་པོ་ཆེ། །ཞེས་གསུངས་པ་ལྟར་སྤྱིར་ན་མི་ལུས་ཀྱི་རྣམ་པར་དབྱེ་བ་ལ་གསུམ། མི་ལུས་ཙམ་ཐོབ་ཀྱང་དགེ་བ་ལ་མི་མོས་ཤིང་མི་དགེ་བ་ཁོ་ན་སྤྱོད་པ་མཐའ་འཁོབ་ཀྱི་ཀླ་ཀློ་རྣམས་དང་འདྲ་བ་ཙམ་པོ་བ་དང་། དམ་པའི་ཆོས་ཚུལ་བཞིན་སྒྲུབ་མི་ནུས་པར་ཚེ་འདིའི་བྱ་བས་གཡེང་ནས་དགེ་སྡིག་འདྲེས་མར་སྤྱོད་པ་ཁྱད་པར་ཅན་དང་། ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་འདུལ་ཞིང་གཞན་དག་ཀྱང་དགེ་བའི་ལས་ལ་འགོད་ནུས་པའམ། མིན་ཀྱང་མི་དགེ་སྤོང་ཞིང་དགེ་བའི་ལས་འབའ་ཞིག་སྒྲུབ་པ་ནི་མི་ལུས་རིན་པོ་ཆེ་ཡིན་ནོ། །དེ་དག་ལས་འདིར་ཕྱི་མའི་ཚུལ་གཙོ་ཆེ་བར་བཤད་པ་ལ། དལ་བ་དང་འབྱོར་པ་གཉིས་ལས། །དང་པོ་ལའང་དངོས་དང་ཞར་བྱུང་གི་ཚུལ་གཉིས། དང་པོ་ནི། སྡུད་པ་ལས། ཡང་དག་ཁྲིམས་ཀྱིས་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་འདི་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པ་ལྟར། མི་ཁོམ་པའི་གནས་བརྒྱད་དང་འབྲེལ་བའི་དལ་བ་ནི། བཤེས་སྤྲིང་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཅིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་དང་གཞན་ཡང་ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སྟེ་ངན་སོང་གསུམ་པོ་རྣམས་གང་ཡང་རུང་བར་སྐྱེ་བ་དང་ལྷ་ཚེ་རིང་པོ་ཞེས་པ་གཞུང་ཁུངས་ཐུབ་འགའ་ཞིག་ལས་འདུ་ཤེས་མེད་པ་དང་གཟུགས་མེད་པ་ལ་བཤད་པ་གཉིས་ལས་ཕྱི་མ་ལྟར་གྲགས་ཆེ་བས། དེ་ནི་བསམ་གཏན་བཞི་ཡི་གནས་འབྲས་བུ་ཆེ་བའི་ཕྱོགས་ཤིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ཅིང་དེར་སྐྱེས་མ་ཐག་དང་འཆི་བའི་དུས་མ་གཏོགས་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་བསྐལ་བ་མང་པོར་གནས་པར་མངོན་པ་ལས་གསུངས་པ་ལྟར་ཡིན་ལ། ཁྲིད་ཡིག་གི་གཞུང་ལས། ལྷ་ཚེ་རིང་པོ་རྣམས་ནི་དགའ་བདེ་ལོངས་སྤྱོད་ཀྱི་རོས་རྟག་ཏུ་མྱོས་ནས་ཆོས་ལ་འཇུག་པའི་འདུ་ཤེས་མི་སྐྱེ་བས་རང་བྲེལ་བ་ལྟར་ཞེས་གསུངས་པ་ནི། མི་ཁོམ་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་དུས་རྟག་ཏུ་གཡེང་བའི་འདོད་ལྷ་ལ་བཤད་པ་ལྟར་ཡིན་ཏེ་འདོད་ལྷ་རྣམས་ཀྱང་ཚེ་རིང་པོར་གནས་པ་དང་། ཚོགས་ཀྱི་གཏམ་ལས། གང་ཞིག་སེམས་གཡེང་གྱུར་པ་དག། དེ་ལ་བདེ་བ་ག་ལ་ཡོད། །གཡེང་མེད་སེམས་ལ་སྐད་ཅིག་ཀྱང་། །དབང་བྱེད་པ་ནི་མ་ཡིན་པས། །ཞེས་གསུངས་པ་ལྟར། རྟག་ཏུ་ཡིད་གཡེང་བས་སེམས་རྣལ་དུ་གནས་པའི་བདེ་བ་དང་བྲལ་ཞིང་ཆོས་མི་འགྲུབ་པ་ཡིན་ནོ། །ཆོས་མེད་པའི་ཡུལ་མཐའ་འཁོབ་ཏུ་ཀླ་ཀློ་སོགས་སུ་སྐྱེ་བ་དང་། ཚེ་སྔ་ཕྱི་དང་ལས་འབྲས་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང་། སངས་རྒྱས་ཀྱིས་སྟོངས་པ་རྒྱལ་བའི་བཀའ་མེད་པ་སངས་རྒྱས་མི་འབྱུང་བའི་གནས་སུ་སྐྱེ་བ་དང་། ཡིད་ལ་སྐྱོན་ཞུགས་པའི་གླེན་པ་དང་། ངག་ལ་སྐྱོན་ཞུགས་པའི་ལྐུགས་པ་རྣམས་སུ་སྐྱེ་བ་དང་བྲལ་ཏེ་ཆོས་སྒྲུབ་ཁོམས་ཤིང་དལ་བའོ། །གཉིས་པ་ཞར་བྱུང་ནི། མི་ཁོམས་པའི་གནས་བརྒྱད་པོ་དེ་དག་རྒྱུ་དངོས་སུ་མ་སྐྱེས་ཀྱང་འཕྲལ་བྱུང་དང་རིས་ཆད་ཀྱིས་མི་ཁོམས་པའི་དབང་དུ་མ་སོང་བ་ཞིག་དགོས་པར་ཀུན་མཁྱེན་ཀློང་ཆེན་པས་བཞེད་དེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམས་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག། ཅེས་གསུངས་པ་ལྟར་ཉོན་མོངས་དུག་ལྔ་ཤིན་ཏུ་རགས་པས་རྟག་ཏུ་རྒྱུད་འཁྲུགས་པ་དང་། སྡིག་གྲོགས་ཀྱིས་ཁྲིད་པའི་བླུན་རྨོངས་རྨོངས་པ་དང་། །ལྟ་སྤྱོད་ནོར་བ་ཕྱིན་ཅི་ལོག་ཏུ་གྱུར་ནས་ལམ་ནོར་བའི་བདུད་ཀྱིས་ཟིན་པ་དང་། ཆོས་ལ་སྤྲོ་བའི་བརྩོན་འགྲུས་ཅུང་ཟད་ཀྱང་མེད་པའི་ལེ་ལོ་ཅན་དང་། བརྩོན་ཀྱང་ཡོན་ཏན་མི་སྐྱེ་བའི་སྡིག་ཅན་ནད་ཀྱིས་གདུང་བ་སོགས་ལས་ངན་གྱི་མཚོ་བརྡོལ་བ་དང་། རང་དབང་མེད་པར་གཞན་གྱིས་བཀོལ་བའི་བྲན་གཡོག་སོགས་དང་། ཚེ་འདིའི་ལྟོ་གོས་ཙམ་གྱི་ཆེད་དང་འདྲེ་གདོན་སོགས་ཀྱི་གནོད་པས་འཇིགས་ནས་ཆོས་སྒོར་ཞུགས་ཀྱང་སྔོན་གྱི་བག་ཆགས་ངན་པས་ཆོས་མིན་སྤྱོད་པ་དང་། ཆོས་མ་ཡིན་པ་ལ་ཆོས་ལྟར་བཅོས་ནས་ལོངས་སྤྱོད་བསྙེན་བཀུར་སོགས་བསྒྲུབ་པ་སྟེ། བརྒྱད་པོ་འདི་དག་ཆོས་སྒྲུབ་པའི་འགལ་རྐྱེན་དུ་འཕྲལ་དུ་བྱུང་ནས་བར་དུ་གཅོད་པར་བྱེད་པས་ནས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་ཞེས་བྱ་སྟེ། མི་ལུས་ཐོབ་ཀྱང་ཐར་ལམ་ཆོས་ཀྱི་སྣོད་དུ་མི་འགྱུར་བར་རྒྱུད་ཆུད་ཟོས་སུ་གཏོང་བའི་ཕྱིན་ཅི་ལོག་ཡིན་ནོ། །ཡང་དེ་ཉིད་ལས། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡིས་མི་ཁོམས་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་ཚེ་འདིའི་ལོངས་སྤྱོད་བུ་ནོར་སོགས་ལ་ཞེན་པའི་འཆིང་བ་དམ་པོས་བཅིངས་པ་དང་། མི་གཞི་ངན་པས་ཆོས་ཕྱོགས་སུ་སྐྱེད་འདོན་དུ་མེད་པ་དང་། འཁོར་བའི་ཉེས་དམིགས་དང་ཚེ་འདིའི་སྡུག་བསྔལ་ལ་མི་སྐྲག་ཅིང་སྐྱོ་ཤས་མེད་པ་དང་། དཀོན་མཆོག་གསུམ་དང་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་ཙམ་མེད་པ་དང་། ལུས་ངག་ཡིད་གསུམ་གྱི་མི་དགེ་བ་ཁོ་ནར་སྤྱོད་པ་དང་། དགེ་བ་དམ་པའི་ཆོས་ཀྱི་ཡོན་ཏན་ལ་སེམས་པ་མེད་པ་ཁྱིའི་སྔོན་དུ་རྩྭ་བཞག་པ་ལྟ་བུར་གྱུར་པ་དང་། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་ཉམས་པ་དང་། གསང་སྔགས་ཀྱི་སྒོར་ཞུགས་ནས་བླ་མ་དང་མཆེད་གྲོགས་སོགས་དང་འགལ་བའི་དམ་ཚིག་ཉམས་པ་སྟེ། བརྒྱད་པོ་འདི་རྣམས་ནི་རིས་ཆད་བློ་ཡིས་མི་ཁོམས་པ་སྟེ་དམ་པའི་ཆོས་ལས་རིས་ལོགས་སུ་ཆད་ནས་ཆོས་ལས་རིང་ཞིང་ཐར་ལམ་གྱི་སྒྲོན་མེ་ནུབ་པར་བྱེད་པ་ཡིན་ཅེས་གསུངས་པ་ཡིན་ནོ། །གཉིས་པ་འབྱོར་པ་བཅུ་ལ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག། གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་སྨྲ་ཤེས་དོན་གོ་མི་ཉིད་དུ་སྐྱེས་པ་དང་། ཡུལ་དབུས་ལ་ས་ཚིགས་ཀྱི་དབང་དུ་བྱས་ན། གནས་བྱང་ཆུབ་ཀྱི་སྙིང་པོ་བསྐལ་བཟང་གི་སངས་རྒྱས་རྣམས་གང་དུ་བྱོན་དང་འབྱོན་འགྱུར་གྱི་གནས་རྒྱ་གར་རྡོ་རྗེ་གདན་དཀྱིལ་དུ་བྱས་ནས་ཤར་དུ་མི་ཁ་རིའི་ཤིང་ཚང་ཚིང་ཡོད་པ་དང་། ལྷོར་ཆུ་ཀླུང་དེ་བ་ཟེར་བ་འདམ་བུ་ཅན་ཡོད་པ་དང་། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་གཉིས་ཡོད་པ་དང་། བྱང་ན་ཨི་ཤེ་ར་སྟེ་རྩྭ་དྲིས་མའི་རི་ཡོད་པ་ཚུན་ཆད་དབུས་དང་དེ་ཕན་ཆད་མཐའ་འཁོབ་ཡིན་པར་འདུལ་བ་ལུང་ལས་གསུངས་ཀྱང་། འདིར་ཆོས་ཚིགས་ཀྱི་དབང་དུ་བྱེད་ན། གང་ན་དགེ་སློང་ཕ་མ་དང་དགེ་བསྙེན་ཕ་མ་སྟེ་འཁོར་རྣམ་པ་བཞི་ཡོད་པ་དབུས་དང་དེ་མེད་པ་མཐའ་འཁོབ་ཏུ་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་ལས། བོད་འདིར་ཡང་འཁོར་རྣམ་བཞིའི་གཙོ་བོ་དགེ་སློང་ཕ་ཡོད་ཅིང་དམ་པའི་ཆོས་དར་བས་ན་དོན་གྱིས་ཡུལ་དབུས་ཡིན་པ་དང་། མིག་ལ་སོགས་པའི་དབང་པོ་ཚང་བ་དང་། མཚམས་མེད་པ་ལྔ་སོགས་ལས་ངན་ཚན་པོ་ཆེ་རྣམས་བྱེད་དུ་བཅུག་པ་མ་ཡིན་པས་ལས་ཀྱི་མཐའ་མ་ལོག་པ་སྟེ་འདི་ནི་མཚོན་ཙམ་ཡིན་ཏེ། བྱ་བ་ཅི་བྱེད་ཚེ་འདི་ཁོ་ནའི་དོན་སྒྲུབ་བྱེད་དུ་གྱུར་ན་ནི་དོན་གྱིས་ལས་མཐའ་ལོག་པ་ཡིན་ཅེས་བླ་མ་རྣམས་ཀྱི་ཞལ་རྒྱུན་ལས་བྱུང་ལ། ཁྲིད་ཡིག་ཏུ་ལས་ཀྱི་མཐའ་ལོག་སྟེ་ཆོས་སྒོར་མི་འཇུག་པའི་སྐྱེ་བོ་ཕོ་མོ་བྲན་དང་ཁོལ་པོ་དག་ནི་ཞེས་གསུངས་པའང་དོན་ལ་ལས་ཀྱི་འཕྲོ་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་དགོངས་པ་ཡིན་ནོ། །གང་ལ་དད་པ་བྱར་རུང་བའི་གནས་སམ་འོས་སུ་གྱུར་པ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་སྟེ་ལྔ་པོ་དེ་དག་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་རང་འབྱོར་དང་། རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཆོས་བསྟན་པ་དང་། དེའི་བསྟན་པ་མ་ནུབ་པར་གནས་པ་དང་། དེ་ལ་རང་ཉིད་རྗེས་སུ་ཞུགས་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བའི་དགེ་བའི་བཤེས་གཉེན་དང་འཕྲད་པ་དང་སྦྱིན་བདག་སོགས་ཀྱི་ཆོས་སྒྲུབ་པའི་མཐུན་རྐྱེན་སྟེར་བ་སྟེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་གཞན་འབྱོར་ཏེ་དེ་ལྟར་འབྱོར་པའི་ཡོན་ཏན་བཅུ་དང་ལྡན་པའོ། །གཉིས་པ་དེ་རྙེད་པ་དོན་ཆེ་བའི་ཚུལ་ལ་བསམ་པ་ནི། ལུས་རྟེན་འདི་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་བསྒྲུབ་ནུས་པ་ནི། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །ཞེས་གསུངས་པ་ལྟར་དང་། འདི་ལ་བརྟེན་ནས་ཆོས་ཚུལ་བཞིན་སྒྲུབ་པ་ལ་བརྩོན་ན་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ནུས་པས་ན་གྲུ་བོ་ཆེ་ལྟ་བུ་ཡིན་ཏེ། དེ་ཉིད་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པའི་དུས་སུ་གཉིད་མ་ལོག། ཅེས་གསུངས་པ་ལྟར་རོ། །ཡང་གནས་སྐབས་སུའང་དགོས་པ་ཆེན་པོ་དང་ལྡན་པ་སྟེ་སེམས་ཉིད་ངལ་གསོ་ལས། འདིར་ནི་འདྲེན་པ་མཐོང་བ་དོན་ཡོད་ཅིང་། །ཆོས་ཐོས་པ་དང་སྒྲུབ་པའང་དོན་ཡོད་ལ། །ཚེ་འདི་དོན་ཡོད་ཕྱི་མ་འབྲས་བཅས་ཀུན། །དལ་འབྱོར་ལུས་རྟེན་ལས་བྱུང་དེ་ཡི་ཕྱིར། །རབ་ཏུ་དགའ་བ་ཡང་དང་ཡང་སྒོམས་ཤིག། ཅེས་འདྲེན་པ་སངས་རྒྱས་དང་བླ་མ་དགེ་བའི་བཤེས་གཉེན་སོགས་མཇལ་ཞིང་མཐོང་བ་དང་། དེ་དག་ལས་ཆོས་ཐོས་པ་དང་། དེ་དོན་ཉམས་སུ་ལེན་ཅིང་བསྒྲུབ་ནུས་པ་དེའི་ཕྱིར་ཚེ་འདི་ལ་ཡང་དོན་ཡོད་པར་བྱེད་ནུས་པ་དང་། ཕྱི་མ་བདེ་བའི་རྒྱུ་ལ་བརྩོན་པས་དེའི་འབྲས་བུ་བདེ་བ་དང་བཅས་པ་ཀུན་ཐོབ་པ་དང་། ཡང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ནུས་པ་ནི། དེ་ཉིད་ལས། ལྷར་བཅས་འཇིག་རྟེན་དབུས་ན་འགྲོ་བའི་གཙོ། །ཉན་རང་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །འཆི་མེད་བདུད་རྩི་གོ་འཕང་བརྙེས་པ་ཡང་། །མི་ལུས་རིན་ཆེན་མཆོག་ལས་བྱུང་བས་ན། །ལྷ་བས་ལྷག་པའི་ལུས་ཞེས་དལ་འབྱོར་བསྔགས། །ཞེས་སྲས་ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་དང་བྱང་ཆུབ་སེམས་པའི་ཚོགས་ཀྱིས་བསྐོར་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནུས་པ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྟེན་ཁྱད་པར་ཅན་དུ་གྱུར་པ་ནི། སློབ་སྤྲིང་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཅེས་བདེ་བར་གཤེགས་པའི་བར་འགྲོ་བ་ལ་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་རྟེན་འགྲོ་བ་སེམས་ཅན་མ་ལུས་པ་མྱུར་དུ་སངས་རྒྱས་ཀྱི་སར་འདྲེན་པའམ་ཆས་པའམ་ཞུགས་པར་གྱུར་ཅིང་། དེ་ཡང་རང་ཉིད་གཅིག་པུས་ཁྱད་པར་བའི་སེམས་ཀྱི་སྟོབས་ཆེན་པོ་དང་ལྡན་པའི་སེམས་བསྐྱེད་མི་ཡི་རྟེན་ལས་རྙེད་པ་གང་ཡིན་པའི་ལམ་དེ་འདྲ་ལྷ་དང་ཀླུ་སོགས་ཀྱིས་ཀྱང་རྙེད་པ་མིན་པར་གསུངས་པ་དང་། སེམས་ཉིད་ངལ་གསོ་ལས། རྣམ་པར་མི་རྟོག་བདེན་མཐོང་ཡེ་ཤེས་ས། །ལྷ་མིའི་ནང་ནས་མིར་གྱུར་རྙེད་སླ་སྟེ། །རྡོ་རྗེ་ཐེག་པའི་ལམ་བཟང་སྙིང་པོ་ཡང་། །མི་ཡི་ལུས་རྙེད་འབྲས་བུ་འགྲུབ་པར་སླ། །ཞེས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེན་པའི་དོན་མངོན་སུམ་དུ་མཐོང་བ་ཡང་མི་ཡི་རྟེན་ལས་རྙེད་སླ་སྟེ། སྔོན་མི་ཡི་རྟེན་ལ་ལམ་སྦྱངས་པའི་བག་ཆགས་འཐུག་པོ་དང་ལྡན་པའི་འདོད་ལྷ་ཁ་ཅིག་ཐོག་མའི་བདེན་པ་མཐོང་བའི་རྟེན་དུ་རུང་ཡང་ཁམས་གོང་མའི་རྟེན་ལ་དང་པོའི་འཕགས་ལམ་ཐོབ་པ་མི་སྲིད་ལ། འདོད་ལྷ་ཕལ་ཆེར་བཤད་ཟིན་པ་ལྟར་མི་ཁོམས་པའི་གནས་སུ་གསུངས་པས་ན་ལམ་སྒྲུབ་པའི་རྟེན་ལ་མི་ལུས་མཆོག་ཏུ་གྱུར་པ་དང་། རྒྱུད་སྡོམ་འབྱུང་ལས། གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །རྣམ་རྟོག་མེད་ཅིང་རྣམ་དཔྱོད་མེད། །བླུན་རྨོངས་བྱེ་བྲག་མི་ཕྱེད་པའོ། །ཞེས་དང་། འཛམ་བུའི་གླིང་རྣམས་ལས་སྐྱེ་བས། །ལས་ཀྱི་ས་པར་རབ་ཏུ་གྲགས། །ཞེས་གླིང་གཞན་རྣམས་ལོངས་སྤྱོད་ཀྱི་ས་པ་དང་། ཁྱད་པར་དུ་སྒྲ་མི་སྙན་པ་རྣམ་སྨིན་གྱི་ས་པ་ཡིན་པས་བདེན་པ་མཐོང་བ་དང་སོ་ཐར་གྱི་སྡོམ་པའི་རྟེན་དུ་མི་རུང་ལ། དེ་དག་འཛམ་བུའི་གླིང་པ་ལ་ལྟོས་ཏེ་དགེ་བའི་རྣམ་པར་དཔྱོད་པ་ཆེན་པོ་མེད་ཅིང་བླུན་རྨོངས་སུ་གྱུར་ཏེ་དོན་གྱི་བྱེ་བྲག་ཞིབ་མོར་འབྱེད་པའི་སོ་སོར་རྟོག་པའི་ཤེས་རབ་དང་མི་ལྡན་ལ། འཛམ་བུའི་གླིང་པ་ནི་སྔོན་གྱི་ལས་སྣ་ཚོགས་ལས་སྐྱེས་ཤིང་ཚེ་འདིར་ཡང་ལས་གསོག་པ་སྟོབས་ཆེ་བས་ལས་ཀྱི་ས་པ་ཡིན། གླིང་གཞན་གྱི་ལུས་རྟེན་ལས་ཁྱད་པར་དུ་འཕགས་པས་ན་ལྷ་རྣམས་འཆི་བའི་ཚེ་གླིང་འདིར་སྐྱེ་བར་སྨོན་ལམ་འདེབས་པ་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་རྟེན་དུ་བསྔགས་པ་ཡིན་ཏེ། རྒྱུད་ལས། གསང་སྔགས་རྒྱལ་པོ་རྨད་བྱུང་བ། །མི་རྣམས་ཀྱིས་ནི་བརྩོན་བྱས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དངོས་གྲུབ་གཞན་དག་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །དེ་བས་ན་སློབ་དཔོན་དཔའ་བོས། གང་ཞིག་ཐོབ་ན་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག། ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་གསུངས་པ་ལྟར་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་ཐར་པའི་ས་བོན་དང་། བྱང་ཆུབ་ཀྱི་དཔལ་ལམ་མཆོག་རྫོགས་བྱང་གི་ས་བོན་བསྐྱེད་ནུས་ཤིང་ཡོན་ཏན་རྒྱུན་མི་ཆད་པའི་རྟེན་དུ་གྱུར་པའི་མིའི་ལུས་འདི་ནི་དོན་ཆེན་པོ་དང་ལྡན་པས་ན་སྐྱེ་བ་འདིར་ལུས་རྟེན་དེ་འབྲས་བུ་མེད་པར་མི་བྱ་བར་སྙིང་པོ་བླང་བར་བྱའོ། །གསུམ་པ་རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པ་ལ་གསུམ། རྒྱུའི་སྒོ་ནས་རྙེད་པར་དཀའ་བ། དཔེའི་སྒོ་ནས་རྙེད་པར་དཀའ་བ། ངོ་བོའི་སྒོ་ནས་རྙེད་པར་དཀའ་བའོ། །དང་བོ་ནི། དབུ་མ་ལ་འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་མངོན་མཐོ་ལྷ་མིའི་བདེ་འབྲས་ཐོབ་པ་ལ་ཚུལ་ཁྲིམས་སྣ་གཅིག་ཡན་ཆད་བསྲུང་དགོས་ལ། ཁྱད་པར་དུ་དལ་འབྱོར་གྱི་ལུས་རྟེན་ཐོབ་པ་ལ། མདོ་ལས། གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ་ཞེས་གསུངས་པ་དང་། རིན་ཆེན་ཕྲེང་བར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་གསུངས་པ་ལྟར་གཞི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་། གྲོགས་སྦྱིན་པ་ལ་སོགས་པ་ལ་བརྩོན། རྐྱེན་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་དགོས་པ་ལ་དེ་འདྲ་བྱེད་མཁན་ནི་ཤིན་ཏུ་དཀོན་པ་ཡིན་ཏེ། ངན་སོང་གསུམ་གྱི་འགྲོ་བ་ལ་ནི་དགེ་སེམས་མངོན་གྱུར་དུ་སྐྱེ་བ་ཙམ་ཡང་དཀའ། ལྷ་རྣམས་ཀྱང་ཏིང་ངེ་འཛིན་དང་འདོད་བདེས་གཡེང་། མི་ལ་ཡང་ཆོས་མི་དར་བའི་ཡུལ་ལས་དར་བའི་ཡུལ་ནི་ཤིན་ཏུ་ཉུང་། ཆོས་དར་བའི་ཡུལ་དུ་སྐྱེས་ཀྱང་ཆོས་ཚུལ་བཞིན་དུ་སྒྲུབ་པ་ནི་ཤིན་ཏུ་དཀོན་ལ། སྐྱེ་བོ་མང་པོའི་ཁྲོད་ནའང་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་སོགས་མི་ལུས་ཐོབ་པའི་རྒྱུ་སྒྲུབ་མཁན་ཤིན་ཏུ་ཉུང་སྟེ། བཞི་བརྒྱ་པ་ལས། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་མི་རྣམས་ཕལ་མོ་ཆེའམ་མང་ཤོས་ཀུན་དམ་པ་མ་ཡིན་པ་མི་དགེ་བའི་ལས་ཀྱི་ཕྱོགས་ཡོངས་སུ་འཛིན་ནས་ངན་འགྲོའི་རྒྱུ་བསྒྲུབ་པ་ད་ལྟ་རང་རེས་བརྟགས་ནའང་སྐྱེ་བོ་ཕལ་པ་དག་ནི་སྲོག་གཅོད་དང་འཕྲོག་བཅོམ་བྱེད་ཅིང་རྫུན་གྱིས་གཞན་མགོ་བསྐོར་བ་སོགས་མི་དགེ་བའི་ལས་འབའ་ཞིག་ལ་སྤྱོད་ལ། རྒྱལ་བའི་རྗེས་འཇུག་ཏུ་རློམས་པ་དག་ཀྱང་རང་གིས་ཁས་བླངས་པའི་བསླབ་ཁྲིམས་ལས་འགལ་བར་སྤྱོད་པ་དང་། གསོན་གཤིན་གྱི་དཀོར་ལ་འབག་པ་དང་། གང་ཟག་སུ་འདྲ་ཞིག་ཡིན་ཀྱང་ཚེ་འདིའི་བདེ་ཐབས་ཙམ་ཁོ་ན་བསྒྲུབ་ཅིང་དགྲ་གཉེན་ལ་ཆགས་སྡང་གི་ཕྱོགས་བཟུང་བ་སོགས་མི་དགེ་བའི་ལས་ལ་འཇུག་པར་བྱེད་པ་དང་། ཁྱད་པར་དུ་རང་གི་བསམ་སྤྱོད་གང་ལ་དཔག་ཀྱང་མི་དགེ་བའི་ལས་ཀྱི་དབང་དུ་གྱུར་ནས་ཡོད་པས་ན་ལས་འབྲས་བསླུ་མེད་ཡིན་ཚེ་ངན་འགྲོར་འགྲོ་བ་ལས་འོས་མེད་པས་མི་ལུས་ཐོབ་པ་མ་ཡིན་ཏེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚོགས་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེད་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་དང་། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་ད་ལྟ་དགེ་བ་མི་སྒྲུབ་ན་ཕྱིས་ངན་འགྲོར་སྐྱེས་ནས་སྡུག་བསྔལ་ཞིང་རྨོངས་པར་གྱུར་བའི་ཚེ་བདེ་འགྲོ་ཐོབ་པའི་ཐབས་མེད་པ་དང་། །བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་དང་ཆོས་སྤང་བ་སོགས་བྱ་རྫོགས་ཀྱི་སྐད་ཅིག་མ་ཙམ་དུ་བྱས་པའི་སྡིག་པས་ཀྱང་བསྐལ་པར་དམྱལ་བར་གནས་དགོས་ན། རང་རྒྱུད་ལ་ཐོག་མ་མེད་པའི་དུས་ནས་བསགས་ལ་མ་སྦྱང་བའི་སྡིག་པ་མང་དུ་ཡོད་པས་ངན་འགྲོར་འཕེན་པ་ལས་བདེ་འགྲོ་མི་ཐོབ་པའོ། །གཉིས་པ་དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི། བཤེས་སྤྲིང་ལས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། ཡང་དག་པར་ལྡན་པའི་ལུང་ལས། དགེ་སློང་དག་ས་ཆེན་པོ་འདི་རྒྱ་མཚོ་ཆེན་པོར་གྱུར་ཅིང་དེ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་རླུང་གིས་གཡེང་ནས་བསྐྱོད་པ་དང་། རུས་སྦལ་ལོང་བ་ཞིག་ཀྱང་ཡོད་ལ། རུས་སྦལ་དེ་ལོ་བརྒྱ་བརྒྱ་ཞིང་མགྲིན་པ་འདེགས་པར་གྱུར་པ་ན་དགེ་སློང་དག་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་དེ་རྙེད་པར་སླ་བ་མ་ཡིན་ནམ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་དུ་མི་ཉིད་ཤིན་དུ་ཐོབ་པར་དཀའ་བ་ཡིན་ནོ། །ཞེས་དང་། མེ་ཏོག་ཚོགས་ཀྱི་མདོ་ལས་ཀྱང་དེ་དོན་མཐུན་པར་གསུངས་པ་དང་། དེ་བཞིན་དགའ་བོ་མངལ་འཇུག་གི་མདོ་ལས། དཔེར་ན་རྒྱ་ཁབ་སོར་བཞི་པ་ཞིག་གྱེན་དུ་བགྲེང་ནས་ཡུངས་ཀར་སྤར་བ་གང་དེ་ལ་གཏོར་ན། དེ་ལས་ཡུངས་འབྲུ་གཅིག་ཙམ་ཁབ་མིག་ཏུ་འགྲོ་བ་ཡང་སྲིད་མཐའ་ལྟ་བུར་དལ་འབྱོར་ཐོབ་པ་དེ་དང་འདྲ་བ་དང་། ཤེལ་གྱི་གྱང་ལོགས་སུ་སྲན་མ་སྤར་བ་གང་གཏོར་ནས་སྲན་འབྲུ་གཅིག་གྱང་ལོགས་སུ་ཆགས་པ་དང་དལ་འབྱོར་རེ་རེ་རྙེད་པ་འདྲ་བར་གསུངས་པ་ལྟར་རོ། །དེ་ལྟར་དཔེ་དེ་རྣམས་ལྟར་མི་ལུས་དེ་རྙེད་པར་དཀའ་བ་ཡིན་ནོ། །གསུམ་པ་ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། རིས་མི་མཐུན་པའི་ངན་འགྲོ་ལ་ལྟོས་ཏེ་དལ་འབྱོར་འདི་རྙེད་པར་དཀའ་བ་ཡིན་ཏེ། མདོ་ལས། ཤིང་རྟའི་འཕང་ལོའི་རྒྱ་ཁྱོན་གྱི་ཚོད་ཙམ་དུའང་དམྱལ་བ་ནི་ས་ཆེན་པོའི་རྡུལ་ལྟ་བུའི་ཚོད་དང་། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ལྟ་བུའི་ཚོད། དུད་འགྲོའང་ཆང་བཙོས་པའི་སྦང་མ་ལྟ་བུའི་ཚོད་ཡོད་པར་གསུངས་པ་དང་། ལུང་གཞི་ལས་ཀུན་དགའ་བོའི་ཚ་བོ་གཉིས་ཀྱི་ལོ་རྒྱུས་ལས། ངན་འགྲོ་ནས་ཤི་འཕོས་ཏེ་སླར་ངན་འགྲོར་སྐྱེ་བ་ནི་ས་ཆེན་པོའི་རྡུལ་དང་འདྲ་བ་དང་། དེ་ནས་ཤི་འཕོས་ཏེ་བདེ་འགྲོར་སྐྱེ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་ཕྱག་གི་སེན་མོའི་རྩེས་བླངས་བའི་རྡུལ་ཙམ་དང་། བདེ་འགྲོ་ལྷ་མི་གཉིས་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ལྷག་མར་མ་ལུས་པའི་ས་ཆེན་པོའི་རྡུལ་དང་། དེ་གཉིས་ནས་ཤི་འཕོས་ཏེ་སླར་བདེ་འགྲོ་སྐྱེ་བ་ཡང་ཕྱག་སེན་གྱི་རྡུལ་དང་འདྲ་བར་གསུངས་པ་ལྟ་བུས་རང་རིའི་མངོན་སུམ་གྱི་ཡུལ་དུ་གྱུར་པ་ལའང་། མི་ལས་དུད་འགྲོའི་རིགས་མང་བ་དང་། །དེའི་ནང་ནས་ཀྱང་དམན་ཤོས་བྱ་དང་བྱེའུ་སོགས་མང་བ་དང་། དེ་ལས་ཀྱང་འབུ་སྲིན་གྱི་རིགས་མང་བར་གྱུར་པ་དབྱར་དུས་སུ་རྩྭ་ཕུང་ངམ་རྟ་བོན་རྡོག་གཅིག་གམ་ཆུ་འཁྱིལ་ཆུང་ངུའི་ནང་ནའང་སྲིན་བུ་གྲངས་ཀྱིས་མི་ལང་བ་ལྟ་བུ་ཡོད་པ་འདི་ལ་དཔག་ནའང་མིའི་ལུས་རྙེད་དཀའ་བ་ཡིན་ཏེ། ཕ་དམ་པས། སྤྱིར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །སྒོས་ཁ་འཐོར་བ་ཡི་ལུས་མཐོང་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །ཞེས་གསུངས་པ་བཞིན་རིགས་མཐུན་བདེ་འགྲོ་ལ་ལྟོས་ཀྱང་བདེ་འགྲོ་གཞན་ལས་མི་དང་མིའི་ནང་ནས་ཀྱང་ཆོས་དང་འཕྲད་པ་དང་དེ་ལས་ཀྱང་ཆོས་ཚུལ་བཞིན་སྒྲུབ་པ་དཀོན་ཏེ། དཔེར་ན་རྒྱ་ཡུལ་གྱི་གྲོང་ཁྱེར་ཕལ་ཆེར་ལྟ་བུར་མི་ཁྲི་ཕྲག་མང་པོ་འཚོགས་པའི་ནང་ནས་བཤད་ཚོད་ལྟར་གྱི་ཆོས་ལྡན་གྱི་མི་དཀོན་པར་མ་ཟད་དགེ་སྡིག་འདྲེས་མར་སྤྱོད་པ་དང་དགེ་བ་ལ་མོས་པ་ཐོབ་པ་ཤིན་ཏུ་ཉུང་བས་ན་དལ་འབྱོར་གྱི་ལུས་རྟེན་རྙེད་དཀའ་བ་ཡིན་ནོ། །དེ་ལྟར་ཤིན་ཏུ་རྙེད་པར་དཀའ་བའི་ལུས་རྟེན་འདི་ལ་བརྟེན་ནས་སྡིག་པ་མི་དགེ་བ་བསྒྲུབ་པ་ནི་ཤིན་ཏུ་མི་རིགས་ཏེ། བཤེས་སྤྲིང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུག་འཕྱག་པར་བགྱིད་པ་དེ་བས་ཀྱང་། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིས་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་དང་། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ད་ལྟ་ཆོས་སྒྲུབ་པའི་མཐུན་རྐྱེན་དང་ལྡན་ཅིང་རང་དབང་ཡོད་པའི་དུས་འདིར་རང་ཉིད་ངན་འགྲོར་མི་ལྟུང་བར་བདེ་བ་ཐོབ་པའི་ཐབས་ལ་འབད་དགོས་ཏེ། དབུ་མ་འཇུག་པ་ལས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྟུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་ད་ལྟའི་དུས་འདིར་བདག་ཉིད་ངན་འགྲོའི་གཡང་སར་ལྟུང་བ་ལས་འཛིན་པར་མི་བྱེད་ན། ཕྱི་ནས་ངན་སོང་བའི་གཡང་ས་དེར་ལྟུང་ནས་གཞན་དབང་དུ་འཇུག་དགོས་པར་གྱུར་པ་དེའི་ཚེ་གང་ཟག་གཞན་གང་གིས་ཀྱང་དེ་ལས་སློང་བའམ་དྲངས་ཏེ་མཐོ་རིས་སུ་འགོད་པར་མི་བྱ་བའི་ཕྱིར་རོ། །དགེ་བའི་བཤེས་གཉེན་སྤྱན་སྔ་བ་ཆེན་པོས་ཐུགས་དམ་ལ་འཇུག་རེས་ཀྱིས་ཚིག་འདི་དག་ལན་རེ་གསུངས་ནས་འཇུག་པར་མཛད་པ་ཡིན་པས། རང་ཅག་གིས་ཀྱང་དེའི་དོན་སེམས་ཐོག་ཏུ་ལེགས་པར་བླངས་ན་གོ་རྒྱུ་ཆེན་པོ་ཡོད་པ་ཡིན་ནོ། །དེའི་ཕྱིར་ན་དཔལ་ལྡན་མཉམ་མེད་ཇོ་བོ་ཆེན་པོས། དལ་འབྱོར་ཕུན་སུམ་ཚོགས་པའི་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང་། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །བསྒྲུབ་ལ་འབད་པས་དོན་ཡོད་བྱ། །ཞེས་གསུངས་པ་ལྟར་སྒྲུབ་ལ་བརྩོན་པས་དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱ་སྟེ། དེ་ཡང་ས་སྙིང་འཁོལ་ལོ་བཅུ་པ་ལས། དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམས་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་དམ་པའི་ཆོས་ཀྱི་སྒྲོན་མེ་དང་བཅས་པའི་དལ་འབྱོར་འདི་སྙིང་པོ་ལེན་པའི་མཆོག་དམ་པ་ནི་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ་བརྩོན་པ་ཡིན་པས་ན་དེ་ལ་བརྩོན་པ་དྲག་པོ་བསྐྱེད་པར་བྱ་སྟེ། ཁྲིད་ཡིག་ལས་ཀྱང་། ད་ལྟ་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་འདི་སྔོན་གྱི་དགེ་བ་བཟང་པོའི་འབྲས་བུ་ཡིན་ཏེ༔ ད་རེས་འདི་དོན་དང་ལྡན་པ་ཞིག་མ་བྱས་ན་སྔོན་གྱི་དགེ་འབྲས་འདི་ཀས་ཟད་ནས་ད་ཕན་ཆད་བདེ་བའི་སྐབས་འཚོལ་བའི་དུས་མི་འོང་སྙམ་ནས་སྒོ་གསུམ་དགེ་བ་ལ་བསྐུལ་བར་བྱའོ༔ ཞེས་གསུངས་པ་ལྟར་རོ། །དལ་དང་འབྱོར་པའི་ཡོན་ཏན་ལྡན་པའི་རྟེན། །ལྷ་བས་ལྷག་པའི་ལུས་ཞེས་རབ་བསྔགས་ཏེ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག། ཕྱིས་ཀྱང་རྙེད་དཀའ་ཚེ་འདིར་སྙིང་པོ་ལོངས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ། ཕྱི་སྣོད་འཇིག་རྟེན་མི་རྟག་འཇིག་ཆགས་གནས༔ ནང་བཅུད་སེམས་ཅན་སྐྱེ་འཆིའི་ཚོང་དུས་འགྲིམས༔ ལོ་ཟླ་ཞག་དུས་གར་གྱི་རྣལ་འགྱུར་བཞིན༔ མི་རྟག་འཆི་བ་དྲན་པར་བླ་མ་མཁྱེན༔ ཅེས་ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པར་ཐ་མར་འཇིག། ཐོག་མར་ཆགས། བར་དུ་གནས་པའི་ཚུལ་དུ་འགྱུར་ཞིང་མི་བརྟན་པ་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་བ་དང་འཆི་བའི་རིམ་པས་མི་རྟག་པ་དཔེར་ན་ཚོང་པའི་མི་རྣམས་ཚོང་དུས་གཅིག་ཏུ་འགྲིམ་པ་ལྟ་བུ་དང་། གཞན་ཡང་ལོ་དང་ཟླ་བ་ཞག་དང་དུས་ཚོད་ཀྱི་ཆ་རྣམས་ཅུང་ཟད་རེས་འགྱུར་བ་གར་མཁན་རྣམས་ཀྱི་ཆ་ལུགས་བརྗེ་ཞིང་ལུས་ཀྱི་རྣམ་འགྱུར་མི་འདྲ་བ་དུ་མ་སྟོན་པ་བཞིན་ཡིན་ཏེ། དེ་ལྟར་འདུས་བྱས་ཀུན་མི་རྟག་ཅིང་ཁྱད་པར་དུ་རང་ཉིད་ཀྱི་ཚེ་ཡང་མི་རྟག་པར་སྐད་ཅིག་གིས་ཟད་དེ་འཆི་བར་འགྱུར་ཏེ། འོན་ཀྱང་མི་འཆི་བའི་འདུ་ཤེས་ཀྱི་ད་ལྟ་ཡན་ཆད་ཚེ་འདི་དོན་མེད་དུ་འདའ་བ་ལས་ད་ནི་མི་རྟག་ཅིང་འཆི་བའི་ཚུལ་དེ་ཤེས་ཤིང་དྲན་པར་བླ་མ་ལ་གསོལ་བ་གདབ་པའོ། །འདི་ལ་གསུམ། སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ཆགས་གནས་འཇིག་སྟོང་བཞིས་མི་རྟག་ཚུལ། ཁྱད་པར་དུ་རང་གི་ཚེ་མི་རྟག་པར་འཆི་བའི་ཚུལ། མི་རྟག་པའི་ཚུལ་གཞན་བཤད་པའོ། །དང་པོ་ནི། སེམས་ཉིད་ངལ་གསོ་ལས། སྣོད་བཅུད་མི་རྟག་སྲིད་པ་ཆགས་འཇིག་གི། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ། །ཁོར་ཡུག་རྒྱ་མཚོ་གླིང་དང་རིས་བསྐོར་བའི། །ལྷུན་པོ་རིན་ཆེན་བཞི་ཡང་མི་རྟག་ཅིང་། །ཐམས་ཅད་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས། །ངེས་པར་མཆིས་ཏེ་སྙིང་ནས་ཆོས་མཛོད་ཅིག། ཅེས་གསུངས་པ་ལྟར་སྣོད་བཅུད་ཀྱི་འཇིག་རྟེན་འདི་དག་ཆགས་གནས་འཇིག་སྟོང་གི་ཚུལ་བསམ་པ་ལ། ཐོག་མར་ཆགས་པའི་ཚུལ་ནི། མཛོད་ལས། ཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །ཞེས་འཇིག་རྟེན་གྱི་ཁམས་སྔ་མ་ཞིག་ནས་ནམ་མཁའ་སྟོང་པར་ཡུན་རིང་དུ་གནས་པ་ལས་ཐོག་མར་སེམས་ཅན་གྱི་ལས་དབང་གིས་རླུང་ལང་བར་གྱུར་ཏེ་རླུང་གི་དཀྱིལ་འཁོར་ཆགས་ནས་དམྱལ་བ་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་བར་ནི་ཆགས་བསྐལ་ཏེ། དེ་ཡང་འཇིག་རྟེན་སྔ་མ་མེས་འཇིག་པ་ཡིན་ན་བསམ་གཏན་དང་པོ་མན་ཆད་འཇིག་པས་ཚངས་པའི་གཞལ་མེད་ཁང་གི་ས་གཞིའི་རླུང་ཆགས་པ་དང་། ཆུས་འཇིག་ན་བསམ་གཏན་གཉིས་པ་མན་ཆད་འཇིག་པས་འོད་གསལ་གྱི་ལྷའི་འོག་གཞིའི་རླུང་ཆགས་པ་དང་། རླུང་གིས་འཇིག་ན་བསམ་གཏན་གསུམ་པ་མན་ཆད་འཇིག་པས་དགེ་རྒྱས་ཀྱི་ལྷའི་འོག་གཞིའི་རླུང་ཆགས་པ་ནས་འགོ་འཛིན་དགོས་ཀྱི་འཇིག་རྟེན་འདིའི་འོག་གཞིའི་རླུང་དཀྱིལ་ཆགས་པ་ནས་ནི་མ་ཡིན་ནོ། །དེ་ཡང་སྣོད་བཅུད་གཉིས་ལས། སྣོད་ཀྱི་རིམ་པ་ཐོག་མར་ཆགས་ཤིང་ས་དང་མ་འབྲེལ་བ་རྣམས་ནི་ཡས་རིམ་ནས་ཆགས། འབྲེལ་བ་རྣམས་ནི་མས་རིམ་ནས་ཆགས་ཏེ། འཇིག་པའི་དུས་སུ་ཀུན་གྱི་ཐ་མར་འཇིག་པ་དེ་ཆགས་དུས་སུ་ཐོག་མར་ཆགས་པར་གསུངས་པས། སྔ་མ་མེས་ཞིག་ན་ཐོག་མར་ཚངས་པའི་གཞལ་མེད་ཁང་ཆགས། དེ་ནས་རིམ་པ་བཞིན་བསམ་གཏན་འོག་མ་རྣམས་དང་འདོད་པའི་ལྷ་གཞན་འཕྲུལ་དབང་བྱེད་ནས་འཐབ་བྲལ་གྱི་གཞལ་མེད་ཁང་བར་ཆགས། དེ་རྣམས་ནི་ས་དང་མ་འབྲེལ་བའི་གནས་ཡིན་པས་དེ་ལྟར་ཆགས་ལ། སུམ་ཅུ་རྩ་གསུམ་མན་ཆད་ས་དང་འབྲེལ་བ་ཡིན་པས་དེ་མན་ཆད་ནི་སྣོད་ཆགས་པའི་རྗེས་སུ་ཆགས་དགོས་པ་ཡིན་ནོ། །དེ་ནས་ཁད་ཀྱིས་འོག་ཏུ་རླུང་ལྡང་བ་ཡུན་རིང་དུ་བསགས་པ་ལས་འཇིག་རྟེན་འདིའི་འོག་གཞིའི་རླུང་གི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་དཔག་ཚད་མང་པོའི་རྒྱ་དཔངས་དང་ལྡན་པ་ཞིག་ཆགས་ཏེ་རླུང་དེའི་མིང་ནི་འཇམ་པོ་ཞེས་བྱ་ལ། དབྱིབས་ཟླུམ་པོ་ཁ་དོག་སྔོ་སྐྱ་ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་ཞིག་ཡིན་ནོ། །དེ་ནས་སེམས་ཅན་གྱི་ལས་ཀྱི་དབང་གིས་ནམ་མཁར་སྤྲིན་གསེར་གྱི་སྙིང་པོ་ཅན་འཁྲིགས། དེ་ལས་ཆར་གྱི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་བབས་པ་ཡུན་རིང་དུ་བསགས་པ་ལས་རླུང་དཀྱིལ་དེའི་སྟེང་དུ་ཆུ་ཡི་དཀྱིལ་འཁོར་ཆེན་པོ་ཞིག་ཆགས། དེ་རླུང་གིས་ཕྱོགས་བཞི་ནས་བསྲུབ་པས་མང་ཤོས་མཚོར་གྱུར་ལ་ཉུང་ཤོས་མཚོ་དེའི་སྟེང་དུ་གསེར་གྱི་ས་གཞི་ཆགས། དེ་ཡང་རླུང་དཀྱིལ་ནི་སྟོང་གསུམ་གྱི་འོག་གཞི་གཅིག་ཡིན་པས་རྒྱ་ཆེ་ལ་ཆུ་དང་གསེར་གྱི་ས་གཞི་གླིང་བཞི་རེ་རེའི་འོག་གཞིར་གྱུར་པ་ཡིན་པས་དེ་ལས་རྒྱ་ཆུང་བ་ཡིན་ནོ། །ནམ་མཁའ་ལས་ས་བོན་ནམ་མཁའ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སྤྲིན་འཁྲིགས་ཏེ་ཆར་མང་དུ་བབས་པ་ལས་ས་དཀྱིལ་དེའི་སྟེང་དུ་མཚོ་ཆེན་ཞིག་ཆགས། དེ་ཁམས་རབ་སྡུད་ཅིང་འབྱེད་པའི་རླུང་གིས་གྲུ་བཞིར་དཀྲུགས་པ་ལས་གསེར་གྱི་ས་གཞི་དེའི་སྟེང་དུ་རི་རབ་ལྷུན་པོ་བྱེ་བ་ཕྲག་བརྒྱ་ཆགས། སླར་ཡང་ཁམས་འབྲིང་སྡུད་ཅིང་འབྱེད་པའི་རླུང་གིས་རི་དེ་ལ་བསྐོར་ཏེ་དཀྲུགས་པ་ལས་དེའི་ཕྱི་རོལ་ཏུ་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ་ཆགས། དེ་ནས་ཁམས་ཐ་མ་སྡུད་ཅིང་འབྱེད་པའི་རླུང་གིས་ཁོལ་བུར་དཀྲུགས་པ་ལས་གླིང་བཞི་མཐའི་ལྕགས་རི་དང་བཅས་ཆགས་ཏེ་གླིང་བཞི་དེ་རྣམས་ནི་དེ་ལྟར་དུས་མཉམ་དུ་ཆགས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ལོ། །དེ་ནས་ནང་བཅུད་ཆགས་ཚུལ་ལ། མེས་འཇིག་པའི་རྗེས་སུ་ཡིན་ན་བསམ་གཏན་གཉིས་པ་འོད་གསལ་གྱི་ལྷ་ལས་ཚེ་དང་ལས་དང་བསོད་ནམས་ཟད་ནས་ཤི་འཕོས་པ་བསམ་གཏན་དང་པོའི་གཞལ་མེད་ཁང་དུ་སྐྱེས་ཏེ་དང་པོར་སྐྱེས་པ་དེ་ནི་ལུས་ཆེ་བ་དང་འཇིག་རྟེན་འབྱིན་པ་པོར་སེམས་པའི་ཕྱིར་ཚངས་པ་ཆེན་པོ་དང་འཇིག་རྟེན་གྱི་མེས་པོར་གྲགས་ལ་གཙོ་བོ་ཡིན་ནོ། །དེ་ལས་ཕྱིས་སྐྱེས་པ་དེ་དག་ནི་དེ་ལས་ལུས་ཆུང་བ་དང་དེའི་འདོད་པ་ལས་སྐྱེ་བར་སེམས་པའི་ཕྱིར་འཁོར་ཡིན་ནོ། །དེ་བཞིན་དུ་རིམ་གྱིས་ཚངས་པའི་མདུན་ན་འདོན་དང་ཚངས་རིས་ཏེ་བསམ་གཏན་གྱི་ལྷ་དང་། གཞན་འཕྲུལ་དབང་བྱེད་ནས་རྒྱལ་ཆེན་རིགས་བཞིའི་བར་གྱི་འདོད་པའི་ལྷ་རྣམས་ཆགས། དེའི་རྗེས་ལ་རིམ་པ་ལྟར་བྱང་སྒྲ་མི་སྙན་དང་ནུབ་བ་གླང་སྤྱོད་དང་ཤར་ལུས་འཕགས་པོའི་མི་རྣམས་ཆགས། དེ་ནས་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་དུ་མི་དགེ་བ་ཆུང་དང་འབྲིང་དང་ཆེར་སྤྱད་པས་རིམ་གྱིས་ཡི་དྭགས་དང་དུད་འགྲོ་དང་དམྱལ་བ་རྣམས་ཆགས། དམྱལ་གནས་ཀུན་གྱི་འོག་མ་མནར་མེད་པར་སེམས་ཅན་གཅིག་གསར་དུ་སྐྱེས་པའི་ཚེ་ཆགས་བསྐལ་རྫོགས་ནས་གནས་བསྐལ་གྱི་འགོ་བརྩམ་པ་ཡིན་ནོ། །བསམ་གཏན་གཉིས་པ་དང་གསུམ་པ་ནས་ཆགས་ནའང་དགེ་རྒྱས་དང་བཞི་པ་ནས་འོག་མ་རྣམས་སུ་སྐྱེ་བ་སོགས་ཆགས་ཚུལ་དེ་དང་འདྲའོ། །དེ་ཡང་སྣོད་ཆགས་པ་ལ་བར་བསྐལ་གཅིག། བཅུད་ཆགས་པ་ལ་བར་བསྐལ་བཅུ་དགུ་སྟེ་ཉི་ཤུའི་ཡུན་ནོ། །དེ་དག་ལས་རང་རེ་འཛམ་བུའི་གླིང་པའི་ཚུལ་ཁྱད་པར་དུ་བརྗོད་ན་ཐོག་མར་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པར་གྱུར་པ་དེ་སྐབས་ནི་བསྐལ་པ་དང་པོ་ཞེས་བྱ་སྟེ། དེའི་ཚེ་ཉི་ཟླ་དང་རྒྱུ་སྐར་དང་དུས་ཚིགས་དང་། ལོ་ཟླ་དང་ཉིན་མཚན་དང་སྐད་ཅིག་དང་ཐང་ཅིག་ཡུད་ཙམ་དང་། སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ཐ་དད་དང་བཤང་གཅི་དང་། ཁང་ཁྱིམ་དང་རིགས་དང་མདོག་དབྱིབས་ཐ་དད་ཀྱང་མེད་དེ་སེམས་ཅན་ཞེས་བྱའོ། །བསྐལ་པ་དང་པོའི་མི་དེ་རྣམས་ནི་བརྫུས་ཏེ་སྐྱེས་པ་དབང་པོ་ཚང་བ་མཚན་དཔེ་རྗེས་མཐུན་པ་ཡོད་པས་མཛེས་པ་ཁ་དོག་བཟང་པོ་ལུས་ལ་འོད་ཡོད་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་ཁམས་ཟས་ལ་མི་ལྟོས་པ་བསམ་གཏན་གྱི་དགའ་བ་ཟས་སུ་ཟ་བ་ཚེ་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །དེའི་འཇིག་རྟེན་ཆགས་པའི་དུས་སུ་ཆུ་དག་རླུང་གིས་བསྡུས་ཤིང་འཐས་པར་བྱས་པ་ལས་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གིས་ས་ཆེན་པོའི་སྟེང་དུ་སའི་རོའམ་བཅུད་སྦྲང་རྩི་ལ་བསྐོལ་བ་ལྐུ་མར་གསར་བའི་མདོག་ལྟ་བུ་ཞིག་གིས་ཁྱབ་པར་གནས་ཏེ། དེ་ནས་སེམས་ཅན་ཁམས་ཟས་ལ་སྲེད་པའི་བག་ཆགས་སད་པ་ཞིག་གིས་མཛུབ་མོའི་རྩེ་མོ་ལ་བླངས་ཏེ་ཟ་བ་དང་མྱང་བར་བྱས། དེ་གཞན་དག་གིས་མཐོང་སྟེ་དེ་བཞིན་དུ་བཟའ་བ་དང་མྱང་བར་བྱས། ཟས་དེ་རགས་པས་རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་བ་ཡང་མེད། སྔ་མ་ལ་ལྟོས་ཏེ་ལུས་ལྕི་ཞིང་རྩུབ་འོད་ཀྱང་ཡལ་ནས་མུན་པ་བྱུང་བ་ན། དེ་ནས་ཐམས་ཅད་འདུས་ཏེ་མྱ་ངན་བྱས་པས་ཆོས་ཉིད་ཀྱིས་ཉི་ཟླ་དང་རྒྱུ་སྐར་དུས་ཚིགས་ལ་སོགས་པ་འབྱུང་སྟེ་ཉི་མ་ཟླ་བས་གླིང་བཞིར་བྱ་བ་སྣང་བར་བྱས་སོ། །དེ་ཚེ་ཟས་དེ་མང་དུ་ཟོས་པ་དེ་ནི་ཁ་དོག་ངན་ཅིང་ལུས་ལྕི་ལ་ཉུང་ངུ་ཟ་བ་རྣམས་ཁ་དོག་བཟང་བས། ཁ་དོག་ཀྱང་སྣ་ཚོགས་བྱུང་ཞིང་ཁ་དོག་བཟང་པོའི་ང་རྒྱལ་ཅན་དག་གིས་ང་ནི་མདོག་བཟང་ཁྱེད་ནི་ངན་ནོ་ཞེས་ཁྱད་དུ་བསད་པའི་ཉེས་པས་དེ་ཡང་ནུབ་པར་གྱུར། དེ་ལ་ཐམས་ཅད་ཀྱི་མྱ་ངན་བྱས་པས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ས་ཆེན་པོའི་སྟེང་དུ་སའི་ཞག་དྲི་སྔ་མ་འདྲ་བ་མདོག་དོང་ཀའི་མེ་ཏོག་ལྟར་དམར་བ་ཞིག་གིས་ཁྱབ་པར་མྱང་བ་ནས་ཁྱད་གསོད་ཀྱི་བར་སྔར་བཞིན་བྱས་པས་དེ་ཡང་ནུབ་པར་གྱུར་ཏེ། དེ་ལ་མྱ་ངན་བྱས་པས་ལས་དབང་གིས་ས་ཆེན་པོ་འདིའི་སྟེང་དུ་མྱུ་གུའི་ཚལ་ཁ་དོག་ཀ་དམ་ཡུ་ཀའི་མེ་ཏོག་ལྟར་སེར་བ་ཞིག་གིས་ཁྱབ་པར་གནས། དེ་ལ་ཟ་བ་ནས་ཁྱད་གསོད་ཀྱི་བར་སྔར་བཞིན་བྱས་པས་དེ་ཡང་ནུབ་པར་གྱུར་ཏེ། དེ་ལ་མྱ་ངན་བྱས་པས་ལས་དབང་གིས་ས་ཆེན་པོ་འདིའི་སྟེང་དུ་མ་རྨོས་མ་བཏབ་པའི་འབྲས་ས་ལུ་ཚད་སོར་བཞི་པ་ཕུབ་མ་དང་ཤུན་པ་མེད་པས་གཙང་བ་ནང་བརྔས་ན་ནུབ་སྐྱེ་ནུབ་བརྔས་ན་ནང་སྐྱེ་བ་བརྔས་པའི་རྗེས་མི་མངོན་པ་ཞིག་གིས་ཁྱབ་པར་གནས་སོ། །དེའི་ཚེ་ཟས་དེ་ཤིན་ཏུ་རགས་པ་ཡིན་པས་སྙིགས་མ་བཤང་གཅིར་གྱུར་ཏེ་དེ་འབྱུང་བའི་ལམ་ཕོ་མོའི་དབང་པོ་སོ་སོར་དོད་པར་གྱུར་ཏོ། །དེའི་ཚེ་དེ་དག་ཕན་ཚུན་བལྟ་བ་ན་མི་འཁྲིག་པའི་བག་ཆགས་སད་པ་ཞིག་གིས་འདོད་ཆགས་སྐྱེས་ཏེ་ལོག་པར་ཞུགས་པ་ན་གཞན་དག་གིས་མཐོང་ནས་བླུན་པོ་བྱ་བ་མ་ཡིན་པ་བྱེད་པ་སེམས་ཅན་སུན་འབྱིན་པའོ་ཞེས་བརྗོད་ཅིང་ས་རྡུལ་ལ་སོགས་པ་གཏོར་ཞིང་སྨད་པས་དེས་དེ་མི་མཐོང་བར་བྱ་བའི་ཕྱིར་འཇག་མའི་ཁང་ཁྱིམ་བྱས་པས་ཁང་ཁྱིམ་གྱི་ཐོག་མ་དེ་ནས་བྱུང་ངོ་། །དེའི་ཚེ་འབྲས་ས་ལུ་ནམ་ཟ་འདོད་པ་ན་ལེན་ཆོག་པ་ཞིག་ཡིན་པ་ལ་ལེ་ལོ་ཅན་ཞིག་གིས་ནངས་པར་ཟ་རྒྱུ་ནུབ་མོར་བླངས། དེ་ལ་འགྲན་ཏེ་གཞན་དག་གིས་དེ་ལྟར་བླངས། དེ་ནས་ཞག་གཉིས་དང་གསུམ་བདུན་དང་ཟླ་བ་ཕྱེད་ཟླ་བའི་བར་དུ་བླངས་ཏེ་གསོག་འཇོག་བྱས་པས་ས་ལུ་དེ་ཡང་ཕུབ་མ་དང་ཤུན་པ་དང་བཅས་ཏེ་སླར་འདེབས་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་མ་མཐུན་པར་སོ་སོར་བདག་གིར་བཟུང་ནས་ཞིང་བགོས་ཏེ་གནས་པ་ན་ཕན་ཚུལ་བརྐུ་འཕྲོག་བྱས་ཏེ་མ་བྱིན་ལེན་གྱི་ལས་ལམ་གྱི་ཐོག་མ་ཡང་དེ་ནས་བྱུང་། དེའི་ཚེ་ཀུན་འདུས་ཏེ་གྲོས་བྱས་ནས་སེམས་ཅན་དེ་རྣམས་ཀྱི་ནང་ནས་མི་རང་བཞིན་གྱིས་གཤིས་བཟང་པོ་བློ་དང་ལྡན་པ་ཞིག་དཔོན་དུ་བསྐོས། དེ་ལ་ལོ་ཐོག་གི་དྲུག་ཆ་སྟེར་བར་བྱས། དེས་ཆད་པ་དྲང་པོར་གཅོད་པར་བྱས་ཤིང་ཀུན་གྱིས་བཀུར་བས་མང་པོས་བཀུར་བའི་རྒྱལ་པོར་གྲགས། དེ་ནི་རྒྱལ་པོ་ཀུན་གྱི་ཐོག་མ་ཡིན། དེའི་ཁྱིམ་ལ་རྒྱལ་པོའི་ཁབ་ཅེས་གྲགས། དེའི་ཚེ་གང་དག་འདོད་པ་ཆུང་ཞིང་ཁྱིམ་ལས་ཡིད་ཕྱོགས་ཏེ་དགོན་པ་དང་ནགས་སུ་གནས་པ་དེ་དག་ལ་བྲམ་ཟེ་དང་། བརྐུ་བ་ལ་སོགས་པ་མི་བྱེད་པ་རྗེས་རིགས་དང་། བྱེད་པ་ལ་དམངས་རིགས་དང་གདོལ་པའི་རིགས་ཞེས་བཏགས་ཏེ་རིགས་ཐ་དད་ཀྱང་དེ་ནས་བྱུང་བ་ཡིན་ནོ། །མང་བཀུར་གྱི་སྲས་འོད་མཛེས། དེ་ནས་རིམ་པ་བཞིན་དགེ་བ་དགེ་མཆོག་གསོ་སྦྱང་འཕགས་ཏེ་བསྐལ་པ་དང་པོའི་རྒྱལ་པོ་ལྔ། དེ་ནས་ང་ལས་ནུ་མཛེས་པ་ཉེ་མཛེས་ཅན་མེ་ལྡན་ཏེ་འཁོར་ལོས་སྒྱུར་རྒྱལ་ལྔ་སྟེ་དེ་རྣམས་ནི་གླིང་བཞིར་དབང་བསྒྱུར། དེ་མན་ཆད་ཀྱི་འཁོར་སྒྱུར་གང་བྱུང་གླིང་གཅིག་ལ་དབང་བསྒྱུར་བ་ཤ་སྟག་ཡིན། དེ་ནས་རིམ་པར་བརྒྱུད་པ་ན་ཤཱཀྱའི་གདུང་རབས་ཏེ་མཐར་གཽ་ཏམ་གཞུང་བསྟན། དེའི་སྲས་རྒྱལ་པོ་སེངྒེའི་འགྲམ། དེའི་སྲས་རྒྱལ་པོ་ཟས་གཙང་མ། དེའི་སྲས་བྱང་ཆུབ་སེམས་དཔའ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་སྟེ་མང་བཀུར་ནས་དོན་གྲུབ་བར་རྒྱལ་བརྒྱུད་དགུ་འབུམ་བདུན་ཁྲི་སུམ་སྟོང་ལྔ་བརྒྱ་སོ་གཅིག་བར་དུ་བྱོན་པའོ། །དེ་ནས་སྒྲ་གཅན་འཛིན་གྱིས་རྒྱལ་བརྒྱུད་ཟད་པ་ཡིན་ནོ། །གནས་པའི་བསྐལ་པ་ནི། ཇི་སྐད་དུ། བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །དེ་ནས་ཡར་སྐྱེ་མར་འགྲིབ་ཀྱི། །བསྐལ་པ་བཞི་ཁྲི་བཅོ་བརྒྱད་དང་། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་དག་ཚེ་ན་བརྒྱད་ཁྲིའི་བར། །དེ་ལྟར་འཇིག་རྟེན་ཆགས་པ་ནི། །བར་གྱི་བསྐལ་པ་ཉི་ཤུར་གནས། །ཞེས་གསུངས་ཏེ་གནས་པའི་བསྐལ་པར་གཏོགས་པ་བར་གྱི་བསྐལ་པ་དེ་གང་ཞིག་ཡིན་ཅེ་ན། འཛམ་བུ་གླིང་གི་མི་རྣམས་ཀྱིས་ཚེ་དཔག་ཏུ་མེད་པ་ཐུབ་པ་ལས་མར་འགྲིབ་པ་ནས་བཟུང་ཚེ་ལོ་བཅུ་པའི་བར་ནི་བར་གྱི་བསྐལ་བ་དང་པོ་སྟེ། རིམ་གྱིས་འགྲིབ་སྟེ་བརྒྱད་ཁྲི་བར་གྱུར་པ་ནས་འགོ་འཛིན་པ། མཁས་པ་མང་པོས་གསུངས་ལ། དེ་ལ་ནི་ཡ་ཐོག་རིང་མོ་ཞེས་བྱའོ། །ཡ་ཐོག་གི་དུས་འདིར་ནི་བསྐལ་བཟང་གི་སངས་རྒྱས་སྟོང་ལས་བཞི་འཇིག་རྟེན་འདིར་བྱོན་ཟིན་ཏེ་བཞི་ཁྲིའི་དུས་སུ་འཁོར་བ་འཇིགས། སུམ་ཁྲིར་གསེར་ཐུབ། ཉི་ཁྲིར་འོད་སྲུངས། བརྒྱ་པའི་དུས་སུ་བདག་ཅག་གི་སྟོན་པ་ཉིད་བྱོན་པ་ཡིན་ནོ། །གནས་བསྐལ་གྱི་འོག་འཛམ་གླིང་འདིའི་མི་རྣམས་ཀྱི་ཚེ་ཚད་དང་བསྒྲིགས་པའི་གསལ་ཆ་ཆེར་མི་སྣང་ཡང་མི་རིགས་བཞི་བྱུང་བའི་རྗེས་སུ་རྐུན་པོ་སོགས་ཀྱིས་ཆད་པ་ལ་སྐྲག་ནས་རྫུན་སྨྲ་བའི་རྗེས་ཙམ་ཞིག་ནས་བྱུང་བར་ས་སྡེ་ལས་གསུངས་ཏེ། དེ་སྐབས་སུ་མི་དགེ་བའི་ལས་ཤིན་ཏུ་སྟོབས་ཆེ་བ་ཞིག་བསགས་པ་ནས་ཡིན་དགོས་ཏེ། མནར་མེད་ཀྱི་འགོ་ཚུགས་པར་བཤད་མ་ཐག་པ་ལྟར་དང་དེ་ལྟར་མ་ཡིན་པར་དེར་མི་སྐྱེ་བའི་ཕྱིར་རོ། །དེ་ནས་ཡང་ཡར་བརྒྱད་ཁྲིའི་བར་སྐྱེ་བ་དང་མར་བཅུ་པའི་བར་འགྲིབ་པའི་བར་གྱི་བསྐལ་པ་གཞན་ནི་འཕེལ་བ་དང་འགྲིབ་པ་ཟུང་རེ་རེར་བསྒྲང་བས་བཅོ་བརྒྱད་དེ་བར་གྱི་ཁུག་པ་བཅོ་བརྒྱད་ཅེས་གྲགས་སོ། །དེའི་ཐོག་མའི་བརྒྱད་ཁྲི་པར་རྫོགས་པའི་སངས་རྒྱས་བྱམས་པ་འབྱོན་པ་ཡིན་ལ། དེ་ནས་སངས་རྒྱས་གཅིག་མ་གཏོགས་པ་ལྷག་མ་ཐམས་ཅད་བར་ཁུག་དེར་འབྱོན་པ་ཡིན་ལ། དེའི་བཅུ་པ་ཐ་མ་ནས་མར་སྐྱེས་པའམ་འཕེལ་ཏེ་བརྒྱད་ཁྲི་བར་གྱུར་པ་ནི། མ་ཐོག་རིང་མོ་སྟེ་དེའི་དུས་སུ་བསྐལ་བཟང་གི་སངས་རྒྱས་མཐའ་མ་མོས་པ་འབྱོན་པ་ཡིན་ནོ། །དེ་ལས་ཡ་ཐོག་དང་མ་ཐོག་གཉིས་རྐྱང་པ་དང་། བར་ཁུག་རྣམས་ཟུང་ཡིན་ཀྱང་དེ་རེ་རེ་ནས་ཡུན་ཚོད་མཉམ་པ་ནི་རྐྱང་པའི་སྐབས་འཕེལ་འགྲིབ་བུལ་བ་དང་། གཞན་དག་ཏུ་མྱུར་བས་ཡིན་ནོ། །དེ་ལས་ཚེ་ལོ་བཅུ་པའི་སྐབས་ནི་ཇི་ལྟར་ཡིན་ཅེ་ན། མཛོད་ལས། དེ་ནི་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞེས་གསུངས་ཏེ་མི་དགེ་བའི་ལས་ལམ་ལྷག་པར་སྤྱད་པས་ཚེ་དང་གཟུགས་དང་ལོངས་སྤྱོད་རྣམས་རིམ་གྱིས་འགྲིབ་སྟེ་ཚེ་ཤིན་ཏུ་ཐུང་བ་ལོ་ནི་བཅུ་པར་གྱུར་ཏེ་དེ་ཚེ་བུ་མོ་ནི་ལོ་ལྔ་ནས་བག་མར་གཏོང་། གོས་ཀྱི་མཆོག་ནི་སྐྲའི་ལྭ་བ། ཟས་ཀྱི་མཆོག་ཀོ་ཊ་པ། རྒྱན་གྱི་མཆོག་མཚོན་ཆ། རོ་ལ་ཁ་བ་མིན་པ་ལྔ་དང་མར་ཏིལ་སྦྲང་རྩི་བུ་རམ་ལན་ཚྭ་ལྔ་ཡང་ནུབ་བོ། །དེ་ཚེ་བར་གྱི་བསྐལ་པ་དེ་མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་དང་། མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་པས་ཟད་པར་བྱེད་དོ། །མཚོན་གྱི་དུས་སུ་བསམ་པ་རྩུབ་པས་མཐོང་ཚད་ལ་སྡང་བའི་གནོད་སེམས་དྲག་པོ་སྐྱེས་ཏེ་ཅི་བླང་མཚོན་ཆར་གྱུར་ཏེ་གཅིག་གིས་གཅིག་གསོད་པས་དེར་ཤི་བ་ཐམས་ཅད་དམྱལ་བར་སྐྱེའོ། །ནད་ཀྱི་བསྐལ་པ་ནི་མི་དགེ་བ་བྱས་པས་མི་མ་ཡིན་པ་རྣམས་འཁྲུགས་ནས་ནད་གདོན་གསོར་མི་རུང་བ་ཕལ་ཆེར་ཏེ་དེས་ཤི་བ་ཡང་དམྱལ་བར་སྐྱེའོ། །མུ་གེ་ནི། ལྷས་ཆར་མ་ཕབ་པས་མུ་གེ་བྱུང་བ་འབྲུ་རེ་ཡོད་པའང་གབ་རྩེར་བཀུང་བ་གབ་རྩེ་བ་དང་། རུས་པ་སྣུམ་དང་བྲལ་བའི་ཁུ་བ་འཐུང་བས་རུས་གོང་དཀར་པོ་དང་། འབྲུ་རེ་ཐུར་མས་ཆུར་དཀྲུགས་ཏེ་འཚོ་བ་ཐུར་མས་འཚོ་བ་རྣམས་ཡིན་ཏེ། དེ་ལ་མཚོན་གྱི་བསྐལ་པ་ནི་ཞག་བདུན། ནད་ཀྱི་ཟླ་བ་བདུན། མུ་གེ་ལོ་བདུན་ཟླ་བ་བདུན་ཞག་བདུན་དུ་འབྱུང་ངོ་། །བར་བསྐལ་དེ་དག་ལས་ཐར་བའི་རྒྱུ་ནི་ཉིན་རེ་ཙམ་ཡང་སྲོག་གཅོད་པ་སྤོང་བ་དང་། དགེ་འདུན་ལ་སྨན་དང་ཞལ་ཟས་རྣམས་འབུལ་བ་ཡིན་པར་ཁང་བུ་བརྩེགས་པའི་མདོ་ལས་གསུངས་སོ། །དེ་དག་གི་དུས་སུ་གླིང་གཉིས་སུ་གནོད་སེམས་ལྷག་པ་དང་ཁ་དོག་ངན་པ་དང་ཉམ་ཆུང་བ་དང་བཀྲེས་པ་དང་སྐོམ་པ་ཙམ་དུ་འགྱུར་ལ། བྱང་ན་ནི་ཅུང་ཟད་ཙམ་ཡང་མི་འབྱུང་ངོ་། །འཇིག་པའི་བསྐལ་པ་ནི། མཛོད་ལས། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་གསུངས་ཏེ་འཇིག་པའི་བསྐལ་པ་ནི་དམྱལ་བའི་སྲིད་པ་མེད་པ་ནས་འགོ་བརྩམས་ཏེ་སྣོད་ཀྱི་འཇིག་རྟེན་ཞིག་ནས་ཟད་པའི་བར་ཏེ་ཐོག་མར་བཅུད་ཀྱི་སེམས་ཅན་འཇིག་ཚུལ། དམྱལ་བར་སེམས་ཅན་གསར་དུ་སྐྱེ་བ་ཆད་དེ་མནར་མེད་ཀྱི་སེམས་ཅན་ལས་ཟད་པ་རྣམས་བདེ་འགྲོར་སྐྱེས། མ་ཟད་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེ་བའི་ཚུལ་གྱིས་སྟོང་། དེ་བཞིན་དུ་རིམ་པས་ཚ་དམྱལ་ལྷག་མ་བདུན་དང་གྲང་དམྱལ་བརྒྱད་དང་། རྩ་བའི་གནས་ན་གནས་པའི་ཡི་དྭགས་རྣམས། དེ་ནས་བྱིང་ན་གནས་པའི་དུད་འགྲོ་རྣམས་ཚུལ་སྔ་མ་བཞིན་དུ་སྟོང་། འདོད་པའི་ལྷ་མི་རྣམས་དང་མཉམ་དུ་གནས། དུད་འགྲོ་ནི་དེ་དང་ལྷན་ཅིག་སྟོང་། ཡི་དྭགས་སྟོང་པའི་རྗེས་སུ་མི་རྣམས་སྟོང་ཚུལ་ནི། འཛམ་བུ་གླིང་པའི་མི་ཞིག་གི་རྒྱུད་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་ཏེ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཞི་བའོ་ཞེས་བརྗོད། །དེ་གཞན་དག་གིས་ཐོས་པས་གཞན་དག་གི་རྒྱུད་ལ་ཡང་བསམ་གཏད་དང་པོའི་ཏིང་ངེ་འཛིན་སྐྱེས་ནས་བསམ་གཏན་གཉིས་པར་སྐྱེ་བའི་ཚུལ་གྱི་སྟོང་། དེ་བཞིན་དུ་ཤར་ལུས་འཕགས་པོ་དང་། ནུབ་བ་གླང་སྤྱོད་གཉིས་ཀྱང་ཚུལ་སྔ་མ་བཞིན་གྱིས་སྟོང་། བྱང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་སྒྲིབ་པས་བསམ་གཏན་གྱི་ཏིང་ངེ་འཛིན་རྒྱུད་ལ་མི་སྐྱེ་འདོད་པའི་ལྷ་རུ་སྐྱེ། འདོད་ལྷ་རིགས་དྲུག་ཀྱང་ཚུལ་སྔ་མ་བཞིན་དུ་བྱས་ནས་བསམ་གཏན་དང་པོར་སྐྱེ་བའི་ཚུལ་གྱིས་སྟོང་། བསམ་གཏན་དང་པོའི་བཅུད་སྟོང་པའི་ཚུལ་ནི། བསམ་གཏན་དང་པོའི་ལྷ་ཞིག་གི་རྒྱུད་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་སྐྱེས་ཏེ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཞི་བའོ་ཞེས་བརྗོད། དེ་གཞན་དག་གིས་ཐོས་ནས་དེ་ལྟར་བརྗོད་པས་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་སྐྱེས་ནས་བསམ་གཏན་གཉིས་པར་སྐྱེ་བའི་ཚུལ་གྱིས་སྟོང་། མེ་འཇིག་ན་དེ་ཙམ་གྱིས་སེམས་ཅན་ཞིག་པ་ཡིན་ནོ། །ཆུས་འཇིག་ན་གཉིས་པ་ལ་གསུམ་པའི་ཏིང་ངེ་འཛིན་སྐྱེས་ནས་གསུམ་པར་སྐྱེ། རླུང་གིས་འཇིག་ན་གསུམ་པ་ལ་བཞི་པའི་ཏིང་ངེ་འཛིན་སྐྱེས་ནས་བཞི་པར་བསྐྱེའོ། །གང་ལྟར་ཡང་བཅུད་འཇིག་པའི་ཡུན་ལ་བར་བསྐལ་བཅུ་དགུ་ཡོད་དོ། །དེའི་རྗེས་སུ་སྣོད་སྟོང་ཞིང་ཟད་པའི་ཚུལ་ནི། མཛོད་ལས། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་ནི་གོ་རིམ་བཞིན། །དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །ཞེས་གསུངས་ཏེ་དེ་ལྟར་སེམས་ཅན་གྱི་འཇིག་རྟེན་བསམ་གཏན་དང་པོ་མན་ཆད་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་དེའི་ཚེ། ནམ་མཁའ་ལ་སྤྲིན་མེད་ཅིང་ཉི་མ་འདི་ཉིད་བཞི་འགྱུར་གྱིས་ཚ་བར་གྱུར་པས་ནི་རྩི་ཤིང་ནགས་ཚལ་རྣམས་སྐེམ་པར་བྱེད་དོ། །དེ་བཞིན་དུ་གཉིས་པས་ནི་ཆུ་བྲན་ལྟེང་ཀ་ཆེ་ཆུང་རྣམས་དང་། གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་ནི་མཚོ་ཆེན་པོ་མ་དྲོས་པ་དང་། ལྔ་པས་ནི་ཕྱིའི་རྒྱ་མཚོ་ཡང་སྐེམ་པར་བྱེད། དྲུག་པས་ནི་ས་ཆེན་པོ་དང་མཆོག་ཏུ་སྲ་བའི་རི་རབ་ལའང་དུ་བ་དག་འཐུལ་བར་བྱེད་དོ། །བདུན་པས་ནི་ཐམས་ཅད་མེ་ལྕེ་གཅིག་ཏུ་འབར་ཏེ་མེ་ལྕེ་དེས་རྐྱེན་བྱས་ནས་བསམ་གཏན་དང་པོའི་སས་བསྡུས་ཀྱིས་མེར་འབར་ཏེ་བསམ་གཏན་དང་པོའི་གཞལ་མེད་ཁང་བསྲེགས་ནས་མེ་ལྕེ་དེ་དག་རང་ཞི་བར་གྱུར་ཏེ་ཐམས་ཅད་ནམ་མཁའི་རང་བཞིན་དུ་གནས་སོ། །ཆུས་འཇིག་པ་ན་འོད་གསལ་གྱི་གནས་སུ་སྤྲིན་འཁྲིགས་པ་ལས་ཆར་ཆེན་པོ་བབས་ནས་ལན་ཚྭ་ཆུའི་ནང་དུ་ཞུ་བ་ལྟར་འགྱུར་རོ། །རླུང་གིས་འཇིག་པ་ན་ལས་ཀྱི་རླུང་གིས་རི་རབ་ཀྱང་གཏོར་ན་གཞན་རྣམས་ལྟ་ཅི་སྨོས་པའི་ཚུལ་གྱིས་འཇིག་པར་བྱེད་དོ། །ཁ་ཅིག་རླུང་གིས་སྐེམས་པར་བྱེད་པ་ཡིན་ཏེ་མི་རླུང་ནད་ཅན་སྐམ་པ་བཞིན་ནོ་ཞེས་གསུངས་པའང་ཡོད་དེ། དེ་ལྟ་ན་མེ་དང་ཆུ་དང་རླུང་གསུམ་གྱིས་འཇིག་པ་ན་རིམ་པ་ལྟར་བསམ་གཏན་དང་པོ་གཉིས་པ་གསུམ་པ་མན་ཆད་འཇིག་གོ། བསམ་གཏན་བཞི་པ་མེ་ཆུ་རླུང་གིས་མི་འཇིག་པ་ནི་བསམ་གཏན་གྱི་རྩེ་མོ་ཡིན་པར་ཤེས་པར་བྱའོ། །དེ་དག་དེ་ལྟར་འཇིག་པའི་རྒྱུ་མཚན་ཡང་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་དང་ཆོས་མཐུན་པ་ཡོད་པ་དང་། གཉིས་པ་ན་དགའ་བ་ཆུ་དང་། གསུམ་པར་དབུགས་འབྱུང་རྔུབ་རླུང་དང་ཆོས་མཐུན་པ་ཡོད་པའི་ཕྱིར་རོ། །བསམ་གཏན་བཞི་པ་ན་ནི་སྣོད་ལ་ཕྱི་རོལ་གྱི་འཇིག་པའི་རྒྱུ་མེད་དེ་གནས་དེར་རྐྱེན་དེ་དག་གིས་གཡོ་བ་མེད་པའི་ཕྱིར་རོ། །འོ་ན་བཞི་པའི་གནས་དེ་དག་རྟག་པར་འགྱུར་རོ་ཞེ་ན་མི་རྟག་སྟེ་བཞི་པ་དེའི་གཞལ་མེད་ཁང་ནི་སེམས་ཅན་དང་བཅས་ཏེ་འབྱུང་བ་དང་འཇིག་པའི་ཕྱིར་ཏེ། འཇིག་པ་དེ་དག་འབྱུང་བའི་གོ་རིམ་ཡང་མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག། དེ་ལྟར་ཆུལ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཅེས་གསུངས་ཏེ་སྣོད་ཀྱི་འཇིག་རྟེན་དང་པོ་མེས་འཇིག་དེ་ནས་ཡར་ཆགས་པ་དང་། ཡང་མེ་འཇིག་པ་སོགས་དེ་ལྟར་མེ་ཡིས་ལན་བདུན་འཇིག་པའི་འོག་ཏུ་གཅིག་ཆགས་པ་ཆུ་ཡིས་འཇིག། དེ་ལྟར་མེས་འཇིག་པ་བདུན་རེའི་འོག་ཏུ་ཆུས་འཇིག་པ་རེ་རེ་སྟེ་དེ་ལྟར་ཆུས་འཇིག་པ་ལན་བདུན་ཐལ་ནས་མེས་འཇིག་པ་བདུན་གྱི་མཇུག་ཐོག་ཏུ་རླུང་གིས་འཇིག་པ་ཡིན་ཏེ་བསྡོམས་པས་མེས་འཇིག་ང་དྲུགཆུས་འཇིག་བདུན། རླུང་འཇིག་གཅིག་སྟེ་འཇིག་ཐེངས་དྲུག་ཅུ་རྩ་བཞི་འབྱུང་བ་ཡིན་ནོ། །ཁྲིད་ཡིག་ལས་མེས་འཇིག་ཞེས་དགུར་གསུངས་པ་ནི་ཆུས་འཇིག་ཐ་མའི་རྗེས་ཀྱི་མེས་འཇིག་རྣམས་མ་བགྲང་བ་སྟེ། མཁས་པའི་གསུང་གཞན་ལས་ཀྱང་དེ་ལྟར་བྱུང་བ་མང་ང་ོ། །ཆགས་གནས་སོགས་ཀྱི་ཚུལ་འདི་དག་ཡོངས་གྲགས་མཛོད་ཀྱི་ལུགས་ལྟར་ཡིན་ཏེ་ཀུན་མཁྱེན་ཆེན་པོས་ཡིད་བཞིན་མཆོག་གི་རྒྱུད་བི་མ་ལའི་མུ་ཏིག་ཕྲེང་འགྲེལ་གཙོ་བོར་བྱས་པ་ཡིན་པར་གསུངས་པས་འདི་དང་འཆད་ཚུལ་མི་འདྲ་ཡང་སྐྱོན་མེད་དེ། དཔེར་ན་ས་སྡེ་དང་མཛོད་ཀྱི་ལུགས་ལའང་འདི་དག་གི་ཚུལ་ལ་མི་མཐུན་པ་ཡོད་པ་བཞིན་ནོ། །ཤེས་པར་འདོད་ན་རང་འགྲེལ་པདྨ་དཀར་པོ་དཔེ་དག་པ་རྣམས་སུ་བལྟ་བར་བྱའོ། །དེ་ལྟར་སྣོད་འཇིག་པ་ལ་བར་བསྐལ་གཅིག་སྟེ་ཁྱོན་བསྡོམ་ན་སྣོད་བཅུད་གཉིས་འཇིག་པ་ལ་བར་བསྐལ་ཉི་ཤུའོ། །དེ་ལྟར་ཞིག་ནས་སྟོང་པར་གྱུར་ཏེ་ནམ་མཁའ་གཅིག་གི་རང་བཞིན་དུ་གནས་པའི་ཡུན་ཀྱང་བར་བསྐལ་ཉི་ཤུ་སྟེ་ཆགས་གནས་འཇིག་སྟོང་བཞི་ཀ་བསྡོམ་པ་ལ་བར་བསྐལ་བརྒྱད་ཅུ་ནི་བསྐལ་ཆེན་ཅེས་བྱ་སྟེ། མཛོད་ལས། ཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དུས་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་འདི་རྣམས་མི་རྟག་ཅིང་། བཅུད་ཀྱི་སེམས་ཅན་རྣམས་ཀྱང་བསྐལ་པ་དང་པོ་ཚེ་ལོ་དཔག་དུ་མེད་པ་ནས་མཐར་བཅུ་ཡི་བར་ཚེ་དང་ལོངས་སྤྱོད་གཟུགས་སོགས་ཇེ་ངན་དུ་གྱུར་ཏེ་མི་རྟག་པའི་ཚུལ་ལ་བསམ་ཞིང་། ཁྱད་པར་དུ་སྲ་ཞིང་འཐས་པར་སྣང་བའི་སྣོད་ཀྱི་འཇིག་རྟེན་འདི་དག་ཀྱང་ཡོངས་སུ་འཇིག་ན་བདག་ཅག་ནི་ལྟ་ཅི་སྨོས་སྙམ་དུ་བསམ་པར་བྱ་སྟེ། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་རྣམས་ཀྱང་། །ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་པ་དང་ལྷུན་པོ་ལ་སོགས་པའི་ལུས་ཅན་ཏེ་གཟུགས་ཅན་འདི་དག་ཀྱང་མཐར་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་ན་ཤིན་ཏུ་ཉམ་ཆུང་འཇིག་པར་སླ་བའི་མི་ལུས་འདི་འདྲ་བ་སྨོས་ཀྱང་ཅི་དགོས་གསུངས་པར་ལྟར་རོ། །གཉིས་པ་ཁྱད་པར་དུ་རང་གི་ཚེ་མི་རྟག་པར་འཆི་བའི་ཚུལ་ལ་གསུམ། ངེས་པར་འཆི་བ་དང་། ནམ་འཆི་ངེས་པ་མེད་པ་དང་། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་བསམ་པའོ། །དང་པོ་ངེས་པར་འཆི་བ་ནི། ཡིད་བཞིན་མཛོད་ལས། ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པས། །ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱ། །ཞེས་གསུངས་ཏེ་དེའི་རྒྱུ་མཚན་ཡང་འཆི་བདག་ངེས་པར་འོང་ཞིང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པ་དང་། ཚེ་ལ་བསྣན་པ་མེད་ཅིང་འབྲི་བྱེད་བར་མ་ཆད་དུ་ཡོད་པ་དང་། གསོན་པའི་ཚེ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་ཡིན་ཏེ། དེའི་དང་པོ་ནི། མི་རྟག་པའི་ཚོམ་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་ལུས་ཅི་འདྲ་བ་བླངས་ཀྱང་འཆི་བ་དང་། ཚོམ་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་འགའ་ཡང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མེད། །ཅེས་གང་དུ་སྡོད་ཀྱང་འཆི་བ་འོང་བ་དང་། དེ་ཉིད་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱི་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་གྱིས་ཏེ། །ཆོས་ལ་གནས་གྱིས་ངེས་པར་སྤྱད་པ་སྤྱོད། །ཞེས་སྔར་བྱུང་བ་དང་ཕྱིས་འབྱུང་བར་འགྱུར་བ་ཀུན་གྱིས་ལུས་འདི་བཏང་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དང་། དེ་ཀུན་འཇིག་ཅིང་མི་རྟག་པར་མཁས་པས་རྟོགས་པར་གྱིས་ལ་དམ་པའི་ཆོས་ལ་གནས་པར་གྱིས་ཏེ་ངེས་པར་ཆོས་ཀྱི་སྤྱད་པ་སྤྱོད་ཅིག་གསུངས་པ་ལྟར། སྔོན་དང་ཕྱི་མའི་དུས་ནམ་དུའང་སེམས་ཅན་འཆི་བས་འཇོམས་པ་ལ་ཁྱད་པར་མེད་པས་ན་ངེས་པར་འཆི་བ་ཡིན་ཏེ། སྔོན་བྱོན་རྫོགས་པའི་སངས་རྒྱས་སྐྱེ་འཆི་ལ་དབང་ཐོབ་པར་རྣམས་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་དོན་དུ་མྱ་ངན་ལས་འདའ་བ་དང་། དེ་བཞིན་དུ་རྒྱ་བོད་ཀྱི་པཎ་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའ་གང་ཟག་མཆོག་དམན་གྲངས་མེད་ཆོས་འབྱུང་དང་ལོ་རྒྱུས་སོགས་ནས་བྱུང་བ་མཐའ་དག་ཀྱང་མ་བརྟགས་པའི་གནས་སྐབས་སུ་དེ་ལྟ་མོད་དེ་ཡོད་ཡོད་འདྲ་ཡང་། ལེགས་པར་བརྟགས་ཚེ་ཡུལ་གང་ནའང་མེད་པར་གཤེགས་ཟིན་པ་དང་། རང་གི་མངོན་གསུམ་གྱི་སྤྱོད་ཡུལ་ཅན་མཁན་སློབ་ཕ་མ་མཆེད་གྲོགས་མཛའ་བཤེས་དགྲ་གཉེན་བར་མའི་འགྲོ་བ་ཇི་སྙེད་པ་ཀུན་ཀྱང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་རང་བཞིན་ཅན་ཡིན་པས་ན་འཆི་བ་མི་རྟག་པ་གང་གིས་ཀྱང་བཟློག་ཐབས་མེད་པས་ན་ངེས་པར་འཆིའོ་སྙམ་དུ་བསམ། གཉིས་པ་ཚེ་ལ་བསྣོན་པ་མེད་ཅིང་འབྲི་བྱེད་བར་མ་ཆད་དུ་ཡོད་པ་ནི། སེམས་ཉིད་ངལ་གསོ་ལས། ཚེ་འདི་བསྣོན་མེད་རྟག་ཏུ་གོད་གྱུར་ཅིང་། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །བསྣོན་པ་གུད་ནའང་ཡོད་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གཞན་བཟའ་བཅའ་ལ་སོགས་པ་འདྲ་བ་ཞིག་ཡིན་ན་ལོངས་སུ་མ་སྤྱད་པར་བཞག་ན་ཉིན་རེ་ཟུང་དང་ཟླ་བ་འགའ་མི་ཟད་པར་ཡོད་ལ། དེ་ལ་གཞན་ནས་བཙལ་ཏེ་བསྣོན་འདེབས་རྒྱུ་ཡང་ཡོད་མོད། རང་གི་ཚེ་ནི་དེ་དང་མི་འདྲ་བར་སྐད་ཅིག་ཙམ་ལའང་སྡོད་པ་ཡོང་མེད་དེ་གཏན་ནས་མེད་པར་དུས་རྟག་ཏུ་གོད་པ་སྟེ་ཆུད་ཟ་བར་འགྱུར་ཞིང་། དེ་ལ་མི་ཟད་པའི་ཕྱིར་བསྣོན་པ་གུད་ནས་ཏེ་ལོགས་ཤིག་ནས་འོང་རྒྱུ་མེད་པས་ན་བདག་ལྟ་བུ་དག་འཆི་བར་ཅིས་མི་འགྱུར་གསུངས་པ་ཡིན། ད་ལྟའི་སྐབས་སུ་ལོ་དགུ་བཅུ་ནང་ཐུབ་པའང་སྲིད་མཐར་འདུགདེ་མིན་དུ་ཡང་ལྷག་ཆུ་ཆད་པའི་རྫིང་བཞིན་དུ་སྣོན་པ་ཅུང་ཟད་ཀྱང་མེད། དེའི་སྟེང་ནས་ལོ་དང་ཟླ་བས་འཛད། དེར་མ་ཟད་ཚེ་ལོ་དྲུག་ཅུ་ཁ་རལ་དུ་བཤད་པ་ལྟར་ཀུན་ནའང་དབུགས་ཉི་ཁྲི་ཆིག་སྟོང་གིས་ཞག་འཛད། ཞག་སུམ་ཅུས་ཟླ་བ་འཛད། ཟླ་བ་བཅུ་གཉིས་ཀྱིས་ལོ་འཛད། ལོ་བཅུ་གཉིས་ལ་ལོ་སྐོར་ཟེར་བ་དེ་འདྲ་ལྔ་ཙམ་སོང་བ་ན་ཚེ་ཚད་གཏུག་པས་ན་བདག་ངེས་པར་འཆི་བར་བསམ་མོ། །གསུམ་པ་གསོན་པའི་ཚེ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་ནི། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས། འདི་ནི་མི་རྣམས་ཚེ་ནི་མཆོག་ཏུ་རིང་ཡང་ལོ་བརྒྱ་ཁོ་ནར་ཟད། །དེ་ལས་ཀྱང་ནི་དང་པོ་བྱིས་པ་ཐ་མ་རྒས་པས་དོན་མེད་བྱེད། །གཉིད་དང་ནད་སོགས་དག་གིས་དེ་དུས་མེད་པར་ཀུན་ནས་རེ་བ་འཇོམས། །བདེ་བར་གནས་པའི་མི་ནང་འགྲོ་བའི་ཚེ་ནི་ལྷག་མ་ཅི་ཙམ་ཡོད། །ཅེས་ཚེ་ལོ་བརྒྱ་པའི་སྐབས་འདིའི་མི་རྣམས་ནི་ཚེ་ནི་ཇི་ཙམ་རིང་ཡང་ལོ་བརྒྱ་ཙམ་ཡིན་ལ། དེ་ལས་ཏེ་དེའི་ནང་ནས་དང་པོ་ལོ་བཅུ་ནི་བྱིས་པའི་སྐབས་ཡིན་པས་ལུས་སེམས་ཤེད་མ་རྒྱས་པས་ཆོས་སྒྲུབ་མི་ནུས། བརྒྱད་ཅུ་མན་ཆད་མཐའི་ལོ་ཉི་ཤུ་ནི་རྒས་པས་དགེ་བ་ལ་བརྩོན་མི་ནུས། ལོ་བརྒྱའི་ཕྱེད་ལྔ་བཅུ་ནི་གཉིད་ཀྱིས་ཆད་པ་དང་། དེའི་ལྷག་མའང་ནད་དང་འཁྲུག་རྩོད་ལ་སོགས་པ་དག་གིས་ཚེ་འདིར་ཡང་ཆོས་སྤྱོད་པའི་དུས་མེད་པར་ཀུན་ནས་ཆོས་བསྒྲུབ་འདོད་ཀྱི་ཡིད་ཀྱི་རེ་བ་འཇོམས་པར་བྱེད་པས། དེས་ན་བདེ་བར་གནས་པའི་སྒོ་ནས་ཆོས་བསྒྲུབ་རྒྱུ་ཡོད་པའི་མིའི་ནང་གི་འགྲོ་བར་སྐྱེ་བ་དེའི་ཚེ་ལ་ནི་ལྷག་མ་ཅི་ཙམ་ཡོད་དེ་འགའ་ཡང་མེད་དོ་གསུངས་པ་སྟེ། དེས་མཚོན་ཚེ་ཐུབ་ཀྱང་བྱིས་པའི་དུས་སུ་ཆོས་མི་ཤེས། གཞོན་ནུས་ཆོས་མི་དྲན། རྒས་དུས་མི་ནུས། བར་གྱི་ཚེ་ལའང་ཕྱེད་ཀ་གཉིད་ཀྱིས་ཁྱད་པར། དེའི་ལྷག་མ་རྣམ་གཡེང་བཟའ་བཏུང་སོགས་ཀྱིས་བཅད་པའི་ཤུལ་ན་ཆོས་བྱེད་པའི་དུས་ལོ་ལྔ་དྲུག་ལས་མི་འོང་བས་ཆོས་བྱ་ལོང་མེད་པར་ངེས་པར་འཆི་བར་བསམ། དེས་ན་དམ་པའི་ཆོས་བྱ་བར་ཐག་བཅད་དགོས་ཏེ། སེམས་ཉིད་ངལ་གསོ་ལས། ཡུན་དུ་མི་གནས་ངེས་པར་འཆི་བས་ན། །ད་ལྟ་ཉིད་དུ་དམ་པའི་ཆོས་མཛོད་ཅིག། ཅེས་གསུངས་པ་ལྟར་རོ། །གཉིས་པ་ནམ་འཆི་ངེས་མེད་བསམ་པ་ནི། ཡིད་བཞིན་མཛོད་ལས། ཚོང་དུས་མགྲོན་པོ་ཆུ་འགྲམ་ལྗོན་ཤིང་དང་། །འབྲུག་སྒྲ་སྤྲིན་དང་འགྲོ་བ་ཉི་ཟླའི་འགྲོས། །མི་རྟག་གཡོ་བས་མྱུར་དུ་འཆི་བས་སོ། །ཞེས་ཚོང་དུས་ཀྱི་མགྲོན་པོ་ནམ་གྱེས་ཆ་མེད་པ་དང་། ཆུ་འགྲམ་གྱི་ལྗོན་ཤིང་ནམ་འགྱེལ་ཆ་མེད་པ་དང་། དེ་བཞིན་དུ་འབྲུག་གི་སྒྲ་གྲགས་པ་དང་། སྤྲིན་གློ་བུར་དུ་ཡལ་བ་དང་། འགྲོ་བའི་རིགས་དུད་འགྲོ་ལ་སོགས་པ་འདི་དག་དུས་ལ་ངེས་པ་མེད་པར་འཆི་བ་དང་། ཉི་མ་དང་ཟླ་བའི་འགྲོས་ཤིན་ཏུ་མྱུར་ཞིང་ལྷོ་བགྲོད་སོགས་ཀྱིས་ངེས་པ་མེད་པར་འགྲོ་པའི་དཔེས་མྱུར་དུ་འཆི་ཞིང་ནམ་འཆི་ངེས་མེད་ཡིན་ཏེ། དེའི་རྒྱུ་མཚན་ཡང་རང་རེ་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་དང་། ལུས་ཆུའི་ཆུ་ལྦུར་ལྟར་ཉམ་ཆུང་བས་ན་ནམ་འཆིའི་ངེས་པ་མེད་དེ། དང་པོ་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་ནི། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་ཚེ་ཚད་རེ་བཤད་ཀྱང་སྒྲ་མི་སྙན་གྱི་ཚེ་ནི་མ་ངེས་ཀྱི། གཞན་རྣམས་རང་རང་གི་ཚེ་ཚད་བཞིན་ཐུབ་པའི་ངེས་པ་མེད་ལ། དེའི་ནང་ནས་ཀྱང་འཛམ་བུ་གླིང་པ་ནི་མཛོད་ལས། འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་སྔོན་ཚེ་ལོ་དཔག་མེད་ཐུབ་པ་དང་། མཐར་ཚེ་རིང་མཐའ་ཡང་བཅུ་ལས་མི་ཐུབ་པའི་བར་ངེས་པ་ཤིན་ཏུ་མེད་པ་དང་། ད་ལྟའང་རྒན་གཞོན་བར་མ་གང་སྔོན་ལ་འཆི་མི་ངེས་པ་དང་། སྔོན་ཆད་རང་ལས་གཞོན་པ་ཤིན་ཏུ་མང་པོ་ཞིག་ཤི་སོང་བ་བཞིན་བདག་ཀྱང་རང་ལས་རྒན་པ་འདི་དག་གི་སྔོན་དུ་མི་འཆི་བའི་ངེས་པ་མི་འདུག་སྟེ། ཚོམ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚེས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་སང་གི་ཚེས་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་དུ་གང་འོང་པ་གཏོལ་མེད་པ་སྟེ་ཆ་མེད་པས་ན་སང་གི་ཚེས་ཀྱི་བྱ་བ་ལ་མི་འབད་པར་ཕྱི་མའི་དོན་ལ་འབད་དགོས་ཤིང་བདག་དེ་རིང་ཉིད་ནས་མི་འཆི་བའི་ངེས་པ་མེད་པར་བསམ། གཉིས་པ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་ནི། སེམས་ཉིད་ངལ་གསོ་ལས། འཆི་བའི་རྐྱེན་མང་འཚོ་བའི་ཤས་ཉུང་བ། །ཞེས་འཆི་རྐྱེན་མང་ཞིང་འཚོ་བྱེད་ཀྱི་ཤས་སམ་ཆ་རྐྱེན་ཉུང་བ་དང་། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག། དེ་དག་རྣམས་ཀྱང་འཆི་མི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག། ཅེས་འཆི་བའི་རྐྱེན་ནད་ཀྱི་རིགས་དུ་མ་དང་། མི་མ་ཡིན་པའི་གདོན་གྱིས་འཚེ་བ་སོགས་རབ་ཏུ་མང་ཞིང་། གསོན་པའི་རྐྱེན་ནི་ཉུང་ཟད་ཅིག་སྟེ་ཉུང་ངུ་ལས་མེད་ལ་སྔར་གསོན་པའི་རྐྱེན་དུ་རློམས་པ་སོགས་ཀྱང་འཆི་རྐྱེན་དུ་མི་འགྱུར་བ་ནི་མེད་དེ། མི་འཆི་བའི་ཕྱིར་དུ་བཟའ་བཏུང་དང་སྨན་དང་གནས་ཁང་དང་གྲོགས་ལ་སོགས་པ་རྣམས་འཚོ་མལ་བཟའ་བཏུང་མི་འཕྲོད་པ་དང་། སྨན་ལོག་པ་དང་། གནས་ཁང་བརྡིབ་པ་དང་། མཛའ་གྲོགས་ཀྱིས་བསླུས་པ་སོགས་ཀྱི་སྒོ་ནས་འཆི་བའི་རྐྱེན་དུ་གྱུར་པས་ན་འཆི་བའི་རྐྱེན་དུ་མ་སོང་བའི་གསོན་པའི་རྐྱེན་ནི་མི་སྣང་བའོ། །གསུམ་པ་ཆུའི་ལྦུ་བ་ལྟར་ལུས་ཉམ་ཆུང་བ་ནི། ལུས་འདི་ཤིན་ཏུ་ཉམ་ཆུང་བས་ནད་དང་གནོད་པ་ཆེན་པོ་མི་དགོས་པར་ཐ་ན་ཚེར་མ་ཟུག་པ་ལྟ་བུའི་གནོད་པ་ལའང་སྙད་བཏགས་ནས་སྲོག་ཀྱང་འཇིག་པར་གྱུར་ལ། འདི་ལ་ཕྱིའི་རྐྱེན་ས་ཆུ་མེ་རླུང་གཡང་ས་སོགས་སེམས་མེད་ཀྱི་འཇིག་པ་དང་། ལས་དབང་གིས་ཚེ་རིང་དུ་འཕང་ཡོད་ཀྱང་དགྲ་གདོན་མི་མ་ཡིན་ལ་སོགས་པས་བར་དུ་བཅད་ནས་ཚེ་མཐའ་འཁྱོལ་དུ་མི་འཇུག་པ་སེམས་ལྡན་གྱི་ཉེར་འཚེ་དང་། ནང་གི་རྐྱེན་རླུང་མཁྲིས་བད་ཀན་སོགས་ནད་ཀྱིས་ཉེར་འཚེ་སོགས་ཀྱིས་གནོད་པས་གཞོམ་སླ་བ་ཡིན་པས་ན། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་ལྦུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་སྐྱེས་བུའི་ཚེ་འདི་ལ་གནོད་པ་ཤིན་ཏུ་མང་བས་རླུང་གིས་བཏབ་པའི་ཆུའི་ཆུ་ལྦུར་བས་ཀྱང་མི་རྟག་པས་ན། དབུགས་ནང་དུ་རྔུབ་པ་ཕྱིར་དབྱུང་བ་དང་། མདང་གཉིད་ཀྱིས་ལོག་པ་ལས་ནངས་པར་སད་ཁོམ་སྟེ་མི་ཤི་བར་ཡོད་པ་གང་ལགས་པ་དེ་ཡང་ངོ་མཚར་ཆེ་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །འཆི་བ་མི་རྟག་པ་བསྒོམ་པ་ལས་ནི་ནམ་འཆི་ངེས་མེད་བསྒོམ་པ་འདི་ཤིན་ཏུ་སྟོབས་ཆེ་བར་གསུངས་ལ། དེ་ལྟར་ནམ་འཆི་ངེས་མེད་ཡིན་པས་ན་དམ་པའི་ཆོས་ད་ལྟར་མྱུར་དུ་བསྒྲུབ་དགོས་པ་ཡིན་ཏེ། སེམས་ཉིད་ངལ་གསོ་ལས། ཚེ་ལ་ལོང་མེད་བློ་སྣ་བསྟུང་བྱས་ཏེ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པར་རིགས། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་ནི། ཡིད་བཞིན་མཛོད་ལས། འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །སྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབས་ཤིག། ཅེས་དེ་རྣམས་ཀུན་གྱིས་སྟོངས་པ་སྟེ་གྲོགས་བྱེད་པའི་སྒོ་ནས་ཕན་པ་མེད་པར་གསུངས་པ་ལྟར་འཆི་བའི་ཚེ་གཉེན་བཤེས་ཀྱིས་མི་ཕན་པ་དང་། ཟས་ནོར་གྱིས་མི་ཕན་པ་དང་། ལུས་ཀྱིས་མི་ཕན་པར་བསམ་པ་ལས། དང་པོ་ནི། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་འཆི་བའི་ཚེ་བསོད་ནམས་དགེ་བ་གཅིག་པུ་ཕན་བྱེད་ཀྱི་སྐྱབས་སུ་གསུངས་པ་ལྟར། འཆི་བའི་ཚེ་གཉེན་མཛའ་བཤེས་ཁེ་དྲག་སྟོབས་ལྡན་ཅི་འདྲ་ཞིག་ཡོད་ཀྱང་མི་ཕན་ཏེ། དེར་མ་ཟད་དེ་དག་ལ་སྲེད་པ་དང་བཅས་ཏེ་ཤི་ན་ངན་སོང་གི་སྡུག་བསྔལ་ལས་མ་འདས། གཉེན་བཤེས་ཀྱིས་མྱ་ངན་ཤུགས་དྲག་ན་བར་དོར་སྡུག་བསྔལ་འབྱུང་བར་གསུངས་པས་ན་གཉེན་ལ་ཆགས་པས་ཅི་ཞིག་བྱ་སྙམ་དུ་བསམ། གཉིས་ལ་ལོངས་སྤྱོད་ཀྱིས་མི་ཕན་པར་བསམ་པ་ནི། འཆི་བའི་ཚེ་ལོངས་སྤྱོད་འཁོར་ལོས་སྒྱུར་རྒྱལ་གྱི་དཔལ་ལ་འགྲན་པ་ལྟ་བུ་ཞིག་ཡོད་ཀྱང་ཅུང་ཟད་ཙམ་ཡང་འཁྱེར་དབང་མེད་པ་དང་། དེ་ལ་ཆགས་ཤིང་ཞེན་ན་སྡུག་བསྔལ་མི་བཟད་པའི་རྒྱུར་འགྱུར་བ་དང་། གསུམ་པ་ལུས་ཀྱི་མི་ཕན་པ་ནི། དེ་དག་རྒྱུ་མ་ཟད་མའི་མངལ་ནས་ལྷན་ཅིག་སྐྱེས་པའི་ཕུང་པོ་འདི་ཡང་ཤུལ་དུ་བཞག་ནས་རྣམ་ཤེས་མར་གྱི་ནང་ནས་སྤུ་བཏོན་པ་ལྟར་ཚེ་ཕ་རོལ་ཏུ་འགྲོ་བས་དེས་ཀྱང་མི་ཕན་པའོ། །དེ་བས་ན་གཞན་གྱིས་ཕན་པ་མེད་པས་དམ་པའི་ཆོས་ཁོ་ན་བསྒྲུབ་དགོས་པ་ཡིན་ནོ། །གསུམ་པ་མི་རྟག་པའི་རྣམ་གྲངས་གཞན་ལ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པ་ལས། ཀྱེ་མ་འདུས་བྱས་རྟག་པ་མེད། །སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུ་བ་ཡོད་ན་འབྲལ་བ་ཡོད། །བསགས་པ་ཡོད་ན་འཛད་པ་ཡོད། །ལང་ཚོ་དག་ཀྱང་ནད་ཀྱིས་འཕྲོག། འཚོ་བའི་ཚེ་ཡང་འཆི་བས་འཕྲོག། ཆགས་པར་བྱས་ན་སྡུག་བསྔལ་འཕེལ། །སྐྱོ་བ་བྱས་ན་ཐར་བར་འགྱུར། །ཞེས་དང་འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་ཀུན་གྱི་མཐའ་ལྟུང་གྱུར། །ཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཅེས་གསུངས་པ་ལྟར་དེ་དག་ཀུན་མི་རྟག་པའི་ཚུལ་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་ཞིག་པ་མ་གས་པ་འཕན་མེད་པ་ཤིན་ཏུ་མཁྲེགས་པ་ལྷུན་སྟུག་པ་བཞི་གནམ་ལ་རེག་ཅིང་ས་སློག་སྟེ་རྩྭ་དང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི། མགྱོགས་པས་བྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་འདི་དག་འོང་སྟེ་དེ་དག་ལས་མགྱོགས་པས་བྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །བཞི་གང་ཞེ་ན་རྒ་བ་དང་ན་བ་དང་འཆི་བ་དང་རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བས་ནི་དར་ལ་བབ་པ་འཇོམས་ཤིང་འོང་། ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་། རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ་དེ་དག་ལས་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་ནི་མ་ཡིན་ནོ། །ཞེས་ཕྱོགས་བཞི་ནས་ལྕགས་ཀྱི་རི་བོ་སྲ་བརྟན་སྙིང་པོ་དང་ལྡན་པ་སྟེ་ཁང་སྟེང་མེད་པ་འཕན་མེད་པ་ནི་སྲུབ་སོགས་མེད་པ། གཅིག་ཏུ་སྟུག་པ་ནི་ཆ་ཐམས་ཅད་ནགས་འཐུག་ཅིང་ཆེ་བ། ཤིང་གེལ་པ་ཞེས་པ་ནི་ཤིང་སྡོང་དང་། འབྱུང་པོ་ནི་སེམས་ཅན་གྱི་རིགས་ཏེ་དེ་ལྟར་ཕྱོགས་བཞི་ནས་འོང་བ་བཞི་ནི་རྒ་བ་སོགས་བཞིས་དར་ལ་བབ་པ་སོགས་འཇོམས་ཤིང་འོང་བའི་དཔེ་དོན་ལ་བསམ་ཤིང་། རྒྱ་ཆེར་རོལ་པ་ལས་ཀྱང་། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེ་བོའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་འགྲོ་བའི་སྐྱེ་འཆི་དཔེར་ན་གར་འཆམ་པ་ན་མགོ་སྣ་ཚོགས་བརྗེ་བ་བཞིན་དུ་ལུས་སྣ་ཚོགས་ལེན་པ་དང་། ཡང་ན་རྣམ་འགྱུར་སྣ་ཚོགས་སྟོན་པ་བཞིན་འགྱུར་བ་སོགས་ཀྱི་དཔེ་ལྟར་བསམ་ལ། མི་རྟག་པའི་ཚོམ་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་དེ་རིང་གི་སྔ་དྲོ་མཐོང་བ་ཕྱི་དྲོ་མི་མཐོང་བ་དང་། དེ་རིང་གི་ཕྱི་དྲོ་མཐོང་བ་ནངས་པར་སྔ་དྲོ་མི་མཐོང་བ་དང་། དེ་ཉིད་ལས། སྐྱེས་པ་བུད་མེད་མང་པོ་དག། དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདིང་བྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་གོག་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཅེས་གསུངས་ཏེ་གཞན་སླ་ལ། རིམ་གྱིས་འགྲོ་བ་སྟེ་འཆི་བར་འགྱུར་པ་དཔེར་ན་ལྗོན་ཤིང་གི་འབྲས་བུ་སྨིན་པ་ཡུན་རིང་དུ་མི་གནས་པར་ས་ལ་ལྷུང་བ་དང་འདྲ་བར་སེམས་པ་སྟེ་དེ་དག་གོང་དུ་བཤད་པ་ལ་སོགས་ནི་རགས་པའི་མི་རྟག་པའི་ཚུལ་ཡིན་ལ། དབུ་མ་བཞི་བརྒྱ་པ་ལས། སུ་ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་ལས་གཞན་མེད། །སྐྱེ་ནས་དེ་ངེས་མ་རིག་པ། །དེས་ན་བདག་ཉིད་ཤེས་པ་དཀོན། །ཅེས་གང་ཟག་སུ་འདྲ་བ་ཞིག་ཡིན་ཀྱང་གསོན་ཏེ་གནས་པ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་སྐད་ཅིག་མའི་ཡུན་ཙམ་ལས་གཞན་དུ་མེད་དེ། དཔེར་ན་སེམས་འདི་ནི་དམིགས་ཡུལ་གཅིག་ནས་གཅིག་ཏུ་འཕོ་ཞིང་སྐད་ཅིག་གིས་རྟོག་པ་སྔ་ཕྱི་སྐྱེ་ཞིང་འཇིག་པར་གྱུར་པ་དཔེར་ན་ཡིག་འབྲུ་ལ་སོགས་པ་མྱུར་བར་བརྗོད་པ་ན་ཡིག་འབྲུ་རེ་རེ་ཞིང་སྔ་ཕྱིའི་དུས་དང་རང་རང་གི་ཡི་གེའི་རྣམ་པ་ཐ་དད་པར་འཕོ་བས་དེ་ལ་དམིགས་པའི་སེམས་ཀྱང་དེ་ལྟར་ཐ་དད་པས་སེམས་ནི་སྐད་ཅིག་མའི་བདག་ཉིད་དུ་གྲུབ་ལ། དེ་ལ་སྐད་ཅིག་མ་ཞེས་བྱ་བ་ནི་དུས་ཐུང་བའི་མཐར་ཐུག་པ་དཔེར་ན་སེམས་ཅན་ཀུན་ལ་སྐད་ཅིག་སྐྱེས་བུ་སྟོབས་དང་ལྡན་པས་སེ་གོལ་གཏོགས་པ་ཙམ་གྱི་ཡུན་ཡང་དྲུག་ཅུ་རྩ་བཞིར་བགོས་པའི་ཡུན་ཚད་དེ། དེ་ལྟར་སྐད་ཅིག་སྐད་ཅིག་གིས་རྣམ་པར་ཤེས་པ་སྐྱེ་འགག་དུ་བྱེད་པས་སྐད་ཅིག་མར་ཡིན་པ་དེ་བཞིན་དུ་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ལ། སྒོས་སུ་རང་གི་ཚེ་ཡང་དེ་ལྟར་སྐད་ཅིག་མ་ཡིན་པས་ན་སེམས་ཅན་ཀུན་ལས་ལྷག་པའི་གསོན་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །འོན་ཀྱང་དེ་ཉིད་ལས། ཇི་ལྟར་རྒྱུན་ལ་ལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱར་འགྱུར་བ། །ཞེས་གསུངས་པ་ལྟར། དཔེར་ན་ཆུ་མགྱོགས་པར་འགྲོ་བ་ལ་ཡང་བླུན་པོ་དག་གིས་ཁ་སང་གི་ཆུ་ད་ནང་ཡོད་པར་སེམས་པ་བཞིན་དུ་སྔ་ཕྱི་རྒྱུན་མ་ཆད་པ་ཙམ་གྱི་འཁྲུལ་ནས་གཅིག་ཉིད་དུ་སྒྲོ་བཏགས་ནས་སྐད་ཅིག་མར་ངེས་ཤིང་མི་རིག་པ་ཉིད་དེའི་ཕྱིར་ན་འཇིག་རྟེན་པ་དག་ན་བདག་ཉིད་ཀྱི་ཡིན་ཚུལ་ཤེས་པའང་དཀོན་པ་ཡིན་པས་ན་རང་གིས་ཀྱང་རྟག་པར་སེམས་པ་ཤིན་ཏུ་བླུན་པ་ཡིན་ནོ། །དེས་ན་གོམ་པ་འདེགས་འཇོག་དང་། ངག་གི་བརྗོད་པ་སྔ་ཕྱི་ཙམ་གྱི་ཡུན་དུ་མ་ཟད། སེམས་ཀྱི་སྐད་ཅིག་ཙམ་ལའང་ཚེ་འདི་འཛད་ནས་འཆི་བདག་གི་དྲུང་དུ་ཇེ་ཉེར་འགྲོ་བ་ཡིན་པས་ཅུང་ཟད་ཙམ་ཡང་སྡོད་པ་མེད་པ་དང་། དེ་ལྟ་ན་ཚེ་ནི་སྐད་ཅིག་མའི་རང་བཞིན་ཅན་ཡིན་ལ། སྐད་ཅིག་མ་དེ་ནི་དུས་ཤིན་ཏུ་ཐུང་བས་ཚེ་ཞེས་བྱ་བ་ཡུན་རིང་དུ་གནས་པ་ཞིག་ཏུ་འཇོག་ལུགས་མེད། སྐད་ཅིག་མ་དེ་ལས་གཞན་དུའང་ཚེ་ཞེས་བྱ་བ་མ་མཆིས་པས་ན་ཚེ་དེ་ནི་བློས་བཏགས་པ་ཙམ་ལས་བདེན་པ་མ་གྲུབ་པ་དང་། སྤྱོད་འཇུག་ལས། རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱོད་པ། །དེ་དེ་དྲན་པའི་ཡུལ་དུ་གྱུར། །ཞེས་གསུངས་པ་ལྟར་དང་། ཡུན་ཇི་ཙམ་སོང་ཡང་དེ་དག་ད་ལྟ་དྲན་པའི་ཡུལ་ཙམ་དུ་གྱུར་པ་རྨི་ལམ་རྨིས་པ་ལྟ་བུ་ཞིག་ལས་མེད་ལ། དེ་རིང་གི་ཚེ་ཡང་སང་ཉིན་གྱི་དུས་སུ་བསམ་ན་དེ་ལྟར་ཡིན་ལ། མ་འོངས་པའི་ཚེ་ཡང་དེའི་ཕྱི་ནས་དེ་ལྟར་དུ་འགྱུར་བས་ན་རྨི་ལམ་ལྟ་བུ་ཞིག་ལས་རང་བཞིན་གྱིས་མེད་པའི་ཚུལ་ལ་བསམ་ནས་རྟག་ཅིང་བདེན་པར་ཞེན་ནས་སོས་དལ་དུ་མི་སྡོད་པར་དགེ་བ་སྒྲུབ་དགོས་ཏེ། ཁྲིད་ཡིག་ལས། སྐྱེས་ནས་ད་ལྟའི་བར་གྱི་ཚེའི་ཡུན་ལ་བློས་གཞིག་ན་སྐད་ཅིག་ཙམ་ལས་མི་རིང་༔ རྨི་སྣང་ཙམ་ལས་མི་བདེན་པ་ལ་བསམ་བློ་བཏང་ནས་དལ་ཁོམ་མེད་པར་དགེ་བ་སྒྲུབ་ཅིང་༔ འཕོ་འགྱུར་མེད་པའི་ངེས་འབྱུང་དང་སྐྱོ་ཤས་བསྒོམ་ཞེས་གསུངས་པ་ལྟར་རོ། །དེ་ནི་ཕྲ་བའི་མི་རྟག་པ་བསྒོམ་ཚུལ་ཏེ་རྨི་ལམ་བཞིན་དུ་བདེན་མེད་དུ་ཤེས་པའི་སྒོ་ནས་སྐྱོ་བ་བསྐྱེད་པ་ནི་ཁྲིད་གཞུང་འདིའི་ཁྱད་ཆོས་ལྟ་བུ་ཡིན་ནོ། །སྔོན་གྱི་དགེ་བའི་བཤེས་གཉེན་ཕྱག་སོར་བ་ནས་བརྒྱུད་པའི་མཁས་པ་དག་ནི། རགས་པའི་མི་རྟག་པ་སྤྱིར་འདུས་བྱས་ཡིན་པས་འཇིག་པར་ངེས་པ་དང་། རང་དབང་མེད་པས་འཆི་བར་བསམ་པ་དང་གཉིས། ཕྲ་བའི་མི་རྟག་པ་སྐད་ཅིག་རེ་རེ་བཞིན་མི་རྟག་པར་འགྲོ་བ་རི་གཟར་ལས་ཆུ་འགྲོ་བ་དང་། ཕྱུགས་རྫིས་ཕྱུགས་འདེད་པ་ལ་སོགས་པའི་དཔེས། གློ་བུར་གྱི་མི་རྟག་པ་ལས་འབྱུང་བ་འཁྲུགས་པ་དང་ལྷ་འཁྲུགས་པ་དང་གཉིས་ཀ་འཁྲུགས་པ་དང་། ཟས་གོས་གནས་མལ་ལ་སོགས་པའི་རྐྱེན་གྱིས་གློ་བུར་འཆི་བར་བསམ་པ་སྟེ་དེ་ལྟར་རྣམ་པ་གསུམ་གྱི་སྒོ་ནས་སེམས་ཚུལ་མཛད་དོ། །བདག་ཅག་གི་དགེ་བའི་བཤེས་གཉེན་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ན་བཤད་སྒྲུབ་བསྟན་པའི་ཉི་མ་རིན་པོ་ཆེའི་ཞལ་སྔ་ནས། ལོ་ཟླ་ཞག་དུས་སོགས་ཀྱི་རིམ་པས་འགྱུར་བ་དང་མཐར་འཆི་ངེས་པ་ལྟ་བུ་རགས་པ་ཕྱིའི་མི་རྟག་པ་དང་། སྐད་ཅིག་གིས་ཚེ་ཟད་པ་ཕྲ་བ་ནང་གི་མི་རྟག་པ་དང་། ཟས་ཟ་བའི་ཚེ་འཆི་བ་མྱུར་དུ་འོང་བས་ན་འདི་ཟས་ཟ་བའི་ཐ་མ་ཡིན་སྙམ་པ་དང་། གོས་གྱོན་པའི་ཚེ་འདི་གྱོན་པའི་ཐ་མ་ཡིན་སྙམ་པ་དང་། གཞན་དང་གཏམ་སྨྲ་བའི་ཚེ་ན་འདི་གཏམ་སྨྲ་བའི་ཐ་མ་ཡིན་སྙམ་པ་སོགས་སྤྱོད་ལམ་ཐམས་ཅད་ལ་སྦྱར་ཏེ་བློ་སྦྱང་བ་འདུན་པ་དྲག་པོ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་སྟེ་གསུམ་དུ་མཛད་ཅིང་། མི་རྟག་པ་ཀུན་གྱི་གནད་ཕྲ་བའི་མི་རྟག་པ་ལ་ཐུག་ཅིང་། ཕྲ་བའི་མི་རྟག་པ་འདི་སེམས་པ་ཤིན་ཏུ་གལ་ཆེ་བ་ཡིན་ཅེས་ཡང་ཡང་འདོམས་པར་མཛད་དོ། །གཞན་ཡང་དུས་མ་ཡིན་པའི་འཆི་བ་བརྒྱད་ནི། ནད་པ་རིམ་གྲོ་མི་བསྟེན་པ་དང་། །སྨན་ལོག་པར་བསྩལ་བ་སྟེ་སྨན་པས་སྨན་སྦྱིན་ཉེས་པ་དང་། རྒྱལ་པོའི་ཆད་པ། མི་དང་མི་མ་ཡིན་གྱིས་མདངས་འཕྲོག་པ། མེ་ལ་སོགས་པའི་འབྱུང་བའི་གནོད་པ། དུད་འགྲོ་མ་རུངས་པས་འཚེ་བ། གཡང་དུ་ལྷུང་བ། བྱད་དང་རོ་ལངས་ཀྱིས་གཙེས་པ་རྣམས་སུ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས་གསུངས་ལ་ལུང་གཞན་ལས། བུད་མེད་རྒན་མོ་དང་ཉལ་བ། མི་ན་བཞིན་དུ་སྨན་བསྟེན་པ། ཁང་རྙིང་དུ་ཉལ་བ། འབྱུང་པོ་ཡོད་པའི་སར་གཅིག་པུར་འགྲོ་བ། ནད་པ་སྨན་པའི་ངག་མི་ཉན་པ། གཡུལ་དུ་འཇུག་པ། མི་ཐུབ་པ་ལ་བསྡོ་བ། ནུས་པ་མེད་པར་གདོན་བགེགས་སོགས་གནས་སར་ཉལ་བ་རྣམས་ཀྱང་དུས་མ་ཡིན་པའི་འཆི་རྐྱེན་དུ་བཤད་ལ། ཆུ་ཆེན་ལ་རྐྱལ་བ་མེད་པར་བརྒལ་བ་དང་། དུག་འཐུང་བ་སོགས་ཀྱང་དེར་བཤད་དོ། །ཡང་འཆི་བ་མི་རྟག་པ་བསམ་པའི་ཚུལ་གྱི་རིག་པ་ཁྱད་པར་འཕགས་པ། བཞི་བརྒྱ་པ་ལས། འཆི་བར་བྱ་ཕྱིར་སྐྱེ་འགྱུར་ཞིང་། །གཞན་དབང་འགྲོ་བའི་ངང་ཅན་ལ། །འཆི་བ་བྱ་བ་ལྟར་སྣང་གི། གསོན་པར་བྱ་བ་མིན་ལྟར་རོ། །ཞེས་གསུངས་པའི་དོན་སྐྱེ་བ་མེད་ན་འཆི་བ་མེད་ལ། ལས་ཉོན་གྱི་དབང་གིས་སྐྱེ་བ་ཡོད་ཕྱིན་ངེས་པར་འཆི་བ་ཡོད་པས་ན། ད་ལྟ་རང་རེའི་བསམ་ཚོད་ལ་སྐྱེས་ནས་གསོན་པར་བྱ་བའི་ཕྱིར་སྐྱེ་བ་འདྲ་བར་སྣང་ལ། དེ་ལྟར་མ་ཡིན་པར་ཐོག་མ་ནས་ཀྱང་འཆི་བར་བྱ་བའི་ཕྱིར་སྐྱེ་བར་གྱུར་པ། བཅོམ་ལྡན་འདས་ཀྱི་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་གསུངས་པ་ལྟར་དང་། བར་དུ་རྒ་བ་དང་ན་བ་སོགས་གཞན་དབང་ཁོ་ནར་གྱུར་པས་རང་དབང་ཅུང་ཟད་མེད་པ་དང་། རྒ་བ་སོགས་སྐྱེས་བུ་གཤེད་མ་དང་འདྲ་བར། དེ་དག་གིས་འཆི་བདག་གི་ཐད་དུ་ཁྲིད་ནས་དུས་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བའི་ངང་ཚུལ་ལམ་རང་བཞིན་ཅན་ཡིན་པ་དང་། དེའི་ཕྱིར་དཔེར་ན་བསད་པར་བྱ་བའི་མགོ་བཅད་པ་ལྟར། མཐར་ཡང་འཆི་བ་ལས་མ་འདས་པས་ན་རྒྱུ་རྐྱེན་དེ་དག་གིས་སྐྱེས་བུ་དེ་ལ་འཆི་བའི་བྱ་བ་ཁོ་ན་བསྒྲུབ་པ་ལྟར་སྣང་བ་སྟེ་ཡིན་གྱི་གསོན་པའི་བྱ་བ་ནི་མ་ཡིན་ནོ། །དེས་ན་གསོན་ལ་རེ་བས་བདག་ཉིད་བསླུ་བར་མི་བྱ་སྟེ། དེའི་འགྲེལ་པར་མཛོད་ལས་དྲངས་པ་ནི། མི་ཡི་དཔའ་བོ་ཐོག་མའི་མཚན་མོ་ནས། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་བཞིན། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་དཔའ་བོ་ཞེས་གདམས་ཡུལ་རྒྱལ་པོ་ལྟ་བུ་ལ་བོས་ནས། མངལ་དུ་ཞུགས་པའི་ཐོག་མའི་མཚན་མོ་དེ་ནས་བཟུང་ཉིན་རེ་བཞིན་དུ་སྐད་ཅིག་རེ་རེ་ནས་འཆི་བདག་གི་དྲུང་དུ་མྱུར་བར་འགྲོ་བའི་འགྲོས་དེ་ལ་བཤོལ་མཁན་མེད་པར་གསུངས་པ་དང་། གོང་གི་ཚུལ་དཔེའི་སྒོ་ནས་རིམ་བཞིན་བསྟན་པ། ཞག་གྲངས་བསྒྲངས་པའི་རྒྱལ་པོའི་ཕོ་ཉ་དང་། རྔ་མོང་ལ་ཞོན་པའི་ཀུན་ཏུ་རྒྱུ་མོ་དང་། གཤེད་བྱེད་མོ་བསླང་བ་བཞིན་ཏེ། དཔེར་ན་རྒྱལ་པོ་ཤིན་ཏུ་གཏུམ་པ་མ་རུངས་པ་སྙིང་རྗེ་མེད་པས་ཞག་གྲངས་བསྒྲངས་ནས་འདི་ཙམ་ལ་ཐོན་དགོས་ཞེས་མངགས་པའི་ཕོ་ཉའི་བྱ་བ་ནི་འོང་བ་ཁོ་ན་ཡིན་གྱི། འདུག་པ་མ་ཡིན་པ་དེ་བཞིན་དུ་སྐྱེས་པའི་བྱ་བ་ཡང་འཆི་བ་ཉིད་ཡིན་གྱི། གསོན་པ་ནི་མ་ཡིན་ཏེ་སྐད་ཅིག་སྐད་ཅིག་ལ་གསོན་པ་འགགས་པའི་ཕྱིར་རོ། །དཔེར་ན་ཀུན་ཏུ་རྒྱུ་མོ་ཞིག་ཁྱིམ་དུ་འཇུག་པར་བྱའོ་སྙམ་སྟེ་ཁྱིམ་སྒོ་ན་འདུག་པའི་རྔ་མོང་བགོམ་པར་ཞུགས་པ་དང་། རྔ་མོང་དེས་འདི་ནི་སྐྱེས་བུ་སྟེ་མྱུར་རྩལ་ཅན་ཞིག་སྙིང་དུ་ཤེས་ཏེ་ལང་ནས་ཆས་ཤིང་དེ་ཡང་དེའི་དབང་དུ་གྱུར་པ་དེ་བཞིན་དུ། སྐྱེ་བ་ཐམས་ཅད་འཆི་བ་གཞན་གྱི་དབང་སྟེ་འཆི་བ་ལ་རག་ལས་སོ། །ཡང་ཇི་ལྟར་མི་ཞིག་གིས་གཞན་གསད་པར་བྱ་བའི་ཕྱིར་གཤེད་མ་བསླང་བ་དང་གཞན་གསོད་པར་མ་ནུས་པས་སློང་བ་དེ་ཉིད་བསད་ཀྱི། གཞན་མ་ཡིན་པ་དེ་བཞིན་དུ་སྐྱེས་པ་གནས་པར་བྱ་བར་མི་ནུས་པའི་ཕྱིར་འཆི་བ་ཉིད་བྱ་བ་ཡིན་གྱི། གསོན་པ་མ་ཡིན་ཏེ་གསོན་པ་ནི་སླང་བ་པོ་གསོད་པར་བྱེད་པ་ལྟར་བལྟ་བར་བྱའོ། །ཚིག་དེ་དག་གི་ནུས་པ་འདོན་ལུགས། དང་པོ་ནས་འཆི་བའི་ཕྱིར་སྐྱེས་པ་དེ་འཆི་སར་འགྲོ་དགོས་པ་ཕོ་ཉའི་དཔེ་དེ་ལྟར་དང་། དང་པོ་དེའི་ཕྱིར་སྐྱེས་ཀྱང་རང་དབང་ཞིག་ཡོད་ན་ཅུང་ཟད་སྡོད་དུ་རུང་བ་ལས་རང་དབང་མེད་པ་དང་། རང་དབང་མེད་ཀྱང་རང་ཉིད་འགྲོ་བའི་རང་བཞིན་ཅན་ཞིག་མིན་ན་གཞན་རྐྱེན་དེ་བཟློག་ཐབས་རེ་ཡང་སྲིད་པ་ལས་དེ་ཡང་མ་ཡིན་པ་དང་། དེ་ལྟར་ནའང་རེས་འགའ་གསོན་པའི་བྱ་བ་རེ་ཡང་བསྒྲུབ་ན་དེས་འཆི་བའི་བྱ་བ་དེ་བར་དུ་གཅོད་ནས་ཅུང་ཟད་འགྱང་སྲིད་ན་དྲག་པ་ལས། དེ་ཡང་མ་ཡིན་པས་ན་མྱུར་བར་འཆི་བ་ལས་འོས་མེད་པའི་ཚུལ་ལ་བསམ་པར་བྱའོ། །དེ་བས་ན་བཞི་བརྒྱ་པ་ལས། ཁྱོད་འཆི་བཞིན་ལ་དུས་སོང་ཞིང་། །འགྲོ་བ་དང་ནི་འགྲོ་འགྱུར་ན། །འཆི་བཞིན་པ་ནི་བདེར་འགྱུར་ཞེས། །རྣམ་པ་ཀུན་ཏུ་རིགས་མ་ཡིན། ཅེས་གསུངས་པ་ལྟར་བདག་ཅག་གིས་བདེ་བར་འདུག་ནས་ཡོད་པར་སེམས་ཀྱང་དེ་ལྟར་མ་ཡིན་པར་སྔོན་ཡང་འཆི་སར་འགྲོ་བཞིན་པར་དུས་འདས་སོང་ཞིང་། ད་ལྟར་ཡང་དེ་ལྟར་འགྲོ་བཞིན་པ་དང་། ཕྱིས་ཀྱང་དེ་ལྟར་འགྲོ་བར་འགྱུར་བས་ན་སྐད་ཅིག་ཀྱང་མི་སྡོད་པར་འཆི་བར་ཆས་བཞིན་དུ་བདེ་བར་གནས་པར་འགྱུར་རོ་ཞེས་སྙམ་ཞིང་གནས་པ་ནི་རྣམ་པར་ཀུན་ཏུ་རིགས་པ་མ་ཡིན་པས་ན་སྙིང་ཐག་པ་ནས་འཆི་བ་ལ་འཇིགས་ཤིང་སྐྲག་པར་བྱའོ། །དགེ་བའི་བཤེས་གཉེན་ཆེན་པོ་པུ་ཏོ་བའི་ཞལ་ནས་མི་རྟག་པ་བསྒོམ་པ་འདི་ཆོས་ཀྱི་དབུ་ཡིན། རྒྱ་གར་སྐད་དང་ཕྱག་ལ་སོགས་པ་དབུ་མི་གསུངས་པ་ལྟར་མི་རྟག་པ་བསྒོམ་པ་འདི་ཆོས་ཀྱི་དབུ་འདྲེན་ཡིན་པ་དང་། བདག་ཅག་གི་སྟོན་པས་ཀྱང་གྱད་ཡུལ་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་དྲུང་དུ་མཛད་པ་ཐ་མའི་གཟིམ་ཁྲི་ལ་བཞུགས་པ་ན་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་བལྟ་བ་ནི་རྙེད་པར་དཀའ་ཡི་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག། དགེ་སློང་དག་རེ་ཞིག་ཅང་མ་སྨྲ་ཞིག་དང་འདི་ལྟར་འདུས་བྱས་ཐམས་ཅད་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ། །ཞེས་གསུང་གི་ཐ་མ་མི་རྟག་པ་བསྒོམ་པ་ཉིད་རང་ཅག་ལ་ཞལ་ཆེམས་སུ་གནང་བ་དང་། གཏེར་སྟོན་ཆོས་རྗེ་ཉིད་ནས་ཀྱང་ཁྲིད་ཀྱི་སྐབས་མི་རྟག་པ་འདི་གཙོ་ཆེར་མཛད་འདུག་པས་ན་ཅུང་ཟད་གསལ་བར་བཤད་པ་ཡིན་ཏེ་ཁྲིད་ཡིག་ལས་ཀྱང་། གནད་འདི་མེད་ན་ཆོས་གང་བསྒྲུབ་ཀྱང་དོན་གཉེར་གྱི་བརྩོན་འགྲུས་དང་སྙིང་རུས་ནི་དབྱར་ཁའི་བ་མོ་ལྟ་བུ། ལ་ཁའི་ན་བུན་ལྟ་བུ། མཚན་མོའི་མེ་འོད་ལྟ་བུ་ལས་ཚུགས་མི་ཐུབ་པ་དང་། དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀུན་ཀྱང་ཐོག་མར་ཚུལ་འདི་ལ་བརྟེན་ནས་ལམ་ལ་བསླབ་སྟེ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཕྱིན་པ་དང་ཕྱིན་འགྱུར་དུ་གདོན་མི་ཟ་བས་ན་གདམས་ངག་ཀུན་གྱི་གཙོ་བོར་བཟུང་དགོས་པར་གདམས་པ་ཡིན་ནོ། །སྣོད་བཅུད་མ་ལུས་འཇིག་པའི་ཆོས་ཅན་ཏེ། །ཚེ་འདི་མི་རྟག་གློག་འོད་འཁྱུགས་པ་བཞིན། །སྐད་ཅིག་མི་སྡོད་འཆི་བདག་དྲུང་དུ་ཆས། །དེ་ཕྱིར་རྟག་འཛིན་བློ་ངན་དུག་བཞིན་སྤོངས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་འཁོར་བའི་སྡུག་བསྔལ་བསམ་པ་ནི། བཟོད་མེད་སྡུག་བསྔལ་དྲག་པོའི་ཁྲི་མུན་དུ༔ ཐང་ཅིག་བདེ་བའི་སྐབས་མེད་ཉམ་ཐག་ཅིང་༔ མཐའ་མེད་ལས་ཀྱི་འཕེལ་ཁར་བསྣོན་སྤེལ་བའི༔ འཁོར་བའི་མཚོ་ལས་སྒྲོལ་ཅིག་བླ་མ་མཁྱེན༔ ཅེས་གསུངས་ཏེ། སྲིད་པ་འཁོར་བའི་གནས་འདི་ལྟར་ལས་ཀྱི་དབང་གིས་འཕེན་ཏེ་སྐྱེ་བ་བླང་བ་ན་ངན་སོང་གསུམ་དུ་ལྷུང་ནས་བཟོད་དུ་མེད་པ་སྟེ་བཟོད་པར་དཀའ་བའི་སྡུག་བསྔལ་དྲག་པོའི་ཁྲི་མུན་ཏེ་བཙོན་ཁང་དུ་ཚུད་དེ་དམྱལ་བའི་གནས་ལྟ་བུར་སྐྱེས་པ་ན་ཐང་ཅིག་གམ་གདན་ཅིག་ཙམ་དུ་ཡང་བདེ་བའི་གོ་སྐབས་མེད་པར་ལུས་སེམས་ཤིན་ཏུ་ཉམ་ཐག་པར་གྱུར་ཅིང་། གནས་རིས་གང་དུ་སྐྱེས་ཀྱང་གཏན་དུ་བདེ་བའི་སྐབས་མེད་པར་མཐའ་མེད་པའི་དགེ་སྡིག་སྣ་ཚོགས་པའི་ལས་སྔར་བསགས་གཉེན་པོས་མ་བཅོམ་པ་རྣམས་ཀྱི་ནུས་པ་རང་རྒྱུད་ལ་གོང་འཕེལ་དུ་གྱུར་བཞིན་པའི་ཁར་སླར་ཡང་གསར་དུ་བསགས་ཏེ་བསྣོན་པའི་ཚུལ་གྱིས་སྤེལ་བའི་འཁོར་བའི་རྒྱ་མཚོ་ཆེན་པོ་ཐར་པར་དཀའ་བ་འདིའི་སྐྱོན་ཇི་ལྟ་བ་བཞིན་མཐོང་བའི་སྒོ་ནས་དེ་ལས་གྲོལ་བའི་དེད་དཔོན་མཛད་པར་བླ་མ་ལ་གསོལ་ལ་གདབ་པ་སྟེ། འདི་ལ་གཉིས། འཁོར་བའི་གནས་རིས་ཀུན་སྡུག་བསྔལ་གསུམ་པོ་གང་རུང་ལས་མི་འདའ་ཚུལ་དང་། གནས་རས་དྲུག་པོའི་སྡུག་བསྔལ་སོ་སོར་བསམ་པའོ། །དང་པོ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། གནས་རིས་དྲུག་པོ་དམའ་འམ་མཐོ་ཡང་རུང་། །སྡུག་བསྔལ་འགྱུར་དང་ཁྱབ་པ་འདུ་བྱེད་ཀྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མ་ཡིན། །ཅེས་དམའ་བ་ངན་སོང་དང་མཐོ་བ་མཐོ་རིས་གང་དུ་སྐྱེ་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གང་རུང་ལས་མ་འདས་ལ། དེ་ལས་དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ནི། གང་རྒྱུད་ལ་སྐྱེས་པ་ན་ལུས་སེམས་ལ་གདུང་བ་བསྐྱེད་པ་སོ་སོའི་སྐྱེ་བོ་རང་གི་བས་ཀྱང་སྡུག་བསྔལ་གྱི་རྣམ་པར་རྟོགས་ཤིང་སྤང་འདོད་སྐྱེས་པ་དཔེར་ན་ནད་ཀྱིས་གདུང་བའི་སྡུག་བསྔལ་ལྟ་བུ་སྟེ། ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་ཐམས་ཅད་དང་དེ་དང་མཚུངས་ལྡན་གྱི་བློ་ཡུལ་དང་བཅས་པ་ཀུན་ཀྱང་དེ་བཞིན་ཏེ། དཔེར་ན་དམྱལ་བ་པའི་རྒྱུད་ཀྱི་སྡུག་བསྔལ་མྱོང་བའི་བློ་དང་དེའི་ཡུལ་ལྕགས་སྲེག་དང་མཚོན་ཆ་མི་སྙན་པའི་སྒྲ་ལ་སོགས་པ་ཀུན་ཀྱང་དེ་ཡིན་པའི་ཕྱིར་རོ། །མདོ་ལས། སྡུག་བསྔལ་གྱི་ཚོར་བ་ནི་སྐྱེས་པ་ན་ཡང་སྡུག་བསྔལ། གནས་པ་ནའང་སྡུག་བསྔལ་ལོ། །ཞེས་པས་སྡུག་བསྔལ་གྱི་སྡུག་བསྔལ་འདི་བསྟན་ཏེ་དེ་ནི་ཐོག་མར་སྐྱེ་བ་དང་བར་དུ་གནས་པའི་སྐབས་ཀུན་ཏུ་སྡུག་བསྔལ་བ་དང་མཐར་ཡང་སྡུག་བསྔལ་བཞིན་པར་འགག་པའི་རང་བཞིན་ཅན་ཡིན་པས་སྡུག་བསྔལ་གསུམ་གྱི་ནང་ནས་ངན་ཤོས་ཤིག་གཞན་གཉིས་ལ་ལྟོས་ཏེ་ཤིན་དུ་སྡུག་བསྔལ་བ་ཡིན་པས་ན་མིང་ཡང་དེ་ལྟར་བཏགས་པ་དཔེར་ན་ཤིན་ཏུ་ངན་པ་ལ་ངན་པའི་ངན་པ་ཞེས་བརྗོད་པ་བཞིན་ནོ། །དེས་ན་དེ་སྡུག་བསྔལ་སྔ་མ་མ་སངས་གོང་ནས་ཕྱི་མས་ནོན་པ་ལ་འཆད་པ་ནི་གོ་སླ་བའི་ཕྱིར་མཚན་གཞིར་བཟུང་བ་ཙམ་ཡིན་པར་ཤེས་པར་བྱའོ། གཉིས་པ་འགྱུར་བའི་སྡུག་བསྔལ་ནི། ད་ལྟར་རང་རེའི་རྒྱུད་ཀྱི་ཆགས་པ་དང་བཅས་ཤིང་། འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པའི་བདེ་བ་ལྟ་བུ་སྟེ། སོ་སོའི་སྐྱེ་བོ་རང་ག་བས་སྡུག་བསྔལ་བར་མི་ཤེས་པར་བདེ་བར་རློམས་པར་གྱུར་ནའང་དེ་མི་རྟག་པར་འགྱུར་ནས་སྡུག་བསྔལ་གྱི་གསོས་སུ་འགྱུར་བ་དང་། གཉེན་དག་དང་ལྷན་ཅིག་དགའ་བདེར་སྤྱོད་པ་ན་བདེ་བ་ལྟར་སྣང་ཡང་ཅི་ཞིག་ན་དེ་དག་བྲལ་བའི་སྡུག་བསྔལ་མི་བཟད་པའི་རྒྱུར་གྱུར་པ་སྟེ། མདོ་ལས། བདེ་བའི་ཚོར་བ་ནི་སྐྱེ་བ་ན་ཡང་བདེན་གནས་པ་ན་ཡང་བདེ། འགྱུར་བ་ན་སྡུག་བསྔལ་ལོ་ཞེས་གསུངས་པ་ལྟར་སྒྲ་དོན་ཡང་དེས་ཤེས་ལ། ཟག་བཅས་ཀྱི་ཚོར་བ་བདེ་བ་དང་དེ་དང་མཚུངས་ལྡན་གྱི་བློ་ཡུལ་དང་བཅས་པ་ཀུན་དེ་ཡིན་ཏེ། དཔེར་ན་མཐོ་རིས་ཀྱི་ལྷའི་རྒྱུད་ཀྱི་བདེ་བ་མྱོང་བྱེད་ཀྱི་བློ་དང་དཔེའི་ཡུལ་ལྷའི་དཔལ་འབྱོར་ལ་སོགས་པ་ལྟ་བུའོ། །དེའི་ཚུལ་ཞིབ་པར་བཤད་ན་ཐོག་མར་སྐྱེས་པ་ན་བདེ་བ་ལྟར་སྣང་ཡང་དོན་ལ་སྡུག་བསྔལ་གཞན་ཞིག་ཆེ་རིམ་ནས་འགགས་ནས་དེའི་སྡུག་བསྔལ་ཆུང་ངུར་སོང་གཞན་ཅུང་ཟད་གསར་དུ་སྐྱེ་བ་ན་དེ་ཆུང་བས་སྐྱོན་མ་མངོན་པར་བདེ་བ་ལྟ་བུར་སྣང་སྟེ། སྡུག་བསྔལ་སྔ་མ་ཕྱིར་བཅོས་པས་སམ་འགགས་པ་ལ་བདེ་བའི་བློ་སྐྱེས་པ་ཡིན་གྱི། དེ་གའི་ངོ་བོ་བདེ་བ་ནི་མ་ཡིན་ཏེ་དེ་ཆེར་སྐྱེས་ནས་མངོན་ཐུབ་པ་ན་སྡུག་བསྔལ་ཉིད་དུ་སྣང་བ། དཔེར་ན་འགྲོ་དྲགས་པས་སྡུག་བསྔལ་བ་ན་བསྡད་པས་བདེ་བའི་བློ་འབྱུང་བ་དེ་སྔ་མའི་སྡུག་བསྔལ་ཆེ་རིམ་ནས་འགགས་པའི་ཚེ་བདེ་བ་རིམ་གྱིས་སྐྱེ་བར་སྣང་བ་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་བདེ་བ་ནི་མིན་ཏེ་སླར་ཡང་བསྡད་དྲག་ན་སྔར་ལྟར་སྡུག་བསྔལ་བསྐྱེད་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་བདེ་བ་ཡིན་ན་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་བསྟེན་པ་དེ་ཙམ་དུ་སྡུག་བསྔལ་ཇེ་འཕེལ་དུ་འགྲོ་བ་བཞིན་དུ། འགྲོ་འདུག་དང་ཉལ་བ་དང་བཟའ་བཏུང་དང་ཉི་མ་དང་གྲིབ་མ་བསྟེན་པ་སོགས་ཀྱང་ཇི་ཙམ་རིང་དུ་བསྟེན་པ་དེ་ཙམ་དུ་བདེ་བ་ཇེ་འཕེལ་དུ་འགྲོ་དགོས་པ་ལ། དེ་ལྟར་མ་ཡིན་པར་རིང་དྲགས་ན་སྡུག་བསྔལ་འབའ་ཞིག་བསྐྱེད་པར་སྣང་བས་སོ། །དེ་ལྟར་ཡང་མངལ་དུ་འཇུག་པ་ལས། དགོན་པར་འཆག་་པ་དང་འདུག་པ་དང་འགྲེང་བ་དང་ཉལ་བའི་སྤྱོད་ལམ་དག་ཀྱང་སོ་སོ་སོ་སོར་སྡུག་བསྔལ་བར་རིག་པར་བྱ་སྟེ། བསམ་གཏན་པས་སྤྱོད་ལམ་དེ་དང་དེ་དག་གི་རང་བཞིན་བརྟག་ན་གལ་ཏེ་འཆག་པས་ཉི་མ་འདའ་བར་བྱེད་ཅིང་འཕྲེང་བར་མི་བྱེད་ན། དེས་འཆག་པ་འདི་ལ་སྡུག་བསྔལ་ཁོ་ན་སོ་སོར་ལོངས་སྤྱོད་པར་འགྱུར་ཞིང་དྲག་པ་ཉིད་རྩུབ་པ་ཉིད་དང་མི་བཟད་པ་ཉིད་དང་ཡིད་དུ་མི་འོང་བ་ཉིད་སོ་སོར་མྱོང་བར་འགྱུར་གྱི། འཆག་པ་དེ་ལ་བདེ་བའི་འདུ་ཤེས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་ཤིང་སྤྱོད་ལམ་གཞན་ལ་ཡང་དེ་ལྟར་གསུངས་ནས། དགའ་བོ་འོན་ཀྱང་སྤྱོད་ལམ་གྱི་སྡུག་བསྔལ་དེ་དང་དེ་རྒྱུན་བཅད་པའི་ཕྱིར་སྡུག་བསྔལ་གསར་པ་གཞན་དང་གཞན་འབྱུང་བ་ལ་བདེ་བའི་འདུ་ཤེས་འབྱུང་སྟེ། དགའ་བོ་འབྱུང་བ་ན་ཡང་སྡུག་བསྔལ་འདི་ཁོ་ན་འབྱུང་ལ། འགག་པ་ན་ཡང་སྡུག་བསྔལ་འདི་ཁོ་ན་འགགའབྱུང་བ་ན་ཡང་འདུ་བྱེད་ཉིད་འབྱུང་ལ་འགག་པ་ན་ཡང་འདུ་བྱེད་འགོག་ཅེས་འགྲོ་འཆག་ཉལ་འདུག་སོགས་དང་དེ་ལྟར་སྦྱར་ཏེ་ཤིན་ཏུ་གསལ་བར་བསྟན་ལ། ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་བྱུང་ཙམ་ནས། ངོ་བོ་སྡུག་བསྔལ་གྱི་རང་བཞིན་ཉིད་ཡིན་པས་འབྱུང་བ་ནའང་དེ་ལྟར་འབྱུང་ལ་འགག་པ་དེའི་རང་བཞིན་ཁོ་ན་འགགཡང་ཟག་བཅས་ཀྱི་ཚོར་བ་བདེ་བ་དེ་འབྱུང་བ་ན་ཡང་རང་གི་དུས་སྐད་ཅིག་གཉིས་པར་སྡུག་བསྔལ་གཞན་འདུ་བྱེད་པའི་རང་བཞིན་དག་ཉིད་དུ་འབྱུང་ལ། ཡང་དེ་འགགས་པ་ན་རང་གི་དུས་སྐད་ཅིག་གཉིས་པར་སྡུག་བསྔལ་གཞན་ཞིག་འདུ་བྱེད་པའི་རང་བཞིན་ནམ་བདག་ཉིད་དུ་འགག་པར་གསུངས་པ་ལྟར་རོ། །སྔར་སྐྱེས་པ་ན་བདེ་ཞེས་གསུངས་པ་དང་འདིར་འབྱུང་བ་ན་སྡུག་བསྔལ་འདི་ཁོ་ན་འབྱུང་ཞེས་གསུངས་པ་མི་འགལ་ཏེ། དང་པོ་ནི་སྡུག་བསྔལ་དེའི་རྐྱེན་ལ་མངོན་པར་བདེ་བར་རློམས་པ་ཙམ་ལ་དགོངས་པ་ཡིན་ནོ། གནད་བསྡུ་ན་དང་པོ་བདེ་ཉམས་སྐྱེ་ཡང་རིང་དུ་བསྟེན་པ་མངོན་ཐུབ་པ་ན་སྔ་མ་ལས་བཟློག་སྟེ་སྡུག་བསྔལ་དུ་མཐོང་བའི་རྟགས་ཀྱི་དེ་སྡུག་བསྔལ་དུ་འགྲུབ་སྟེ། བཞི་བརྒྱ་པ་ལས། འཕེལ་བཞིན་པ་ཡི་བདེ་བ་ལས། །ཇི་ལྟར་བཟློག་པ་མཐོང་གྱུར་བ། །དེ་ལྟར་སྡུག་བསྔལ་འཕེལ་བཞིན་ལ། །བཟློག་པ་ཡོད་པ་མ་ཡིན་ནོ། །ཞེས་འཕེལ་བཞིན་པའི་ཟག་བཅས་ཀྱི་བདེ་བ་བསྟེན་དྲགས་པའི་མཐའ་ལ་བདེ་བ་དེ་ཇི་ལྟར་ཡིན་པ་དེ་ལས་བཟློག་པ་སྟེ། དེའི་ལྡོག་ཕྱོགས་ཀྱི་སྡུག་བསྔལ་བསྐྱེད་པར་མཐོང་བར་འགྱུར་བ་དེ་ལྟར་ཟག་བཅས་ཀྱི་སྡུག་བསྔལ་འཕེལ་བཞིན་པ་ལ་མཐར་དེ་ལས་བཟློག་པའི་ཚེ་བདེ་བ་འདྲེན་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། དེས་ན་ཟག་བཅས་ཀྱི་ཚོར་བ་བདེ་བ་ནི་དོན་ལ་སྡུག་བསྔལ་བའི་བདག་ཉིད་ཡིན་ཏེ། རང་ཉིད་གོང་འཕེལ་དུ་གྱུར་པ་ན་སྡུག་བསྔལ་དུ་མངོན་པའི་ཕྱིར། དཔེར་ན་ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་གོང་འཕེལ་དུ་བདེ་བར་འགྱུར་བ་ཡོད་པ་མ་ཡིན་པ་བཞིན་ནོ། །དེས་ན་རང་གི་གྲོགས་ཀྱི་མི་ཞིག་དང་པོ་ནས་སྐྱོན་ཅན་དུ་ཤེས་ན་དེ་ལ་དོགས་ཟོན་བྱས་ན་བསླུ་མི་ཐུབ་པས་སྐྱོན་དེ་ཙམ་མེད་ལ། དང་པོ་ནས་དེའི་སྐྱོན་མི་ཤེས་པར་བློ་ཤིན་ཏུ་གཏོད་པ་ལ། དོན་ལ་བསླུ་བྲིད་མཁན་གྱི་མི་སྐྱོན་ཅན་ཞིག་ཡིན་ན་རང་གི་སྲོག་ལའང་རྒོལ་བའི་ཉེན་ཡོད་པས་ཤིན་ཏུ་སྐྲག་ཅིང་འཇིགས་དགོས་པའི་གནས་ཡིན་པ་བཞིན་དུ། སྔ་མ་སྡུག་བསྔལ་གྱི་སྡུག་བསྔལ་ལས་ཀྱང་འདི་སྐྱོན་མཚང་ཤིན་ཏུ་ཆེ་ཞིང་འཇིགས་པ་སྐྱེ་བའི་གནས་ཡིན་ནོ། །དེར་ཡང་མ་ཟད་སྡུག་བསྔལ་གྱི་སྡུག་བསྔལ་ནི་ལམ་དུ་བསླང་ཤེས་ན། སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་པོ་ཅི། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་གསུངས་པ་ལྟར་རྣམ་པ་གཅིག་ཏུ་ན་ཡོན་ཏན་དང་ལྡན་པ་ཡིན་ཡང་། ཕྱི་མ་ནི་དེ་ལྟར་མ་ཡིན་པར་ཆགས་སྲེད་སོགས་སྐྱེ་ནས་དྲེགས་པ་སེལ་བ་སོགས་དེ་དག་ལས་ལྡོག་པའི་སྐྱོན་རྣམས་འབྱུང་སྟེ་སྡུག་བསྔལ་ཟད་མི་ཤེས་པའི་རྒྱུར་འགྱུར་བ་ཡིན་ནོ། །གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། བཅོམ་ལྡན་འདས་ཀྱིས། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ། །ཞེས་དང་དེ་བཞིན་དུ་དགེ་སློང་དག་དེ་ནི་སྐད་ཅིག་མ་ཡང་ཡིན་ནོ། །ཞེས་གསུངས་པ་ལྟར་ཟག་བཅས་ཀྱི་ཉེར་ལེན་གྱི་ཕུང་པོ་དང་དེ་སྐད་ཅིག་གིས་མི་རྟག་པར་འཇིག་པའི་འགྱུར་བ་ཕྲ་མོ་དང་བཅས་པ་ཀུན་ཡིན་ལ། དེ་ཡང་ཟག་བཅས་ཞེས་པའི་ཟག་པ་ནི་ཉོན་མོངས་པ་ཡིན་ལ། དེ་དང་བཅས་པའི་དོན་དང་ཉེར་ལེན་ནི་འདུན་པ་དང་འདོད་ཆགས་ཏེ། རང་ཉིད་འཆི་བའི་ཚེ་བདག་ལུས་དང་འབྲལ་རྒྱུ་རེད་སྙམ་ནས་ལུས་འདི་འདོར་མི་ཕོད་པ་འདྲ་བའི་ཆགས་པ་སྐྱེས་པ་ནི་བདག་ལ་ཆགས་པའི་འདོད་ཆགས་དང་། ཡང་ལུས་ཤིག་ཐོབ་འོང་ན་སྙམ་དུ་ཡང་སྲིད་དོན་དུ་གཉེར་བ་ནི་འདི་སྐབས་ཀྱི་འདུས་པ་ཡིན་ལ། དེ་གཉིས་ནི་ཡང་སྲིད་ཀྱི་ཕུང་པོ་འགྲུབ་པའི་རྒྱུ་ཡིན་ཏེ་སྔ་མ་ནི་སྲེད་པ་དང་ཕྱི་མ་ནི་ལེན་པ་ཡིན་པས་སོ། །དེ་གཉིས་ལས་བྱུང་བའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། དཔེར་ན་རྩྭ་དང་ཤིང་ལས་བྱུང་བའི་མེ་ལ་རྩྭ་དང་ཤིང་གི་མེ་ཞེས་པ་བཞིན་ནོ། །ཡང་ཟག་བཅས་ཀྱི་ཕུང་པོ་དེས་ཕུང་པོ་ཉེ་བར་ལེན་པའི་རྒྱུ་བདུན་པོ་དང་འདོད་ཆགས་བསྐྱེད་པས་ཀྱང་ཕུང་པོ་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། དེ་གཉིས་བསྐྱེད་པའི་ཕུང་པོ་ཡིན་པས་ན་དེ་སྐད་བརྗོད་ལ་དཔེར་ན་མེ་ཏོག་བསྐྱེད་པའི་ཤིང་དང་འབྲས་བུ་བསྐྱེད་པའི་ཤིང་ལ་མེ་ཏོག་གི་ཤིང་འབྲས་བུའི་ཤིང་ཞེས་བརྗོད་པ་བཞིན་ནོ། །དེ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད་པའང་། དེ་ལས་དང་ཉོན་མོངས་པའི་གནས་ངན་ལེན་ནམ་ས་བོན་དང་རྗེས་སུ་འབྲེལ་ཞིང་དེ་དག་གིས་ཕུང་པོ་རང་ལ་ཁྱབ་པ་ལྟ་བུར་གནས་སམ་ཡང་ན་ཟག་བཅས་ཀྱི་ཕུང་པོ་དེ་ནི་ཕྱོགས་རེ་ཙམ་མ་ཡིན་པར་སྲིད་པའི་གནས་རིས་ཀུན་ཏུ་ཡོངས་སུ་ཁྱབ་པ་དང་། ལས་དང་ཉོན་མོངས་པ་དག་མངོན་པར་འདུ་ཤེས་པའམ་བསྐྱེད་པས་ན་འདུ་བྱེད་དང་། རྣམ་འགྲེལ་ལས། རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །ཅེས་གསུངས་པ་ལྟར། ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱི་གཞན་དབང་དུ་སོང་བ་དང་སྡུག་བསྔལ་གྱིས་གཞན་དབང་དུ་སོང་བས་ན་སྡུག་བསྔལ་བ་སྟེ། ཇི་སྐད་དུ། རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་བ། །ཞེས་གྲགས་པ་བཞིན། གཞན་ཡང་ཉེར་ལེན་གྱི་ཕུང་པོ་འདི་བླང་བ་ལ་བརྟེན་ནས་ཉོན་མོངས་སྐྱེ་ཤིང་དེས་ལས་བསགས་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་འདྲེན་པས་ན་མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་ཕུང་པོ་འདི་མ་གྲུབ་ན། དེ་ལ་བརྟེན་པའི་ན་རྒ་ལ་སོགས་པའི་སྡུག་བསྔལ་དག་གང་ལས་འབྱུང་བའི་གཞི་མེད་པས་ན་ད་ལྟའི་ཕུང་པོ་གྲུབ་ཟིན་པ་འདི་ཉིད་སྡུག་བསྔལ་དེ་དག་གི་རྟེན་དུ་གྱུར་པས་ན། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྡུག་བསྔལ་གྱི་ས་བོན་དང་རྗེས་སུ་འབྲེལ་ཞིང་དེ་བསྐྱེད་པས་ན་སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང་། འགྱུར་བའི་སྡུག་བསྔལ་གྱི་ས་བོན་དང་རྗེས་སུ་འབྲེལ་ཞིང་དེ་བསྐྱེད་པས་ན་འགྱུར་བའི་སྡུག་བསྔལ་གྱི་སྣོད་དང་། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་ན་ཉེར་ལེན་གྱི་ཕུང་པོ་འདི་གྲུབ་ཙམ་གྱིས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེས་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་སྟེ་རྒྱུ་མཚན་དེ་དག་གི་ཕྱིར་ན་ཡང་ཉེ་བར་ལེན་པའི་ཕུང་པོ་ལ་སྡུག་བསྔལ་ཞེས་བརྗོད་པ་ཡིན་ནོ། །རྣམ་འགྲེལ་ལས། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་ལས་ཉོན་གྱི་གཞན་དབང་དུ་གྱུར་པས་ན་སྡུག་བསྔལ་ཞིང་སྲིད་པའི་གནས་རིས་ཀུན་ཏུ་ཉིང་མཚམས་སྦྱར་ཏེ་འཁོར་བ་ཅན་གང་ཡིན་པ་ནི་ཟག་བཅས་ཀྱི་ཉེར་ལེན་གྱི་ཕུང་པོ་འདི་ཡིན་པར་གསུངས་ཏེ་ཁྱབ་པ་འདུ་བྱེད་དུ་ཡང་དོན་གྱིས་བསྟན་པ་ཡིན་ནོ། །ཡང་མདོ་ལས། གང་མི་རྟག་པ་དེ་སྡུག་བསྔལ་བའོ། །ཞེས་ཕུང་པོ་འདི་མི་རྟག་པའི་ཆ་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཏེ། དབུ་མ་བཞི་བརྒྱ་པ་ལས། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་མི་རྟག་གང་ཡིན་དེ། །ཞེས་ཟག་བཅས་ཀྱི་དངོས་པོ་གང་མི་རྟག་པ་ཡིན་པ་དེ་ནི་གནོད་པ་དང་བཅས་པ་ཡིན་ཏེ། འགྱུར་ཞིང་མི་བརྟན་པས་ཡིད་གཏོད་དུ་མི་རུང་བས་སེམས་ལ་མི་འདོད་པའི་རྣམ་པ་བསྐྱེད་རུང་གི་བྱེད་ལས་ཅན་ཡིན་པ་དཔེར་ན་ད་ལྟའི་རང་གི་ལུས་འདི་སྐད་ཅིག་གིས་མི་རྟག་པར་འགྱུར་བའི་གནད་ཀྱིས་རིམ་གྱིས་ལུས་སྟོབས་སོགས་ཇེ་ཞན་དུ་འགྲོ་ཞིང་མཐར་རྒུད་པར་འགྱུར་བའི་རང་བཞིན་ཡིན་པས་གནོད་པའམ་སྐྱོན་དང་བཅས་པ་ཡིན་པ་བཞིན། གང་ལ་གནོད་པ་ཡོད་པ་དེ་ནི་ནམ་ཡང་བདེ་བ་མ་ཡིན་ཏེ། དེའི་ཕྱིར་གང་ཅུང་ཟད་མི་རྟག་པ་དེ་ཐམས་ཅད་སྡུག་བསྔལ་བར་འགྱུར་ཏེ། སྡུག་བསྔལ་ནི་གནོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ་ལན་ཚྭའི་བྱུང་ཁུང་དུ་ལྟུང་བ་བཞིན་ནོ། །ཇི་ལྟར་ལན་ཚྭའི་བྱུང་ཁུང་དུ་ལྟུང་བ་དེ་ལན་ཚྭ་ཅན་དུ་འགྱུར་བ་དེ་བཞིན་དུ་ཟག་བཅས་ཀྱི་དངོས་པོ་གང་མི་རྟག་པ་དེ་ཐམས་ཅད་སྡུག་བསྔལ་བ་ཁོ་ན་ཡིན་པས་དེ་ལྟ་བུའི་ཟག་བཅས་ཀྱི་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་བདག་ཉིད་ཅན་ཁོ་ན་ཡིན་ནོ། །གཞན་ཡང་ལས་ཉོན་གཉིས་རྒྱུར་སོང་བའི་གནད་ཀྱིས་དགེ་བའི་ཕྱོགས་སུ་ཅི་འདོད་དུ་བཀོལ་དུ་མིི་རུང་བ་སོགས་ལུས་སེམས་ལས་སུ་མི་རུང་བའམ་རང་དབང་དུ་མི་འདུ་བའི་ཆ་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ཡིན། འོན་ཀྱང་དེ་དག་ཀུན་ཟག་བཅས་ཀྱི་ཕུང་པོར་མ་འདུས་པ་ནི་མེད་དེ། ཕུང་པོ་ཞེས་པ་ཅི་ཡང་མ་བསླབ་པའི་ཕལ་པ་དག་གི་ཞེ་འདོད་ལྟར་ད་ལྟའི་རང་ཅག་གི་ལུས་པོ་ཁོ་ན་ལྟ་བུ་ལ་མི་གོ་བར་ཕུང་པོ་ལྔ་ག་ལ་གོ་དགོས་ཤིང་། ཕུང་པོ་ལྔར་མ་འདུས་པའི་འདུས་བྱས་ཤིག་མེད་པས་ཟག་བཅས་ཀྱི་ཕུང་པོར་མ་འདུས་པའི་ཟག་བཅས་ནི་མེད་པའི་ཕྱིར། དེས་ན་ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་དང་དེ་དང་མཚུངས་ལྡན་གྱི་བློ་ཡུལ་དང་བཅས་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ནོ། །གང་ལྟར་ཡང་རང་རྒྱུ་ལས་ཉོན་ལས་སྐྱེས་པ། ངོ་བོ་མི་རྟག་པའི་བདག་ཉིད་ཅན་ཡིན་པ། འཕགས་པ་རྣམས་ཀྱིས་ཡིད་དབྱུང་བའི་གནས་སུ་གྱུར་པ། འཁོར་བའི་རྒྱུར་གྱུར་པའི་ལས་བསགས་པའི་མཐུན་རྐྱེན་དུ་གྱུར་པ་ཞིག་ཡིན་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པར་མཁས་པའི་གསུངས་ལས་བྱུང་ངོ་། །དེ་ལྟ་བུའི་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྐྱོན་ནི་སོ་སོའི་སྐྱེ་བོ་དག་གིས་མངོན་སུམ་དུ་མཐོང་དཀའ་ཡང་འཕགས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་གཟིགས་པ་ཡིན་ཏེ། མདོ་ལས། ལག་མཐིལ་སྤུ་ཉག་ཞིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ཡང་། །མི་བདེ་བ་དང་གནོད་བསྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རིག། འཕགས་པ་མིག་དང་འདྲ་བ་ཡིས། །དེ་ཡི་ཡིད་ཀྱང་ཤིན་ཏུ་དབྱུང་། །ཞེས་དཔེ་དང་བཅས་གསལ་བར་བསྟན་ཏེ་འཕགས་པ་མིག་དང་འདྲ་བས་དེ་ཡིས་སྐྱོན་མངོན་སུམ་དུ་མཐོང་ནས་སྡུག་བསྔལ་དེ་ཡིས་ཡིད་དབྱུང་བ་སྟེ་ཐུགས་ཤིན་ཏུ་སུན་པ་ཡིན་ཅེས་གསུངས་པ་སྟེ། ཤིན་ཏུ་ཞེས་པའི་ནུས་པས་སྡུག་བསྔལ་སྔ་མ་གཉིས་ལས་ཀྱང་འདིས་སུན་པར་བསྟན་པ་དེའི་རྒྱུན་མཚན་ཡང་སྡུག་བསྔལ་དེ་གཉིས་ཀྱིས་ནི་ཀུན་ལ་མ་ཁྱབ་པ་དང་ནམ་ཡང་མི་འབྲལ་བ་མ་ཡིན་པ་དང་སྐྱོན་ཡང་རྟོགས་སླ་ལ། འདིས་ནི་གོང་སྨོས་བཞིན་ཁྱབ་པ་དང་ཇི་སྲིད་འཁོར་བ་ལས་མ་ཐར་བར་དུ་མི་འབྲལ་བའི་སྐྱོན་ཡང་ཆེ་ལ། དེའི་སྐྱོན་ཡང་ཕལ་པས་རྟོགས་དཀའ་བ་དང་། ཟག་བཅས་ཀྱི་ཕུང་པོ་འདི་མ་སྤངས་ཕྱིན་སྡུག་བསྔལ་གཞན་གཉིས་ཀྱང་མངོན་གྱུར་དུ་མེད་པའི་སྐབས་རེ་བྱུང་ཡང་རྐྱེན་དང་འཕྲད་ན་དེ་མ་ཐག་པ་ནས་འབྱུང་བས་ན་སྡུག་བསྔལ་གཉིས་ཀྱི་ཡང་རྩ་བར་གྱུར་པའི་ཕྱིར་རོ། །སྡུག་བསྔལ་གཉིས་ཀྱི་རྐྱེན་མཚང་རྟོགས་པ་ནི་ཕྱི་རོལ་པའི་དྲང་སྲོང་དག་ལ་ཡང་ཡོད་པས་དེ་གཉིས་ཀྱི་སྐྱོན་མཚང་རྟོགས་པ་ཙམ་གྱིས་ནི་སྲིད་པའི་སྐྱོན་མཚང་མཐར་ཐུག་རྟོགས་པ་མ་ཡིན་ཞིང་། དཔེར་ན་ཁུར་ཆེན་པོ་ཁུར་ན་ཅི་ཙམ་ཁུར་དགོས་པ་དེ་ཙམ་དུ་བདེ་བ་མེད་པ་བཞིན་དུ་འདི་དང་མ་བྲལ་བར་དུ་བདེ་བའི་སྐབས་མེད་ལ་སྡུག་བསྔལ་ལས་གྲོལ་བ་མ་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ནི་ཤེས་པར་བྱའོ་ཞེས་གསུངས་པའི་ཤེས་པར་བྱ་རྒྱུའི་གཙོ་བོ་ཡང་འདི་ཡིན་ནོ། །དེ་ལྟར་སྡུག་བསྔལ་གསུམ་གྱི་ཚུལ་ཤེས་ན་བཅོམ་ལྡན་འདས་ཀྱི་གང་ཅི་ཚོར་བ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཞེས་གསུངས་པའི་དོན་ཡང་རྟོགས་པར་འགྱུར་ཏེ། དེས་ན་ཟག་བཅས་ཀྱི་ཚོར་བ་ཀུན་དེ་ལྟར་སྡུག་བསྔལ་བར་བསྟན་པ་ཡིན་པའི་ཕྱིར། དེ་ཡང་ཉོན་མོངས་པ་ཆགས་སོགས་ཀྱིས་ཀུན་ནས་བསླང་ཞིང་དེ་དང་འདྲེས་པའི་ཚོར་བ་རྣམས་ནི་ཟག་བཅས་ཡིན་ནོ། །དེ་ལྟར་ན་འདོད་ཁམས་པ་ལ་ནི་སྡུག་བསྔལ་གསུམ་ཀ་ཡོད་ལ། གཟུགས་ཁམས་ཀྱི་ལྷ་ཕལ་ཆེར་ལ་སྡུག་བསྔལ་གྱི་སྡུག་བསྔལ་མ་གཏོགས་པ་གཞན་གཉིས་དང་། བསམ་གཏན་བཞི་པ་ཡན་ཆད་ལ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་པས་འཁོར་བ་ཀུན་སྡུག་བསྔལ་དེ་དག་གང་རུང་ལས་མ་འདས་པ་ཡིན་ནོ། །གྲངས་མེད་ཚོགས་མཐར་ཕྱིན་ནས་སངས་རྒྱས་ཚེ། །གསུང་གི་ཐོག་མར་སྡུག་བསྔལ་ཤེས་བྱར་གདམས། །ཟག་བཅས་མ་ལུས་སྡུག་བསྔལ་ཉིད་དོ་ཞེས། །བཀའ་རྟགས་ཆོས་ཀྱི་སྡོམ་བཞིའི་གྲངས་སུའང་སྩལ། །དེ་ཕྱིར་དེ་ཡི་གོ་དོན་ཚུལ་བཞིན་དུ། །ངེས་པར་རང་བསྟན་གྲུབ་མཐའི་སྙིང་པོ་སྟེ། །དེ་ཚུལ་མི་ཤེས་ནང་པ་སངས་རྒྱས་པར། །ཁས་ལེན་ཟོལ་གཏམ་བྲག་ཅའི་ཟླ་བོ་ཡིན། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གནས་རིས་སོ་སོའི་སྡུག་བསྔལ་བསམ་པ་ལ་གཉིས། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་དང་། མཐོ་རིས་གསུམ་གྱི་སྡུག་བསྔལ་བསམ་པའོ། །དང་པོ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་གསུམ། དམྱལ་བའི་སྡུག་བསྔལ། ཡི་དྭགས་ཀྱི་སྡུག་བསྔལ། དུད་འགྲོའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གསུམ། ཚ་བའི་དམྱལ་བ་དང་། གྲང་བའི་དམྱལ་བ་དང་། ཉི་ཚེ་བའི་དམྱལ་བའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་ཚ་བའི་དམྱལ་བ་ཆེན་པོ་དང་། ཉེ་འཁོར་གྱི་དམྱལ་བ་གཉིས་། དང་པོ་ཚ་བའི་དམྱལ་བ་བརྒྱད་ནི། ཡང་སོས། ཐིག་ནག། བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ་། རབ་ཏུ་ཚ་བ། མནར་མེད་པ་རྣམས་སོ། གླིང་གཞན་གསུམ་པོའི་འོག་ན་དམྱལ་བ་མེད། འཛམ་བུ་གླིང་གི་རྡོ་རྗེ་གདན་གྱི་འོག་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་འདས་པ་ན་དམྱལ་བ་ཡང་སོས་ཡོད་ལ། དེ་ནས་དཔག་ཚད་བཞི་སྟོང་གིས་ཆོད་པའི་འོག་ན་ཚ་དམྱལ་གཞན་བདུན་ཡོད་དེ། ཚ་དམྱལ་བརྒྱད་ཀའི་སྤྱི་ཁྱབ་དུ་འོག་ཐམས་ཅད་ལྕགས་སྲེགས་ཀྱི་ས་གཞི། ཁོར་ཡུག་ཐམས་ཅད་ལྕགས་སྲེགས་ཀྱི་ར་བ། སྟེང་འོག་ཀུན་ཏུ་མེ་ལྕེ་རབ་ཏུ་འབར་ཞིང་འཁྲུག་པའི་ནང་ན་གནས་ཡོད། དང་པོ་ཡང་སོས་ནི་ལྕགས་ཀྱི་ས་གཞི་མེ་འབར་བའི་སྟེང་དུ་སེམས་ཅན་དེ་དག་འདུས་ཏེ་ལས་ཀྱི་དབང་གིས་བྱུང་བའི་མཚོན་ཆ་དབྱུག་པ་དང་དགྲ་སྟྭ་དང་མདའ་བོ་ཆེ་དང་འཁོར་ལོ་ལ་སོགས་པ་ཐོགས་ནས་གཅིག་ལ་གཅིག་བསྣུན་པར་བྱེད་དེ་དེས་ལུས་ཚལ་པ་བརྒྱ་སྟོང་དུ་སོང་ནས་བརྒྱལ་ཏེ་ས་ལ་དགྱེལ་བ་ན་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིགཅེས་པའི་སྒྲ་བྱུང་བ་དང་ཡང་སོས་ནས་སྔར་ལྟར་བསྣུན་པར་བྱེད་པ་སོགས་ཀྱིས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བའོ། །གཉིས་པ་ཐིག་ནག་ནི། དེར་སྐྱེས་པ་རྣམས་དམྱལ་སྲུང་རྣམས་ཀྱིས་བཟུང་ནས་ལུས་ལ་ཐིག་ནག་པོ་བཞིའམ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་དུ་མ་བཏབ་ནས་ཐིག་ཇི་ལྟར་བཏབ་པ་དེ་ལྟར་མཚོན་གྱིས་གཤོག་ཅིང་གཞོག་པར་བྱེད་པའོ། །གསུམ་པ་བསྡུས་འཇོམས་ནི། སེམས་ཅན་དེ་དག་ལས་ཀྱིས་ཕྱོགས་གཅིག་ཏུ་འདུས་ཤིང་འཚོགས་པ་ན་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་སྟག་དང་སེངྒེ་རི་དྭགས་སྒོ་ནོར་ལ་སོགས་པའི་གདོང་པ་འདྲ་བ་རྣམས་ཀྱིས་གཅུར་ཏེ་བཙིར་བ་དང་འཐག་ཅིང་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་འབབས་པའོ། །ཡང་འདུས་ལ་ལྕགས་ཀྱི་འཕྲུལ་འཁོར་ཆེན་པོའི་ནང་དུ་བཅུག་ནས་འཚིར། དེ་ནས་ཡང་འདུས་པ་ན་སྟེང་ནས་ལྕགས་ཀྱི་ཕ་བོང་ཆེན་པོ་ལྷུང་ནས་ལྕགས་ཀྱི་ས་གཞི་ལ་བཙིར་ཞིང་བརྡུང་བས་སྡུག་བསྔལ་བར་བྱེད་དོ། །བཞི་པ་ངུ་འབོད་ནི། སེམས་ཅན་དེ་དག་གནས་འཚོལ་ཞིང་རྒྱུག་ན་ལྕགས་ཁང་གཅིག་རིམ་གྱི་ནང་དུ་སླེབ་པ་དང་སྒོ་དབྱེར་མེད་དུ་འགྲིག་སྟེ་ཕྱོགས་ཀུན་ནས་མེ་འབར་བས་བསྲེགས་པས་ད་འབྲོས་ས་ཡང་མི་འདུག་སྙམ་དུ་ངུ་འབོད་ལྷང་ལྷང་བྱེད་པའོ། །ལྔ་པ་ངུ་འབོད་ཆེན་པོ་ནི། སྔ་མ་དང་ཆ་འདྲ་བ་ལས་ལྕགས་ཁང་ཉིས་རིམ་གྱི་ནང་དུ་ཚུད་དེ་ལྕགས་ཁང་ནང་མ་ནས་ཐར་སྲིད་ཀྱང་ཕྱི་མ་ནས་མི་ཐར་ཞིང་འབྲོས་ས་ཡང་མི་འདུག་སྙམ་དུ་སྔ་མ་ལས་ཀྱང་སྡུག་བསྔལ་ཉིས་འགྱུར་གྱིས་གདུང་ནས་ངུ་འབོད་ལྷང་ལྷང་བྱེད་པའོ། །དྲུག་པ་ཚ་བ་ནི། སེམས་ཅན་དེ་དག་དམྱལ་སྲུང་རྣམས་ཀྱི་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པ་ཤིན་ཏུ་ཚ་ཞིང་འབར་བའི་ནང་དུ་བཅུག་ནས་བསྐོལ་ཏེ་བསྲེགས་པ་དང་། ལྕགས་ཀྱི་གསལ་ཤིང་རབ་ཏུ་འབར་བས་འཕོང་ནས་སྤྱི་བོའི་བར་ཐལ་མར་ཕུག་སྟེ་ཁ་དང་མིག་དང་སྣ་དང་རྣ་བའི་བུ་ག་གཉིས་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་ལྕེ་རབ་ཏུ་འབར་བ་འབྱུང་བ་དང་། ལྕགས་ཀྱི་ས་གཞི་འབར་བ་ལ་གན་རྐྱལ་ལམ་ཁ་སྦུབ་ཏུ་བསྒྱེལ་ཏེ་ལྕགས་ཀྱི་ཐོ་བ་ཚ་ཞིང་འབར་བས་བརྡུང་ཞིང་སྡུག་བསྔལ་བར་བྱེད་དོ། །བདུན་པ་རབ་ཏུ་ཚ་བ་ནི། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་འབར་བས་འཕོང་ནས་ཕུག་སྟེ་དབུས་མ་སྤྱི་བོ་དང་གཡས་གཡོན་གཉིས་ཕྲག་པ་གཡས་གཡོན་དུ་ཐོན་པ་དང་། དེ་ལ་བརྟེན་ནས་ཁ་ལ་སོགས་པའི་སྒོ་རྣམས་ནས་མེ་ལྕེ་འབར་བ་འབྱུང་ངོ། །ལྕགས་སྲེགས་ལེབ་མོས་ལུས་ལ་སྣམ་བུ་ལྟར་དཀྲི་བ་དང་། ལྕགས་ཟངས་སྔར་བས་ཀྱང་ཆེ་བར་ཤ་རུས་འགྱེད་པའི་རྫས་སྣ་ཚོགས་བཏབ་པའི་འགྱུར་བྱེད་བསྐོལ་བ་གང་ཞིག་ཀུན་ཏུ་འབར་བའི་ནང་དུ་མགོ་མཇུག་བརྗེས་ཏེ་བཅུག་ནས་བསྐོལ་བ་ན་སྟེང་འོག་དང་ཐད་ཀ་རྣམས་སུ་འགྲོ་བ་དེའི་ཚེ་པགས་པ་དང་ཤ་ཁྲག་རྣམས་ཞིག་ནས་ཀེང་རུས་འབའ་ཞིག་ལུས་པའི་ཚེ་ཡང་ཕྱིར་ཕྱུངས་ནས་ལྕགས་ཀྱི་ས་གཞི་ལ་བཀྲམ་པ་ན་ཡང་ཁ་ནས་ནང་དུ་ལྕགས་སྲེག་གི་ཐོ་ལུམ་བཅུག་པ་དང་ཁྲོ་ཆུ་ཁོལ་མ་བླུགས་པ་སོགས་ཀྱིས་སྡུག་བསྔལ་ལོ། །ལྕགས་ཀྱི་ས་གཞིར་བཏུང་བ་སོགས་ཀྱང་གོང་དང་འདྲའོ། །ཁྱད་པར་མནར་མེད་པ་ནི། ཤར་ཕྱོགས་ནས་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་ཀུན་ཏུ་འབར་ཞིང་མཆེད་པ་ལས་མེ་འབར་བའི་ཤུགས་འོང་སྟེ་སེམས་ཅན་དེ་དག་གི་པགས་པ་དང་ཤ་དང་རུས་པ་རྣམས་རིམ་གྱིས་བསྲེགས་ནས་རྐང་ལ་ཐུག་པར་བྱེད་དོ། །མར་མེའི་སྙིང་པོ་བཞིན་དུ་ལུས་ཐམས་ཅད་མེ་ལྕེ་འབར་བས་ཁྱབ་པར་འདུག་གོ། །ཕྱོགས་གཞན་གསུམ་ཡང་དེ་དང་འདྲ་སྟེ་ཕྱོགས་བཞི་ནས་མེ་འོང་བ་རྣམས་དེར་གཅིག་ཏུ་འདྲེས་པས་སྡུག་བསྔལ་མྱོང་བ་བར་མ་ཆད་པས་ཉམ་ཐག་པའི་སྐད་འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་མ་གཏོགས་མེ་དང་དབྱེར་མེད་དུ་འབར་བའོ། །ཡང་ལྕགས་ཀྱི་སླ་ང་མེ་འབར་བའི་ནང་དུ་ལྕགས་སྲེགས་ཀྱི་མེ་མདག་དང་ལྷན་ཅིག་ཡོས་བརྔོད་པ་བཞིན་འཁྲབ་ཏུ་འཇུག་གོ། །ལྕགས་སྲེག་གི་རི་ཆེན་པོ་རྣམས་ལ་འབབ་འཛེག་བྱེད་དུ་བཅུག་པ་དང་ཡང་ཁ་ནས་ལྕེ་ཕྱུངས་ཏེ་ལྕགས་ཀྱི་ཕུར་པས་བརྒྱང་ནས་གླང་གི་ཀོ་བ་ལ་བྱེད་པ་བཞིན་དུ་ཐང་བཅད་དེ་གཉེར་མ་དང་ཁམ་ཁུམ་མེད་པར་བྱེད་དོ། །ཡང་ལྕགས་ཀྱི་ས་གཞི་ལ་གན་རྐྱལ་དུ་རྒྱབ་ནས་ལྕགས་ཀྱི་སྐམ་པས་ཁ་ཕྱེད་ནས་ལྕགས་ཀྱི་ཐོ་ལུམ་འབར་བ་ཁར་བཅུག་པ་དང་། ཟངས་ཁོལ་མ་ཁར་བླུགས་ནས་ཁ་དང་ལྐོག་མ་དང་རྒྱུ་མ་རྣམས་ཚིག་སྟེ་རོ་སྨད་ནས་འབྱུང་བའོ། །དེ་དག་ནི་གནོད་པ་རགས་པ་ཙམ་ཡིན་གྱི་གཞན་ཡང་གནོད་པ་མང་པོ་སྣ་ཚོགས་པ་ཡོད་པའོ། །དེ་ལྟར་ཡང་རྣམ་བཤད་ལས། ཐ་མལ་ཙནྡན་དུས་མཐའ་དང་། དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་མེ་ཕལ་པ་ལས་ཙནྡན་གྱི་མེ་བདུན་འགྱུར་གྱིས་ཚ། དེ་ལས་བདུན་འགྱུར་གྱིས་དུས་མཐའི་སྟེ་བསྐལ་པ་འཇིག་པའི་མེ་ཚ། དེ་ལས་བདུན་འགྱུར་གྱིས་ཡང་སོས་དང་། དེ་ལས་ཐིག་ནག་སོགས་སྔ་མ་སྔ་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་ཚ་ཞིང་སྡུག་བསྔལ་ཡང་བདུན་འགྱུར་གྱིས་ཆེའོ། །སྡུག་བསྔལ་དེ་དག་ཇི་ཙམ་མྱོང་བའི་ཚེ་ཚད་ཀྱང་གཞུང་ཆེན་པོ་དག་ནས་མིའི་ལོ་དང་ལྷའི་ལོ་གྲངས་ཀྱི་འགྱུར་རྩིས་ནས་གསུངས་ཀྱང་གོ་སླ་བར་མི་ལོ་ཁོ་ནས་གཞལ་ན། མི་ལོ་ཁྲག་ཁྲིག་ཅིག་ཐེར་འབུམ་ཆེན་པོ་དྲུག་ཐེར་འབུམ་གཉིས་ནི་ཚ་དམྱལ་བརྒྱད་ཀྱི་ནང་ནས་ཚེ་ཐུང་ཤོས་ཡང་སོས་ཀྱི་ཚེ་ཚད་དང་། ཕྱི་མ་རྣམས་ཉིས་འགྱུར་ཉིས་འགྱུར་དུ་འཕར་བར་གསུངས་ཏེ། གྲངས་དེ་དག་གི་ཚད་ནི། དུང་ཕྱུར་བཅུ་ཐེར་འབུམ་དང་། ཐེར་འབུམ་བཅུ་ཐེར་འབུམ་ཆེན་པོ། ཐེར་འབུམ་ཆེན་པོ་བཅུ་ཁྲག་ཁྲིག་ཡིན་ནོ། །དུང་ཕྱུར་གྱི་གྲངས་ཀྱིས་གཞལ་ན་ཡང་སོས་ཀྱི་ཚེ་ཚད་མི་ལོ་དུང་ཕྱུར་དྲུག་སྟོང་དུང་ཕྱུར་དྲུག་བརྒྱ་དུང་ཕྱུར་ཉི་ཤུ་ཐུབ་པ་ཡིན་པར་བཤད་དོ། །མི་ལོ་དུང་ཕྱུར་ཁྲག་ཁྲིག་གཅིག་དང་དུང་ཕྱུར་དྲུག་སྟོང་དང་དུང་ཕྱུར་ཉིས་བརྒྱ། དེ་བཞིན་དུ་ཐིག་ནག་མི་ལོ་དུང་ཕྱུར་ཆིག་འབུམ་དང་། དུང་ཕྱུར་གཅིག་ཁྲི་དུང་ཕྱུར་དགུ་སྟོང་དང་དུང་ཕྱུར་དྲུག་བརྒྱ། བསྡུས་འཇོམས་མི་ལོ་དུང་ཕྱུར་བྱེ་བ་གཅིག་དང་དུང་ཕྱུར་སུམ་ཁྲི་དང་དུང་ཕྱུར་དྲུག་སྟོང་དང་དུང་ཕྱུར་བརྒྱད་བརྒྱ། ངུ་འབོད་མི་ལོ་དུང་ཕྱུར་བྱེ་བ་བརྒྱད་དང་དུང་ཕྱུར་ཉིས་འབུམ་དང་། དུང་ཕྱུར་དགུ་ཁྲི་དུང་ཕྱུར་བཞི་སྟོང་དུང་ཕྱུར་བཞི་བརྒྱ། ངུ་འབོད་ཆེན་པོ་མི་ལོ་དུང་ཕྱུར་ས་ཡ་དྲུག་དང་དུང་ཕྱུར་བྱེ་བ་དྲུག་དུང་ཕྱུར་སུམ་འབུམ་དུང་ཕྱུར་ལྔ་སྟོང་དང་དུང་ཕྱུར་ཉིས་བརྒྱ། ཚ་བ་མི་ལོ་དུང་ཕྱུར་དུང་ཕྱུར་ལྔ་དང་དུང་ཕྱུར་ས་ཡ་གསུམ་དང་དུང་ཕྱུར་བརྒྱད་འབུམ་དང་དུང་ཕྱུར་བཞི་ཁྲི་དང་དུང་ཕྱུར་སུམ་སྟོང་དང་དུང་ཕྱུར་དྲུག་བརྒྱ་སྟེ། དམྱལ་བ་འོག་མ་གཉིས་མི་ལོས་གཞལ་དུ་མེད་དེ་དེ་རབ་ཏུ་ཚ་བ་བར་བསྐལ་ཕྱེད་དང་། མནར་མེད་ནི་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་ལྟར་ཡང་བཤེས་སྤྲིང་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་ཟད་པར་མ་གྱུར་བར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་ལོ་བྱེ་བ་ཕྲག་བརྒྱར་ཞེས་པ་ནི་མང་ཚིག་གི་གྲངས་ངེས་བཟུང་མིན་པས་ཡུན་རིང་པོར་མྱོང་ཡང་ཇི་སྲིད་སྡུག་བསྔལ་དེ་རྣམས་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་མྱོང་དགོས་པ་ཡིན་ནོ། །གཉིས་པ་ཉེ་འཁོར་བའི་དམྱལ་བ་ནི། ཚ་དམྱལ་བརྒྱད་པོ་དེ་རེ་རེ་ལའང་གཅིག་གིས་ངོས་བཞི་བཞི་དང་སྒོ་བཞི་བཞིར་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ནི་ལྕགས་ཀྱི་ར་བས་བསྐོར་ཞིང་ར་བ་དེ་ལ་ཡང་ཕྱོགས་རེ་ལ་སྒོ་རེ་ཡོད། སྒོ་དེ་རེ་རེ་ནས་སེམས་ཅན་དམྱལ་བ་ལྷག་པ་བཞི་བཞི་བསྒྲིགས་ནས་ཡོད་དེ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ནགས་ཚལ། ཆུ་ཀླུང་རབས་མེད་དེ་སོ་སོར་བགྲང་ན་བཅུ་དྲུག་ཡོད་པའོ། །དེ་ཡང་ཚ་དམྱལ་དེ་དག་ཚ་དམྱལ་ནས་ཐར་བར་ཉེ་བ་ན་གནས་འཚོལ་བའི་བསམ་པ་སྐྱེས་ནས་ཕྱི་རོལ་དུ་ཕྱིན་པས་གནས་དེ་དག་ཏུ་སླེབ་སྟེ། གཞན་ཚ་དམྱལ་དངོས་སུ་མ་སྐྱེས་པར་དེར་སྐྱེས་བའང་ཡོད། དང་པོ་མེ་མ་མུར་གྱི་འོབས་ནི། མེ་སྨྱོན་པར་གྲགས་པ་ཁ་ཐལ་བ་དང་གཏིང་མེ་མདག་རབ་ཏུ་འབར་བས་གང་བར་རྐང་པ་བཞག་པ་ན་མདག་མེའི་དཀྱིལ་དུ་པུས་མོ་མན་ཆད་ནུབ་ནས་པགས་པ་དང་ཤ་ཁྲག་གི་བར་ཞིག་པར་འགྱུར་ཞིང་། ཡང་རྐང་པ་བཏེགས་པ་ན་པགས་པ་དང་ཤ་སྐྱེས། ཡང་རྐང་པ་བཞག་པ་ན་སྔར་ལྟར་བྱེད། གཉིས་པ་རོ་མྱགས་ཀྱི་འདམ་ནི། དེ་ནས་ཕྱིན་པ་ན་མི་གཙང་བའི་འདམ་དྲི་ཤིན་ཏུ་མནམ་པར་མགོ་མན་ཆད་བྱིང་སྟེ་འདམ་དེའི་ནང་དུ་འབུ་མཆུ་རྣོན་ཞེས་བྱ་བ་ལྕགས་ཀྱི་མཆུ་ཚེར་མ་ལྟར་རྩུབ་ལ་རིང་བ་དག་གིས་པགས་པ་དང་ཤ་དང་རྒྱུས་པ་རུས་པ་ཐམས་ཅད་འབིག་ཅིང་རྐང་ལ་གཏུག་པར་བྲུས་པར་བྱེད། གསུམ་པ་མཚོན་ཆའི་ནགས་ཚལ་ནི། དེ་ནས་ཕྱིན་པ་ན་སྤུ་གྲིས་གཏམས་པའི་ལམ་ཡོད། དེ་ནི་སེམས་ཅན་རྣམས་ལས་ཀྱི་ལྷག་མ་ལ་སྤྱོད་པའི་དབང་གིས་སྤུ་གྲི་རྣོན་པོ་སོ་གྱེན་དུ་འགྲེང་བ་དག་གི་སྟེང་དུ་རྐང་པ་བཞག་པ་ན་པགས་པ་དང་ཤ་སོགས་གཅོད་ལ་རྐང་པ་བཏེགས་པའི་ཚེ་དེ་དག་སླར་སྐྱེ་བ་དང་། དེ་ནས་ཕྱིན་པ་ན་རལ་གྲི་ལོ་མའི་ནགས་ཚལ་ཡོད། དེ་ལ་སེམས་ཅན་དེ་དག་གིས་ཤིང་དྲུང་ཡིད་དུ་འོང་བའི་གནས་སུ་མཐོང་ནས་དེར་ཕྱིན་ཏེ་བསྡད་པ་ན། ཤིང་གི་ལོ་མ་ལས་རལ་གྲི་མང་པོ་ལྷུང་སྟེ་ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ཅིང་བཤག་པར་བྱེད། དེ་ནས་འགྱེལ་བ་ན་ཁྱི་སྲེ་བོ་དག་འོང་ནས་དེ་དག་འཐོག་ཅིང་ཟའོ། །དེ་ནས་ཕྱིན་པ་ན་ལྕགས་ཀྱི་ཤལ་མ་ལིའི་ཚལ་ལམ་རི་ཡོད། དེའི་ཚལ་དང་རི་ཐམས་ཅད་ལྕགས་ཀྱི་ཚེར་མ་ཤིན་ཏུ་རྣོ་བ་ཡོད། ཁྱི་སྲེ་བོས་རྒྱབ་ནས་དེད་དེ་དེར་ཕྱིན་པར་ཚེར་མ་ཐུར་དུ་ཟུག་པ་དེ་དག་གིས་ལུས་ཀུན་བཤག་པར་བྱེད། རི་རྩེར་སླེབས་པ་དང་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་ཅེས་བྱ་བའི་མཆུ་རྣོན་པོ་དག་གིས་མགོ་དང་དཔུང་མགོ་གཡས་གཡོན་དུ་བབ་ནས་མིག་འབྲས་ཕྱུང་། ཡང་མར་འབབ་པའི་ཚེ་ཚེར་མ་ཐམས་ཅད་ཁ་གྱེན་དུ་གཟེང་ནས་ལུས་ཐམས་ཅད་གཏུབ་པ་དང་། གཞན་ཡང་སྐྱེས་པ་བུད་མེད་དག་སྔོན་ལོག་གཡེམ་སྤྱད་པས་དེར་སྐྱེས་ནས་ཡུལ་དེ་དག་ཡིད་དུ་འོང་བའི་རྣམ་པས་རྩེ་མོ་ནས་འབོད་པར་སྣང་བ་ན། གྱེན་དུ་འཛེགས་པས་ཚེར་མ་ཁ་ཐུར་དུ་བསྟན་པས་འབིག་ཅིང་། རྩེར་ཕྱིན་པ་ན་ལྕགས་ཀྱི་བུད་མེད་སོགས་ལུས་སོག་ལེ་ལྟར་བུར་རྩུབ་པས་བཅུམ་ནས་འཁྱུད་ཅིང་ཚིག་པར་བྱེད་པ་དང་། ཡང་སྔར་གྱི་རྣམ་པས་རྩ་བ་ནས་འབོད་པ་ན་ཐུར་དུ་འབབ་པས་ཚེར་མ་གྱེན་དུ་བསྟན་པ་དང་། རྩ་བར་ཕྱིན་པ་ན་སྔར་བཞིན་གྱིས་འཁྱུད་པའི་སྡུག་བསྔལ་མྱོང་བར་གསུངས་ཏེ། དེ་གསུམ་ནི་མཚོན་ཆས་གཅོད་པར་འདྲ་བས་གཅིག་ཏུ་བྱས་པའོ། །བཞི་པ་ཆུ་ཀླུང་རབས་མེད་ནི། དེ་ནས་ཕྱིན་པ་ན་ཁྲོ་ཆུ་ཁོལ་མས་ས་གཞི་ཐམས་ཅད་གང་བ་ཡོད་པ་དེར་ཕྱིན་ནས་ཞུགས་པས་ལུས་ནུབ་ཅིང་ཤ་རུས་ཐམས་ཅད་ཚིགཆུ་ཀླུང་དེའི་འགྲམ་ཕན་ཚུན་དུ་དམྱལ་སྲུང་ལག་ན་དབྱུག་པ་དང་ལྕགས་ཀྱུ་དང་རྒྱ་ཞེས་པ་ཐག་རྒྱའམ་ཞགས་པ་བཟུང་བ་དག་བསྡད་ནས་ཕྱིར་ཐོན་མི་འཇུག་ཅིང་ལྕགས་ཀྱུ་དང་རྒྱས་བཟུང་ནས་ས་གཞི་མེ་འབར་བ་ལ་གན་རྐྱལ་དུ་བསྒྱེལ་ནས་ཅི་འདོད་ཅེས་འདྲི། དེའི་ཚེ་དེ་དག་གིས་ཅིའང་མི་ཤེས་མི་མཐོང་སྟེ། འོན་ཀྱང་བཀྲེས་ཤིང་སྐོམ་མོ་ཟེར་བ་ན། ལྕགས་ཀྱི་ཐོ་ལུམ་འབར་བ་ཁར་བཅུག་ཅིང་ཟངས་ཞུན་ཁོལ་མ་ཁར་བླུགས་པར་བྱེད། ཉེ་འཁོར་བ་དང་ཉི་ཚེ་བ་གཉིས་ལ་ཚེ་ཚད་ངེས་པ་མེད་པར་གསུངས་ཀྱང་ཇི་སྲིད་སྡུག་བསྔལ་དེ་དག་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་སྡུག་བསྔལ་མྱོང་དགོས་སོ། །གཉིས་པ་གྲང་བའི་དམྱལ་བ་ལ། ཆུ་བུར་ཅན། ཆུ་བུར་རྡོལ་བ། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སོ་འཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་དང་བརྒྱད་ལས། གྲང་དམྱལ་དེ་དག་གི་གནས་ནི་ཚ་དམྱལ་བརྒྱད་ནས་དཔག་ཚད་ཁྲི་ཕྲག་རེའི་ཕ་རོལ་ན་ཡོད་ཅིང་། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད། དེ་ཡང་ཆུ་བུར་ཅན་དང་ཡང་སོས་ཐད་སོར། ཆུ་བུར་རྡོལ་བ་དང་ཐིག་ནག་པོ་ནས། རིམ་པ་བཞིན་ཚ་དམྱལ་དང་གྲང་དམྱལ་ལྷག་མ་དེ་དག་ཐད་སོར་བཤད་པའི་སྔ་མ་ལ་སོ་སོའི་བར་དུ་དཔག་ཚད་བཞི་སྟོང་ཡོད་པར་བཤད། འདིར་ཉིས་སྟོང་ལས་མ་བཤད་པས་ཐད་སོར་བཤད་པ་གང་ཡིན་སྙམ་ན། དེ་ནི་ཚ་དམྱལ་དེ་དག་གཅོང་རོང་ཟབ་མོའི་སྦུབས་སུ་ཡོད་ལ། གྲང་དམྱལ་ནི་གངས་རིའི་རྩེ་མོ་སོགས་མཐོ་སར་ཡོད་པས་གནས་ཐད་སོར་བཤད་ལ། དཔག་ཚད་ཉིས་སྟོང་གངས་རི་དེ་དག་གིས་ཟ་བ་ཡིན་ཅེས་མཁས་པ་འགའ་ཞིག་བཞེད། སྤྱི་ཁྱབ་ཏུ་གྲང་དམྱལ་རྣམས་ཐམས་ཅད་གངས་རིས་བསྐོར་བ་འོག་ཐམས་ཅད་ཁ་བའི་ཐང་དང་འཁྱག་རོམ་གྱི་གཅོང་རོང་ཟབ་མོ། སྟེང་དུ་ཁ་བ་བུ་ཡུག་འཚུབ་ཅིང་མུན་པ་གཏིབ་པ་རླུང་ཤིན་ཏུ་དྲག་པོས་འདེབས་པར་བྱེད་པའོ། །དེ་ལས་དང་པོ་ཆུ་བུར་ཅན་ནི། ཁ་བའི་བུ་ཡུག་རླུང་གིས་ཕྱོགས་བཞི་ནས་ལུས་ལ་བཏབ་པས་ལུས་ཐམས་ཅད་ལ་ཆུ་བུར་བྱུང་ཞིང་འཁུམ་པའོ། །གཉིས་པ་ཆུ་བུར་རྡོལ་བ་ནི་། དེ་ལས་ཀྱང་གྲང་བས་ཆུ་བུར་རྡོལ་བས་ལུས་ཐམས་ཅད་ནས་རྣག་ཁྲག་འཛག་པའོ། །གསུམ་པ་ཨ་ཆུ་ཟེར་བ་ནི། དེ་ལས་ཀྱང་གྲང་བའི་སྡུག་བསྔལ་ཆེར་སོང་ནས་སྐད་གདངས་དྲག་པོར་འདོན་པའོ། །བཞི་པ་ཀྱི་ཧུད་ཟེར་བ་ནི། དེ་ལས་ཀྱང་གྲང་བའི་སྡུག་བསྔལ་ཆེར་སོང་ནས་སྐད་གདངས་ཆག་ནས་རྐན་ཕུག་ནས་འདོན་པའོ། །ལྔ་པ་སོ་འཐམ་པ་ནི། དེ་ལས་གྲང་བའི་སྡུག་བསྔལ་ཆེར་སོང་ནས་སྐད་འདོན་མི་ཐུབ་པར་སོ་ཐམ་ཐམ་བྱེད་པའོ། །དྲུག་པ་ཨུཏྤལ་ལྟར་གས་པ་ནི། དེ་ལས་ཀྱང་གྲང་བས་གས་པ་སྔོན་པོར་སོང་ནས་སེར་ཆུང་ཕྲ་མོ་ལྔའམ་དྲུག་ཏུ་གས་པའོ། །བདུན་པ་པདྨ་ལྟར་གས་པ་ནི། དེ་ལས་ཀྱང་གྲང་བས་པགས་པ་སྔོན་པོ་བཤུས་ནས་ཤའུ་དམར་ཧུ་རེ་བ་ཚལ་བ་བཅུའམ་དེ་ལས་མང་བར་གས་པའོ། །བརྒྱད་པ་པདྨ་ལྟར་ཆེར་གས་པ་ནི། དེ་ལས་ཀྱང་གྲང་བས་པགས་པ་བཤུས་ནས་ཤའུ་སྔར་ལས་དམར་བ་ཁ་བརྒྱའམ་དེ་ལས་མང་བར་ཤིན་ཏུ་གས་ནས་རུས་པ་སྐྱ་ལྷག་གེར་མཐོང་བས་སྡུག་བསྔལ་ལོ། །གྲང་དམྱལ་དེ་རྣམས་ཀྱི་ཚེ་ཚད་ཀྱང་ཡུན་ཐུང་ངུ་མ་ཡིན་པར། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་རེ་ཕྱུངས་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་འགྱུར། །ཞེས་ཏིལ་སྦྱང་སྟེ་ཏིལ་གྱི་སྣོད་ཆེན་པོ་ཡུལ་མ་ག་དྷའི་བྲེ་བོ་ཆེའི་ཏིལ་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་བང་བའི་ནང་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་དེ་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་དང་། དེ་ཉི་ཤུར་འགྱུར་བ་ཆུ་བུར་རྡོལ་བའི་ཚེ་ཚད། དེ་བཞིན་དུ་སྔ་མ་སྔ་མ་ཁལ་ཉི་ཤུ་ཉི་ཤུས་འཕར་བ་ཕྱི་མ་ཕྱི་མའི་ཚེ་ཚད་ཡིན་ནོ། །གསུམ་པ་ཉི་ཚེ་བའི་དམྱལ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་ན་ཡོད་ལ། མིའི་ཡུལ་དང་རྒྱ་མཚོ་ཆེན་པོའི་འགྲམ་དང་ཉེ་བ་ནའང་ཡོད་པར་གསུངས་ཏེ། དེའི་ཕྱིར་གནས་དང་སྡུག་བསྔལ་སོགས་ལ་ངེས་པ་མེད་དེ། སེམས་ཉིད་ངལ་གསོ་ལས། ཉི་ཚེ་རི་དང་ལྗོན་ཤིང་ནམ་མཁའ་དང་། །བྲག་བར་མེ་ཆུ་ངེས་མེད་གནས་རྣམས་སུ། །ཉུང་ངུར་གནས་དང་འདུས་དང་གཅིག་པུར་གནས། །དེར་ནི་སྡུག་བསྔལ་གང་རུང་རེ་རེས་གདུངས། །དེ་ཕྱིར་ཉི་ཚེ་བ་ཞེས་བཤད་པ་ཡིན། །ཅེས་གསུངས་པ་ལྟར་རི་དང་བྲག་དང་ཆུ་དང་མེ་དང་ནམ་མཁའ་ལ་སོགས་པ་ངེས་པ་མེད་པའི་གནས་སུ་ཉི་ཚེ་བའི་སེམས་ཅན་ལུས་གཟུགས་ཀྱང་མི་འདྲ་བ་སྣ་ཚོགས་པ་རྒྱ་མཚོའི་འགྲམ་དང་རྩིག་པ་དང་ཀྭ་བ་ལྟ་བུར་ཡོད་པ་དགེ་འདུན་གྱི་གཙུག་ལག་ཁང་གི་རྩིག་པ་དང་ཀྭ་བ་སོགས་ལ་བཤང་གཅི་དང་ལུད་པ་སོགས་དོར་བས་དེར་སྐྱེ་བ་དང་། དགེ་འདུན་གྱི་སྤྱི་རྫས་ཕྱག་ཤིང་སོགས་ལ་ལོངས་སྤྱོད་པས་དེར་སྐྱེ་བ་དང་། གཞན་ཡང་ཤ་ལྷག་ཕྱེ་ཟེར་བ་ཤ་རྒྱག་པ་ཡན་ལག་ཆེར་མེད་པ་འདྲ་བ་ལྟོག་ནས་རང་གི་ཤ་ཟ་བ་དང་། གཞན་ཡང་གཏུན་དང་མགལ་དུམ་དང་། སྡོང་བུ་ལྟ་བུ་ལ་སོགས་པར་མཆིས་པར་གསུངས་ཏེ་སྡུག་བསྔལ་ཡང་རང་རང་ལ་ལྟོས་པའི་མི་འདྲ་བ་སྣ་ཚོགས་པ་མཆིས་པ་དང་། སྔོན་བདག་ཅག་གི་སྟོན་པའི་དུས་སུ་གནས་པའི་གྲོང་གི་བཤན་པ་ཞིག་གིས་མཚན་མོ་སྲོག་མི་གཅོད་པའི་ཁྲིམས་བླང་བ་ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ་མཚན་མོ་ཁང་བཟང་ཉམས་དགའ་བར་བུད་མེད་མཛེས་མ་བཞིས་བཟའ་བཏུང་དང་ལོངས་སྤྱོད་ཀྱིས་མཆོད་ཅིང་དགའ་བདེར་སྤྱོད་པ་ལ། ཉིན་མོ་ནི་ཁང་པ་དེ་ལྕགས་སྲེགས་ཀྱི་ཁང་པར་གྱུར་བུད་མེད་བཞི་ཁྱི་སྲེ་བོ་འཇིགས་སུ་རུང་བ་བཞིར་གྱུར་ནས་ཟ་བར་བྱེད་པ་དང་། ཡང་བྱི་མོ་སྟེ་ལོག་གཡེམ་བྱེད་པའི་སྨད་འཚོང་མས་ཉིན་མོར་དེ་ལྟར་མི་བྱེད་པའི་དམ་བཅས་ཤིང་། མཚན་མོ་སྨད་འཚོང་བས་ཉིན་མོར་བདེ་བ་ལ་སྤྱོད་ཅིང་མཚན་མོར་སྡུག་བསྔལ་བར་གྱུར་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་རྒྱ་མཚོའི་འགྲམ་ན་གཟིགས་པ་རྣམས་ཀྱང་དེ་ཡིན་ཏེ། ལུང་གཞི་ལས། ཉིན་པར་གཞན་གྱི་སྲོག་གཅོད་ཅིང་། །ནུབ་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེས་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཅེས་དང་། །མཚན་མོ་བྱི་བོ་བྱེད་ལ་ཆགས། །ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན་། །ལས་དེས་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཅེས་ཉི་ཚེ་བ་དག་གིས་གྲོ་བཞིན་སྐྱེས་ལ་སྨྲས་པ་བཞིན་ནོ། །གྲངས་ཀྱང་གཅིག་པུར་གནས་པ་དང་མང་པོ་ལྷན་ཅིག་ཏུ་གནས་པའང་ཡོད་དེ། གཙུག་ལག་ཁང་ཡིད་དུ་འོང་བར་དགེ་སློང་ལྔ་བརྒྱ་ཙམ་གནས་སར་གཟིགས་པ་ཉིན་གུང་ཙམ་ལ་གཎྜི་བརྡུང་ནས་གདུགས་ཚོད་ལ་འདུས་ཚེ་གཙུག་ལག་ཁང་ལྕགས་སྲེགས་ཀྱི་ཁང་པར་གྱུར་ལྷུང་བཟེད་སོགས་མཚོན་ཆར་གྱུར་ནས་རྡེག་རེས་བྱེད། གདུགས་ཚོད་ཡོལ་བའི་ཚོད་ཙམ་ལ་སྔར་བཞིན་གྱེས་ཏེ་གནས་པ། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགེ་སློང་མང་པོས་སྐབས་གཞན་དུ་ཚུལ་ཁྲིམས་བསྲུང་སྟེ་གནས་པ་དང་། ཉིན་གཅིག་གུང་ཚིགས་ཀྱི་སྐབས་ཤིག་ན་རྩོད་པ་བྱས་ཏེ་ལྷུང་བཟེད་སོགས་ཀྱིས་རྡེག་རེས་བྱས་པའི་རྣམ་སྨིན་ཡིན་པར་བཤད་པ་བཞིན་ནོ། །ཡང་སྒོ་དང་ཀྭ་བ་ཐབ་དང་ཐག་པ་སོགས་ལ་རང་གི་ལུས་སུ་འདུ་ཤེས་པས་སྒོ་འབྱེད་གཅོད་ཐབ་ཏུ་མེ་འབུད་པ་སོགས་ཀྱི་ཚེ་ན་སྡུག་བསྔལ་གྱིས་གདུང་བར་གྱུར་པ་སོགས་མཐའ་གཅིག་ཏུ་མ་ངེས་པ་ཡོད་དེ། དེ་བས་ན་གནས་དང་སྡུག་བསྔལ་ཚེ་ཚད་སོགས་ལ་ངེས་པ་མ་མཆིས་པས་ན་ཉི་ཚེ་བ་ཞེས་བཤད་པ་ཡིན་ནོ། །དེས་དམྱལ་བ་དེ་དག་ཏུ་སྐྱེ་བའི་རྒྱུ་ནི་ཤིན་ཏུ་འབྱུང་ཉེ་བས་ཉིན་རེ་བཞིན་ཡང་མང་པོ་བསགས་པ་དང་སྔར་བསགས་པ་ཡང་ད་དུང་དཔག་ཏུ་མེད་པ་ཡོད་པས་ཡིད་བདེ་བར་སྡོད་མི་རིགས་པས་འཇིགས་ཤིང་སྐྲག་པར་བྱ་སྟེ། རང་ཅག་གི་བསམ་ཚོད་ལ་ད་ལྟ་རང་དང་དམྱལ་བ་དེ་དག་གི་བར་ན་ཐག་རིང་པོ་ཞིག་ཡོད་སྙམ་པ་འདྲ་ཡང་དེ་ལྟར་མ་ཡིན་ཏེ་དབུགས་ཀྱི་འབྱུང་རྔུབ་འདིས་ཆོད་པ་ཙམ་ལས་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །ཞེས་དང་། བཤེས་སྤྲིང་ལས། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གི། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་དམྱལ་བའི་སྡུག་བསྔལ་མྱོང་ངེས་ཀྱི་ལས་བསགས་པའི་སྡིག་ཅན་རྣམས་དབུགས་འབྱུང་འཇུག་འགག་པ་སྟེ་རྒྱུ་བ་ཆད་པ་ཙམ་ཞིག་གི་དུས་ཀྱི་བར་དུ་ཆོད་པ་ཙམ་ལས་དམྱལ་བའི་སྡུག་བསྔལ་ཐག་རིང་པོ་ཞིག་ན་མེད་པས་རང་ཅག་རྣམས་ཀྱི་དམྱལ་བའི་སྡུག་བསྔལ་གཞལ་དུ་མེད་པ་འདི་རྣམས་ཐོས་ནས་རྣམ་པ་སྟོང་དུ་མི་འཇིགས་པ་གང་ལགས་པ་དེའི་སྙིང་ནི་ངེས་པར་རྡོ་རྗེ་ཕ་ལམ་གྱི་རང་བཞིན་ཡིན་ནོ། །ཞེས་དེ་མིན་ན་མི་འཇིགས་པ་འདི་འདྲ་ཅི་ཞེས་གསུངས་པའི་དོན་ནོ། །དེས་ན་ཤིན་ཏུ་འཇིགས་དགོས་ཏེ་རྒྱུ་མཚན་འདི་ལྟར་དམྱལ་བའི་གཟུགས་རི་མོས་བྲིས་པ་མཐོང་བ་དང་། ཡོད་ཚུལ་གཞན་གྱིས་བཤད་པ་ཐོས་པ་དང་། དེའི་དོན་ཡིད་ལ་དྲན་པ་དང་། དེ་སྟོན་པའི་གླེགས་བམ་བཀླག་པ་དང་། འབག་དང་ཆས་གོས་སོགས་ཀྱིས་དེའི་གཟུགས་སུ་བགྱིས་པ་རྣམས་མཐོང་བས་ཀྱང་འཇིགས་པ་བསྐྱེད་པར་འགྱུར་ན། ཤིན་ཏུ་མི་བཟད་པའི་ལས་ཀྱི་རྣམ་པར་སྨིན་པ་དམྱལ་བའི་སྡུག་བསྔལ་རང་ཐོག་ཏུ་དངོས་སུ་ཉམས་སུ་མྱོང་བའི་ཚེ་ལྟ་སྨོས་ཀྱང་ཅི་འཚལ། ཅེས་གསུངས་པ་ལྟར་རོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། རྩ་བའི་གནས་ན་གནས་པ་དང་། ཁ་འཐོར་བ་དང་། མཁའ་ལ་རྒྱུ་བའི་རིགས་སོ། །དང་པོ་ནི། ཡི་དྭགས་ཀྱི་གནས་འཛམ་བུ་གླིང་འདིའི་འོག་ནས་མར་དཔག་ཚད་ལྔ་བརྒྱ་འདས་པ་ན་རྒྱལ་པོའི་ཁབ་ཅེས་བྱ་བ་ན་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་རྩྭ་ཆུ་ཤིང་སོགས་འདོད་པའི་དངོས་པོ་ཏིལ་འབྲུ་ཙམ་ཡང་མེད་པ་ཟངས་ཁོལ་བསྲེགས་པ་ཁ་གྱེན་དུ་བསྟན་པ་ལྟ་བུར་དམར་ཧུ་རེ་བ་ཡོད་པ། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་བ་ཡོད་དེ་དེའི་འཁོར་ན་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ཡོད་པ་མདོ་སྡེ་དྲན་པ་ཉེར་བཞག་ལས་བཤད་ལ། ཡི་དྭགས་རྣམས་ནི་བཀྲེས་ཤིང་སྐོམ་པ་ལུས་རིད་ཅིང་མདོག་ནག་པ་གདོང་སྐྲས་ཁེབས་པ་སྡོང་དུམ་མེས་ཚིག་པ་ལྟ་བུ་ཁ་ཤིན་ཏུ་སྐམས་ཤིང་ལྕིས་བརྟས་པའོ། །དེ་ཡང་ཟས་སྐོམ་ལ་ཕྱི་རོལ་གྱི་སྒྲིབ་པ་ཡོད་པ་ནི་བཀྲེས་སྐོམ་གྱིས་གདུང་ནས་ཆུ་ཀླུང་དང་མཚོ་དང་མཚེའུ་ལ་སོགས་པར་ཕྱིན་པས། དེར་རལ་གྲི་དང་མདུང་དང་མདུང་ཐུང་བཟུང་བ་དག་གིས་བསྲུང་བ་དང་ཆུ་ལ་སོགས་པའང་རྣག་ཁྲག་ཏུ་མཐོང་ནས་ལོངས་སྤྱོད་དུ་མི་རུང་བར་འགྱུར་བའོ། །ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ནི། ཁ་དང་མགྲིན་པ་དང་རྐང་ལག་ཕྲ་ཞིང་། ལྟོ་བ་ཆེ་བ་ལ་སོགས་པ་གཞན་གྱིས་གེགས་མ་བྱས་པར་རང་གིས་བཟའ་བཏུང་རྙེད་དུ་ཟིན་ཀྱང་ལོངས་སྤྱོད་པར་མི་ནུས་པའོ། །ཟས་སྐོམ་ལ་ཕྱིན་ཅི་ལོག་གི་སྒྲིབ་པ་ཡོད་པ་ནི། ཡི་དྭགས་མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བས་ནི་ཟོས་པ་དང་འཐུང་པ་ཐམས་ཅད་མེར་འབར་ནས་འཚིག་པར་འགྱུར་ལ། ལྗན་ལྗིན་ཟ་བས་ནི་བཤང་གཅི་ཟ་ཞིང་འཐུང་བ་དང་མི་གཙང་བ་ཤིན་ཏུ་དྲི་ང་བ་ངན་པ་ལ་སྤྱོད་པ་དང་། གཞན་དག་རང་གི་ཤ་བཅད་ཅིང་ཟ་བ་སོགས་བཟའ་བཏུང་བཟང་པོ་ལ་ལོངས་སྤྱོད་པར་མི་ནུས་པའོ། །ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཕྱི་ཡི་སྒྲིབ་པ་བཟང་རྒུ་མཐོང་ནའང་། །ནང་གི་སྒྲིབ་ཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབ་ཅན་ཟས་སྐོམ་ཡིད་ལ་བཏགས། །བཅུ་གཉིས་ལོར་ཡང་ཆུ་ཡི་སྒྲ་མི་ཐོས། །གཞན་གྱིས་འཚེ་དང་བསྲུང་བར་སྣང་བའོ། །ཞེས་གསུངས་སོ། །གཞན་ཡང་སྒོས་ཁུར་གྱི་སྒྲིབ་པ་ཅན་ཅེས་ཡི་དྭགས་རེ་རེའི་ལུས་ལ་མང་པོས་ཚང་བཅས་ནས་བཟའ་བ་དང་། རང་གི་ལུས་ལས་ལྦ་བ་བྱུང་བ་བརྡོལ་བ་ནས་དེ་ལ་སྤྱོད་པ་སོགས་མང་དུ་ཡོད་པ་ཡིན་ནོ། །གཉིས་པ་ཁ་འཐོར་བའི་ཡི་དྭགས་ནི། དེ་དག་ཡི་དྭགས་འགའ་ཞིག་ལས་འཕྲོས་པ་སྟེ་མཁའ་ལ་རྒྱུ་བའི་རིགས་དུར་ཁྲོད་ཀྱི་ཤ་ཟ་ལ་སོགས་པ་ཡིན་ལ། གཞན་ཡང་ཆུ་ལ་སོགས་པ་མེའི་མྱ་ངམ་གྱི་ཐང་དང་རྒྱ་མཚོའི་འགྲམ་ལ་སོགས་པར་སྣ་ཚོགས་དག་ཏུ་ཡོད་དེ། ལུང་གཞི་ལས། བདག་ཅག་ངག་རྩུབ་ཁྲོ་ལྡན་ཞིང་། །བདག་ཅག་སེར་སྣས་འཇུངས་པ་དང་། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས། །ཞེས་དང་། ནད་མེད་རྒྱག་པས་མྱོས་པ་དང་། །ལང་ཚོ་ལོངས་སྤྱོད་དྲེགས་མྱོས་ཏེ། །སྦྱིན་པ་ཅུང་ཟད་མ་བཏང་དེས། །བདག་ཅག་ཡི་དྭགས་འཇིག་རྟེན་ལྷགས། །ཞེས་གྲོ་བཞིན་སྐྱེས་རྒྱ་མཚོའི་འགྲམ་དུ་ཁྱམས་པ་ལ་ཡི་དྭགས་དག་གིས་སྨྲས་པ་བཞིན་ཏེ། དེ་ལ་འཇུངས་པ་ཞེས་པ་སེར་སྣས་ལོངས་སྤྱོད་གཞན་ལ་སྟེར་བར་མི་བྱེད་པ་དང་། རྒྱག་པ་ནི་རང་ནད་མེད་པ་སོགས་ཀྱིས་སེམས་ཁེངས་ཤིང་དྲེགས་པས་མྱོས་པ་ནི་ང་རྒྱལ་དང་ལྡན་པའོ། །ཡང་ཡི་དྭགས་མོའི་རྟོགས་བརྗོད་ལས། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་གཞན་ལྔ་དག། བསྐྱེད་ནས་དེ་དག་ཟ་མོད་ཀྱིས། །འོན་ཀྱང་བདག་ནི་ཚིམས་པ་མེད། །ཅེས་རང་གི་བུ་དག་བཟའ་བ་སོགས་ཀྱང་ཡོད་དོ། །གསུམ་པ་མཁའ་ལ་རྒྱུ་བ་ནི། སེམས་ཉིད་ངལ་གསོ་ལས། མཁའ་བ་རྒྱུ་བའི་ཡི་དྭགས་འདྲེ་རྣམས་དང་། །གནོད་སྦྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ལས་ཀྱི་རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་རྒྱུ། །གནོད་པ་སྣ་ཚོགས་མངོན་པར་སྒྲུབ་པ་སྟེ། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ཅེས་གཞན་ལ་གནོད་པ་དང་། ནད་ལ་སོགས་པ་གཏོང་བ་དང་། རང་སྣང་རྟག་ཏུ་འཇིགས་སྐྲག་དང་། འཁྲུལ་སྣང་འབའ་ཞིག་ལ་སྤྱོད་པ་དང་། ཕལ་ཆེར་བཀྲེས་ཤིང་སྐོམ་པ་དང་། འགའ་ཞིག་སྔོན་རང་ཉིད་ནད་མཚོན་སོགས་ཀྱིས་ཤི་བའི་སྡུག་བསྔལ་དེ་མྱོང་སྣང་ཤར་བས་གདུང་བ་དང་། མི་མ་ཡིན་གྱི་རིགས་འགའ་ཞིག་ཅུང་ཟད་ཀྱང་སྡོད་པ་མེད་པར་ཀུན་ཏུ་རྒྱུ་བ་དང་། རྫུ་འཕྲུལ་གྱི་འགྲོ་ཡང་ལམ་སྲང་དུ་གཞན་གྱིས་བསྲུང་བར་སྣང་བ་སོགས་སྡུག་བསྔལ་མཐའ་གཅིག་ཏུ་མ་ངེས་སྣ་ཚོགས་ཡོད་པར་བཤད་དོ། །ཡི་དྭགས་ཀྱི་ཚེ་ཚད་ནི། མཛོད་ལས། ཡི་དྭགས་རྣམས་ནི་ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་གསུངས་པ་ལྟར། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་སྟེ་དེ་ནི་རྩ་བའི་གནས་ཀྱི་ཡི་དྭགས་འགའ་ཞིག་གི་དབང་དུ་བྱས་ཀྱི་གཞན་ཡི་དྭགས་གང་ཡིན་ལ་ངེས་པ་མེད་དོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། བྱིང་ན་གནས་པ་དང་། ཁ་འཐོར་བ་དང་། ཀླུའི་རིགས་རྣམས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ནི། སེམས་ཉིད་ངལ་གསོ་ལས། དུད་འགྲོ་བྱིང་གནས་ཆུ་གཏེར་བཞི་ཡི་ཁྱོན། །གཅིག་གིས་གཅིག་ཟ་སྡུག་བསྔལ་དཔག་ཏུ་མེད། །གླིང་བར་མུན་ནག་རྒྱ་མཚོར་གནས་པ་ཡང་། །ཚ་གྲང་བཀྲེས་སྐོམ་གཅིག་གཅིག་འཚེ་ནས་འཇིགས། །ཞེས་གསུངས་པ་ལྟར་མཚོ་མ་དྲོས་པའི་ཕྱོགས་བཞི་ནས་འབབ་པའི་ཆུ་གཏེར་ཆེན་པོ་བཞིའི་ཁྱོན་ན་གནས་པའི་ཉ་དང་ཆུ་སྲིན་ལ་སོགས་པ་དག་ཀྱང་གཅིག་གིས་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པ་དང་། གླིང་བཞིའི་བར་གྱི་རྒྱ་མཚོར་གནས་པ་ཡང་རི་རབ་ཀྱི་ཆུ་མཚམས་མན་ཆད་ཉི་ཟླའི་སྣང་བ་མེད་པས་རང་གི་ལག་པ་བརྐྱང་བསྐུམ་བྱེད་པ་ཙམ་ཡང་མི་མཐོང་བའི་མུན་པར་གྱུར་པ་ན་ལུས་ཆེ་ཆུང་ཁ་དོག་སོགས་མ་ངེས་པ་སྣ་ཚོགས་འབྲུའི་ཕུང་པོ་སྤུངས་པའམ་ཆང་འགག་གི་སྦང་མ་ལྟར་ཡོད་པས། ཆེན་པོ་རྣམས་ཀྱིས་ཆུང་ངུའི་རིགས་སོས་མི་བལྡད་པར་གྱུར་མིད་བྱེད་པ་དང་། འགུལ་བསྐྱོད་ཙམ་ཡང་མི་ནུས་པར་མནན་པས་སྡུག་བསྔལ་བ་དང་། ཆུང་བ་རྣམས་ཀྱིས་ཆེན་པོ་རྣམས་ཐལ་བྱུང་དུ་ཕུག་ནས་ཟ་བར་བྱེད་དོ། །ཡང་མཐའི་རྒྱ་མཚོ་དེར་སྲོག་ཆགས་གནས་པའི་རིམ་པ་སྟེང་དུ་གཉིས་དང་། གཏིང་ངོ་ཐོག་དེ་དང་གསུམ་ཡོད་པ་ལས། དང་པོ་ལ་ཐུག་གི་བར་དཔག་ཚད་ཉི་ཁྲི་དང་། དེ་ནས་འོག་མ་གཉིས་ཀྱི་བར་བར་དུ་དཔག་ཚད་ཉི་ཁྲི་ལྔ་སྟོང་ལྔ་སྟོང་ཡོད། དེའི་དང་པོ་ལ་ཆུ་སྲིན་ཉའི་རིགས་ཅན་ལུས་ལ་དཔག་ཚད་བདུན་བརྒྱ་ཡོད་པ་ཚོང་པ་ལྔ་བརྒྱ་གྲུ་དང་བཅས་པའང་ཁྱུར་མིད་ཐུབ་པ། དེའི་འོག་མ་ལ་ཆུ་སྲིན་སྣའི་རིགས་ཅན་ཡང་གྱུར་མིད་ཐུབ་པའི་ཆུ་སྲིན་ཉ་མིད་བྱ་བ་ལུས་སྔ་མ་ལས་ཉིས་ལོག་གིས་ཆེ་བ་དཔག་ཚད་སྟོང་དང་བཞི་བརྒྱ་ཡོད་པ། གཏིང་དེར་ཉ་མིད་དེ་ཡང་གྱུར་མིད་བྱེད་ཐུབ་པའི་ཆུ་སྲིན་ཉ་མིད་མིད་པ་བྱ་བ་ཉ་མིད་ལས་ལུས་ཉིས་འགྱུར་གྱིས་ཆེ་བ་དཔག་ཚད་ཉིས་སྟོང་བརྒྱད་བརྒྱ་ཡོད་པ། དེ་དག་གི་འོག་ཏུ་དུད་འགྲོ་ཆུང་བ་མང་པོ་མནན་ནས་དབུགས་ཀྱང་གཏོང་མི་ཐུབ་པ་དང་ཆུ་སྲིན་དེ་དག་རྒྱུན་དུ་ཁ་གདངས་ནས་སྡོད་པས་ཁའི་ནང་དུ་སྲོག་ཆགས་མང་པོས་ཚང་བཅས་ནས་ཡོད། སྐབས་ཤིག་དེས་ཁ་བཙུམ་པ་ན་ཁའི་ནང་གི་སྲོག་ཆགས་ཐམས་ཅད་བསད་དེ་དེའི་རྐྱེན་གྱིས་རྒྱ་མཚོ་ཡང་ཁྲག་གིས་དམར་པོར་འགྲོ་བ་དང་། ཡང་དུད་འགྲོ་ཆུང་བ་འགའ་ཞིག་ཤུགས་ཤིན་ཏུ་ཆེ་བས་འགྲོ་ཐེངས་གཅིག་ལ་ཆུ་སྲིན་དེ་དག་གི་ལུས་དཔག་ཚད་གཉིས་རེ་ཙམ་ཕུག་ནས་སོང་བས་ཆུ་སྲིན་དེའི་ལུས་ལ་ན་ཚ་དྲག་པོ་བསམ་གྱིས་མི་ཁྱབ་པ་འབྱུང་བ་སོགས་ཡོད་དེ། དེ་ལྟར་དུད་འགྲོ་དེ་དག་ལ་ཚ་གྲང་བཀྲེས་སྐོམ་དང་གཅིག་ལ་གཅིག་འཚེ་བའི་འཇིགས་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པའོ། །གཉིས་པ་དུད་འགྲོ་ཁ་འཐོར་བ་ནི། དེ་ཉིད་ལས། ཁ་འཐོར་བའི་ཡུལ་བྱ་དང་རི་དྭགས་སོགས། །རྔོན་པས་གཙེས་ཤིང་རང་རང་གནོད་པས་ཉེན། །རྟ་གླང་རྔ་མོང་ར་དང་བོང་བུ་སོགས། །བཀོལ་སྤྱོད་བརྡེག་འཚོག་སྡུག་བསྔལ་མཐའ་ཡས་ཤིང་། །ཤ་དང་པགས་པ་རུས་པའི་ཕྱིར་འཆི་བས། །རང་བཞིན་སྡུག་བསྔལ་ཕ་མཐར་མི་མངོན་ཞིང་། །ཞེས་གསུངས་པ་ལྟར་ཏེ་ཁ་འཐོར་བ་ནི་མི་ཡུལ་སོགས་སུ་གོང་གི་ཡི་དྭགས་ལས་གཞན་དུ་ཡོད་པ་རྣམས་ཏེ། བྱ་དང་རི་དྭགས་རྣམས་རྔོན་པ་དག་གིས་མཚོན་གྱིས་གསོད་པ་དང་། རྒྱས་བཟུང་བ་སོགས་ཀྱིས་ཉེན་པའམ་གདུང་བར་བྱེད་པ་དང་། རྟ་གླང་སོགས་དེ་དག་སྣ་འབིག་པ་དང་བྱ་གཅོད་པ་ཁལ་འགེལ་བ་བཞོན་པ་རྨོ་ཞིང་བཀོལ་བ། གསོན་ཁྲག་འབྱིན་པ་སྤུ་བཏོག་པ་ལྕགས་དང་དབྱུག་པ་ལ་སོགས་པས་བརྡེག་པ་དང་། ར་ལུག་སོགས་འགའ་ཞིག་ཤ་དང་། གཅན་གཟན་སོགས་པགས་པ་དང་། གླང་པོ་ཆེ་སོགས་འགའ་ཞིག་རུས་པའི་ཕྱིར་གསོད་པ་དང་། ཀླ་ཀློའི་སྡེ་རིས་སོགས་ཀྱིས་གསོན་པོར་པགས་པ་བཤུ་བ་དང་། དངུལ་ཆུ་སོགས་རྫས་ཀྱི་ཆེད་དུ་ལྕགས་ཀྱི་ཡོལ་གོ་ལ་སོགས་པར་འཚོད་པ་དང་། ཕྱིར་རོལ་པ་དག་དང་དེའི་ཆོས་ལུགས་དང་མཐུན་པར་སྤྱོད་པ་དག་གིས་ལྷ་མཆོད་པ་སོགས་ཀྱི་ཕྱིར་གསོན་པོ་མེར་བསྲེག་པ་དང་། ཤ་མཆོད་ཁྲག་མཆོད་བྱེད་པ་སོགས་སྡུག་བསྔལ་མང་དུ་ཡོད་པ་ད་ལྟར་རང་རེས་མངོན་སུམ་དུ་གྱུར་པ་ལྟ་བུ་འདི་དག་གོ། གསུམ་པ་ཀླུ་རིགས་སུ་གཏོགས་པའི་སྡུག་བསྔལ་ནི། དེ་ཉིད་ལས། ཀླུ་རྣམས་ཉིན་མཚན་ཕྱེད་མའི་བདེ་སྡུག་དང་། །སྔ་དྲོ་ཕྱིར་དྲོ་འགྱུར་བའི་བདེ་སྡུག་དང་། ཁ་ཅིག་གནས་སུ་བྱེ་ཚན་ཆར་འབབ་པ། །ལ་ལ་གཅིག་པུར་གྲོགས་བྲལ་ཁོངས་པས་ཉེན། །ཕལ་ཆེར་རྨོངས་དང་མཁའ་ལྡིང་འཇིགས་ལ་སོགས། །སྡུག་བསྔལ་རྣམ་པ་སྣ་ཚོགས་དུ་མ་ལྡན། །ཞེས་གསུངས་ཏེ་ཀླུ་རྣམས་ཉིན་མཚན་དང་སྔ་དྲོ་ཕྱི་དྲོ་གང་རུང་དུ་ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པ་འབྱུང་ནས་དུས་དེ་དག་གི་ཕྱེད་དུ་བདེ་བ་མྱོང་ཡང་ཕྱེད་དུ་སྡུག་བསྔལ་བར་གྱུར་པ་དང་། ཁ་ཅིག་གི་གནས་སུ་བྱེ་ཚན་གྱི་ཆར་འབབ་པ་དང་། ཁ་ཅིག་ཐམས་ཅད་ཀྱིས་བསྐྲད་ཅིང་སྤངས་པས་ཁྱུར་མི་ཚུད་པར་རང་གཅིག་པུར་གྲོགས་མེད་པས་སྡུག་བསྔལ་བ་དང་། སྤྱི་མཐུན་དུ་རྨོངས་པར་གྱུར་བ་དང་མཁའ་ལྡིང་གི་འཇིགས་པ་སྟེ། འཛམ་བུ་གླིང་འདིའི་མཚོ་མ་དྲོས་པའི་འགྲམ་ན་ཤིང་ཤལ་མ་ལིའི་ཚལ་ཡོད་ཅིང་དེ་ལ་ཁྱུང་རིགས་བཞི་གནས་པ་ལས། ཁྱུང་སྒོང་སྐྱེས་ཀྱི་ཀླུ་རིགས་སྒོང་སྐྱེས་ཟ་ལ། མངལ་སྐྱེས་ཀྱིས་སྒོང་སྐྱེས་དང་མངལ་སྐྱེས་གཉིས་ཟ། དྲོད་གཤེར་སྐྱེས་ཀྱི་སྒོང་མངལ་དྲོད་གཤེར་སྐྱེས་གསུམ་ཀ་ཟ་བ་དང་། རྫུས་སྐྱེས་ཀྱིས་གནས་བཞི་ཀ་ཟ་བར་བྱེད་པའོ། །གཞན་ཡང་བཤེས་སྤྲིང་ལས། ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་ཀླུའི་མཆོག་སྟེ་ཀླུའི་རྒྱལ་པོ་རྣམས་ལ་མགོ་བོ་ཇི་སྙེད་ཡོད་པ་དེ་ལས་བྱུང་བའི་སྡུག་བསྔལ་ཡང་དེ་སྙེད་དེ་མགོ་བོ་ཇི་ཙམ་མང་བ་དེ་ཙམ་གྱི་སྡུག་བསྔལ་ཡང་མང་བ་དང་། གཞན་ཡང་ཀླུའི་རིགས་ལ་གཞན་གྱི་རིགས་སྔགས་ཀྱི་འཇིགས་པ་བྱུང་བ་སོགས་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་དག་དང་ལྡན་པའོ། །ཚེ་ཚད་ནི་མཛོད་ལས། དུད་འགྲོ་རྣམས་ཚེ་མཆོག་རིང་བསྐལ་པའོ། །ཞེས་ཀླུའི་རྒྱལ་པོ་འཇོག་པོ་སོགས་ཚེ་མཆོག་ཏུ་རིང་བ་རྣམས་བར་བསྐལ་ཐུབ་པ་དང་། ཐུང་བ་ནི་སྔ་དྲོ་ཕྱི་དྲོ་ཙམ་དང་ཤིན་ཏུ་ཐུང་བ་ཡུད་ཙམ་རེའི་ཚད་དང་བཅས་པའང་ཡོད་པས་ངེས་པ་མེད་དོ། །དེས་ན་ལས་འབྲས་ཀྱི་རྣམ་བཞག་བསླུ་བ་མེད་པ་ཡིན་ཚེ་རང་ཅག་ངན་སོང་དེ་དག་ཏུ་ལྟུང་ངེས་ཡིན་པ་དང་། ལྟུང་ན་ད་ལྟ་ལུས་ལ་མེ་སྟག་ཕོག་པ་དང་དགུན་གྱི་བསིལ་པའི་རེག་བྱ་ཅུང་ཟད་དང་ཉིན་གཅིག་གི་བཀྲེས་སྐོམ་གྱི་གདུང་བ་ལ་སོགས་པ་ཡང་མི་བཟོད་ན། དམྱལ་བ་སོགས་ངན་འགྲོར་སྐྱེས་ན་ཇི་ལྟར་བཟོད་སྙམ་ཏུ་དེའི་སྡུག་བསྔལ་རྣམས་བློ་ཐོག་ཏུ་བླངས་ཏེ་ཉིན་རེ་བཞིན་བསམ་ཞིང་། དེའི་རྒྱུ་རྣམས་སྤངས་ལ་བདེ་འགྲོར་སྐྱེ་བའི་རྒྱུ་ལུས་རྟེན་འདི་ལྟར་ཐོབ་པའི་དུས་སུ་བསྒྲུབ་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམས་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམ་སྟེ་བཅད་པར་བྱ། །ཞེས་ཚ་གྲང་གི་དམྱལ་བ་དང་བཀྲེས་སྐོམ་དག་གིས་རིད་པ་སྟེ་ཉམ་ཐག་གི་ཡི་དྭགས་དང་། རྨོངས་པར་གྱུར་པ་དུད་འགྲོ་ཁ་འཐོར་བའི་རིགས་ཀྱི་སྡུག་བསྔལ་ལ་མིག་གིས་བལྟ་ཞིང་བྱིང་ན་གནས་པ་སོགས་ཡིད་ཀྱིས་དྲན་ཞིང་དེའི་རྒྱུ་རྣམས་སྤངས་ཏེ་བདེ་འགྲོར་སྐྱེས་པའི་རྒྱུ་སྤྱད་པར་བྱ་ཞིང་ལུས་འདི་ཐོབ་པའི་དུས་སུ་ངན་འགྲོའི་རྒྱུ་མི་དགེ་བ་རབ་ཏུ་བསྒྲིམ་སྟེ་བཅད་པའམ་སྤོང་བར་བྱ་དགོས་གསུངས་པའོ། །གཉིས་པ་བདེ་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། མིའི་སྡུག་བསྔལ། ལྷ་མ་ཡིན་གྱི་སྡུག་བསྔལ། ལྷའི་སྡུག་བསྔལ་བསམ་པའོ། །དང་པོ་མིའི་སྡུག་བསྔལ་ནི། ཡིད་བཞིན་མཛོད་ལས། མི་རྣམས་ལ་ནི་བདེ་བའི་སྐབས་མེད་དོ། །སྐྱེ་རྒ་ན་འཆི་དགྲ་དང་འཚེ་བ་མང་། །བཤེས་བྲལ་འདོད་པས་ཁེངས་དང་མི་འདོད་མྱོང། །འདོད་པ་མ་གྲུབ་ཚ་གྲངས་ངལ་དུབ་དང་། །ཕན་པའི་ལན་དུ་གནོད་དང་དྲིན་མི་བཟོ། །འཁོར་གྱིས་ལོགས་བསྒྲུབ་དོག་མེད་ཕྲག་དོན་དང་། །མི་བསྔགས་དོན་མེད་སྒྲོ་སྐུར་དཔག་ཏུ་མེད། །ཅེས་གསུངས་ཏེ་དེ་དག་ལས་སྐྱེ་བའི་སྡུག་བསྔལ་ནི་སློབ་སྤྲིང་ལས། ཤིན་ཏུ་མི་བཟད་མི་གཙང་བཙིར་ནས་འགག། རབ་ཏུ་དོག་པ་མུན་ནག་ཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོས་མནར་དགོས་སོ། །ཞེས་མངལ་སྐྱེས་ཀྱི་དབང་དུ་བྱས་ན་ཤིན་ཏུ་མི་བཟད་པའི་མི་གཙང་བཙིར་བ་སྟེ་མི་གཙང་བས་བརྫངས་ཤིང་དམ་པོར་བྱས་པས་འགག་པའི་མངལ་གནས་སུ་ལུས་གུམ་གུམ་པོར་བསྐུམས་ལ་སྡུག་བསྔལ་གྱིས་མནར་བར་གྱུར་པ་ནི། འདི་ལྟར་མའི་ཕོ་བའི་འོག་ལོང་ཀའི་སྟེང་ན་ཁ་རྒལ་ཚིགས་ལ་བལྟས་ནས་དྲི་ང་ཞིང་མི་གཙང་བའི་ལྗན་ལྗིན་གྱི་ཁྲོད་དུ་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དུ་གནས་པ་ལས། བདུན་ཕྲག་དང་པོའི་ཚེ་མེར་མེར་པོ་དཔེར་ན་འབྲས་ཀྱི་ཁུ་བའམ་ཞོའི་སྤྲིས་མ་དང་འདྲ་བ་དང་། བདུན་ཕྲག་གཉིས་པ་ན་ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་སྔོན་གྱི་ལས་དབང་གིས་རང་བྱུང་ནས་ནུར་ནུར་པོ་དཔེར་ན་ཞོ་སྐ་བའམ་མར་འཁྱག་པ་འདྲ་བ་དང་། བདུན་ཕྲག་གསུམ་པ་ན་མཛོད་ཁ་ཞེས་བྱ་བའི་རླུང་གིས་ལྟར་ལྟར་པོ་དཔེར་ན་ལྕགས་ཀྱི་ཐུར་མའམ་སྲིན་བུ་གྲོལ་བ་འདྲ་བ། བདུན་ཕྲག་བཞི་པ་ན་ཁ་རབ་ཏུ་འབྱེད་པ་ཞེས་བྱ་བའི་རླུང་གིས་འཕྲང་འགྱུར་ཞེས་བྱ་བ་དཔེར་ན་བ་རམ་མཆི་གུ་འདྲ་བ། བདུན་ཕྲག་ལྔ་པ་ལ་ཡང་དག་པར་སྡུད་པ་ཞེས་བྱ་བའི་རླུང་གིས་ཡན་ལག་འགྱུར་པ་ཞེས་བུ་ག་དཔུང་པ་གཉིས་དང་བརླ་གཉིས་དང་མགོ་བོའི་མཚན་མ་ལྔ་འབྱུང་བ། བདུན་ཕྲག་དྲུག་པ་ལ་རྒྱ་ཆེན་པོ་ཞེས་བྱ་བའི་རླུང་གིས་མཚན་མ་བཞི་པོ་ལག་ངར་གཉིས་དོད་པ། བདུན་ཕྲག་བདུན་པ་ལ་འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་གིས་མཚན་མ་བཞི་པོ་ལག་པའི་བོལ་གཉིས་དང་རྐང་པའི་བོལ་གཉིས། བདུན་ཕྲག་བརྒྱད་པ་ལ་བཟློག་ཅིང་བསྒྱུར་བར་བྱེད་པ་ཞེས་བྱ་བའི་རླུང་གིས་མཚན་མ་ཉི་ཤུ་པོ་ལག་པ་དང་རྐང་པའི་བར་སོར་མོ་བཅུ་ཐོག་མར་ཁོ་ནར་སྣང་བར་བྱེད། དེ་ནས་རིམ་བཞིན་དུ་བདུན་ཕྲག་རེ་རེའི་མཚམས་ནས་ཡོངས་སུ་འགྱུར་ཏེ། བདུན་ཕྲག་སུམ་ཅུ་ལྔ་པ་ལ་མངལ་ན་གནས་པ་དེའི་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ལ། དེ་ལྟར་མངལ་ན་གནས་པའི་གནས་སྐབས་སུ་མས་བཟའ་བཏུང་ཚ་བ་བརྟེན་ན་མེ་དོང་དུ་བཅུག་པ་ལྟ་བུ་དང་། གྲང་བ་བརྟེན་ན་འཁྱག་སྦུབས་སུ་གནས་པ་ལྟ་བུ། མཆོང་བ་དང་རྒྱུག་པ་སོགས་ཀྱི་སྐབས་སུ་གཡང་སར་ལྷུང་བ་ལྟ་བུའི་ཉམས་འཆར་བ་སོགས་སྡུག་བསྔལ་དྲག་པོ་མྱོང་བ་གོང་དུ་མངལ་གནས་དམྱལ་བ་ལྟ་བུར་གསུངས་པ་ལྟར་ལ། བདུན་ཕྲག་སུམ་ཅུ་དྲུག་པ་ལ་མའི་མངལ་ན་འདུག་མི་འདོད་པར་འགྱུར། བདུན་ཕྲག་སུམ་ཅུ་བདུན་པ་ལ་མངལ་ན་གནས་པ་དེ་ལ་མི་གཙང་བའི་འདུ་ཤེས་དང་དྲི་མི་ཞིམ་པའི་འདུ་ཤེས་དང་མུན་ནག་གི་འདུ་ཤེས་སྐྱེ། བདུན་ཕྲག་སུམ་ཅུ་བརྒྱད་པ་ལ་རླུང་ཡན་ལག་སྡུད་པ་ཞེས་བྱ་བས་མངལ་ན་གནས་པ་དེ་ལུས་བསྒྱུར་ནས་ཐུར་དུ་ཕྱོགས་ཤིང་མིག་གཉིས་བཙུམ་ནས་སྐྱེ་བ་གནས་ཀྱི་སྒོར་འཇོག་པར་བྱེད། དེ་ལྟར་ཞག་ཉིས་བརྒྱ་རེ་དྲུག་སོང་བ་དེའི་ཚེ་ན་ཁ་ཐུར་དུ་བལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ་ལས་ཀྱི་སྟོབས་ཀྱིས་རླུང་དེས་མངལ་ན་གནས་པ་དེ་བུས་པས་མགོ་ནི་ཐུར་དུ་བལྟ་ཞིང་རྐང་པ་གཉིས་ནི་གྱེན་དུ་ཕྱོགས་པར་བྱས་ནས་སྐྱེ་བའི་གནས་ཀྱི་སྒོ་ནས་དབྱུང་བར་འགྱུར་ཏེ་མངལ་སྒོའི་རུས་པ་ཤིན་ཏུ་དོག་པ་ནས་ཕྱིར་འབྱུང་བའི་ཚེ་པགས་པ་དམར་བཤུས་བྱས་པ་ལ་སྤྲང་མ་མཆུ་རྣོན་གྱིས་ཟོས་པ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་དུ་སྐྱེ་ལ། སྐྱེ་གནས་ཀྱང་སྟན་འཇམ་པ་ལ་བཞག་ཚེ་ཚེར་དོང་དུ་བཅུག་པ་ལྟ་བུའི་སྡུག་བསྔལ། ལག་པའམ་གོས་ཀྱིས་རེག་ན་རལ་གྲིས་བཅད་པ་ལྟ་བུའི་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་མྱོང་བར་འགྱུར་རོ། །རྒ་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། རྒ་བས་གཟུགས་སྡུག་གཟུགས་མི་སྡུག་པར་བྱེ། །རྒ་ནས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཇོམས། །རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། །རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག། ཅེས་གསུངས་པ་ལྟར་སྐེད་པ་གཞུ་ལྟར་དུ་གུག། མདངས་མགོ་བོ་སྤྲ་བའི་མེ་ཏོག་ལྟར་དཀར་བ་དང་། དཔྲལ་བ་དྲས་གདན་ལྟར་གཉེར་མས་གང་བ་ལུས་ཐམས་ཅད་ཀྱང་གཉེར་མ་དང་ལྡན་པ། སྔར་དར་ལ་བབ་པའི་དུས་སྐྲ་ནག་པ་ལུས་དྲང་བ་གཉེར་མ་མེད་པ་སོགས་ཀྱི་ལུས་དེ་ལྟ་བུ་ད་ལྟ་གཞན་དུ་མ་འཕོས་ཀྱང་འཕོས་བཞིན་དུ་གྱུར་པ། རྗེ་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས། ཤ་ཁྲག་ལང་ཚོ་རྒྱས་པའི་གཞོན་ནུ་ཡི་གཟུགས་ཕུང་། །ལོ་ཟླ་ཟ་མ་རེ་ལ་མཐུ་སྟོབས་རྣམས་བྲི་ནས། །ལུས་སེམས་གང་ལ་བལྟས་ཀྱང་ཇེ་རྒུད་དུ་འདུག་པས། །གསོན་བཞིན་མི་ལུས་བརྗེས་པའི་སྣང་ཚུལ་འདིས་སྐྱོ་བ། །ཞེས་གསོན་བཞིན་དུ་མི་ལུས་བརྗེ་བ་ལྟ་བུ་དང་། ཚེ་ཡང་ཉམས་ནས་ལོ་ཟླ་ཞག་མང་རིམ་གྱིས་རྫོགས་ནས་མར་ངོའི་ཟླ་བཞིན་འགྲིབ་ནས་འཆི་བདག་གི་ཁར་ཚུད་མ་རག་པ་ལྟ་བུ་དང་། ལུས་ཀྱི་མཐུ་ཉམས་ནས་ལྡང་ན་ཤིང་རྩ་གནམ་དུ་འདོན་པ་ལྟ་བུ་དང་། སྡོད་ན་ས་སྒྱེ་ཐག་པ་ཆད་པ་ལྟ་བུ་དང་། འགྲོ་ན་གོམ་པ་འཁྱོར། སྨྲ་ན་ངག་ལྡབ་ལྡིབ་ཏུ་སོང་བ་དང་། མིག་ལ་སོགས་པའི་དབང་པོ་ཉམས་པས་གཟུགས་སོགས་གསལ་བར་མི་མཐོང་བ་དང་། དྲན་པའི་མཐུ་ཉམས་པས་བརྗེད་ངེས་ཆེ་བ། ཡུལ་ལ་ལོངས་སྤྱོད་པའི་མཐུ་ཉམས་པས་བཟའ་བཏུང་སོགས་འཇུ་དཀའ་བ་དང་། གཞན་ཡང་འདོད་པའི་ཡོན་ཏན་རྣམས་ལ་ལོངས་སྤྱོད་མ་ནུས་པ་དང་། ཚེ་ཕལ་ཆེར་ཟད་ནས་མྱུར་དུ་འཆི་བ་ལ་ཕྱོགས་པའོ། །གསུམ་པ་ན་བའི་སྡུག་བསྔལ། སློབ་སྤྲིང་ལས། དཔེར་ན་རྐུན་སྨད་རླུང་དང་ཕ་བ་ཆེས། །རྩྭ་ཤིང་གེལ་པ་ནགས་སྨན་མདངས་ཀྱང་འཕྲོག། དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང་། །དབང་པོ་ཟུང་དང་སྟོབས་ནི་ཉམས་པར་བྱེད། །ཅེས་གསུངས་པ་ལྟར་ལུས་ཀྱི་ཚ་གྲང་འཁྲུགས་པས་ཟུག་ཟེར་སོགས་གདུང་བ་སྣ་ཚོགས་པས་ཉམ་ཐག་པས་ལུས་ཀྱི་ཤ་ཞུ་པགས་པ་སྐམས་ཤིང་འགུལ་བསྐྱོད་དཀའ། ལུས་ཀྱི་འབྱུང་ཁམས་འཁྲུགས་པས་གདུང་བ་དེས་སེམས་ལ་མི་བདེ་བ་བསྐྱེད་པས་ཉིན་མཚན་འདའ་དགོས་པ་དང་། ཟས་སོགས་ཡིད་ལ་འོང་བ་རྣམས་ནད་ལ་གནོད་ཟེར་ནས་འདོད་བཞིན་དུ་སྤྱད་དབང་མེད་ཅིང་སྨན་དང་གཏར་སྲེག་སོགས་ཡིད་དུ་མི་འོང་བ་རྣམས་དབང་མེད་དུ་སྤྱད་དགོས་པ་དང་། ནད་མ་འཚོ་ནས་ཤི་བར་དོགས་པའི་སྡུག་བསྔལ་ཤིན་ཏུ་ཆེ་བ་ཡོད་པའོ། །བཞི་པ་འཆི་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་ཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་བྲུལ་འདྲ་ཞིང་ཀླུང་རྒྱུན་མཚུངས། །ཞེས་འདི་ནས་འཆི་བ་དང་ཕ་རོལ་ཏུ་འཕོ་བ་དང་བར་དོ་གྲུབ་པ་དེ་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་འཆི་འཕོ་དུས་བྱེད་པའི་མིང་ཅན་བྱུང་བ་ན་གཅེས་ཤིང་སྙིང་དུ་སྡུག་པ་དང་བྲལ་བ་དང་། ཤི་བ་དེ་ཕྱིར་ལོག་མི་འོང་ཞིང་དེ་དང་ཕྲད་པར་འགྱུར་བའང་ཡོད་པ་མ་ཡིན་ཏེ། དཔེར་ན་ཤིང་ལས་ལོ་མ་བྲུལ་བ་སྟེ་ཆད་དེ་ལྷུང་བ་སླར་འབྱར་དུ་མེད་པ་དང་འདྲ་ཞིང་། ཆུ་ཀླུང་དྲག་ཏུ་བབས་པའི་རྒྱུན་གྱེན་དུ་བཟློག་ཏུ་མེད་པ་ལྟར། འཆི་ནད་ཀྱིས་ཐེབས་པ་ན་ཐབས་སྣ་ཚོགས་བྱས་ཀྱང་ནད་ཇེ་ཐུར་སོང་ནས་སྨན་པས་བོར། མོ་བོན་གྱིས་བསླུས། གཉེན་བཤེས་ཀྱིས་མཐའ་བསྐོར་ནས་མྱ་ངན་དང་ཤི་དགེ་དུར་འདེབས་ཀྱི་ཤོམ་ར་འདིངས། རང་ཉིད་བཀྲག་མདངས་ཉམས་ཁ་སྐམ་མཆུ་བརྗེས་སྣ་ཞོམ་མིག་ཀོང་ཀོང་པོར་སོང་དབུགས་བརྩེགས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དང་། གཉེན་བཤེས་འཁོར་གཡོག་ནོར་རྫས་ཀུན་ལ་ཆགས་བཞིན་པའི་ངང་ནས་གཏན་བྲལ་བྱས། གཅེས་པར་བསྐྱངས་པའི་ལུས་ཀྱང་བཞག་ནས་འགྲོ་དགོས་པ་སོགས་སྡུག་བསྔལ་བཟོད་པར་དཀའ་བ་དུ་མ་ཡོད་པ་ཡིན་ནོ། །དགྲ་དང་འཚེ་བ་མང་བ་ནི། དགྲ་སྡང་བ་དང་འཕྲད་ནས་སྲོག་ལ་རྒོལ་བ་དང་། འཕྲོག་བཅོམ་ལ་སོགས་བྱེད་པ་དང་། གཞན་ཡང་མི་དང་མི་མ་ཡིན་སོགས་ཀྱིས་གནོད་ཅིང་འཚེ་བ་དང་། གཉེན་བྱམས་པ་ཡིད་དུ་འོང་བ་དང་བྲལ་ནས་དེས་སེམས་ལ་མྱ་ངན་བསྐྱེད་པ་དང་སྨྲེ་ངག་འདོན་པ་དང་བྲང་བརྡུང་བ་དང་ཟས་གཅོད་པ་སོགས་ཀྱིས་ལུས་ལ་གནོད་པ་བྱེད་པ་དང་། དེར་མ་ཟད་གཉེན་བཤེས་ཤིན་ཏུ་མཛའ་བ་ཡུལ་གཞན་དུ་སོང་བ་ཙམ་ལའང་དེའི་ཡོན་ཏན་དང་ཕུན་སུམ་ཚོགས་པ་དྲན་པས་སྒོ་གསུམ་གྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། གཞན་ཡང་ཆུ་དང་ཤིང་སོགས་འདོད་པའི་ལོངས་སྤྱོད་མི་འབྱོར་ཞིང་ཕོངས་པ་དང་། ནད་དང་གདོན་ལ་སོགས་པ་མི་འདོད་པ་ཐོག་ཏུ་བབས་པ་དང་། ཡོ་བྱད་དང་གནས་མལ་རྙེད་གྲགས་ལ་སོགས་འདོད་པ་མ་གྲུབ་པ་དང་། ལས་དང་བྱ་བ་སྣ་ཚོགས་པས་ངལ་ཞིང་དུབ་པ་དང་། ཕར་ཕན་བཏགས་པའི་ཡུལ་གྱིས་ཕན་ལན་མི་བཟོ་བར་གནོད་པ་བྱེད་པ་དང་། བླ་དཔོན་ལྟ་བུ་དྲག་ཤོས་ཡིན་ནའང་འཁོར་ལ་སོགས་པས་བཀར་མི་ཉན་ཅིང་ལོག་པར་བསྒྲུབ་པ་དང་། གཞན་ཡང་ཕྲག་དོག་ཅན་གྱིས་ངན་དུ་སྒྲག་ཅིང་ཡོན་ཏན་བརྗོད་པའི་སྒོ་ནས་མི་བསྔགས་པ་དང་། དོན་མེད་དུ་རང་ལ་སྐྱོན་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་། ཡོན་ཏན་ཡོད་ཀྱང་མེད་པར་སྐུར་པ་འདེབས་པ་དང་། རང་ནས་ཀྱང་གཞན་གྱི་ཡོན་ཏན་ལ་ཕྲག་དོག་པས་རྒྱུད་ཀུན་ནས་འཁྲུག་ཅིང་ལུས་སེམས་མི་བདེ་བར་གྱུར་པ་སོགས་སྡུག་བསྔལ་མང་དུ་ཡོད་པའོ། །གཞན་ཡང་ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ནི་ཡོད་པར་སྣང་། །སྡུག་བསྔལ་གཟིར་བས་དམྱལ་བར་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོན་ཅིང་འཚེ་བ་དག། ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ་ལས་གྱུར་དང་། །གཞན་དག་ཡོད་ཀྱང་ཆོག་མི་ཤེས་པ་དང་། ལོངས་སྤྱོད་སོགས་ཡོངས་སུ་འཚོལ་བས་སྡུག་བསྔལ་བ་དང་། ཐམས་ཅད་ཀྱིས་གཅིག་གིས་གཅིག་ལ་འཁུ་ཞིང་གསོད་པར་བྱེད་པའོ། །ཡང་མཆོག་དམན་རང་རང་ལ་ལྟོས་པའི་སྡུག་བསྔལ་མི་འདྲ་བ། །བཞི་རྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་ལས་སྐྱེས། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་མི་མཆོག་རྒྱལ་པོ་ལྟ་བུ་ལ་སེམས་ཀྱི་ཁུར་ཆེ་བས་ཡིད་ཀྱི་སྡུག་བསྔལ་དང་། ཐ་མལ་པ་སྟེ་ཕལ་པ་རྣམས་ལ་དབུལ་ཕོངས་དང་གཞན་གྱིས་བྲན་དུ་བཀོལ་བ་སོགས་ལུས་ལས་སྐྱེས་པའི་སྡུག་བསྔལ་གཙོ་ཆེ་བར་ཡོད་པའོ། །མཐོ་རིས་ཀུན་གྱི་གཙོར་གྲགས་མི་ལ་ཡང་། །འདི་འདྲའི་སྡུག་བསྔལ་སྣ་ཚོགས་མཆིས་གྱུར་ན། །སྲིད་འདིར་མི་སྐྱོ་ཡིད་ལྡན་སུ་ཞིག་བདོག། ཀྱེ་མ་བདེ་ཞིང་སྐྱིད་སྙམ་འདི་རེ་བླུན། །དེ་བཞིན་གཤེགས་དེས་རང་གི་གཅུང་པོ་ལ། །དགའ་བོ་མིར་གྱུར་ལ་ཡང་འདི་ལྟ་བུའི། །སྡུག་བསྔལ་ཡོད་ན་སྲིད་འདིར་མནོག་ཅི་ཡོད། །ཅེས་གསུངས་བདེན་པའི་བཀའ་རུ་ཡིད་ཆེས་རྙེད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ་ནི། སྤྱིར་ལྷ་མ་ཡིན་ལ་རིགས་ལྔ་ཡོད་པ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལྷ་མིན་རྣམས་ལའང་རིགས་ནི་རྣམ་པ་ལྔ། །ཚེ་དཔལ་ལྷ་དང་སྟོབས་ཆེན་གནོད་སྦྱིན་དང་། །རྩུབ་གྱུར་བདུད་དང་གསོད་བྱེད་སྲིན་པོ་དང་། །གདུགས་པ་ཀླུ་ཡི་རིགས་ཏེ་འགྲོ་བའང་དེ། །ལུས་དང་ཚེ་ཡང་མ་ངེས་སྣ་ཚོགས་པའོ། །ཞེས་ཚེ་དཔལ་ལྷའི་རིགས་ཐགས་བཟང་རིས་ལ་སོགས་པ་འགའ་ཞིག་དཔལ་དང་སྐལ་པ་བཟང་བ་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ་པ་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ནོར་དང་འབྱོར་པ་ཆེ་བ་མཐུ་དང་རྫུ་འཕྲུལ་ཆེ་བ་རྒྱལ་ཆེན་རིགས་བཞི་དང་མཉམ་པ། རྩུབ་འགྱུར་བདུད་ཀྱི་རིགས་ནག་པོའི་ཕྱོགས་ལ་དགའ་བ་དང་། གསོད་བྱེད་སྲིན་པོའི་རིགས་སེམས་ཅན་ལ་འཚེ་ཞིང་མཁའ་ལ་རྒྱུ་བ་ཡི་དྭགས་ཀྱི་ཕྱོགས་དང་མཐུན་པ་དང་། གདུག་པ་ཀླུའི་རིགས་ཕྱེ་མར་གྱུར་པའི་ལུས་དང་ལོངས་སྤྱོད་དང་བདེ་སྡུག་ཡོད་ཅིང་བླུན་པར་གྱུར་པ་སྟེ་རྨོངས་བྱེད་དུད་འགྲོའི་རིགས་ཞེས་ཀྱང་གསུངས་ཏེ་འགྲོ་བ་ཡང་དེ་དག་གི་ཁོངས་སུ་བསྡུ་དགོས་ཤིང་ལྷ་དང་དུད་འགྲོའི་རིགས་གཉིས་སུ་འདུས་པར་གསུངས་ཏེ་ལུས་དང་ཚེ་ཚད་ཀྱང་མ་ངེས་པའོ། །དེ་དག་ལ་སྡུག་བསྔལ་ཇི་ལྟར་མཆིས་པ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལྷ་མིན་རྣམས་ལའང་ཁྲོ་དང་འཁྲུགས་པ་དང་། །མི་འདོད་ཐོག་ཏུ་བབས་དང་འཆི་ལ་སོགས། །སྣ་ཚོགས་སྡུག་བསྔལ་མང་ལྡན་བདེ་བ་མེད། །ཅེས་ལྷ་མ་ཡིན་རྣམས་རྒྱུད་ཁྲོ་བས་གདུང་བའི་སྒོ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་རྩོད་ཅིང་འཁྲུགས་པ་དང་རང་གི་སྡེའང་ཕན་ཚུན་རྩོད་པར་བྱེད་ལ། ཕྲག་དོག་གི་རླུང་འཚུབ་ཅིང་ཞེ་སྡང་གི་མེ་འབར་བའི་ཟུག་རྔུ་སྣ་ཚོགས་པ་དང་འདོད་པ་མ་གྲུབ་ལ་མི་འདོད་པ་ཐོག་ཏུ་འབབ་པ་དང་འཆི་བ་སོགས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་ལྷ་མ་ཡིན་རྣམས་རང་བཞིན་གྱི་ང་རྒྱལ་གྱི་དབང་གིས་ལྷའི་དཔལ་འབྱོར་ལ་མི་བཟོད་པ་དང་། དེ་དག་འགྲོ་བའི་སྒྲིབ་པའང་རྣམ་སྨིན་གྱི་སྒྲིབ་པ་དང་བཅས་ཏེ་དེའི་རྒྱུད་ཀྱི་ཕུང་པོ་དག་ནི་རྣམ་སྨིན་གྱི་སྒྲིབ་པ་སྟེ། སྔོན་གྱི་ལས་ཀྱི་རྣམ་སྨིན་དུ་གྱུར་ཅིང་དེ་དང་ཇི་སྲིད་མ་བྲལ་གྱི་བར་དུ་བསམ་གཏན་གྱི་སེམས་ཐོབ་པ་དང་བདེ་དང་བདེན་པ་མཐོང་བ་སོགས་ལ་སྒྲིབ་པར་བྱེད་པས་སོ། །དེར་ལྷ་རྣམས་དང་ཇི་ལྟར་འཐབ་ཅིང་རྩོད་པའི་ཚུལ། རྒྱུ་གང་གིས་རྩོད་ན་འཛམ་བུའི་གླིང་པ་རྣམས་ཀྱིས་བསོད་ནམས་སྟོབས་ཆེན་བསགས་ན་ལྷ་རྣམས་འཕེལ་བས་དེ་ལ་ཕྲག་དོག་པ་དང་། ལྷ་རྣམས་ལྷ་མ་ཡིན་གྱི་བུ་མོ་ལ་བལྟ་བ་ལ་ཕྲག་དོག་པ་དང་། ལྷ་མ་ཡིན་རྣམས་ལྷའི་བདུད་རྩི་ལ་ཆགས་པའི་དབང་གིས་དང་། ལྷའི་དཔག་བསམ་གྱི་ཤིང་མེ་ཏོག་དང་འབྲས་བུས་བརྒྱན་པ་མཐོང་ནས་ཁྲོས་ཏེ། ཤིང་འདིའི་དཔལ་ཕུན་སུམ་ཚོགས་པ་ནི་ལྷའི་དབང་གྱུར་ན་རྩ་བ་བདག་ཅག་གི་གནས་སུ་དོན་མེད་དེ་ཞེས་སྟྭ་རེས་གཅོད་པ་སོགས་དེ་དག་གང་རུང་ལས་རྩོད་པར་གསུངས་ལ། གནས་ནི་ཆུའི་ནང་དུ་ནུབ་པའི་རི་རབ་ཀྱི་སྨད་ཆ་ཁོང་སྟོང་ན་གནས་ཏེ་དེ་ལ་གནས་བཞི་ཡོད་པའི་ཆུ་མཚམས་ཀྱི་ཐད་ཀར་རི་རབ་ཀྱི་ཁོང་གསེང་དེ་ནས་མར་དཔག་ཚད་ཉི་ཁྲི་ན་ས་གཞི་དང་པོ་ལ་གྲོང་ཁྱེར་འོད་ལྡན་ཅེས་བྱ་བ་སེངྒེ་མོའི་བུ་སྒྲ་ཅན་དང་། དེ་ནས་ཉི་ཁྲི་ན་ས་གཞི་གཉིས་པ་ལ་གྲོང་ཁྱེར་སྐར་ཕྲེང་ན་འགུལ་ཕྲེང་དང་། དེ་ནས་ཉི་ཁྲི་ན་ས་གཞི་གསུམ་པ་ལ་ཟབ་པའི་གྲོང་ཁྱེར་ན་མེ་ཏོག། དེ་ནས་ཉི་ཁྲི་ན་ས་གཞི་བཞི་པ་ལ་གྲོང་ཁྱེར་གསེར་ལྡན་གྱི་རྒྱལ་པོ་ཐགས་བཟང་རིས་འཁོར་དང་བཅས་པ་གནས་པ་ཡིན། ལྷ་རྣམས་དང་འཐབ་པ་ན་རེས་འགའ་ནི་ཐགས་བཟང་རིས་ལ་སོགས་པའི་རྒྱལ་པོ་བཞི་ཀ་འོང་ལ། རེས་འགའ་གོང་མ་དག་འོང་སྟེ་གསེར་དངུལ་བཻ་ཌཱུཪྻ་ཤེལ་བཞིའི་གོ་ཆ་སྲ་བ་རྣམས་གྱོན་ཅིང་རལ་གྲི་དང་མདའ་གཞུ་མདུང་འཕང་མདུང་ཐོ་བའི་དཔུང་གི་ཚོགས་ཐམས་ཅད་ཡན་ལག་བཞི་དང་བཅས་ཆུ་མཚམས་ནས་ཐོན་ཏེ། བརྒྱ་བྱིན་གྱིས་སྲུང་མ་ལྔ་ལས། དང་པོ་དཀར་ཕྱོགས་ལ་དགའ་བའི་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་སོགས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་གནས་པ་དག་དང་གཡུལ་སྤྲོད་ཅིང་། ནག་ཕྱོགས་ཀྱི་ཀླུའི་རྒྱལ་པོ་རབ་འཇོམས་དང་ནག་པོ་འགྱིངས་པ་ཧུ་ལུ་ཀ་ཧུ་ལུ་ཀ་ཆེན་པོ་སོགས་ནི་ལྷ་མ་ཡིན་དུ་གཏོགས་པ་ཡན་ལྷ་རྣམས་དང་གཡུལ་སྤྲོད་པར་བྱེད་དོ། །དེ་དག་གིས་ཐུབ་ན་ལྷ་མ་ཡིན་རྣམས་ལྡོག་ལ་མ་ཐུབ་ན་སྲུང་མ་གཉིས་པ་རི་རབ་ཀྱི་བང་རིམ་དང་པོར་གནོད་སྦྱིན་ལག་ན་གཞོང་ཐོགས་ཞེས་བྱ་བ་དང་། གཉིས་པར་ཕྲེང་ཐོགས་དང་། གསུམ་པར་རྟག་མྱོས་དང་། བཞི་པར་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་གནས་པ་ལས་འོག་མ་འོག་མ་དང་བསྡོམས་ཞིང་འཐབ་པར་བྱེད་པ་ན་ཕལ་ཆེར་ནི་བཟློག་པར་འགྱུར་རོ། །གལ་ཏེ་ལྷ་མ་ཡིན་གོང་མ་དག་ཁོ་ན་འོང་ནས་ལྷ་རྣམས་མི་ཐུབ་ན་ཐགས་བཟང་རིས་ལ་སྦྲན་ཏེ། དེའི་ཚེ་ཐགས་བཟང་རིས་ཁྲོས་ནས་གསེར་གྱི་ས་གཞི་ལ་རྐང་པ་བརྡབ་པས་ས་ཆེན་པོ་འདི་གཡོ་ཞིང་རི་རབ་ཀྱང་འགུལ་ཏེ་ལྷའི་དབང་པོའི་སྟན་གཡོ་བར་བྱེད་ཅིང་དཔུང་ཚོགས་དང་བཅས་གཡུལ་འཐབ་པའི་ཕྱིར་འོང་ངོ་། །ལྷའི་དབང་པོས་ས་གཡོ་བའི་རྒྱུ་ཅི་ཡིན་མངོན་ཤེས་ཀྱིས་བརྟགས་པ་ན་གཡུལ་འགྱེད་པར་ཤེས་ནས་ལྷ་མ་ཡིན་དང་འཐབ་པའི་ཕྱིར་ཆས་པར་གསུངས་སོ། །ཡང་རེས་འགའ་ནི་གལ་ཏེ་ལྷའི་སྲུང་མ་དེ་དག་གིས་མ་བཟློག་ན་རྒྱལ་ཆེན་བཞི་པོ་དག་སུམ་ཅུ་རྩ་གསུམ་པའི་གནས་སུ་སོང་སྟེ་ཀྱཻ་ལྷའི་དབང་པོ་མཁྱེན་པར་མཛོད་ཅིགབདག་ཅག་སྲུང་མ་ལྔ་པོ་དག་གིས་ལྷ་མ་ཡིན་གྱི་དམག་བཟློག་པར་མ་ནུས་ཤིང་རི་རབ་ཀྱི་བང་རིམ་ལ་ཐོན་པར་མཁྱེན་པར་མཛོད་ཅིགཅེས་ཞུབ་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པ་རྣམས་ལ་བསྒོས་ཏེ་གཡུལ་སྤྲོད་པར་བྱེད་དོ། །དེ་ཡང་འདུན་ས་བཟང་དུ་འདུས་ནས་བསྒོ་བ། ལྷ་གང་དག་ཚེ་ཡི་ལྷག་མར་གྱུར་ཅིང་འཆི་བས་བདག་གིར་བྱེད་པའི་དུས་ལ་བབ་པ་རྣམས་རང་གནས་སུ་འདུག་ཅིགདེ་ལས་གཞན་པ་རྣམས་གཡུལ་གྱི་བྱ་བ་ལ་སྤྲོད་པར་གྱིས་ཤིགཅེས་སྨྲས་ནས་བྱང་ཕྱོགས་དགའ་བའི་ཚལ་དུ་སོང་ནས་ལྗོན་པའི་ནང་ན་ཡོད་པའི་གཟན་ཁྲི་ལ་བལྟས་ནས་གཡུལ་རྒྱལ་བའི་མཚན་མ་རྣམས་ཁོང་དུ་ཆུད་པར་བྱེད་དོ། །དེ་ནས་ལྷའི་ཚོགས་དེ་དག་རྩུབ་འགྱུར་གྱི་ཚལ་དུ་སོང་ནས་དེའི་རྫིང་བུར་ཞུགས་པ་ཙམ་གྱིས་ཞེ་སྡང་གི་རྟོག་པ་སྐྱེས་ནས་གཡུལ་གྱི་བྱ་བ་ལ་འཇུག་པར་སྤྲོ་བར་གྱུར་པ་དང་། ཡང་དེའི་ཚེ་ཤར་ཕྱོགས་གོ་ཆའི་ཚལ་ནས་ཤིང་ལྗོན་པ་དག་ལས་རེ་རེའི་སྣ་ཚོགས་ཀྱི་གོ་ཆ་ཤིན་ཏུ་སྲ་བ་དག་བགོས་ཏེ། གཡུལ་སྤྲོད་པའི་གླང་པོ་ཆེ་རབ་བརྟན་ཞོན་པར་བྱས་ནས་མགོ་བོ་སུམ་ཅུ་རྩ་གསུམ་དབུས་མའི་སྟེང་དུ་ལྷའི་དབང་པོ་དང་གཞན་རྣམས་ལ་ཉེ་དབང་སོ་གཉིས་ཀྱིས་ཞོན་ནས་གོ་ཆ་དང་མཚོན་ཆ་ཐོགས་ཏེ་དཔུང་ཚོགས་དང་བཅས་རི་རབ་ཀྱི་ལྷོ་ཕྱོགས་སུ་འཐབ་བོ། །སུ་ཕམ་ཡང་ལན་གསུམ་དུ་འཐབ་པར་གསུངས་སོ། །དེ་ནས་ལྷ་རྣམས་བསོད་ནམས་ཀྱི་མཐུས་མི་འགྲེང་བདུན་ཙམ་དུ་ལྷ་མ་ཡིན་ལས་འཕགས་ཤིང་ཉི་ཟླའི་ངོས་ནས་རྡོ་རྗེ་དང་འཁོར་ལོ་དང་མདའ་དང་གཏུན་ཞིང་རི་ལ་སོགས་པ་འཕེན་པས་ལྷ་མ་ཡིན་རྣམས་འཇོམས་པར་བྱེད་དོ། །ལྷ་མ་ཡིན་རྣམས་ཀྱང་རྡོ་རྗེ་དང་མདའ་བོ་ཆེ་དང་ཤག་ཏི་དང་རི་རབ་དང་འཁོར་ལོ་ལ་སོགས་པས་ལྷ་རྣམས་འཇོམས་པ་ལ་བརྩོན་པར་བྱེད་དོ། །དེ་དག་གིས་རི་རབ་འཕང་བ་དག་ཀྱང་བརྒྱ་བྱིན་གྱི་རྡོ་རྗེས་དུམ་བུར་བྱེད་པ་དང་། གཞན་ཡང་མཚོན་ཆ་རྣམས་དང་རོ་ཡི་དུམ་བུ་རྒྱ་མཚོར་ལྷུང་བ་ལས་སྲོག་ཆགས་ཤི་བའི་ཁྲག་གིས་རྒྱ་མཚོའི་ཁ་དོག་དམར་པོར་གྱུར། སྐར་ཕྲེང་གི་མཚོ་ཀུན་སྣང་ལ་ཇི་ལྟར་འཐབ་པའི་གཟུགས་བརྙན་འཆར་བས་ལྷ་མིན་ཤི་བའི་ཉེ་དུ་རྣམས་དམག་མ་ལོག་གོང་ནས་མྱ་ངན་བྱེད་པར་གསུངས། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་སྐེད་པ་ཆད་ན་འཆི་བ་ལས་ཡན་ལག་གཞན་ཆད་ན་འཕྲལ་དུ་སྐྱེ་ཞིང་སོས་པར་འགྱུར་ལ། ལྷ་མ་ཡིན་རྣམས་ནི་མི་བཞིན་དུ་གནད་དུ་ཕོག་ཚད་འཆི་བར་འགྱུར་རོ། །དུས་དེར་ས་རྣམས་གཡོ་ཞིང་མཚོན་ཆས་རི་རབ་རྣམས་རྡུལ་དུ་སོང་བས་འཛམ་བུ་གླིང་ལ་སོགས་པར་ནམ་མཁར་རྡུལ་གྱིས་འཁྲིགས་གོ་ཆའི་འོད་གདངས་འཚེར་བ་དང་སྒྲ་ཆེན་པོ་ནི་སྒྲོགསྒྲ་གཅན་དུད་འགྲོ་ཡིན་པས་དེའི་མིག་གིས་ཉི་ཟླའི་ཟེར་མ་བཟོད་ནས་ལག་པས་བསྒྲིབས་པས་ཉི་ཟླ་གཟས་ཟིན་པ་ཡིན་ཅེས་དྲན་པ་ཉེར་བཞག་ལས་གསུངས་སོ། །དེའི་ཚེ་ལྷ་མ་ཡིན་རྣམས་རྒྱལ་ན་གྲོང་ཁྱེར་ལྟ་ན་སྡུག་པའི་ནང་དུ་འདོང་པར་བྱེད་དོ། །ལྷ་རྣམས་རྒྱལ་ན་རོལ་མཚོ་དང་པོའི་བར་དུ་འདོང་པར་བྱེད་དོ། །། ལྷའི་རྔ་བོ་ཆེ་ལས་ལྷ་རྣམས་ནི་རྒྱལ་བར་འགྱུར་རོ། །ལྷ་མིན་རྣམས་ནི་ཕམ་པར་འགྱུར་རོ། །དུད་འགྲོ་དག་བདའ་བར་བྱའོ། །བྲོད་པར་བྱའོ། །ཞེས་པའི་སྒྲ་འབྱུང་བ་ན་ལྷ་མ་ཡིན་རྣམས་རང་གནས་སུ་ལྡོག་པར་གསུངས་སོ། །ལྷ་མ་ཡིན་རྣམས་རི་རབ་ཀྱི་ཁོང་གསེང་གསེར་གྱི་ས་གཞི་ལ་ཐུག་གི་བར་བྲོས། ཕྱི་བཞིན་དུ་ལྷའི་དཔུང་ཚོགས་ཀྱིས་བསད་ནས་གྲོང་ཁྱེར་གསེར་ལྡན་གྱི་སྒོ་ཡང་བསྡམས་ཏེ་སྐར་ཁུང་ཡང་བཅད་ནས་ཞག་བདུན་སྡོད་པར་གསུངས་པའང་ཡོད་དོ། །དེ་ལྟར་ལྷ་མ་ཡིན་དང་འཐབ་པ་ནི་སུམ་ཅུ་རྩ་གསུམ་པ་མན་དག་ཡིན་གྱི་འཐབ་བྲལ་ཡན་ཆད་ནི་ལྷ་མིན་དང་འཐབ་མི་དགོས་སོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་ལ་སོགས། །སྡུག་བསྔལ་རྒྱ་མཚོ་མཐའ་ཡས་དཔག་ཏུ་མེད། །ཅེས་གསུངས་ཏེ་དེ་ལ་འདོད་ལྷ་དང་། ཁམས་གོང་མའི་སྡུག་བསྔལ་བསམ་པ་གཉིས་ལས། དང་པོ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ནི། བཤེས་སྤྲིང་ལས། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམ་ནས་མཁས་པ་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲིད་མི་བགྱིད། །ཅེས་སྔར་ལྷའི་འདོད་པའི་ལོངས་སྤྱོད་ལས་བྱུང་བའི་བདེ་བ་ལས་འཆི་འཕོ་བའི་ལྟས་དག་མཐོང་བ་ན་དེ་ལས་བྱུང་བའི་སྡུག་བསྔལ་ཆེས་ཆེ་བ་ཡིན་པ་དང་ཚུལ་དེ་ལྟར་བསམ་ནས་ཡ་རབ་མཁས་པ་རྣམས་ཀྱིས་ནི་འདོད་བདེ་ཟད་པར་འགྱུར་ཞིང་སྙིང་པོ་མེད་པ་དེའི་སླད་དུ་སྲེད་པ་སྟེ་ཆགས་པར་མི་བྱ་བར་གསུངས་པའོ། །འཆི་ལྟས་ལ་རིང་བའི་འཆི་ལྟས་ལྔ་དང་། ཉེ་བའི་འཆི་ལྟས་ལྔ་འབྱུང་བར་གསུངས་ཏེ། དང་པོ་ནི། བཤེས་སྤྲིང་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ཞེས་ལྷ་རྣམས་འཆི་བ་ལ་ཕྱོགས་པའི་ཚེ་ལུས་ཀྱི་ཁ་དོག་མཛེས་པ་ཉམས་ནས་མི་སྡུག་པར་འགྱུར་བ་དང་། རང་གི་སྟན་ལ་འདུག་མི་ཚུགས་ཤིང་འདུག་པར་མི་དགའ་བ་དང་། རྒྱན་གྱིས་མེ་ཏོག་གི་ཕྲེང་བ་རྣམས་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་སྔོན་ཆད་མེད་པའི་རྔུལ་ཆུ་འབྱུང་བ་དག་ནི་མཐོ་རིས་ཀྱི་འཆི་འཕོ་སྦྲོན་པར་བྱེད་པའམ་བརྡ་སྤྲོད་པའི་འཆི་ལྟས་ཡིན་པར་གསུངས་པ་བཞིན། ཉེ་བའི་འཆི་ལྟས་ལྔ་ནི། ལུས་ཀྱི་འོད་ཆུང་ངུར་སོང་བ། ཁྲུས་ཆུ་ལུས་ལ་ཆགས་པ། གོས་རྒྱན་ལས་སྒྲ་མི་སྙན་པ་འབྱུང་བ། མིག་འབྱེད་འཛུམ་བྱེད་དགོས་པ། ཡུལ་གཅིག་ལ་ཆགས་པ་རྣམས་སོ། །ཁྱད་པར་སྐབས་གསུམ་པ་ཞེས་གང་ནས་སྐྱེས། རྒྱུ་གང་གིས་སྐྱེས། གང་དུ་སྐྱེ་འགྱུར་ཡང་བརྟག་ན་ཤེས་པས་གཟོད་ངན་སོང་དུ་སྐྱེ་ན། དེར་སྐྱེས་པ་དང་ཁྱད་པར་མེད་པའི་སྡུག་བསྔལ་དྲག་པོ་ལྷའི་ཞག་ལྔར་མྱོང་ཞིང་། ལྷའི་ཞག་ཐུང་ཤོས་ལའང་མི་ལོ་ལྔ་བཅུ་ཡིན་པས་མི་ལོ་ཉིས་བརྒྱ་ལྔ་བཅུ་ཡིན། སེམས་ཅན་གྱི་ནང་ནས་ལུས་ལ་སྡུག་བསྔལ་ཆེ་བ་དམྱལ་བ་ཡིན་ཀྱང་སེམས་ལ་ལྷ་འཆི་བའི་སྡུག་བསྔལ་གྱིས་ཆེ་སྟེ། དྲན་པ་ཉེར་བཞག་ལས། ལྷ་ཡི་ཡུལ་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ཡི་ཁྱད་པར་སེམས་ཅན་དམྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་དང་། འཆི་ལྟས་ཕོག་པ་ན། ལྷའི་བུ་གཞན་གྱིས་མེ་ཏོག་ཅན་གྱི་ཤིང་གི་ཡལ་ག་སྙིང་གར་བཞག་ནས། ལྷའི་བུ་ཁྱོད་འདི་ནས་ཤི་འཕོས་ནས་ལེགས་པར་སྤྱོད་པ་མིའི་འཇིག་རྟེན་འཛམ་བུའི་གླིང་དུ་སྐྱེ་བར་གྱུར་ཅིག། དེར་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨོད་པར་གྱུར་ཅིགཅེས་བརྗོད་པ་ན་སྲིན་བུ་བྱེ་ཚན་ལ་སྦྲེས་པ་ལྟར་དང་། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཚལ། །ཀྱི་ཧུད་མཚེའུ་དལ་གྱི་འབབ། །ཀྱི་ཧུད་སྡུག་པའི་རྣམ་ཤེས་ལྷ། །སྨྲེ་ངག་འདོན་ཞིང་ས་ལ་ལྷུང་། །ཞེས་སྨྲེ་ངག་འདོན་ཏེ་དེ་ལྟར་ཤིང་རྟ་སྣ་ཚོགས་པའི་ཚལ་དང་། མཚོ་ཆུང་ངུ་དལ་གྱིས་འབབ་པ་དང་། ཡིད་ལ་རྣམ་པར་སྡུག་པའི་ལྷ་རྣམས་ཡིད་ལ་བྱེད་ཅིང་མིང་ནས་འབོད་དེ་ཁོ་བོ་ནི་འདི་ལྟར་སྨྲེ་ངག་འདོན་བཞིན་ལྷའི་ཡུལ་ནས་ལྷུང་བར་གྱུར་ཏོ་ཞེས་མྱ་ངན་བྱེད་པའོ། །གཞན་ཡང་གནས་འོག་མར་ལྟུང་བའི་སྡུག་བསྔལ་ནི། དེ་ལྟར་འཆི་འཕོས་ནས་ཀྱང་དགེ་བའི་ལས་ཀྱི་ལྷག་མ་མེད་ན་ངན་སོང་གསུམ་གྱི་གནས་སུ་ལྟུང་བར་འགྱུར་རོ། །སྤ་བཀོང་བའི་སྡུག་བསྔལ་བའི་སྡུག་བསྔལ་ནི། བསོད་ནམས་ཀྱི་ཕུང་པོ་ཆེས་ཆེན་པོ་དང་ལྡན་པའི་ལྷ་རྣམས་ལ་འདོད་པའི་ཡོན་ཏན་ཕུལ་དུ་བྱུང་བ་འབྱུང་ལ་དེ་དག་བསོད་ནམས་ཆུང་བའི་ལྷ་རྣམས་ཀྱིས་མཐོང་བ་ན་སྤ་བཀོང་ཞིང་ཡིད་ཤིན་ཏུ་ཞུམ་པར་འགྱུར་ཏེ་གཞི་དེ་ལས་སྡུག་བསྔལ་བར་གྱུར་པའོ། །བཅད་ཅིང་འདྲལ་ལ་གསོད་པའི་སྡུག་བསྔལ་ནི། ལྷ་མ་ཡིན་རྣམས་དང་འཐབ་པའི་ཚེ་ཡན་ལག་དང་ཉིང་ལག་རྣམས་བཅད་པ་དང་གསོད་པའི་སྡུག་བསྔལ་བའོ། །སྤྱུགས་པའི་སྡུག་བསྔལ་ནི། ལྷ་ཆེས་སྙིང་སྟོབས་དང་ལྡན་པ་རྣམས་འཁྲུགས་ནས་ལྷའི་བུ་མཐུ་ཆུང་བ་རྣམས་རང་གི་གནས་ནས་སྐྲོད་པར་བྱེད་པའོ། །གཡེང་བའི་སྡུག་བསྔལ་ནི། ཚོགས་ཀྱི་གཏམ་ལས། འདོད་སྤྱོད་ལྷ་ནི་གང་ཡིན་པ། །དེ་ལའང་བདེ་བའི་སེམས་མེད་དེ། །འདོད་པའི་འདོད་ཆགས་རིམ་བཏབ་པའི། །ནང་གི་མེས་ནི་བསྲེགས་གྱུར་པ། །གང་ཞིག་སེམས་གཡེང་གྱུར་པ་ལ། དེ་ལ་བདེ་བ་ག་ལ་ཡོད། །གཡེང་མེད་སེམས་ལ་སྐད་ཅིག་ཀྱང་། །དབང་བྱེད་པ་ནི་མ་ཡིན་པས། །རྣམ་གཡེང་དཀྲུགས་པའི་བདག་ཉིད་ཅན། །ནམ་ཡང་ཞི་བར་མི་འགྱུར་ཏེ། །རླུང་བཅས་འབར་བས་ཁྱབ་པ་ཡི། །མེ་ནི་ཤིང་དང་བཅས་དང་མཚུངས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཁམས་གོང་མའི་ལྷའི་སྡུག་བསྔལ་ནི། ཁམས་གོང་མ་གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་ལ་སྡུག་བསྔལ་དེ་དག་མེད་ཀྱང་། འོན་ཀྱང་ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་ཤིང་འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པས་དེ་དག་གནས་ངན་ལེན་གྱིས་སྡུག་བསྔལ་བའོ། །ཚོགས་ཀྱི་གཏམ་ལས་ཀྱང་། གང་ཞིག་གཟུགས་དང་གཟུགས་མེད་པའི། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་ཡིན། །དེ་ལས་སླར་ཡང་ལྷུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་བྱུང་གྱུར་ལ། །འབད་ཀྱང་ཇི་ལྟར་རིང་མི་གནས། །མཁའ་ལ་ལྡིང་བའི་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའ་འཕང་ལྟར། །དེ་ནི་ལྷུང་བའི་མཐའ་ཅན་ཏེ། །མར་མེ་རིང་དུ་འབར་བ་དང་། །སྐད་ཅིག་རེ་རེར་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་པ་ཡི། །སྡུག་བསྔལ་དག་གིས་ཉེ་བར་གཙེས། །ཞེས་གསུངས་ཏེ་གཞན་སླ་ལ། སླར་ཡང་ངན་སོང་དུ་ལྟུང་བ་དང་། བསམ་གཏན་དེ་ལ་ཇི་ཙམ་འབད་ཀྱང་རིང་དུ་གནས་མི་ནུས་པ་མཁའ་ལ་ལྡིང་བའི་བྱ་སོགས་དང་མཚུངས་པ་དང་། འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པར་མར་མེ་འབར་བ་འཇིག་པ་འདྲ་ཞིང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དག་གིས་ཉེ་བར་གཙེས་པ་ཡིན་ནོ། །དེས་ན་ལུང་རྣམ་འབྱེད་ལས། མི་གཙང་འདམ་ན་དྲི་ཞིམ་མེད། །འཁོར་བའི་གནས་ན་བདེ་བ་མེད། །འབར་པའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་གསུངས་པ་ལྟར་འཁོར་བའི་གནས་ན་གཏན་དུ་བདེ་བ་དང་དགའ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པའི་ཚུལ་ལ་བསམ་ནས་སྙིང་ཐག་པ་ནས་སྐྱོ་བ་བསྐྱེད་པར་བྱ་བ་ནི་གལ་ཆེ་སྟེ་ཁྲིད་ཡིག་ལས། འདི་ལྟ་བུའི་བློ་སྦྱངས་ནས་ཆོས་ལམ་དུ་ཞུགས་པ་རྣམས་ནི་ཕྱིར་མི་ལྡོག་པའི་ཚུགས་ཐུབ་པ་ཡིན། དེ་ལྟར་བློ་མ་སྦྱོང་བ་དག་ནི་ཆོས་ལམ་དུ་ཞུགས་ཀྱང་རི་གཟར་གྱི་རྡོ་ལྟ་བུར་ངེས་མེད་དུ་ཡིད་བརྟན་མེད་པར་ཕྱིར་ལྡོག་སླ་བ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་བསྐུལ་མ་འདི་ག་ཡིན་པས་རྟག་ཏུ་འདི་ཁོ་ན་ལ་སྐྱོ་ཤས་ཆེན་པོ་བསྐྱེད་པ་གནད། ཅེས་གསུངས་པ་ལྟར་རོ། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དཀའ་སྟེ། །མཐོ་རིས་དག་ནའང་བདེ་བའི་གོ་སྐབས་མེད། །དེ་ལྟར་ཤེས་ནས་འཁོར་བའི་གནས་འདི་རུ། །ཡིད་སྨོན་མི་བྱེད་ཐར་འདོད་བསྐྱེད་པ་གནད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཞི་པ་ལས་རྒྱུ་འབྲས་བསམ་པ་ལ། དཀར་ནག་ལས་ཀྱི་རྣམ་སྨིན་མི་བསླུ་བར༔ བག་ཆགས་བདེ་སྡུག་ཉེ་བར་ལེན་པའི་སེམས༔ རྒྱུ་དང་འབྲས་བུར་སྤྱོད་པའི་མཁན་པོར་གྲུབ༔ བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེན༔ ཅེས་དཀར་པོ་དགེ་བ་དང་ནག་པོ་སྡིག་པའི་ལས་ཀྱི་འབྲས་བུ་མི་བསླུ་བར་སྨིན་ཏེ། དེའི་གནད་ཀྱང་ལས་དེ་དག་གི་བག་ཆགས་སམ་ས་བོན་རྣམས་སེམས་ལ་བརྟེན་ཅིང་འབྲས་བུ་བདེ་སྡུག་ཆུད་མི་ཟ་བར་འབྱུང་བ་མྱོང་བ་པོའང་གཙོ་བོར་སེམས་དེ་ཡིན་པའི་ཕྱིར། དེ་དག་ཉེ་བར་ལེན་པའི་སེམས་དེ་ནི་རྒྱུ་བསགས་ཤིང་འབྲས་བུར་སྤྱོད་པའི་མཁན་པོར་གྲུབ་པ་ཡིན་པའི་ཕྱིར་ཏེ། དེས་ན་དེ་ལྟ་བུའི་སེམས་དེ་རང་དབང་དུ་གྱུར་ཅིང་དགེ་སྡིག་ལ་བླང་དོར་བྱེད་ནུས་པར་བླ་མ་ལ་གསོལ་བ་གདབ་པའོ། །འདི་ལ་གསུམ། ལས་འབྲས་སྤྱིར་བསམ་པ་དང་། བྱེ་བྲག་ཏུ་བསམ་པ། མི་དགེ་བའི་ལས་ལ་བཤགས་སྡོམ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་བཞི་ལས་ངེས་པའི་ཚུལ། འཕེལ་ཆེ་བ། མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བའི་ཚུལ་ལོ། །དང་པོ་ནི། སོ་སོའི་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཚོར་བ་བདེ་བའི་རྣམ་པ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ལ་རླུང་བསིལ་བ་ལང་བ་ལ་བརྟེན་ནས་བདེ་བ་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི། མི་དགེ་བའི་ལས་ལས་འབྱུང་བའི་གནས་མེད་ལ། ཚོར་བ་སྡུག་བསྔལ་བའི་རྣམ་པ་ཅན་ཐ་ན་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་མན་ཆད་ཐམས་ཅད་སྔོན་མི་དགེ་བའི་ལས་བསགས་པ་ལས་འབྱུང་གི། དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་ནི་གནས་མེད་དེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་ནི་བདེ་འགྲོ་ངན་འགྲོའི། སྡུག་བསྔལ་ཀུན་འབྱུང་བ། །དེ་བཞིན་རྣམ་སྨིན་གྱི་འབྲས་བུ་ངན་འགྲོ་ཐམས་ཅད་དོ། །དགེ་བའི་ལས་ལས་རྣམ་སྨིན་གྱི་འབྲས་བུ་བདེ་འགྲོ་ཐམས་ཅད་དང་། །འཛམ་བུའི་གླིང་ལ་སོགས་པའམ་ཡང་དང་ཡང་དུ་སྐྱེ་བའི་བྱེ་བྲག་གིས་སྐྱེ་བ་ཀུན་ཏུ་བདེ་བ་དག། འབྱུང་བས་དེ་ལ་བསམ་ཞིང་ངན་འགྲོའི་རྒྱུ་འགོག་པ་དང་བདེ་འགྲོའི་རྒྱུ་བསྒྲུབ་པ་ལ་འབད་པར་བྱའོ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་འཕེལ་ཆེ་བ་ནི། ལས་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་བདེ་བ་ཤིན་ཏུ་ཆེ་བ་འབྱུང་བ་ལ། ལས་མི་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་ཤིན་ཏུ་ཆེ་བས་ན་ནང་གི་རྒྱུ་འབྲས་ཀྱི་འཕེལ་འདྲ་བ་ཕྱི་རོལ་གྱི་རྒྱུ་འབྲས་ལ་མེད་དེ། ཚོམ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་ལས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲས་བུ་སྣ་ཚོགས་སྨིན་པ་བཞིན། །ཞེས་དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། གང་ཞིག་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་ས་བོན་ལ་ཡུངས་འབྲུ་ཙམ་ལས་མེད་ཀྱང་ལོ་གཅིག་ཙམ་ལོན་པའི་དུས་ན་ཡལ་ག་རེ་ལའང་དཔག་ཚད་ཙམ་རེ་འཕེལ་བས་ཀྱང་དགེ་སྡིག་གི་ལས་ཀྱི་གཟུགས་བརྙན་གྱི་འབྲས་བུ་འཕེལ་བའི་དཔེར་མི་རུང་བ་ཡིན་ཏེ། འདིའི་གཏམ་རྒྱུད་ཀྱང་འདུལ་བ་ལུང་ལས་བྱུང་ངོ་། །གསུམ་པ་ལས་མ་བྱས་པ་དང་མི་འཕྲད་པ་ནི། རང་གིས་དགེ་སྡིག་གི་ལས་གང་བྱས་པ་དེའི་འབྲས་བུ་མྱོང་གི། མ་བྱས་པ་ཞིག་གི་འབྲས་བུ་གཏན་ནས་མྱོང་བ་མ་ཡིན་ནོ། །བཞི་པ་བྱས་པ་ཆུད་མི་ཟ་བ་ནི། ལས་དགེ་སྡིག་གང་བྱས་པ་རྐྱེན་གཞན་གྱིས་མ་བཅོམ་ན་དུས་ཤིན་ཏུ་རིང་བ་འགོར་ཡང་ཆུད་མི་ཟ་བར་སྨིན་པ་སྟེ། མདོ་ལས། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་གང་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ལུས་ཅན་རྣམས་ཀྱིས་ལས་གང་བསགས་པ་རྣམས་གཉེན་པོས་མ་བཅོམ་ཕྱིན་བསྐལ་པ་བརྒྱ་སྟོང་ཡང་ཆུད་ཟ་བར་མི་འགྱུར་ཏེ་རྒྱུ་རྐྱེན་ཚོགས་ཤིང་དུས་ལ་བབས་པར་འགྱུར་ན་དེའི་འབྲས་བུ་ནི་བདེ་སྡུག་གང་ཡིན་པ་དེའི་བདག་ཉིད་དུ་སྨིན་པར་འགྱུར་བའོ་ཞེས་པའོ། །དེ་ལྟར་ལས་མ་བྱས་པ་དང་མི་འཕྲད་ཅིང་བྱས་པ་ཆུད་མི་ཟ་བའི་ཚུལ། ཁྱད་པར་འཕགས་བསྟོད་ལས། བྲམ་ཟེ་རྣམས་ནི་དགེ་སྡིག་ཀྱང་། །བྱིན་པ་ལེན་ཅིང་འཕོ་བར་སྨྲ། །ཁྱེད་ཀྱིས་བྱས་ཆུད་མི་ཟ་དང་། མ་བྱས་པ་དང་འཕྲད་མེད་གསུངས། །ཞེས་ཕྱི་རོལ་པའི་ལུགས་ཀྱི་བྲམ་ཟེ་རིགས་བྱེད་སྨྲ་བ་ནི་དགེ་སྡིག་རྣམས་འགའ་ཞིག་གིས་སྦྱིན་པ་གཞན་གྱིས་ལེན་པ་བཞིན་རང་གི་རྒྱུད་ལ་ཡོད་པ་གཞན་གྱི་རྒྱུད་ལ་འཕོ་བར་སྨྲ་ཡང་དེ་ལྟར་མ་ཡིན་པར་གསུངས་པའོ། །དེ་བཞིན་དུ་ཏིང་འཛིན་རྒྱལ་པོ་ལས་ཀྱང་། དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་རེག་པར་མི་འགྱུར་ཞེས་པ་ནི་མྱོང་བར་མི་འགྱུར་མིན་ཅེས་པའི་དོན་ནོ། །གཉིས་པ་ལས་འབྲས་བྱེ་བྲག་ཏུ་བསམ་པ་ལ་གཉིས། ལས་དང་བསྲུང་བའི་རྣམ་པར་བཞག་པ་དང་། ལས་ཀྱི་རྣམ་དབྱེ་གལ་ཆེ་བ་ཅུང་ཟད་བཤད་པའོ། །དང་པོ་ལ་གཉིས། མི་དགེ་བའི་ལས་འབྲས་ཀྱི་རྣམ་བཞག་དང་། དགེ་བའི་ལས་འབྲས་རྣམ་པར་བཞག་པའོ། །དང་པོ་ལ་གཉིས། མི་དགེ་བའི་ལས་ལམ་བཅུ་ངོས་བཟུང་བ་དང་། དེའི་འབྲས་བུ་བཤད་པའོ། །དང་པོ་ནི་མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱིས་ལམ་ནི་བཅུར་གསུངས་སོ། །ཞེས་དགེ་མི་དགེའི་ལས་མང་དུ་ཡོད་པ་ལས་དེའི་ནང་ནས་ཆེ་ལོང་ངམ་ཆེ་ཤོས་བསྡུས་ནས་བཅུར་བསྟན་པ་ལས་མི་དགེ་བ་བཅུ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་གསུམ་དང་། རྫུན། ཕྲ་མ། ཚིག་རྩུབ་ངག་འཁྱལ་ཏེ་ངག་གི་ལས་བཞི། བརྣམ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་ལམ་གསུམ་སྟེ་བཅུའོ། །དང་པོ་སྲོག་གཅོད་པ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ། །ཞེས་གསུངས་ཏེ་འདི་ལ་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། གཞི་སེམས་ཅན་གཞན་ཡིན་པ། བསམ་པ་ལ་འདུ་ཤེས། ཀུན་སློང་། ཉོན་མོངས་པ་གསུམ་གྱི་འདུ་ཤེས་ལ་འཁྲུལ་མ་འཁྲུལ་གཉིས་ལས། དམག་ལ་སོགས་པར་འགྲོ་བའམ་སུ་ཐུག་ནའང་གསོད་སྙམ་པ་ལྟ་བུའི་ཀུན་སློང་སྤྱི་ཞུགས་ཡོད་ན། བསད་པའི་ཚེ་གསད་བྱ་དེ་གཞན་དུ་ཤེས་པའམ་དེར་ཤེས་པའི་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་ལ། དེ་ལས་གཞན་ལྷས་སྦྱིན་ལྟ་བུ་གསོད་སྙམ་ནས་ནོར་ཏེ་མཆོད་སྦྱིན་ལྟ་བུ་བསད་ན་འདུ་ཤེས་འཁྲུལ་པའི་ཆ་ནས་དངོས་གཞིའི་སྡིག་པ་མེད་ལ། ཀུན་སློང་ནི་བསད་པར་འདོད་པ། ཉོན་མོངས་པ་ནི་དུག་གསུམ་གང་རུང་གི་སྒོ་ནས་ཏེ། འདི་དག་འོག་མ་རྣམས་ལའང་ཅི་རིགས་པར་འགྲེའོ། །སྦྱོར་བ་ནི་མཚོན་ནམ་དུག་གམ་རིགས་སྔགས་ཀྱི་སྒོ་ནས་སྦྱོར་བ་ལ་སོགས་པ་གང་ཡང་རུང་བས་རང་གིས་བྱས་སམ་བྱེད་དུ་བཅུག་པ་གང་ཡིན་ཀྱང་འདྲ་སྟེ། གཞན་ཞིག་གིས་མི་ལྟ་བུ་གསོད་རྒྱུའི་གྲོས་ཐོག་ཏུ་རང་ཡང་ཐེ་ཡོད་ན་གཞན་དེ་དག་གིས་གསད་བྱ་དེའི་སྲོག་ནམ་བཅད་པའི་ཚེ། རང་གིས་དངོས་སུ་མ་བྱས་ཀྱང་གཞན་ལ་བྱེད་དུ་བཅུག་པ་དང་འདྲ་བ་ཡིན། མཐར་ཐུག་ནི་གསད་བྱ་དེ་རང་གི་སྔ་རོལ་དུ་ཤི་བ་དགོས་ཤིང་དེ་ལས་གཞན་དེའི་སྔ་རོལ་ལམ་དེ་དང་མཉམ་དུ་རང་ཤི་ན་རང་ལ་སྡིག་པའི་དངོས་གཞི་ཚང་བ་མེད། དེས་སྲོག་གཅོད་ཀྱི་ཕམ་པ་ལའང་ཤེས་དགོས་སོ། །གཉིས་པ་མ་བྱིན་ལེན་པ་ནི། སྔ་མ་ལས། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ཅེས་གཞི་རང་ལ་མི་དབང་བ་གཞན་གྱིས་བདག་གིར་བཟུང་བའི་རྫས་གང་ཡང་རུང་བ། བསམ་པའི་ཁྱད་པར་དེར་འདུ་ཤེས་ཤིང་ཀུན་སློང་ལེན་པར་འདོད་པ་ཉོན་མོངས་པ་དུག་གསུམ་གང་རུང་གིས། སྦྱོར་བ་དངོས་སུ་བཙན་ཐབས་ཀྱི་མཐུས་འཕྲོག་པའམ་མ་ཚོར་བར་ལྐོག་ཏུ་འཇབ་བུས་བརྐུས་པ་རང་གིས་བྱས་སམ་གཞན་ལ་བྱེད་དུ་བཅུག་པ་གང་ཡང་འདྲ་ལ། མཐར་ཐུག་གི་རང་ལ་ཐོབ་བློ་སྐྱེས་པའོ། །གསུམ་པ་ལོག་གཡེམ་ནི། དེ་ཉིད་ལས། བསྒྲོད་མིན་འགྲོ་བར་འདོད་པ་ཡིས། །ལོག་པར་གཡེམ་པའང་རྣམ་པ་བཞི། །ཞེས་བསྒྲོད་མིན་ཏེ་འཁྲིགས་པ་སྤྱོད་པའི་འོས་མ་ཡིན་པའི་འགྲོ་བ་སྟེ་སེམས་ཅན་ལ་འདོད་པས་ལོག་པར་གཡེམ་པ་ལ། གཞི་ལ་བསྒྲོད་བྱ་མ་ཡིན་པ་སྐྱེས་པ་དང་བུད་མེད་གང་རུང་བ་གཞན་གྱིས་བདག་ཏུ་བཟུང་བ་དང་། ཕ་མ་དང་བུ་རྒྱུད་དང་ཕ་མས་བསྲུང་བ་བདུན་བརྒྱུད་ཚུན་དུ་འབྲེལ་བ་དང་། དགེ་སྦྱོང་མ་སོགས་སྡོམ་པ་བླང་བ་དང་། སྐྱེས་གནས་མིན་པ་ཁ་དང་བཤང་ལམ་དང་རང་གཞན་གྱི་བརླ་དང་ལག་པ་ལ་སོགས་པ་དང་། གནས་མ་ཡིན་པ་གཙུག་ལག་ཁང་དང་རྟེན་གསུམ་གྱི་དྲུང་དང་། རང་གི་ཕ་མ་དང་དགེ་སྦྱོང་དང་གཞན་སྐྱེ་བོ་མང་པོས་མཐོང་ཐོས་དང་། སྣང་བ་དང་བཅས་པ་དང་། དུས་མ་ཡིན་པ་ཟླ་བ་ཚང་བའི་སྦྲུམ་མ་དང་། ཟླ་མཚན་འཛག་པ། བང་མ་སང་བ། མྱ་ངན་གྱི་ནོན་པ། བསྙེན་གནས་ལ་སོགས་ཀྱི་དུས་ཏེ། དེ་དག་གང་ཡང་རུང་བ་ནི། རང་གི་ཆུང་མ་ཡིན་ཀྱང་ལོག་གཡེམ་དུ་འགྱུར་བའོ། །བསམ་པ་སྔར་ལྟར་གསུམ་དང་སྦྱོར་བ་དེའི་དོན་ལ་བརྩོན་ཞིང་མཐར་ཐུག་དབང་པོ་གཉིས་སྤྲད་པ་ན་དངོས་གཞིར་འགྱུར་རོ། །བཞི་པ་རྫུན་ནི། སྔ་མ་ལས། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། ཚིག་དོན་མངོན་པར་གོ་བའོ། །མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། །གསུམ་གྱིས་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང་། །རྟོགས་པ་མིན་ཏེ་རིམ་བཞིན་བཤད། །ཅེས་གཞི་ནི་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་དང་། རྟོགས་པ་དང་། དེ་ལས་ལྡོག་པ་མ་མཐོང་བ་ལ་སོགས་པ་བཞི་སྟེ་བརྒྱད་ལ། དེ་ཡང་མིག་ལ་སོགས་པ་ཉམས་སུ་མྱོང་བ་མཐོང་བ་སྟེ། དེ་བཞིན་དུ་རྣ་བས་ཐོས་པ་དང་། ཡིད་ཀྱིས་རྣམ་པར་ཤེས་པ་དང་། དེ་ལས་གཞན་སྣ་དང་ལྕེ་དང་ལུས་ཀྱི་རྣམ་ཤེས་གསུམ་གྱིས་རྟོགས་པ་སྟེ་བཞི་དང་། དེའི་ལྡོག་ཕྱོགས་མིག་གིས་མ་མཐོང་བ་སོགས་སྦྱང་བ་དང་། སྨྲ་ཡུལ་དོན་གོ་བའི་གང་ཟག་ལ། བསམ་པ་གསུམ་ལས་གཞན་འདྲ་ལ། འདུ་ཤེས་མིག་གིས་གཟུགས་མཐོང་བ་ལ་མ་མཐོང་བ་དང་མ་མཐོང་བ་ལ་མཐོང་ཞེས་བྱ་ནས། ལུས་ཀྱིས་རེག་བྱ་རྟོགས་པ་ལ་མ་རྟོགས་སོགས་གཞན་དུ་བསྒྱུར་འདོད་ཀྱིས། སྦྱོར་བ་ལུས་ངག་གང་རུང་གིས་རྫུན་སྨྲས་པའམ་རྣམ་འགྱུར་བསྟན་པ་མཐར་ཐུག་ཕ་རོལ་པོས་དང་དུ་ལེན་པ་དོན་གོ་བ་སྟེ་མ་གོ་ན་ངག་འཁྱལ་ཙམ་དུ་འགྱུར་བར་གསུངས་སོ། །ལྔ་པ་ཕྲ་མ་ནི། དེ་ཉིད་ལས། ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག། ཅེས་གཞི་སེམས་ཅན་མཐུན་པ་དང་མི་མཐུན་པ་ལ། བསམ་པ་ལ་གསུམ་ལས། གཞན་འདྲ་ལ་ཀུན་སློང་ནི་སེམས་མཐུན་པ་དབྱེ་བར་འདོད་པ་དང་མི་མཐུན་པ་མི་འདུམ་པར་འདོད་པས། སྦྱོར་བ་འཁོན་ཚིག་བདེན་པ་དང་མི་བདེན་པ་གང་རུང་སྨྲས་པ་མཐར་ཐུག་སྨྲ་ཡུལ་དེས་གོ་བ་ཡིན་ཏེ་ཕ་རོལ་པོ་གཉིས་འབྱེད་ཐུབ་པ་ལ་མི་ལྟོས་སོ། །དྲུག་པ་ཚིག་རྩུབ་ནི། སྔ་མ་ལས། ཚིག་རྩུབ་མོ་ནི་མི་སྙན་པ། །ཞེས་གཞི་ནི་ཀུན་ནས་མནར་སེམས་སྐྱེ་བའི་གཞིར་གྱུར་པ་ཡིད་དུ་མི་འོང་བའི་སེམས་ཅན། བསམ་པ་གཞན་འདྲ་ལ་ཀུན་སློང་ངག་རྩུབ་མོ་སྨྲ་བར་འདོད་པས། སྦྱོར་བ་རིགས་དང་ཚུལ་ཁྲིམས་ལ་སོགས་པའི་ཀུན་སྤྱོད་ཀྱི་སྐྱོན་བདེན་དང་མི་བདེན་གང་རུང་སྨྲས་པ། མཐར་ཐུག་ཡུལ་དེས་གོ་བའོ། །བདུན་པ་ངག་འཁྱལ་ནི། དེ་ཉིད་ལས། ཉོན་མོངས་ཅན་ཀུན་བཀྱལ་པ་ཡིན། །གཞན་ནི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན། ཅེས་གཞི་ནི་སྔ་མ་གསུམ་གང་རུང་དུ་མི་གཏོང་བའི་དོན་དང་མི་ལྡན་པ། བསམ་པ་ལ་གསུམ་ལས་གཞན་འདྲ་ལ་བརྗོད་བྱའི་དོན་དེ་ཉིད་ལ་དེར་འདུ་ཤེས་པ། སྦྱོར་བ་ཉོན་མོངས་པས་ཀུན་ནས་བསླང་བའི་ཚིག་ཀུན་ངག་ཀྱལ་ཡིན་ཀྱང་གཞན་ཉོན་མོངས་ཞེས་ཉེས་པ་ཆེ་རིང་ལོགས་སུ་ཕྱེ་བ་ཡིན་ནོ་ཞེས་སློབ་དཔོན་ཁ་ཅིག་འདོད་ལ། སྔོན་གྱི་སློབ་དཔོན་གཞན་དག་གིས་ངག་གི་ལས་རྫུན་ལ་སོགས་པ་དེ་དག་ལས་གཞན་པའི་དཔེར་ན་དགེ་སློང་ལོག་འཚོ་ཅན་ལ་ཁ་གསག་སྨྲ་བ་དང་། ཆགས་པས་གླུ་ལེན་པ་དང་། ཟློས་གར་མཁན་གཞན་མགུ་བའི་ཕྱིར་ངག་འཁྱལ་གྱི་ཚིག་འདོན་པ་དང་། ཕྱི་རོལ་པའི་བསྟན་བཅོས་ངན་པ་ལ་ཞེན་ནས་དེ་འདོན་པ་དང་། དེ་བཞིན་དུ་སྨྲེ་ངག་འདོན་པ་དང་། འདུ་འཛིའི་གཏམ་ལ་སོགས་པའི་ངག་ཀྱལ་སྨྲ་བར་རྩོམ་པ་དང་། མཐར་ཐུག་སྨྲས་ཟིན་པའོ། །བརྒྱད་པ་བརྣབ་སེམས་ནི། དེ་ཉིད་ལས། བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་གཞི་ནོར་དང་ལོངས་སྤྱོད། བསམ་པ་ལ་གསུམ་ལས་དངོས་པོ་དེ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་པ་གསུམ་པོ་གང་རུང་གིས་ཀུན་སློང་བདག་གིར་བྱ་བར་འདོད་དེ། སྦྱོར་བ་ཕ་རོལ་པོའི་དངོས་པོ་དེ་བདག་གི་ལག་ཏུ་ལོན་ན་ཅི་མ་རུང་སྙམ་ནས་གཞན་ནོར་ལ་ཆགས་པའི་ཚུལ་གྱིས་བརྐུ་བ་འཕྲོག་པ་སོགས་ཕྱིན་ཅི་ལོག་མི་རིགས་པའི་བྱ་བ་གང་ཡང་རུང་བས་བདག་གིར་བྱེད་འདོད་པ། མཐར་ཐུག་བདག་གི་ཡོ་བྱད་དུ་གྱུར་ཅིག་སྙམ་དུ་སྨོན་པའོ། །དེ་ལ་བརྣབ་སེམས་ཡོངས་སུ་རྫོགས་པ་ལ་ཆོས་ལྔ་ཚང་དགོས་ཏེ། རང་གི་ལོངས་སྤྱོད་ལ་ལྷག་པར་ཆགས་སེམས་དང་ལྡན་པ་དང་། ལོངས་སྤྱོད་གསོག་པར་འདོད་པའི་བསྐམ་ཆགས་ཀྱི་སེམས་དང་ལྡན་པ་དང་། གཞན་གྱི་ནོར་ལ་སོགས་པ་བཟང་པོ་ལ་ཡོངས་སུ་རྟོག་ཅིང་རོ་མྱོང་བར་བྱེད་པ་ཆགས་པའི་སེམས་དང་ལྡན་པ་དང་། གཞན་དག་གི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་པ་འཁུ་བའི་སེམས་དང་ལྡན་པ་དང་། བརྣབ་སེམས་དེས་ངོ་ཚ་བ་མེད་ཅིང་ཉེས་དམིགས་མི་ཤེས་པའི་ངོ་ཚ་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་དང་ལྡན་པའོ། །དགུ་པ་གནོད་སེམས་ནི། དེ་ཉིད་ལས། གནོད་སེམས་སེམས་ཅན་ལ་སྡང་བ། །ཞེས་གཞི་ཡིད་དུ་མི་འོང་བའི་སེམས་ཅན་ལ། བསམ་པ་དེར་འདུ་ཤེས་ཤིང་ཉོན་མོངས་པ་གསུམ་པོ་གང་རུང་གིས་ཀུན་སློང་བརྡེག་པ་ལ་སོགས་པ་འདོད་པ་སྟེ་བསད་པ་དང་བཅིང་པ་དང་གཞན་གྱི་ལོངས་སྤྱོད་རྒུད་ན་ཅི་མ་རུང་སྙམ་པ་སོགས་ཀྱིས་སྦྱོར་བ་སེམས་ཅན་དེ་ལ་སྡང་བའམ་གནོད་པའི་ཡིད་ཀྱི་བསམ་པ་དེ་ལ་རྩོལ་ཞིང་། མཐར་ཐུག་དེ་ལྟར་བྱེད་པར་ཐག་བཅད་པའོ། །འདི་ལའང་ཆོས་ལྔ་ཚང་དགོས་ཏེ། གནོད་བྱེད་ཀྱི་རྒྱུ་ལ་མཚན་མར་འཛིན་པ་ཞེ་སྡང་གི་སེམས་དང་། གནོད་པ་བྱེད་པ་ལ་མི་བཟོད་པ་མི་བཟོད་པའི་སེམས་དང་། ཡང་དང་ཡང་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འཁོན་འཛིན་གྱི་སེམས་དང་། གསོད་བརྡེག་སོགས་བྱས་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས་དང་། དེ་ལ་ངོ་ཚ་མེད་ཅིང་ཉེས་དམིགས་མི་ཤེས་པ་ཟིལ་གྱིས་གནོན་པའི་སེམས་དང་ལྡན་པའོ། །བཅུ་པ་ལོག་ལྟ་ནི། སྔ་མ་ལས། དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། ཞེས་གཞི་དགེ་དང་མི་དགེ་སོགས་ཡོད་པའི་དོན་ལ། བསམ་པ་སྐུར་པ་འདེབས་པའི་དོན་དེ་ལ། བདེན་པ་འདུ་ཤེས་པས་ཉོན་མོངས་གསུམ་པོ་གང་རུང་གིས་ཀུན་སློང་སྐུར་པ་འདེབས་པར་འདོད་པས། སྦྱོར་བ་བསམ་པ་དེ་ལ་ཡིད་ཀྱིས་རྩོལ་ཞིང་། མཐར་ཐུག་ཐག་བཅད་པའོ། །མི་དགེ་བ་བཅུའི་ནང་གི་ལོག་ལྟ་ནི་ཆད་ལྟ་ཡིན་ཅིང་དེ་ལ་བཞི་སྟེ། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ལ་སོགས་པ་མེད་དོ་ཞེས་རྒྱུ་ལ་སྐུར་པ་འདེབས་པ་དང་། དེ་གཉིས་ཀྱི་རྣམ་སྨིན་མེད་དོ་ཞེས་འབྲས་བུ་ལ་སྐུར་པ་འདེབས་པ་དང་། བུ་དང་མ་མེད་དོ་འཇིག་རྟེན་སྔ་ཕྱི་མེད་དོ་ཞེས་སོགས་བྱེད་པ་ལ་སྐུར་པ་འདེབས་པ་དང་། དགྲ་བཅོམ་པ་མེད་དོ་ཞེས་པ་ལྟ་བུ་ཡོད་པའི་དངོས་ལ་སྐུར་པ་འདེབས་པའོ། །འདི་ཡང་ལྔས་རྫོགས་ཏེ། ཤེས་བྱ་ཇི་ལྟ་བ་བཞིན་དུ་མི་ཤེས་པ་རྨོངས་པའི་སེམས་དང་། སྡིག་ལ་དགའ་བ་དྲག་ཤུལ་གྱི་སེམས་དང་། རྒྱུ་མཚན་ཚུལ་བཞིན་མ་ཡིན་པའི་ཆོས་ལ་ངེས་པར་འཛིན་པ་རྒྱུན་དུ་ལོག་པར་ཞུགས་པའི་སེམས་དང་། ལེགས་སྤྱོད་དང་མཆོད་སྦྱིན་སོགས་ལ་མེད་པར་སྐུར་པ་འདེབས་པ་ཉམས་པའི་སེམས་དང་། ལོག་ལྟ་དེས་ངོ་ཚ་བ་མེད་ཅིང་ཉེས་དམིགས་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་ཏེ་དེ་དག་དང་ལྡན་པའོ། །དེ་ལྔ་མ་ཚང་ན་མི་རྫོགས་སོ། །ལས་འབྲས་དེ་དག་གི་ལྕི་ཡང་གི་ཚུལ་ནི། བཤེས་སྤྲིང་ལས། རྟག་ཏུ་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །ཞེས་རྟག་ཏུ་སྟེ་དུས་རྒྱུན་དུ་བྱེད་པ་སྦྱོར་བའི་ཁྱད་པར་དང་། མངོན་པར་ཞེན་པ་སྟེ་ཀུན་སློང་དྲག་པོས་བྱས་པ་བསམ་པའི་ཁྱད་པར། དགེ་སྡིག་གང་ཡིན་ཀྱང་རང་གི་མི་མཐུན་ཕྱོགས་མེད་པ་གཉེན་པོ་མེད་པའི་ཁྱད་པར། ཕ་མ་དང་ཆོས་སྨྲ་བ་སོགས་ལ་ཕན་འདོགས་པའི་གཞིའི་ཁྱད་པར། བླ་མ་དཀོན་མཆོག་སོགས་ལ་ཕན་གནོད་བྱེད་པ་ཡོན་ཏན་གཙོ་བོར་ལྡན་པའི་གཞིའི་ཁྱད་པར་སྟེ། དེ་དག་ལས་བྱུང་བའི་འབྲས་བུ་ངེས་པར་ཆེན་པོ་འབྱིན་པས་ན་ཆེན་པོ་ཡིན་ནོ། །གཞན་ཡང་ལས་ལམ་བཅུ་པོ་དེ་དག་གི་ངོ་བོའི་ལྕི་ཡང་ནི། ལུས་ངག་གི་བདུན་ནི། སྔ་མ་སྔ་མ་ལྕི་ཕྱི་མ་ཕྱི་མ་ཡང་། ཡིད་ཀྱི་གསུམ་ཕྱི་མ་ཕྱི་མ་ལྕི་སྔ་མ་སྔ་མ་ཡང་སྟེ། དེ་ཡང་ཉོན་མོངས་པ་ཤུགས་དྲག་པོས་བྱས་པ་དང་དེ་ལ་ཡོན་ཏན་དུ་རློམས་པ་དང་། རྗེས་སུ་དགའ་ཞིང་ཡི་རང་བ་དང་། ཡུན་རིང་པོ་ནས་བསམ་ཞིང་བྱས་པ་དང་། ཕ་མ་སོགས་ཡུལ་གཉན་པོར་བྱས་པ་རྣམས་ལྕི་བ་ཡིན་ནོ། །གཉིས་པ་འབྲས་བུ་ལ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུ་དང་བཞི་ལས། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། སེམས་ཉིད་ངལ་གསོ་ལས། ལས་བཅུ་ཆུང་ངུས་དུད་འགྲོ་འབྲིང་ཡི་དྭགས། །ཆེན་པོས་དམྱལ་བར་སྡུག་བསྔལ་རྣམ་སྨིན་འབྲས། །ཞེས་དུག་གསུམ་དྲག་པོ་བྱས་པ་ཆེན་པོ་སྟེ་དེས་ནི་དམྱལ་བར་སྐྱེས། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ་བ་སྟེ། དྲན་པ་ཉེར་བཞག་ལས། རྣམ་པར་སྨིན་པ་འདི་དག་གི་ཆུང་ངུས་ནི་དུད་འགྲོ་རྣམས་སུ་སྐྱེའོ། །འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། །ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་གསུངས་པ་ལྟར་རོ་། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་གཉིས་ལས། དང་པོ་ནི། སེམས་ཉིད་ངལ་གསོ་ལས། རྒྱུ་མཐུན་གཉིས་ལས་གང་བྱེད་དེར་སྐྱེ་བ། །བྱེད་པ་རྒྱུ་མཐུན་འབྲས་བུ་ལགས་པར་གསུངས། །ཞེས་ཚེ་འདིར་སྲོག་གཅོད་སོགས་གང་བྱས་ཀྱང་སྐྱེ་བ་ཕྱི་མར་ཡང་དེ་བྱེད་ཅིང་དེ་ལ་དགའ་བ་ཞིག་ཏུ་སྐྱེ་བ་སྟེ། ལས་བརྒྱ་པ་ལས། དེ་མི་དགེ་བ་ཀུན་ཏུ་སྤྱོད་ལ་གོམས་ཤིང་འདྲིས་པར་བྱས་པས་ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་མྱོང་བ་རྒྱུ་མཐུན་ནི། ལས་བརྒྱ་པ་ལས། དེ་བརྒྱ་ལམ་ཞིག་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་ལ། སྲོག་གཅོད་པ་ཉིད་ཀྱིས་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །མ་བྱིན་པ་བླང་བ་ཉིད་ཀྱིས་ཡོ་བྱད་ཀྱིས་བྲེལ་ཞིང་དགྲ་དང་ཐུན་མོང་དུ་འགྱུར་རོ། །འདོད་པས་ལོག་པར་གཡེམ་པ་ཉིད་ཀྱིས་ཁྱིམ་ཐབས་ཡིད་དུ་མི་འོང་ཞིང་གཞན་དང་ཐུན་མོང་དུ་འགྱུར་རོ། །རྫུན་སྨྲས་པ་ཉིད་ཀྱིས་སྐུར་པ་མང་ལ་གཞན་གྱིས་བསླུ་བར་འགྱུར་རོ། །ཕྲ་མ་ཉིད་ཀྱིས་གཡོག་འཁོར་ངན་ཅིང་མི་འདུམ་པར་འགྱུར་རོ། །ཚིག་རྩུབ་མོ་ཉིད་ཀྱིས་མི་སྙན་པ་དང་འཐབ་མོའི་ཚིག་ཏུ་འགྱུར་རོ། །ཀྱལ་པ་ཉིད་ཀྱིས་ཚིག་བཟུང་བར་མི་འོས་ཤིང་སྤོབས་པ་མ་ངེས་པར་འགྱུར་རོ། །བརྣབ་སེམས་ཉིད་ཀྱིས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པར་འགྱུར་རོ། །གནོད་སེམས་ཉིད་ཀྱིས་ཕན་པ་མི་འཚོལ་ཞིང་གནོད་པ་སྒྲུབ་པའི་གཞིར་འགྱུར་རོ། །ལོག་པར་ལྟ་བ་ཉིད་ཀྱིས་ལྟ་བ་ངན་པ་དང་གཡོ་སྒྱུ་ཆེ་བར་འགྱུར་རོ། །ཞེས་གསུངས་ཏེ་གཞན་སླ་ལ། དགྲ་དང་ཐུན་མོང་ཞེས་པ་དགྲས་ཁྱེར་བ་དང་། གཞན་དང་ཐུན་མོང་ཞེས་པ་སྐྱེས་པ་དང་བུད་མེད་གང་ཡིན་གཞན་དང་ལོག་པར་སྤྱོད་པ་དང་། སྐུར་པ་མང་བ་གཞན་གྱིས་སྐུར་འདེབས་བྱེད་པ་དང་། འཐབ་མོའི་ཚིག་ཏུ་འགྱུར་བ་རང་གིས་གང་སྨྲས་ཕ་རོལ་པོའི་ཡིད་ལ་མི་བབས་པར་འཐབ་མོའི་ཚིག་ཏུ་འགྱུར་བ་དང་། ཚིག་བཟུང་བར་མི་འོས་པ་ནི། ཚིག་བདེན་པར་མི་བརྩི་བ་དང་། སྤོབས་པ་མ་ངེས་པ་ནི། ཚིག་སྨྲ་བ་སོགས་ལ་རེས་སྤོབས་པ་ཅུང་ཟད་རེ་ཡོད་པ་འདྲ་ཡང་རེས་སྤོབས་པ་མེད་པ་དོན་ལ་སྤོབས་པ་ཞན་པའོ། །ཕན་པ་མི་འཚོལ་ཞིང་གནོད་པ་བསྒྲུབ་པ་ཞེས་པ་གཞན་གྱིས་ཕན་པ་མི་བསྒྲུབ་ཅིང་གནོད་པ་འབའ་ཞིག་ཏུ་སྐྱེ་བའོ། །གསུམ་པ་བདག་པོའི་འབྲས་བུ་ནི་ཡུལ་ལ་སྨིན་པ་སྟེ། སེམས་ཉིད་ངལ་གསོ་ལས། སྲོག་གཅོད་པས་ནི་ས་ཕྱོགས་གཟི་བརྗིད་ཆུང་། །སྨན་ཤིང་ལོ་འབྲས་མེ་ཏོག་བཟའ་བཏུང་སོགས། །མཐུ་ཆུང་འཇུ་དཀའ་ཚེ་ལ་བར་དུ་གཅོད། །མ་བྱིན་ལེན་པས་ལོ་ཐོག་འབྲས་མི་སྨིན། །སད་སེར་མུ་གེས་འཇིགས་པའི་ཡུལ་དུ་སྐྱེ། །ལོག་པར་གཡེམ་པས་བཤང་གཅི་འདམ་རྫབ་ཁྲོད། །ལྗན་ལྗིན་མི་གཙང་དྲི་ང་སྐྱེ་བའི་ཡུལ། །དོག་ཅིང་ཉམ་ང་ཉམས་མི་དགའ་བར་སྐྱེ། །རྫུན་གྱིས་ཡུལ་རྣམས་མི་མཐུན་འཇིགས་དང་བཅས། །འབྱོར་པ་གཡོ་ཞིང་གཞན་གྱིས་བསླུ་བར་སྐྱེ། །ཕྲ་མས་ས་ཕྱོགས་བགྲོད་དཀའ་མཐོ་དམའ་ཅན། །ངམ་གྲོག་གཡང་ས་གཅོང་རོང་ལ་སོགས་པ། །རེག་ནི་མི་བདེ་སྣ་ཚོགས་ཡུལ་དུ་སྐྱེ། །རྩུབ་མོས་སྡོང་དུམ་རྡོ་གསེག་ཚེར་མ་དང་། །རྡུལ་དང་ཉལ་ཉིལ་འབྲས་ངན་རྩུབ་པ་དང་། །ཚྭ་སྒོ་ལ་སོགས་མི་དགེའི་ཡུལ་དུ་སྐྱེ། །བཀྱལ་པས་ལོ་འབྲས་མི་སྨིན་དུས་ཚིགས་ལོག། རིང་དུ་མི་བརྟན་མི་གནས་ཡུལ་དུ་སྐྱེ། །བརྣབ་སེམས་འབྲས་སོགས་ཉུང་ཞིང་སྤུན་པ་མང་། །བཟང་པོའི་དུས་ཚིགས་འགྱུར་བ་མཐོང་བར་སྐྱེ། །གནོད་སེམས་ལོ་ཏོག་འབྲས་བུ་ཚ་ཞིང་ཁ། །རྒྱལ་པོ་ཆོམ་རྐུན་མི་རྒོད་སྦྲུལ་ལ་སོགས། །རང་བཞིན་གནོད་པ་མང་བའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་ཆེན་འབྱུང་ཁུངས་མི་ལྡན་ཅིང་། །སྨན་ཤིང་མེ་ཏོག་འབྲས་བུ་ཉུང་བ་དང་། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །ཞེས་གསུངས་པ་ལྟར་ཏེ་ས་ཕྱོགས་གཟི་བརྗིད་ཆུང་བ་ནི་ས་ཕྱོགས་མདོག་ངན་པ་དང་། ས་གཡོ་བ་ནི་འབྱོར་པ་མི་བརྟན་པ་དང་། ངམ་གྲོག་ནི་གཤོང་ངམ་ས་རལ་ཆེན་པོ་ཡོད་པ་དང་། ཚྭ་སྒོ་ཅན་ནི་བ་ཚྭ་ཅན་དང་། དུས་ཚིགས་ལོག་པ་ནི་དབྱར་དགུན་སོགས་ཀྱི་དུས་ཚོད་གཞན་དུ་འགྱུར་བའོ། །བཞི་པ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། སྔ་མ་ལས། སྐྱེས་བུ་བྱེད་པའི་འབྲས་བུ་མི་དགེ་བ། །གང་བྱས་དེ་ཉིད་འཕེལ་བས་སྡུག་བསྔལ་སྐྱེད། །ཅེས་ལས་དེ་གཉེན་པོ་དང་འགྱོད་སེམས་ཀྱིས་མ་སླེབ་ན་གོང་ནས་གོང་དུ་འཕེལ་བར་འགྱུར་བ་སྟེ། དྲན་པ་ཉེར་བཞག་ཆུང་ངུ་ལས། སྐྱེས་བུ་གཏི་མུག་ཅན་སྡིག་པ་བྱེད་པ་དེ་དག་ནི་ཡང་ཕྱིར་ཞིང་སྡིག་པ་འཕེལ་བས་རབ་ཏུ་སྡུག་བསྔལ་བར་འགྱུར་རོ། །ཞེས་གཏི་མུག་ཅན་ཅེས་པ་ནི་ཉེས་དམིགས་མི་ཤེས་པས་འགྱོད་བཤགས་སོགས་མི་བྱེད་པ་བསྟན་ནོ། །གཉིས་པ་དགེ་བའི་ལས་འབྲས་ལ། ལས་ལམ་དང་། འབྲས་བུ་གཉིས་ལས། དང་པོ་ནི། སྲོག་གཅོད་སྤོང་བ་ལ་སོགས་པའི་དགེ་བ་བཅུ་སྟེ། སྲོག་གཅོད་ལ་ཉེས་དམིགས་ཀྱི་བསམ་པ་ཅན་དགེ་བའི་སེམས་དང་ལྡན་པས་དེ་ཡང་དག་པར་སྡོམ་པའི་སྦྱོར་བ་བྱས་པ་དང་བསྡོམ་པ་མཐར་ཐུག་བྱས་པའི་ལུས་ཀྱི་ལས་དང་། དེ་བཞིན་དུ་མ་བྱིན་པར་ལེན་པ་དང་ལོག་པར་གཡེམ་པ་ལ་སྦྱར་ཞིང་། དེ་བཞིན་དུ་ངག་གི་བཞི་དང་ཡིད་ཀྱི་གསུམ་ལའང་སྦྱར་ཏེ། ཁྱད་པར་ནི་ངག་གི་ལས་དང་ཡིད་ཀྱི་ལས་ཞེས་བྱའོ། །གཞི་བསམ་སྦྱོར་བ་མཐར་ཐུག་གི་ཚུལ་ཡང་ཅི་རིགས་པར་སྦྱོར་ཏེ། སྲོག་གཅོད་པ་སྤོང་བའི་ལས་ལམ་ལ་མཚོན་ན། གཞི་སྲོག་ལྡན་དེར་འདུ་ཤེས་ནས་ཆགས་མེད་སྡང་མེད་གཏི་མུག་མེད་པ་གསུམ་གང་རུང་གི་སྒོ་ནས། ཀུན་སློང་སྲོག་མི་གཅོད་པར་འདོད་དེ། སྦྱོར་བ་གསོད་པ་ཡང་དག་པར་བསྡམ་པ། མཐར་ཐུག་ཡང་དག་པར་བསྡོམ་པ་རྫོགས་པར་གྱུར་པའོ། །ཚུལ་དེས་གཞན་ཡང་ཤེས་པར་བྱའོ། །གཉིས་པ་འབྲས་བུ་ལའང་སྔར་ལྟར་བཞི་ལས། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། དགེ་མི་དགེ་ལས་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པ་བཞིན་མི་དང་འདོད་པའི་ལྷ་དང་ཁམས་གོང་མ་གཉིས་ཀྱི་ལྷར་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་སྲོག་གཅོད་པ་ལ་མི་དགའ་བ་དང་ཚེ་རིང་བ་དང་ནད་མེད་པའོ། །བདག་པོའི་འབྲས་བུ་ས་ཕྱོགས་གཟི་བརྗིད་ཆེ་ཞིང་བཟའ་བཏུང་དང་སྨན་ནུས་ཆེ་བ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དགེ་བ་དེ་གོང་འཕེལ་དུ་འགྱུར་བ་སོགས་མི་དགེ་བའི་འབྲས་བུའི་ལྡོག་ཕྱོགས་སྦྱར་ཏེ་གཞན་ལའང་རིགས་འགྲེའོ། །གཉིས་པ་ལས་ཀྱི་རབ་དབྱེ་ཅུང་ཟད་བཤད་པ་ལ། སྟོབས་ཆེ་ཆུང་གི་སྒོ་ནས་མྱོང་བར་ངེས་པའི་ལས་དང་། མ་ངེས་པའི་ལས་གཉིས་སུ་ཡོད་དེ། མཛོད་ལས། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཞེས་ཀུན་སློང་ཉོན་མོངས་པ་དྲག་པོས་བྱས་པའི་མི་དགེ་བ་དང་། །རབ་ཏུ་དད་པ་དྲག་པོས་བྱས་པའི་དགེ་བ་ནི་བསམ་པའི་སྒོ་ནས་དང་། ཡང་ཉོན་མོངས་པ་རབ་ཏུ་དང་དད་པ་དྲག་པོ་མེད་ཀྱང་དགེ་བ་རྒྱུན་ཆགས་སུ་བྱས་པ་ནི་སྦྱོར་བའི་སྒོ་ནས་དང་། དེ་ཀུན་སློང་ཤུགས་དྲག་དང་རྒྱུན་དུ་མིན་ཀྱང་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་ལ་སོགས་པ་ལ་ཕན་གནོད་བྱས་པ་དང་། ཕ་མ་གསོད་པའི་ལས་གང་ཡིན་པ་པར་སིག་པ་རྣམས་ལྟར་བསོད་ནམས་སུ་རློམས་པའི་བློས་བྱས་ཀྱང་མཚམས་མེད་དུ་འགྱུར་བ་ནི་ཡུལ་གྱི་སྒོ་ནས་སྟོབས་ཆེ་བ་སྟེ། དེ་ལྟ་བུའི་ལས་དགེ་མི་དགེ་རྣམས་ནི་རྣམ་སྨིན་ངེས་པར་མྱོང་བར་འགྱུར་བས་ན་མྱོང་ངེས་ཀྱི་ལས་ཞེས་བྱ་ལ། དེ་འདྲ་བ་ལས་གཞན་པའི་ལས་སྟོབས་ཆུང་བ་དག་ནི་མ་ངེས་པའི་ལས་ཡིན་ནོ། །ཡང་མྱོང་ངེས་ནི་བྱས་བསགས་ཚང་བ་རྣམས་ཡིན། བྱས་ལ་མ་བསགས་པའི་ལས་ནི་མྱོང་ངེས་མ་ཡིན་པས་བྱས་བསགས་ཀྱི་ཁྱད་པར་ནི། རྨི་ལམ་དུ་བྱས་པ་དང་། མ་ཤེས་པར་བྱས་པ་དང་། མི་འདོད་པས་བྱས་པ་དང་། འགྱོད་བཞིན་དུ་བྱས་པ་སོགས་ཡིན་ལ། སྦྱོར་བ་དང་མཇུག་ཚང་ལ་དངོས་གཞི་མ་ཚང་བ་དཔེར་ན་མི་གསོད་འདོད་དང་། གསོད་རྒྱུ་བྱུང་ན་དགའ་བ་ལ་སྙམ་པ་ལྟ་བུའི་དགའ་བ་བསྒོམ་པ་གཉིས་ཚང་ཡང་གསོད་པའི་དངོས་གཞི་མ་བྱས་ན་བསགས་ལ་མ་བྱས་པའི་ལས་ཡིན། སྦྱོར་དངོས་མཇུག་གསུམ་ཀ་ཚང་ན་བྱས་བསགས་ཚང་བ་ཡིན། རང་གིས་འདོད་པ་མེད་ཀྱང་མི་འདོད་བཞིན་དུ་གསོད་དགོས་བྱུང་ན་བྱས་ལ་མ་བསགས་པ་ཡིན། གནོད་སེམས་སྐྱེས་ཀྱང་དེ་མ་ཐག་གཉེན་པོས་བཅོམ་པ་དང་། གསོད་འདོད་ཀྱི་ཀུན་སློང་མེད་ཅིང་གསོད་པའི་ཆེད་དུ་སྦྱོར་བ་ཡང་མ་བརྩམ་པར་འགྲོ་ཞོར་ལ་རྐང་ཞབས་ཀྱིས་འབུ་བསད་པ་ལྟ་བུ་བྱས་བསགས་གཉིས་ཀ་མ་ཚང་བའི་ལས་སུ་མཁས་པ་དག་གསུངས་ལ། མདོར་ན་དགའ་བཞིན་དུ་བྱས་པ་ལ་བྱས་བསགས་གཉིས་ཀ་ཚང་ནས་ཡོད། མི་དགའ་བཞིན་དུ་བྱས་ལ་མ་བསགས་པར་འགྲོ། བྱེད་འདོད་ཀྱང་བྱེད་རྒྱུ་མ་བྱུང་ན་བསགས་ལ་མ་བྱས་པར་འགྲོ་བས་མི་དགེ་བའི་ཕྱོགས་གང་ཡིན་དང་པོ་ནས་མ་བསམ་པ་དགོས། བསམ་ནས་བསགས་ཀྱང་ལུས་ངག་སོགས་ཀྱིས་མ་བྱས་པ་དགོས། གལ་ཏེ་བྱས་བསགས་ཚང་ན་ཡང་དེ་མ་ཐག་འགྱོད་སེམས་བཤགས་སྡོམ་བྱས་ན་མ་བསགས་པར་འགྱུར་བས་རྣམ་སྨིན་མྱོང་ངེས་མ་ཡིན་པར་འགྲོ་བས་དེ་ལྟར་བསླབ་དགོས། ཡང་རྨི་ལམ་དུ་མི་བསད་པ་རྨིས་ནས་སླར་སད་དུས་ཤིན་ཏུ་ལེགས་སོ་སྙམ་དུ་མངོན་ཞེན་གྱིས་གསོས་ཐེབས་ཤིང་དགའ་བ་བསྒོམ་ན་བྱས་བསགས་ཚང་བར་འགྲོ་བ་ཡིན་པར་མདོ་དང་བསྟན་བཅོས་དག་གི་དགོངས་པ་ཡིན་ནོ། །བསགས་ཞེས་པའི་དོན་ཀུན་སློང་གི་སྒོ་ནས་དེ་བྱེད་སྙམ་པ་དང་བྱས་ཞེས་པ་སྦྱོར་བའི་སྒོ་ནས་བརྩམ་པ་ལ་གོ་དགོས། མདོར་ན་བྱས་བསགས་ཚང་བ་དང་བསགས་པ་མ་བྱས་པ་གཉིས་མྱོང་ངེས། བྱས་ལ་མ་བསགས་པ་ནི་མྱོང་བར་མ་ངེས་པ་ཡིན། གཞན་ཡང་ཚེ་ཕྱི་མ་དེར་མྱོང་བར་ངེས་པ་ནི་མཚམས་མེད་པའི་ལས་ལྔ་རྣམས་ལྟ་བུ་ཡིན། མཚམས་མེད་པ་ནི། ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་བསད་པ་དང་། དགེ་འདུན་འཁོར་ལོའི་དབྱེན་དང་། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ལྔར་མཛོད་ལས་གསུངས་ཏེ། གཞན་སླ་ལ། འཁོར་ལོའི་དབྱེན་ནི་དགེ་འདུན་བཞི་སྡེ་གཉིས་ཡན་ཆད་ཕན་ཚུན་དབྱེ་བར་བྱེད་པ། དེ་ཡང་རང་ཉིད་སངས་རྒྱས་ལས་སྟོན་པ་གཞན་དུ་ཁས་བླངས་ནས་ཚན་ཕྱོགས་སུ་བཅད་དེ་རང་གིས་ཆོས་མ་ཡིན་པའི་བཅས་ཁྲིམས་ཀྱི་ཕྱོགས་བཟུང་དུ་བཅུག་པ་དང་། གཞན་རང་གི་རྗེས་སུ་མི་འཇུག་པ་དག་སྟོན་པའི་ཕྱོགས་སུ་བཅད་པར་བྱས་པ་སྟེ། སྔོན་ལྷས་བྱིན་གྱིས་སྟོན་པ་ཞལ་བཞུགས་དུས་སུ་དེ་ལ་འགྲན་འཚོལ་ཏེ། ལུང་ལས། འོ་མ་ཤ་དང་ལན་ཚྭ་དང་། །གོས་དང་དགོན་པར་གནས་པའོ། །ཞེས་སྡོམ་དུ་མཛད་པ་ལྟར། འོ་མ་དང་ཤ་དང་ལན་ཚྭ་ལ་ལོངས་མི་སྤྱོད་པ་དང་། གོས་མ་དྲས་པ་གྱོན་པ་དང་། གྲོང་གི་ནང་དུ་གཙུག་ལག་ཁང་དུ་འདུག་པ་སྟེ་བརྟུལ་ཞུགས་ལྔའམ་བསླབ་པའི་གཞི་ལྔ་བཅས་ཏེ། ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བྱ། རྒྱ་མཚོའི་བྱིན་ལ་སོགས་པ་ལ་ཕྱོགས་དེ་བཟུང་བཅུག་ཅིང་། དགེ་འདུན་གཞན་རྣམས་ཀྱིས་སྟོན་པའི་ཕྱོགས་བཟུང་བ་དེ་ལྟར་ཚན་གཉིས་སུ་ཕྱེས་པ་ལྟ་བུ་སྟེ། བདག་ཅག་གི་སྟོན་པའི་བསྟན་པ་ལ་དགེ་འདུན་དབྱེན་གྱི་མཚམས་མེད་བྱུང་བ་ནི་ལྷས་སྦྱིན་ལས་གཞན་མེད་དོ། །དེ་ལྟར་དབྱེན་བྱས་པས་ནི་བར་གྱི་བསྐལ་པའི་བར་མནར་མེད་དུ་སྡུག་བསྔལ་མྱོང་ལ། མཚམས་མེད་གཞན་དག་གིས་ནི་སྤྱིར་དམྱལ་བར་སྐྱེ་བར་ངེས་ཀྱང་མནར་མེད་ཁོ་ནར་སྐྱེ་བ་ནི་མ་ངེས་སོ། །དེས་ན་ད་ལྟ་ཡང་དགེ་འདུན་ནང་ཕན་ཚུན་དབྱེན་བྱས་ན་ཉེས་པ་ཤིན་ཏུ་ཆེ་མོད། འཁོར་ལོའི་དབྱེན་ནི་མ་ཡིན་ནོ། །དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ལས་ནི། གསོད་པ་གསུམ་དེའི་སྟེང་དུ་དམ་པའི་ཆོས་སྤོང་བ་དང་། སངས་རྒྱས་ཀྱི་སྐུ་གཟུགས་བཤིག་པ་ལྔ་ལ་མཚམས་མེད་དུ་གསུངས་ཏེ། དམ་པའི་ཆོས་སྤོང་བ་ཞེས་པ་ནི་སངས་རྒྱས་ཀྱི་བཀའ་ཡང་དག་པ་ལ་དེ་མ་ཡིན་པར་སྨྲ་བ་སོགས་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་དང་། རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསད་པར་བྱ་མིན་བྱེད་པ་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོགས་མདོ་དང་བསྟན་བཅོས་ཀུན་ལས་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་སོ། །དེ་ལས་མཆོག་ཚོགས་འབྱེད་ཅེས་པ་ནི་དགེ་འདུན་དབྱེན་ཡིན། ཆོས་ཉིད་ངེས་པར་བསམ་པ་ནི་སྡིག་པའི་ལས་དེ་ལ་འགྱོད་ཅིང་རྒྱལ་བས་ཇི་ལྟར་བསྟན་པ་བཞིན་ཆོས་ཀྱི་དོན་བསམ་ཞིང་བཤགས་སྡོམ་བྱས་ན་འདག་པར་བསྟན་པའོ། །མཚམས་མེད་པ་དེ་དག་དང་ཆ་འདྲ་བ་ནི་དེ་དང་ཉེ་བ་ལྔ་སྟེ། རང་གི་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ཞིག་ལ་ལོག་སེམས་ཀྱིས་སུན་འབྱིན་པ་དང་། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསགས་ཚར་ནས་མཚན་བཟང་གི་རྒྱུ་བསྒྲུབ་མཁན་གྱི་བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱ་ཕན་ཆད་ནས་འཚང་རྒྱ་བར་ངེས་པའི་བྱང་ཆུབ་སེམས་ངེས་གནས་གསོད་པ་སྟེ། དོན་ལ་མཚན་བཟང་གི་རྒྱུ་སྒྲུབ་པའི་མགོ་བརྩམ་པ་ནས་བཟུང་སངས་མ་རྒྱས་ཀྱི་བར་བྱང་སེམས་ངེས་གནས་ཡིན་ནོ། །དགྲ་བཅོམ་པ་མ་ཡིན་པའི་འཕགས་པ་གསོད་པ་དང་། དགེ་འདུན་གྱི་ཞལ་གྱི་འདུ་བའི་སྒོ་འཕྲོག་པ་དང་། ངན་སེམས་ཀྱིས་སྐུ་གསུང་ཐུགས་རྟེན་བཤིག་པ་དང་ལྔའོ། །དེ་དག་ནི་རིམ་པ་བཞིན་མ་དང་ཕ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་རྣམས་དང་ཆ་འདྲ་ཞིང་མཚུངས་པས་ན་ཉེ་བའི་མཚམས་མེད་ཅེས་བྱ་སྟེ་འདི་རྣམས་ཀྱིས་ཀྱང་དམྱལ་བ་ཁོ་ནར་སྐྱེ་བར་བྱེད་ལ། འོན་ཀྱང་མཚམས་མེད་དང་ཆ་ཐམས་ཅད་ནི་མི་མཚུངས་ཏེ་དུས་དང་རྣམ་སྨིན་ཆེ་ཆུང་སོགས་ཁྱད་པར་ཡོད་པའི་ཕྱིར་རོ། །འདིར་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ཞེས་པ་ནི་དགེ་འདུན་འཚོ་བར་བྱེད་པའི་ཞལ་དུ་གསོལ་བར་བྱ་བ་གང་ཡིན་པ་དེ་འཕྲོག་པ་ལ་བྱེད་དེ། དེས་ནི་རྣམ་སྨིན་དམྱལ་བ་ཆེན་པོར་ལྟུང་ལ། ཞལ་དུ་འདུ་བ་མ་ཡིན་པའི་ཡོ་བྱད་གཞན་འཕྲོག་ན་ནི་མནར་མེད་པའི་ཁོར་ཡུག་མུན་ནག་ཆེན་པོ་ལ་སོགས་པར་སྐྱེ་བར་བཤད་དོ། །དེ་ཡང་སྤྱིར་དཀོན་མཆོག་གི་ཡོ་བྱད་ནི་ཆུང་ངུ་ཞིག་བླངས་ན་ཡང་རྣམ་སྨིན་ཆེན་པོར་འགྱུར་ལ། དེའི་ནང་ནས་སངས་རྒྱས་དང་ཆོས་ཀྱི་ཡོ་བྱད་ནི་རིས་མཐུན་པ་གཞན་སླར་ཕུལ་ན་དག་པར་འགྱུར་ལ། དགེ་འདུན་གྱི་ཡོ་བྱད་བླངས་པ་ནི་རྣམ་སྨིན་གྱི་ཚོར་བ་མ་མྱོང་བར་དག་པར་མི་འགྱུར་ཏེ། ཞིང་ལྕི་བའི་ཕྱིར་ཞེས་གསུངས་པས་ན་ཤིན་ཏུ་བག་ཡོད་པར་བྱའོ། །ཡང་ཡུལ་དང་བསམ་པའི་སྒོ་ནས་དགེ་མི་དགེ་གང་ཡིན་ཀྱང་སྟོབས་ཆེ་བ་ཚེ་འདི་ལ་མྱོང་བར་འགྱུར་བ་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། ཚེ་གཉིས་པ་ལ་མྱོང་བར་ངེས་པ་མཚམས་མེད་ལྟ་བུ་སྐྱེས་ནས་མྱོང་འགྱུར་དང་། ཚེ་གསུམ་པ་ཕན་ཆད་དུ་སྨིན་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་གསུམ་ཡོད་དོ། །ཡང་རྣམ་སྨིན་གྱི་སྒོ་ནས་འདོད་པའི་བདེ་འགྲོར་འཕེན་པ་བསོད་ནམས་ཀྱི་ལས་དང་། ངན་འགྲོར་འཕེན་པ་བསོད་ནམས་མ་ཡིན་པའི་ལས་དང་། ཁམས་གོང་མར་འཕེན་པ་མི་གཡོ་བའི་ལས་དང་གསུམ་ཡོད། ཡང་གཞི་བསམ་སྦྱོར་བ་མཐར་ཐུག་གི་བར་མི་དགེ་བས་བྱས་པ་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཡིན་ལ། དེ་དང་གཅིག་ཏུ་གནག་པའི་ལས་དོན་གཅིག། གཞི་ནས་མཐར་ཐུག་གི་བར་དགེ་བས་བྱས་པའི་ཁམས་གསུམ་གྱི་དགེ་བ་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས། དེ་དང་གཅིག་ཏུ་དཀར་བའི་ལས་དོན་གཅིག། འདྲེས་མའི་ལས་ལ་གཉིས། བསམ་པའི་སྒོ་ནས་ནག་ལ་སྦྱོར་བས་དཀར་བ་བྲམ་ཟེ་སེམས་ངན་པས་དགེ་འདུན་ལ་སྟོན་མོ་དྲངས་ཏེ་ཀླུར་སྐྱེས་ནས་སོག་མ་ཙམ་ཡང་མེད་པར་སྨིན་པས་སོག་མ་མེད་དུ་སྐྱེས་པ་ལྟ་བུ་སྟེ། །འདི་དང་ངོ་བོ་དཀར་ལ་རྣམ་སྨིན་གནག་པའི་ལས་དོན་གཅིག་སྟེ། རྣམ་སྨིན་དཀར་ནག་བསམ་པ་དཀར་ནག་ལ་རག་ལས་སོ། །གཞན་ཡང་ཞེ་སྡང་གི་ཀུན་ནས་བསླངས་ཏེ་སྲོག་གཅོད་པའི་ཕྱིར་སྦྱིན་པ་བཏང་བའི་ལས་ལྟ་བུའང་དེ་ཡིན་པས་དེས་རིགས་འགྲེའོ། །སྦྱོར་བ་ནག་ལ་བསམ་པ་དཀར་བ་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུ་སྟེ་འདི་དང་ངོ་བོ་གནག་ལ་རྣམ་སྨིན་དཀར་བའི་ལས་དོན་གཅིག་གོ། །ཡང་དགེ་བའི་ལས་ལ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་པའི་ལས་ནི་འཁོར་བར་འཕེན་བྱེད་མ་ཡིན་ཅིང་རྫོགས་བྱང་གི་རྒྱུར་གྱུར་པའི་ཟག་མེད་ཀྱི་དགེ་བའི་ལས་དང་། དེ་ལས་གཞན་འཁོར་བར་འཕེན་བྱེད་ཀྱི་དགེ་བ་རྣམས་ནི་ཟག་བཅས་དགེ་བའི་ལས། བདག་མེད་པའི་དོན་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དགེ་བ་ནི་ཐར་པ་ཐོབ་བྱེད་ཡིན་པས་ཐར་པ་ཆ་མཐུན་དང་གསུམ་དུ་དབྱེ་སྟེ། སེམས་ཉིད་ངལ་གསོ་ལས། ཐར་པ་ཆ་མཐུན་ལ་སོགས་ཟག་མེད་རྒྱུ། །ཞེས་དང་། དབུ་མ་རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་སོགས་ཀྱིས་ཟག་མེད་ཀྱི་ཚུལ་དང་། དེའི་ལྡོག་ཕྱོགས་ཟག་བཅས་ཀྱི་དགེ་བར་བསྟན་པའི་ཕྱིར། དེ་ལྟར་ཟག་མེད་དགེ་བའི་ལས་ངོས་འཛིན་ཚུལ་ནི་ཁྲིད་ཡིག་རང་ལས་བྱུང་བ་ལྟར་ཏེ། གཞུང་ཆེན་པོ་དག་གི་འཆད་ཚུལ་ལས་བྱུང་བའི་ཟག་མེད་ལས་ནི་འདི་དང་འདྲ་བ་མིན་ཀྱང་སྐྱོན་མེད་དེ་དོན་ལ་འཐད་པ་དང་བཅས་དང་། ད་ལྟར་རང་ཅག་ལྟ་བུས་ལས་འབྲས་ཀྱི་རྣམ་བཞག་ལ་བླང་དོར་བྱ་བའི་སྐབས་དོན་དང་མཐུན་པར་དབྱེ་ཚུལ་གྱི་མན་ངག་ཁྱད་པར་བ་ཡིན་པའི་ཕྱིར་རོ། །སྤྱིར་ལས་ཀྱི་རྣམ་དབྱེ་མང་དུ་ཡོད་ཀྱང་། འདིར་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཀྱི་དབྱེ་ཚུལ་དེ་ག་མ་གཏོགས་ཁྲིད་ཡིག་གི་གཞུང་ཙམ་ལས་གཞན་ནི་མ་བཀོད་པའོ། །དེས་ན་ཐོག་མར་ལས་འབྲས་ཀྱི་རྣམ་བཞག་འདི་ཙམ་ཞིག་ཤེས་པར་བྱས་ཏེ། དཔལ་མཉམ་མེད་ཇོ་བོ་ཆེན་པོས། ལས་འབྲས་ཀྱི་རྣམ་བཞག་འདི་ཤིན་ཏུ་ཕྲ་བས་སྙིང་ཁམས་བསྐྱེད་མི་རུང་གསུངས་པ་ལྟར་ཐོག་མར་ཀུན་སློང་གི་དུས་ནས་བརྟགས་ཏེ་ཞིབ་པར་སྤང་བླང་བྱ་དགོས་ཏེ། ཀུན་སློང་དུག་གསུམ་གྱི་དབང་དུ་སོང་བའི་བསམ་པ་ངན་པས་ཀུན་ནས་བསླང་བ་ནི་མི་དགེ་བར་འགྱུར་ལ། དེ་ལས་ལྡོག་པ་ནི་དགེ་བ་ཡིན་པའི་ཕྱིར་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེས་སྡང་གཏི་མུག་གསུམནི་ངོ་བོ་ཉིད་ཀྱིས་མི་དགེ་བར་གྱུར་པ་མ་ཟད། །དེ་བསྐྱེད་པའི་ལུས་ངག་གི་ལས་ནི་མི་དགེ་བ། ཡིན་པར་ཤེས་པར་བྱའོ། །མ་ཆགས་མི་སྡང་གཏི་མུག་མེད། པའི་དགེ་བའི་རྩ་བ་ངོ་བོ་ཉིད་ཀྱིས་དགེ་བར་གྱུར་པ་མ་ཟད། དེས་བསྐྱེད་པའི་ལུས་ངག་གི་ལས་ནི་དགེ་བ་ཡིན། པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་ཏེ་དཔེར་ན་རྩ་བ་དུག་ཡིན་ན་མྱུ་གུ་དང་སྡོང་པོ་སོགས་ཀྱང་དུག། རྩ་བ་སྨན་ཡིན་ན་མྱུ་གུ་སོགས་ཀྱང་སྨན་ཡིན་པ་བཞིན་ནོ། །དེ་ལྟ་བུའི་ཚུལ་གྱིས་སྒོ་གསུམ་གྱི་ལས་ལ་འཇུག་ལྡོག་བྱ་བ་ནི་ངན་འགྲོ་ལས་གྲོལ་ཞིང་མཐོ་རིས་ཐོབ་པར་བྱེད་པའི་དགེ་བའི་ཆོས་ཅན་ཡིན་ཏེ། དེ་ཉིད་ལས། ཡུལ་དང་ལུས་དང་ངག་གི་ནི། །མི་དགེ་ཞེས་ནས་ལྡོག་བྱ་ཞིང་། །དགེ་ལས་རྟག་ཏུ་འཇུག་བྱ་བ། །འདི་ནི་ཆོས་རྣམ་གསུམ་དུ་བཤད། །ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །ཅེས་གསུངས་པ་ལྟར་རོ། །གང་དག་སྟོང་ཉིད་ཀྱི་ལྟ་བ་མཐོ་སྐད་ཀྱིས་ལས་འབྲས་ཁྱད་དུ་གསོད་པ་དང་། རྒྱུ་འབྲས་སོགས་འདི་དག་བྱིས་པའི་ཆོས་ཡིན། ངེས་དོན་འབའ་ཞིག་རྟོགས་དགོས་ཟེར་བ་ནི་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། རྒྱལ་བའི་དབང་པོ་ཀློང་ཆེན་པས། གང་ཞིག་ལས་འབྲས་ཁྱད་དུ་གསོད་པ་དག། མུ་སྟེགས་ཆད་པར་ལྟ་བའི་སློབས་མ་སྟེ། །སྟོང་པའི་ལྟ་བ་གདིང་ཙམ་སུ་འཆའ་བ། །ཆད་པའི་མཐར་ལྷུང་འོག་ནས་འོག་ཏུ་འགྲོ། ལམ་ངན་ཞུགས་པ་དེ་དག་གནས་ངན་ལས། ནམ་ཡང་མི་ཐར་བདེ་འགྲོ་རིང་དུ་བྱེད། །རྒྱུ་འབྲས་སྙིང་རྗེ་བསོད་ནམས་ཚོགས་འདི་དག། དྲང་དོན་བྱས་པའི་ཆོས་ཏེ་སངས་མི་རྒྱ། །ངེས་དོན་བྱར་མེད་ནམ་མཁའ་ལྟ་བུའི་དོན། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་སྒོམས་ཤིག་ལོ། །ཆད་པ་ལས་ཀྱང་ཆད་པའི་ལྟ་བ་ཅན། །དམན་པ་ལས་ཀྱང་དམན་པའི་ལམ་ཞུགས་དག། རྒྱུ་ཉིད་བཀག་ནས་འབྲས་བུ་སྒྲུབ་པ་མཚར། །ཅེས་གསུངས་པའི་ཕྱིར། ལོ་ཞེས་པ་ཐུགས་ཤིན་ཏུ་མ་རངས་པའི་ཚིག་ཡིན་ལ། རྒྱུ་བཀག་ནས་ཅི་ཡང་མ་བསྒྲུབ་པར་འབྲས་བུ་སྒྲུབ་པ་བཞད་གད་ཀྱི་གནས་སུ་མཛད་པའོ། །དེ་བས་ན་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྟུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱེད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པའི་བསྟན་དོན་ལ་བསླུ་བ་མེད་པས་ན་དེས་བསྟན་པ་བཞིན་ལས་འབྲས་ཀྱི་ཚུལ་ལ་ཡིད་ཆེས་པར་བྱའོ། །གསུམ་པ་མི་དགེ་བའི་ལས་ལ་བཤགས་སྡོམ་བྱ་ཚུལ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། མི་དགེ་བ་ལས་སྡུག་བསྔལ་བྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་པ་ལྟར་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་བསྐྱེད་པར་ཤེས་ནས་དེ་ལས་ཐར་ཐབས་ལ་ཉིན་མཚན་ཀུན་ཏུ་བསམ་པར་བྱ་ཞིང་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ཤིང་སྡོམ་པ་ལ་འབད་པར་བྱ་སྟེ། དེ་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུམ་འབྱིན་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ནི་མི་དགེ་བའི་ལས་སྤྱོད་པ་དེ་ལས་འགྱོད་པ་མང་བ་ཡིན་ནོ། །དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །དེ་ལ་ཉེས་པ་ལས་བཟློག་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་ནས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་སྔར་བྱས་ཀྱི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟ་བུའི་འགྱོད་པ་དྲག་པོ་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་ཏེ། ད་ལྟ་རང་ཅག་ལ་འགྱོད་པ་ཆེན་པོ་མེད་པ་ནི་དེའི་ཉེས་དམིགས་མ་བསམ་པས་ལན་པ་ཡིན་པས་ན། འགྱོད་པ་བསྐྱེད་པའི་ཐབས་སུ་མི་དགེ་བའི་ལས་ཆུང་ངུ་ལའང་འབྲས་བུ་སྡུག་བསྔལ་ཆེན་པོ་བསླུ་བ་མེད་པར་མྱོང་དགོས་པ་འདི་ལ་ཡང་ནས་ཡང་དུ་བསམ་པར་བྱ་སྟེ། བེའུ་བུམ་ལས། ངེད་ཅག་དུག་ལ་འབགས་པར་གྱུར་ནས། །ཚོར་བ་བཞིན་དུ་འདུག་པ་ཅི་འདྲ། །ཞེས་གསུངས་པ་ལྟར་མི་གསུམ་ལྷན་ཅིག་ཏུ་དུག་ཟོས་ན་གཅིག་ནི་ཤི། གཅིག་ནི་ན། གཅིག་པུ་མ་ན་ཙམ་དུ་ཡོད་ན་དེའི་སེམས་ལ་འགྱོད་པ་ཅི་འདྲ་ཞིག་ཡོད་པ་དེ་འདྲ་ཞིག་འགྱོད་དགོས་ཏེ། དུག་ཟོས་པས་ནི་ཇི་ལྟར་ངན་ནའང་ཚེ་འདིའི་སྲོག་འདོར་བ་ཙམ་དུ་ཟད་ལ། མི་དགེ་བས་ནི་ཕྱི་མ་ངན་འགྲོའི་གནས་སུ་འཕངས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱོང་དགོས་པས་ན། དུག་ཟོས་པ་ལས་ནི་མི་དགེ་བའི་ལས་བསགས་པ་ཤིན་ཏུ་སྐྱོན་ཆེ་བའི་ཕྱིར་རོ། །དེ་ལྟར་སྟོབས་དང་པོ་འདི་ཤིན་ཏུ་གལ་ཆེ་སྟེ་འདི་ཡོད་ན་སྟོབས་གཞན་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན། མི་དགེ་བའི་ལས་དེའི་གཉེན་པོར་དགེ་བ་གང་ཡང་རུང་བ་བསྒྲུབ་ན་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་འདི་ལ་དྲུག་ཏུ་བསླབ་བཏུས་ལས་གསུངས་ཏེ། མདོ་སྡེ་ཟབ་མོ་ལ་བརྟེན་པ། སྟོང་ཉིད་ལ་མོས་པ། བཟླས་པ་ལ་བརྟེན་པ། སྐུ་གཟུགས་ལ་བརྟེན་པ། མཆོད་པ་ལ་བརྟེན་པ། མཚན་ལ་བརྟེན་པའོ། །དང་པོ་ནི། ཤེར་ཕྱིན་ལ་སོགས་པའི་མདོ་སྡེའི་ཚིག་ལེན་པ་དང་། དོན་འཛིན་པ་དང་། གླེགས་བམ་ཀློག་པ་དང་། ཚིག་དོན་གཉིས་ཀ་ཀུན་ཆུབ་པར་བྱེད་པ་སོགས་སོ། །གཉིས་པ་སྟོང་པ་ཉིད་ལ་མོས་པ་ནི་བདག་མེད་པའི་དོན་བསྒོམ་པའོ། །གསུམ་པ་བཟླས་པ་ལ་བརྟེན་པ་ནི་ཡི་གེ་བརྒྱ་པ། མི་འཁྲུགས་པའི་གཟུངས་དང་གཙུག་ཏོར་དྲི་མེད་ལ་སོགས་པའི་གཟུངས་སྔགས་ཁྱད་པར་ཅན་རྣམས་བཟླ་བ་སྟེ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཆོ་ག་བཞིན་བཟླས་ན་སྡིག་པ་འདག་པ་ལ་སྟོབས་ཤིན་ཏུ་ཆེ་ཞིང་། ཁྱད་པར་དུ་དཔལ་རྡོ་རྗེ་སེམས་དཔའ་སྤྱི་གཙུག་ཏུ་བསྒོམ་ནས་དེའི་ཡི་གེ་བརྒྱ་པ་བཟླ་བར་བྱ་སྟེ། སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླ། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱོད་པར་བྱ། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་ཉི་ཤུ་རྩ་གཅིག་རེ་བཟླས་ན་ཉེས་ལྟུང་གི་འཕེལ་ཁ་ཆོད་ཅིང་། འབུམ་ཕྲག་བཟླ་ན་ཉེས་ལྟུང་ཐམས་ཅད་རྩ་བ་ནས་འདག་པར་གསུངས་པ་དང་། ཉིན་རེར་བརྒྱ་རྩ་བརྒྱད་རེ་བཟླས་ན་དེ་ཉིན་གྱི་ཉམས་ཆག་དང་ཉེས་ལྟུང་ཐམས་ཅད་འདག་པར་དྲི་མེད་བཤགས་པའི་རྒྱུད་ལས་གསུངས་པ་དང་། གཞན་ཡང་དེ་ཉིད་སྣང་བའི་རྒྱུད་ལས། ཡི་གེ་བརྒྱ་པ་འདི་བཟླས་པས་མཚམས་མེད་པ་ལྔ་དང་། དམ་པའི་ཆོས་སྤོང་བ་དང་། ཚུལ་ཁྲིམས་འཆལ་པ་སོགས་ཉེས་ལྟུང་དག་བྱང་ཞིང་མཆོག་གི་དངོས་གྲུབ་འཐོབ་པ་དང་། གཞན་ཡང་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཀྱང་འགྲུབ་པར་གསུངས་པ་བཞིན་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་སོ། །དེ་ཡང་ཆོ་ག་བཞིན་བཟླ་ཞེས་པ་བཟླ་ཚུལ་གྱི་ཆོ་གའམ་མན་ངག་བཞིན་དུ་སྟེ། རང་རེའི་སྔོན་འགྲོ་ཆོས་བཅུའི་ནང་དུ་རྡོར་སེམས་བསྒོམ་བཟླས་ཀྱི་ཚུལ་ཇི་ལྟར་གསུངས་པ་བཞིན་སྤྱི་གཙུག་ཏུ་བསྒོམ་ཞིང་། ཐུགས་ཀར་སྔགས་ཕྲེང་བཀོད་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་བསྐྱང་བ་སོགས་བྱས་པས་ཆོག་སྟེ། ཁྲིད་གཞུང་འདིར་མ་བྱུང་ཡང་རིགས་མཐུན་གཞན་ནས་བླངས་ཏེ་ཉམས་སུ་བླང་ན་ཤིན་ཏུ་ལེགས་པ་ཡིན་ནོ། །དེ་ལྟར་བཟླས་བརྗོད་བྱས་པས་སྡིག་སྒྲིབ་འཇོམས་ཚུལ་ཡང་། དཔུང་བཟང་གིས་ཞུས་པ་ལས། སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམ་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེགས། །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་བྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་བཞིན། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད་། །ཅེས་གསུངས་པ་ལྟར། དེ་ཡང་སྡིག་པ་བྱང་བའི་མཚན་མ་མ་མཐོང་བར་དུ་བཟླས་བརྗོད་བྱ་སྟེ། མཚན་མ་ནི། རྨི་ལམ་ན་ཟས་ངན་པ་སྐྱུག་པ་དང་། ཞོ་དང་འོ་མ་ལ་སོགས་འཐུང་བ་དང་། སྐྱུག་པ་དང་། ཉི་མ་དང་ཟླ་བ་ཤར་བ་མཐོང་བ་དང་། །ནམ་མཁའ་ལ་འགྲོ་བ་དང་། ལུས་སམ་གོས་ལ་མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། ཙནྡན་སོགས་འབྲས་བུ་ཅན་གྱི་ཤིང་དང་། འོ་མ་ཅན་གྱི་ཤིང་དང་། གླང་པོ་དང་ཁྱུ་མཆོག་དང་རི་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་རྨི་བ་ཡིན་པར་གསུངས་ཏེ། འདི་དག་ཀྱང་སྡིག་བཤགས་བྱེད་བཞིན་པའི་དུས་སུ་དེ་ལྟར་རྨིས་ན་སྡིག་སྒྲིབ་བྱང་བའི་མཚན་མ་ཡིན་གྱི། གཞན་དུ་རང་གར་རྨིས་པ་ནི་མ་ཡིན་ལ། གཙོ་བོ་ནི་ཉོན་མོངས་པ་ཆུང་ངུར་སོང་བ་དང་། བླ་མ་དཀོན་མཆོག་དང་ཆོས་ལ་དད་པ་དང་ཡིད་ཆེས་ཇེ་ཆེར་ཆོས་ལ་བློ་ཇེ་འགྲོར་སོང་བ་ནི་རྟགས་ཡང་དག་པ་ཡིན། རྨི་ལམ་སོགས་ཀྱིས་བསླུ་ཉེན་ཡོད་དེ་གར་ཡང་ཆོས་འཕྲུལ་ཆེ་གསུངས། བཞི་པ་སྐུ་གཟུགས་ལ་བརྟེན་པ་ནི། ཚེ་འདིའི་སྙན་གྲགས་སོགས་དོན་དུ་གཉེར་བས་མ་ཡིན་པར་དད་པའི་སྒོ་ནས་སྐུ་གཟུགས་བྱེད་པའོ། །ལྔ་པ་མཆོད་པ་ལ་བརྟེན་པ་ནི། སངས་རྒྱས་དང་དེའི་མཆོད་རྟེན་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་པའོ། །དྲུག་པ་མཚན་ལ་བརྟེན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཚན་ཐོས་ཤིང་བཟུང་བ་སྟེ། ད་ལྟ་ལྟུང་བཤགས་སུ་གྲགས་པ་ཕུང་པོ་གསུམ་པའི་མདོ་ལས་བྱུང་བ་ལྟར་དེ་བཞིན་གཤེགས་པ་སོ་ལྔའི་མཚན་དང་། སྨན་གྱི་བླ་བདེ་གཤེགས་མཆེད་བདུན་གྱི་མཚན་སོགས་དང་། ཁྱད་པར་ཞི་ཁྲོ་ལྷའི་མཚན་ནས་བརྗོད་ནས། སྤྱིར་ཉེས་ལྟུང་མཐའ་དག་དང་ཁྱད་པར་དུ་གསང་སྔགས་ཀྱི་དམ་ཚིག་ཉམས་ཆག་གི་ཉེས་པ་འཇོམས་པ་ལ་སྟོབས་ཤིན་ཏུ་ཆེ་བས་ན་རྒྱས་པར་དྲི་མེད་བཤགས་རྒྱུད་ཀྱི་ཕྱག་གི་བཀོལ་བྱང་ངམ་མིན་ནའང་། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང་། །ཞེས་སོགས་ཚིགས་བཅད་ཀྱི་སྟེང་ནས་བརྗོད་ཅིང་ཞི་ཁྲོའི་བཤགས་ཆུང་གིས་ཀྱང་རུང་སྟེ་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །ཕུང་པོ་གསུམ་པའི་མདོ་ནི་སྟོབས་བཞིའི་གནད་ཚང་བར་ཡོད་ཅིང་། བཤགས་ཚིག་ནི་གསེར་འོད་དམ་པའི་མདོ་སྡེ་ལས་བྱུང་བ་འདོན་ན་ལེགས་པར་མཁས་པ་དག་གསུང་ངོ་། །ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་ཡང་དག་པར་སྡོམ་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ། གལ་ཏེ་ཅི་ནས་ཀྱང་སྡོམ་མི་ནུས་ན་ཟླ་ཚད་དང་ཞག་ཚད་འདི་ཙམ་ན་སྡོམ་ནུས་པར་གྱུར་ཅིག་སྙམ་དུ་རྩེ་གཅིག་ཏུ་སྨོན་པ་དང་། སྡོམ་ནུས་ན་ཅི་མ་རུང་སྙམ་དུ་ཡང་ཡང་སེམས་པར་བྱ་བ་སོགས་བློས་དེ་ཕྱོགས་བཟུང་ནས་བག་ཆགས་ཅི་ཐེབས་སུ་བྱ་སྟེ། འོན་ཀྱང་སྟོབས་དང་པོ་ཡོད་ན་ནི་ཕྱིན་ཆད་སྡོམ་སེམས་རང་ཤུགས་ཀྱིས་འོང་བ་ཡིན་ནོ། །རྟེན་གྱི་སྟོབས་ནི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའོ། །དེ་ལྟར་སྟོབས་དང་པོས་ནི་སྡིག་པའི་འཕེལ་ཁ་ཆོད་ཅིང་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་འདགསྟོབས་གཉིས་པས་ནི་སྡིག་པ་རྩ་བ་ནས་འདོན་ཅིང་རྣམ་སྨིན་གྱི་འབྲས་བུ་འདགསྟོབས་གསུམ་པས་སྡིག་པའི་རྒྱུན་གཅོད་ཅིང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་འདགསྟོབས་བཞི་པས་སྡིག་པ་ཉམ་དམའ་བར་བྱེད་ཅིང་བདག་འབྲས་འདག་པར་མཁས་པ་ཚད་ལྡན་གྱི་གསུང་ལས་བྱུང་བ་ལྟར་རོ། དེས་ན་རྒྱལ་བས་ལས་དང་པོ་པའི་སྡིག་པ་སྦྱང་བའི་སྒོ་སྣ་ཚོགས་ཤིག་གསུངས་ཀྱང་གཉེན་པོ་ཡོངས་སུ་རྫོགས་པ་ནི་སྟོབས་བཞི་ཚང་བ་ཡིན་པར་གསུངས་ཏེ། ལག་ལེན་ཇི་ལྟར་བྱ་བའི་ཚུལ་ནི། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འཐོར་བུ་ལས་བྱུང་བ་ལྟར་བྱས་ན་བདེའོ། །དེ་ལྟར་འགྱོད་བཤགས་བྱས་པས་ནི་སྔོན་ཇི་ཙམ་སྡིག་སྒྲིབ་ཆེ་བ་ཞིག་ཡིན་ཀྱང་ཕྱིས་རྣམ་པར་དག་པའི་བདག་ཉིད་ཅན་དུ་འགྱུར་ཏེ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་ལས། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཅེས་གསུངས་པ་ལྟར། སྐྱེས་བུ་གང་ཞིག་སྔོན་ཆད་ཉོན་མོངས་པའི་དབང་གིས་བག་མེད་པར་གྱུར་པ་ལས། ཕྱིས་ནས་ཏེ་རྗེས་སུ་དགེ་བའི་བཤེས་གཉེན་གྱིས་བླང་དོར་བསྟན་པ་ལས་བག་དང་ལྡན་པར་གྱུར་པ་དེ་ཡང་ཟླ་བ་སྤྲིན་གྱིས་སྒྲིབ་གཡོགས་དང་བྲལ་བ་ལྟ་བུར་རྣམ་པར་མཛེས་ཏེ། དཔེར་ན་འདོད་ཆགས་ཅན་དགའ་བོ་དང་། མི་སྟོང་དུ་གཅིག་གི་མ་ཚང་བ་བསད་པ་སྔོན་ཁྱེའུ་མི་གདུང་བར་གྲགས་པ་སོར་མོའི་ཕྲེང་བ་ཅན་དང་། ཕ་ཆོས་ལྡན་རྒྱལ་པོ་བསད་པ་མཐོང་ལྡན་ཏེ་མ་སྐྱེས་དགྲ་དང་། མ་བསད་པའི་མཚམས་མེད་ཀྱི་ལས་ཅན་བདེ་བྱེད་རྣམས་ཀྱང་ཕྱིས་སྟོན་པ་སངས་རྒྱས་ལ་དད་ནས་བཀའ་བཞིན་བསྒྲུབས་པས་སྡིག་པའི་འབྲས་བུ་ལས་ཐར་བ་བཞིན་ནོ། །དེ་ལྟར་ཤེས་ནས་ལས་འབྲས་ལ་བླང་དོར་བྱ་བ་ནི་ཤིན་ཏུ་གལ་ཆེ་སྟེ། ཁྲིད་ཡིག་ལས། དེ་ལྟར་ལས་དཀར་ནག་རྒྱུ་འབྲས་ཀྱི་བླང་དོར་ཐམས་ཅད་མདོ་རྒྱུད་མན་ངག་གིས་སྟོན་པ་བཞིན་ལག་ལེན་མ་ནོར་བ་ནི་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པའི་ཤིང་རྟ་ཆེན་པོ་ཡིན་ཅེས་གསུངས་པ་ལྟར་རོ། །དཀར་དང་ནག་པོའི་ལས་ཀྱི་འབྲས་བུ་རྒྱུ། །བདེ་དང་སྡུག་བསྔལ་བསླུ་མེད་སྨིན་པས་ན། །དེ་ལས་བླང་དོར་མ་ནོར་ཚུལ་བཞིན་དུ། །བྱེད་པ་འདི་ཕྱིར་དགེ་བའི་ཐབས་མཆོག་ཡིན། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། གསུམ་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ལ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་གཉིས་ལས། དང་པོ་ནི། ཕཊ༔ ཡེ་གཞི་ཀ་དག་ཕྱོགས་ཡན་ཀུན་བཟང་མོ༔ རང་བཞིན་རང་ངོར་སངས་པ་མཁའ་སྤྱོད་མ༔ ཐུགས་རྗེ་ཀུན་ཁྱབ་བརྡལ་བ་ཁྲོས་མའི་སྐུར༔ སྐྱབས་སུ་མཆིའོ་དགོངས་པར་འུབ་ཆུབ་རོལ༔ ཞེས་གསུངས་ཏེ། ཐེག་མཆོག་རྫོགས་པ་ཆེན་པོའི་རང་ལུགས་ལྟར་ན། ཐལ་འགྱུར་ལས། ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་དུ་གནས་པ་ཡིན། ཅེས་ཐོག་མའི་གཞི་ནི་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ཏེ། དེ་ཡང་རིག་པ་རང་ཤར་ལས། དབྱིངས་དེའི་ངོ་བོ་སྟོང་པའོ། །རང་བཞིན་ནི་ངང་གིས་འོད་གསལ་བའོ། །ཐུགས་རྗེ་ནི་རིག་པའི་སྙིང་པོར་གནས་ཏེ། ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཞེས་གསུངས་པ་ལྟར་གཞིའི་དབྱིངས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ནི་ངོ་བོ་སྟོང་པ། དེའི་རང་བཞིན་གཞིར་གནས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་ངང་གིས་སམ་ཤུགས་ཀྱིས་འོད་གསལ་ཞིང་འགགས་པ་མེད་པ་ནི་རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ནི་དེ་ལྟ་བུའི་རིག་པ་སྣང་སྟོང་དབྱེར་མེད་པ་དེའི་སྙིང་པོ་གནས་པ་སྟེ་ཕྱིར་གསལ་དུ་མེད་ཀྱང་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའི་ཆ་ནས་བཏགས་པ་སྟེ། དེ་དག་ལ་ནི་གཞིར་གནས་ལྷུན་གྲུབ་ཀྱི་སྐུ་གསུམ་ཞེས་བྱ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། རང་རིག་གཞི་ནི་ཤེལ་གྱི་གོང་བུ་འདྲ། །དེ་ཡི་སྟོང་པ་ཆོས་སྐུའི་རང་བཞིན་དང་། །གསལ་བ་རང་མདངས་ལོངས་སྤྱོད་རྫོགས་པ་དང་། །འཆར་གཞི་མ་འགགས་སྒོ་ནི་སྤྲུལ་པའི་སྐུ། །དབྱིངས་གཞིར་སྐུ་གསུམ་ལྷུན་གྱིས་གྲུབ་པ་ལགས། །ཞེས་དང་། དེའི་རང་འགྲེལ་ལས། རིག་པ་སྟོང་པ་ཤེལ་ལྟ་བུ་ཆོས་སྐུ། དེའི་འོད་ལྔ་རིག་པའི་གསལ་ཆ་ལོངས་སྐུ། ཤེལ་ལས་ཕྱིར་འཆར་ནུས་པ་ཡོད་ལ་མ་ཤར་བ་ལྟར་འཆར་སྒོ་མ་འགགས་པའི་ཆ་དེ་སྤྲུལ་པའི་སྐུ་སྟེ་གཞི་སྐུ་གསུམ་ངོ་བོ་གཅིག་པས། ཞེས་དཔེ་དང་བཅས་གསལ་བར་བསྟན་པ་དང་། ཀུན་བྱེད་ལས། རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །ཅེས་གསུངས་ཏེ། འཁོར་འདས་ཀུན་འབྱུང་བའི་གཞིར་གྱུར་པའི་ཆ་ནས་བྱེད་པོའི་སྒྲས་བསྟན་པ་རང་བྱུང་གི་ཡེ་ཤེས་འོད་གསལ་བྱང་ཆུབ་སེམས་ཀྱི་ངོ་བོ་རྣམ་པར་དག་པའི་རང་སྣང་རྒྱུད་ཀྱི་སྟོན་པ་ནི་དྲང་དོན་གྱི་རྡོ་རྗེ་འཆང་དང་། བྱང་ཆུབ་སེམས་དཔའ་དེ་ནི་ངེས་དོན་གྱི་རྡོ་རྗེ་འཆང་ཡིན་པས་དེ་ལ་དགོངས་ནས་ངའི་ཞེས་གསུངས་པ་ནི་རྡོ་རྗེའི་ཚིག་གི་གནས་ཡིན་ལ། དེ་ལ་ངོ་བོ་སྟོང་པ་སོགས་གསུམ་གྱི་ཆས་དབྱེ་བ་སྟེ། རང་བཞིན་མ་བཅོས་པ་སྟེ་ཡེ་ནས་སྟོང་པ་ཉིད་དུ་གནས་པ་དང་། དེ་བཞིན་དུ་ངོ་བོ་མ་བཅོས་པ་གསལ་བ་དང་། ཐུགས་རྗེ་མངོན་དུ་བྱུང་བའི་འཆར་གཞི་གསུམ་གྱིས་ཚུལ་དུ་བསྟན་ལ། དེ་ཡང་རྩོལ་བས་བསྒྲུབ་པའི་འབྲས་བུ་མ་ཡིན་པར་ཡེ་ནས་གནས་པར་བསྟན་པ་སྟེ། དེ་ལྟ་བས་ན་འདིར་རང་བཞིན་སྟོང་ངོ་བོ་གསལ་ཞེས་གཞུང་སྤྱིའི་ལུགས་ལ་སྟོང་པ་ཉིད་ལ་རང་བཞིན་གྱི་སྒྲས་དང་། སྣང་ཆ་ལ་ངོ་བོའི་སྒྲས་བསྟན་པ་ལྟར་གསུངས་ལ། རྫོགས་ཆེན་གྱི་རྒྱུད་དུ་ཡོངས་གྲགས་སུ་ངོ་བོ་སྟོང་རང་བཞིན་གསལ་ཞེས་གསུངས་པ་གཉིས་མི་འགལ་ཏེ། གནས་ལུགས་མཛོད་རང་འགྲེལ་ལས། རང་བཞིན་སྟོང་ངོ་བོ་གསལ་བ་ནི་གཤིས་དང་དེའི་སྙིང་པོར་དབྱེ་བའི་སྐབས་ཡིན་ལ། ངོ་བོ་སྟོང་པ་རང་བཞིན་གསལ་བ་ནི་དབྱིངས་དང་དབྱིངས་ཀྱི་སྙིང་པོ་སྟོང་པར་ཕྱེ་ཡང་། དོན་ལ་སྟོང་པ་ཆོས་སྐུ་གསལ་བ་ལོངས་སྐུ་འཆར་ཚུལ་སྤྲུལ་སྐུར་གཅིག་པ་ཡིན་ནོ། །ཞེས་གསུངས་ཏེ། སྙིང་པོ་ཞེས་པ་འབྲས་བུའི་དུས་ཀྱི་ཡོན་ཏན་ལྟར་མི་མངོན་པར་སྒྲིབ་བྱེད་ཀྱི་སྦུབས་སུ་གནས་པའི་སྣང་ཆའི་ཡོན་ཏན་བསྟན་པའི་དོན་དུ་གོ་དགོས་ཏེ། དེ་ལྟར་ན་སྐབས་འདིར་གཤིས་དང་དབྱིངས་ནི་དོན་གཅིག་ལ་དབྱིངས་དེ་དང་དབྱེར་མེད་པའི་སྙིང་པོར་གྱུར་པའི་ཡོན་ཏན་ལ་དབྱིངས་ཀྱི་ཡོན་ཏན་ཞེས་བརྗོད་པ་དང་། ཡང་ན་དབྱིངས་དེའི་སྣང་ཆ་དེ་ནི་དེའི་སྙིང་པོའི་བཅུད་ལྟ་བུ་ཡིན་ཏེ་སྣང་ཆ་དེ་མེད་ན་དབྱིངས་རྐྱང་པ་ནི་སྙིང་པོ་མེད་པའི་ཤུན་པ་ལྟ་བུར་གྱུར་པས་ལམ་དང་འབྲས་བུའི་ཡོན་ཏན་གང་ཡང་འབྱུང་དུ་མི་རུང་བའི་ཕྱིར་རོ། །དེ་ལ་ཤར་བ་གཞི་སྣང་དག་མ་དག་ཀུན་ཀྱང་སྐུ་གསུམ་གྱི་རང་བཞིན་དུ་གནས་པ་ལ་གཞི་སྣང་རོལ་པ་རྩལ་གྱི་སྐུ་གསུམ་ཞེས་བྱ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། དེ་ལས་ཤར་བ་གཞི་སྣང་དུས་ན་ཡང་། །དག་པ་སྐུ་གསུམ་རྒྱལ་བའི་རང་སྣང་དང་། །མ་དག་སྣོད་བཅུད་སྣང་བ་ཐམས་ཅད་ལ། །རང་ངོ་སྟོང་པ་གསལ་བ་སྣ་ཚོགས་གསུམ། །ཆོས་དང་ལོངས་སྤྱོད་སྤྲུལ་སྐུའི་རོལ་པ་སྟེ། །རོལ་པ་རྩལ་གྱི་གཞི་སྣང་སྐུ་གསུམ་པོ། །རང་སྣང་ལྷུན་གྲུབ་གཞན་ནས་བཙལ་བ་མེད། །ཅེས་དག་པ་སྐུ་གསུམ་རྒྱལ་བ་རང་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་དུ་ཤར་བ་ཆོས་ཀྱི་སྐུ་ལ། ལོངས་སྐུ་རིགས་ལྔ་དང་། སྤྲུལ་སྐུ་སྣ་ཚོགས་སུ་འཆར་བ་དང་། མ་དག་པ་ཡང་སྟོང་པ་དང་སྣང་བ་དབྱེར་མེད་རྒྱུ་རྐྱེན་གྱིས་རོལ་པ་སྣ་ཚོགས་སུ་ཤར་བ་ངོ་བོ་སྟོང་པ་སོགས་གསུམ་ལ་སྐུ་གསུམ་དུ་བཞག་སྟེ། དེ་ཀུན་ཀྱང་གཞིའི་ཡེ་ཤེས་གསུམ་གྱི་རང་མདངས་ཕྱིར་སྣང་བ་ལས་གཞན་དུ་གྲུབ་པ་མེད་པར་བསྟན་ལ། དེ་ཡང་གཞིའི་ངོ་བོ་སྟོང་པ་སོགས་གསུམ་ལས་རིམ་པ་བཞིན་དག་པའོ། །འབྲས་བུའི་སྐུ་གསུམ་དུ་སྣང་བའི་ཚུལ་ཡང་། གཞིའི་ངོ་བོ་སྟོང་པ་ལས་དག་པའི་སྐབས་སུ་རང་བཞིན་གྱིས་གདོད་ནས་སྟོང་པ་ལས་གློ་བུར་གྱི་དྲི་མས་ཀྱང་རྣམ་པར་དག་པ་ཆོས་ཀྱི་སྐུར་སྣང་སྟེ་དེ་ནི་དོན་ལ་རིག་སྟོང་ངོ་བོ་དབྱེར་མེད་མཉམ་པ་ཉིད་དུ་གནས་པ་ལ་ཐ་སྙད་ཙམ་དུ་ལྡོག་ཆའི་སྒོ་ནས། གཤིས་སྟོང་དབྱིངས་ནམ་མཁའ་ལྟར་གནས་པ་ཆོས་ཉིད་ཀྱི་སྐུའམ་ངོ་བོ་ཉིད་སྐུ་དང་། དེ་དང་ངོ་བོ་དབྱེར་མེད་པའི་སྣང་ཆའི་ཡེ་ཤེས་གསལ་ལ་མི་རྟོག་པ་ཡེ་ཤེས་ཆོས་ཀྱི་སྐུ་སྟེ། ཀུན་གསལ་ལས། ཆོས་ཉིད་ཆོས་སྐུ་དབྱེར་མེད་ནམ་མཁའ་ལ། །རང་ཤར་རང་སྣང་རང་གསལ་ཡེ་ཤེས་གདངས། །ལ་སོགས་སྣང་ཞིང་འགགས་པ་མེད་པར་གསལ། །གསལ་ལ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་ཆོས་ཉིད་ཀྱི་སྐུ་ནི་རང་གི་ངོ་བོའི་གནས་ལུགས་ཀུན་རྫོབ་ཀྱི་སྤྲོས་པའི་རྣམ་པར་དབྱེ་བ་ལས་འདས་པས་ན་དབྱེར་མེད་པ་ནམ་མཁའ་ལྟ་བུ་ལ་དེ་ལས་ངོ་བོས་གཞན་དུ་མ་གྲུབ་པར་རང་ཤར་ཤིང་རྩོལ་བ་ལ་མི་ལྟོས་པར་རང་བྱུང་གི་རང་སྣང་ལ་སྒྲིབ་གཡོགས་དང་བྲལ་བར་རང་གསལ་བའི་ཡེ་ཤེས་ཀྱི་གདངས་ལ་སོགས་པ་ལྟར་ཞེས་ཆོས་ཉིད་ཀྱི་སྐུ་དེ་ལས་ངོ་བོ་ལོགས་སུ་ཐ་དད་པ་ལྟར་སྣང་ཡང་། དེ་ལྟར་མ་ཡིན་པར་རང་མདངས་འགགས་པ་མེད་པར་གསལ་བ་ཙམ་དུ་གནས་པ་ངོ་བོ་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་གསལ་ལ་རྣམ་པར་རྟོག་པ་དང་བྲལ་བ་ནི་ཡེ་ཤེས་ཆོས་ཀྱི་སྐུ་ཡིན་ཅེས་པའོ། །རང་བཞིན་གསལ་བ་ལས་ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དུ་སྣང་བ་ནི་སྔ་མ་ལས། རང་ལ་རང་སྣང་ལོངས་སྐུ་ཡེ་སངས་རྒྱས། །ཞེས་གསུངས་པ་ལྟར་ཏེ། རང་བཞིན་གསལ་བ་རང་ལ་ཡོད་པའི་ཡོན་ཏན་གྱི་རང་སྣང་རང་གདངས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་སྟེ། ཡེ་ནས་སངས་རྒྱས་ཞེས་དེའི་སྣང་གཞི་རང་བཞིན་གསལ་བ་དེ་ཡེ་གདོད་མ་ནས་ཡོད་པའི་དོན་ནོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལས་གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུ་སྣ་ཚོགས་པའི་རྣམ་པར་སྣང་བ། སྔ་མ་ལས། ཐུགས་རྗེ་སྤྲུལ་སྐུ་མཐའ་གཉིས་རྣམ་པར་དག། ཅེས་ཐུགས་རྗེའི་རྩལ་ལས་སྣང་བའི་སྤྲུལ་སྐུ་ནི་མཐའ་གཉིས་རྣམ་པར་དག་པ་སྟེ། དེ་ཡང་སྣང་སྟོང་དབྱེར་མེད་པའི་བདག་ཉིད་ཡིན་པས་ན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའམ། ཡང་ན་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པ་སྟེ། སྤྲུལ་སྐུས་གཞན་དོན་མི་མཛད་ན་གཞན་དོན་རྒྱུན་ཆད་ནས་ཞི་མཐར་ལྷུང་བ་དང་ཁྱད་མེད་པའི་ཕྱིར་རོ། །དེ་དང་ཚུལ་མཐུན་པར་ཀུན་བྱེད་ལས་ཀྱང་། ཀུན་བྱེད་ང་ནི་སྐུ་གསུམ་ངོ་བོ་སྟེ། །མི་རྟོག་མཉམ་པ་ཉིད་དུ་གནས་པ་སྟེ། །སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན། །རང་བཞིན་འབྱུང་བའི་སྐྱེ་བོའི་ཆོ་འཕྲུལ་ཏེ། །འདོད་པ་འབྱུང་བའི་ལོངས་སྤྱོད་རྫོགས་སྐུ་ཡིན། །ཐུགས་རྗེ་ཇི་ལྟར་འདུལ་བའི་དོན་མཛད་པ། །དེ་ནི་སྤྲུལ་པའི་སྐུ་ཡི་ངོ་བོ་ཡིན། །ཅེས་གསུངས་ཏེ། ཀུན་བྱེད་ང་ནི་སྐུ་གསུམ་གྱི་ངོ་བོ་སྟེ་དེ་ཡང་སྣང་ངོས་ནས་གཟུང་འཛིན་དང་བྲལ་བས་མི་རྟོག་ལ། སྟོང་ངོས་ནས་རང་བཞིན་མཉམ་པ་ཉིད་དུ་གནས་པ་སྟེ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུའི་ངོ་བོ་དང་། རང་བཞིན་གསལ་བ་ལོངས་སྐུའི་སྣང་བ་འབྱུང་བའི་གནས་སུ་གྱུར་པའི་བདག་ཉིད་ཅན་དེ་ནི་དོན་དམ་པར་སྐྱེ་བ་མེད་པ་ལས་ཀུན་རྫོབ་སྐྱེ་བ་ལྟར་སྣང་བའི་ཆོ་འཕྲུལ་དང་ལྡན་པ་སྟེ། དེ་ཕྱིར་དེ་བཞིན་གཤེགས་པ་རིགས་ལྔའི་ཞིང་དང་སྟོན་འཁོར་ཆོས་ཀྱི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དག་འབྱུང་བའི་རང་བཞིན་ཅན་ལོངས་སྤྱོད་རྫོགས་སྐུ་ཡིན། ཐུགས་རྗེས་གཞན་སྣང་སྤྲུལ་པའི་སྐུ་ཇི་ལྟར་འཚམས་པར་སྣང་བས་གདུལ་བྱའི་སྐྱེ་བོ་མཐའ་ཡས་པ་དག་གི་དོན་མཛད་པ་དེ་ནི་སྤྲུལ་པའི་སྐུ་ཡིན་ཅེས་པའོ། །དེ་ལྟ་ན་གཞིའི་སྐུ་གསུམ་གྱི་རང་བཞིན་ཡིན་ལུགས་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་ཏུ་རྟོགས་ཤིང་ཏིང་ངེ་འཛིན་གྱིས་དེ་ལ་མཉམ་པར་བཞག་པ་དང་། དེ་ལ་དད་མོས་རྩེ་གཅིག་ཏུ་བྱེད་པའང་སྐྱབས་འགྲོའི་ཉམས་ལེན་དུ་འགྱུར་ལ། དེ་ཡང་ད་ལྟ་ཉིད་ནས་རང་རིག་སྐུ་གསུམ་གྱི་ངོ་བོར་བྱ་བ་ནི་གསང་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཏེ། ཡོན་ཏན་རིན་པོ་ཆེ་ལས། ད་ལྟ་གྲུབ་པར་རང་སེམས་འབྲས་བུའི་སྐྱབས། །རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན། །ཅེས་རང་གི་སེམས་ཉིད་གཉུག་མའི་ཡེ་ཤེས་སྐུ་གསུམ་གྱི་རོལ་པར་རྟོགས་པ་འབྲས་བུ་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྐྱབས་འགྲོར་གསུངས་པའི་ཕྱིར། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས། རང་བྱུང་གི་རིག་པ་བཅོས་མེད་འདི། །སྐྱབས་ཡུལ་གྱི་ངོ་བོར་མ་རིག་པས། །སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་རྣམས། །སྐུ་གསུམ་གྱི་ལྷ་ལ་སྐྱབས་སུ་འགྲོ། །ཞེས་པས་ཀྱང་ཚུལ་འདི་སྟོན་པ་ཡིན་ནོ། །དེར་མ་ཟད་གཞི་སྣང་མ་དག་པའི་ཆ་རྣམས་ཀྱང་དེའི་རང་མདངས་ཡིན་པས། སྣང་སྲིད་ཡེ་དག་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་ཤེས་པར་བྱ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། འཁོར་འདས་ཆོས་རྣམས་ལྷུན་གྲུབ་སྐུ་གསུམ་ཞིང་། །བྱང་ཆུབ་སེམས་ཀྱི་ངང་དུ་རྟོགས་པར་བྱ། །ཞེས་གསུངས་པ་དང་། དེ་དག་སྐུ་གསུང་ཐུགས་ཀྱི་རོལ་པར་ཤར་བའང་། ཆོས་དབྱིངས་མཛོད་ལས། ཕྱི་ནང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན། །དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་རོལ་པར་ཤར། །མ་ལུས་གྲགས་པའི་སྒྲ་སྐད་ཇི་སྙེད་ཀུན། །དབྱིངས་ཀྱི་རྒྱན་ཏེ་གསུང་གི་འཁོར་ལོར་ཤར། །དྲན་རིག་འགྱུ་འཕྲོ་མི་རྟོག་བསམ་ཡས་ཀྱང་། །དབྱིངས་ཀྱི་རྒྱན་ཏེ་ཐུགས་ཀྱི་འཁོར་ལོར་ཤར། །ཞེས་དང་། དེའི་རང་འགྲེལ་ལུང་གི་གཏེར་མཛོད་ལས། རིག་པའི་ངང་འདི་སྣང་སྲིད་སྣོད་བཅུད་འཁོར་འདས་སུ་སྣང་ངོ་ཅོག་རང་སྣང་རང་ཤར་རྨི་ལམ་གྱི་ངོ་བོ་ཉིད་དམ་ཆུ་ཟླའི་རང་བཞིན་ཙམ་དུ་གཟུགས་སྣང་ཐམས་ཅད་ནི་རང་བྱུང་གི་ཡེ་ཤེས་ཀྱི་སྐུའི་དཀྱིལ་འཁོར་རམ་རོལ་པ། སྒྲ་སྐད་ཐམས་ཅད་ནི་གསུང་གི་དཀྱིལ་འཁོར། དྲན་རིག་ཐམས་ཅད་ནི་རྣམས་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོའི་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་པ་ཙམ་དུ་རང་ཤར་བ་སྟེ། ཞེས་གསུངས་པ་ལྟར་ཏེ། དེ་ཡང་གཞི་དབྱིངས་སྐུ་གསུམ་གྱི་རང་བཞིན་ལས་སྣང་གྲགས་རིག་གསུམ་གྱི་རྣམ་པར་སྣང་བ་དོན་ལ་སྐུ་གསུང་ཐུགས་ཀྱི་རོལ་པར་ཡོངས་སུ་དག་པས་ན་དེའི་རྒྱན་དུ་གྱུར་ཏེ། དཔེར་ན་མཁའ་དབྱིངས་སུ་འཇའ་ཚོན་ཤར་བ་དེའི་རྒྱན་དུ་གྱུར་པ་བཞིན་ནོ། །འཁོར་ལོར་ཞེས་པའང་དེའི་རྣམ་རོལ་འབའ་ཞིག་ཏུ་ཤར་ཞིང་དབང་བསྒྱུར་བའི་དོན་ནོ། །འདི་ལ་ཀུན་བྱེད་རྒྱལ་པོ་སོགས་རྒྱུད་དང་། སློབ་དཔོན་དགའ་རབ་རྡོ་རྗེའི་སྐུ་གསུང་ཐུགས་ཕྲད་སོགས་མན་ངག་ལས་འབྱུང་བའི་ལུང་གི་སྒྲུབ་བྱེད་ཀྱང་མང་པོར་མ་དྲངས་ལ། གོ་དོན་ཡང་གསང་བའི་གནད་ཟབ་མོ་ཡིན་པས་དེ་ཙམ་ལས་མ་བཤད་དོ། །དེ་ལྟར་སྐུ་གསུམ་གྱི་རོལ་པར་རྫོགས་པའི་གནད་ཀྱིས་སྐུ་གསུང་ཐུགས་ཀྱི་རོལ་པར་དག་པ་ཡིན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། སྐུ་གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་ཤར། །ཞེས་གསུངས་པའི་ཕྱིར། གནད་འདི་དག་ཤེས་ན་རྫོགས་ཆེན་རང་ལུགས་སུ་ཁྲེགས་ཆོད་ཀྱི་སྐབས་ནས་ཀྱང་སྣང་སྲིད་དག་པར་ཤར་བ་བསྐྱེད་རིམ་ལྷའི་རྣལ་འབྱོར་གྱི་ཉམས་ལེན་རྫོགས་པ་དང་། གཞུང་གི་སྐྱབས་འགྲོའི་ཚིགས་བཅད་དེས་འོག་ནས་འབྱུང་བའི་ཚོགས་ཞིང་གསལ་འདེབས་ཀྱང་དོན་གྱིས་སྟོན་པ་ཡིན་ཏེ། དེ་ལྟར་གང་སྣང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རྣམ་རོལ་དག་པའི་རང་མདངས་ལྷ་དང་ཚོགས་ཞིང་གི་རྣམ་པར་གསལ་ཞིང་མོས་པ་ཙམ་ཡིན་པའི་ཕྱིར་རོ། །རྟོག་གེའི་ཚིག་འཁྲིས་གཞན་མགོ་བསྐོར་མི་ནུས། །ཐ་སྙད་སྒྲ་ཡིས་རི་ཀླུང་མི་འགེངས་ཀྱང་། །སྣང་སྲིད་དག་པའི་རོལ་པར་ཤར་བ་ཡིས། སྙིང་སྒོམ་གྲུབ་པའི་བུ་རྒྱུད་ཉམས་རེ་སྐྱིད། །ཅེས་ཀྱང་སྨྲས་སོ། །དེ་ལྟར་ངེས་པར་བྱས་ནས་སྐབས་ཀྱི་ཚིག་དོན་ལ། ཐོག་མར་ཕཊ་ཅེས་བརྗོད་པ་སྤྱིར་ན་གཅོད་ཀྱི་འདོན་ཚིག་ཀུན་ཏུ་ཕཊ་ཅེས་འབྱུང་བའི་རྒྱུ་མཚན་མ་གཅིག་གི་ཞལ་ནས། ཕཊ་འདི་ནི་ངའི་ཆོས་ལུགས་དང་མཚུངས་ཏེ། ཕ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་བའི་དོན་ཡིན། ཊ་ཞེས་པ་གསང་སྔགས་བླ་ན་མེད་པའི་དོན་ཡིན་པ་དང་། དྲག་པོའི་ཡི་གེ་འདི་གཉིས་གཅིག་ཏུ་དྲིལ་བ་ལ་ཕཊ་ཟེར་ཏེ་བརྗོད་པ་ཙམ་གྱིས་ཡོན་ཏན་མཐའ་ཡས་པ་ཡོད་ཅེས། ཕཊ་བརྗོད་པ་ཙམ་གྱིས་ནང་བདག་འཛིན་གྱི་མགོ་བོ་འགེམས་པར་ནུས་པ་དང་། ཕྱིའི་ནད་གདོན་རྣམས་ཞི་བར་ནུས་པ་ཡིན་ནོ། །ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་བྱ་བ་འདི་ཡང་ཕྱི་ཕ་རོལ་ཏུ་ཕྱིན་པ་མདོ་དང་། ནང་གསང་སྔགས་བླ་ན་མེད་པའི་རྒྱུད་གཉིས་ཀྱི་དོན་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ཕྱག་རྒྱ་ཆེན་པོ་གཅོད་ཟེར་བ་ཡིན་པས་ཡི་གེ་ཕཊ་ཅེས་པ་དང་མཚུངས་སོ་ཞེས་གསུངས་པ་ལྟར་ཡིན་ལ། དེར་མ་ཟད་ཕ་ནི་ཐབས་ཀྱི་ངོ་བོ་དང་། ཊ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་པས་ཐབས་ཤེས་གཉིས་འདུས་ཀྱི་སྔགས་ཁྱད་པར་ཅན་ཡིན་ཏེ། དེའི་ཕྱིར་གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན་ཐབས་ཤེས་ཀྱི་དོན་སྟོན་བྱེད་དུ་མ་འདུས་པ་མེད་པས་ན། སྔགས་ཀུན་གྱི་དོན་གནད་ཀྱང་དེར་འདུས་ལ། རྒྱུ་མཚན་དེས་ན་རྒྱུད་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་འགུགས་པ་ཡིན་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་གནོད་ཅིང་འཚེ་བའི་གདུག་པ་དང་། སྲིད་པའི་སྡུག་བསྔལ་ཐམས་ཅད་འཇོམས་ཤིང་། ཞི་བའི་བདེ་བ་མ་ལུས་པ་འགུགས་བྱེད་དང་། སྒྲིབ་པའི་དྲི་མ་སོགས་ཉེས་ཚོགས་ཀུན་འཇོམས་བྱེད་ཀྱི་སྒྲ་ཡིན་ལ། དེ་ཡང་གྲོགས་དང་བཅས་པ་སྟེ་ཉེས་ཚོགས་དེ་དག་གི་རྒྱུ་རྐྱེན་དང་བཅས་འཇོམས་པར་བྱེད་པ་སོགས་ཡོན་ཏན་དུ་མ་དང་ལྡན་པ་ཡིན་པར་གསུངས་ཏེ། དེ་ལྟར་གདུག་པ་སོགས་འཇོམས་བྱེད་ཡིན་པས་ན་གོང་དུ་དྲག་པོའི་ཡི་གེ་ཞེས་གསུངས་པ་ཡིན་ནོ། །དེའང་མ་གཅིག་གི་ཞལ་ནས། ཕཊ་ཅེས་ཟེར་བའི་སྒྲ་བྱུང་ན། །གོ་དོན་ཐ་དད་མི་འདྲ་བ། །དམིགས་རྣམ་ཀུན་གྱི་གསལ་འདེབས་ཡིན། །ཅེས་དེའི་དོན་ནི་ཟབ་ཅིང་རྒྱ་ཆེ་བའི་ཕྱིར། གོ་དོན་སྣ་ཚོགས་སྟོན་པས་དམིགས་རྣམ་ཀུན་གྱི་གསལ་འདེབས་སུ་འགྱུར་པས་ན། སྐབས་འདིར་སྐྱབས་འགྲོའི་ཚོགས་ཞིང་དང་དམིགས་རྣམ་གསལ་འདེབས་བྱེད་དུ་བརྗོད་པ་སྟེ། དེ་ཡང་ཡི་དམ་གཉིས་ཀྱིས་གཞིའི་སྐབས་སུ་སྣང་སྟོང་དང་ལམ་གྱི་སྐབས་སུ་ཐབས་ཤེས། འབྲས་བུའི་སྐབས་སུ་སྐུ་གཉིས་ཀྱང་མཚོན་ལ། སྐྱབས་ཡུལ་སོགས་ཀྱང་སྣང་སྟོང་སོགས་དེ་དག་གི་རང་བཞིན་ལས་མ་འདས་པའི་ཕྱིར་དང་། ཁྱད་པར་ཕ་ནི་ཐབས་སྣང་ཕྱོགས་ཀྱི་མཚོན་བྱེད་ཡིན་པས་འདིར་ཡང་རང་བཞིན་གསལ་བ་དང་། ཊས་ནི་ཤེས་རབ་སྟོང་ཕྱོགས་མཚོན་ཕྱིར་ངོ་བོ་སྟོང་པ། ཕཊ་ཅེས་སྦྱར་ཏེ་བརྗོད་པས་དེ་གཉིས་དབྱེར་མེད་པའི་རྩལ་ཐུགས་རྗེ་ཀུན་ཁྱབ་ཀྱང་བསྟན་པས་ན། སྐྱབས་སུ་འགྲོ་བའི་ཚིག་གི་དོན་ཡང་མ་ལུས་པར་སྟོན་པ་ཡིན་ནོ། །གདོད་མའི་ཡེ་གཞི་བདེ་གཤེགས་སྙིང་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་སྐྱོན་དང་དྲི་མ་བག་ཆགས་དང་བཅས་པས་རང་བཞིན་ལ་མ་གོས་པས་ན་ཀ་ནས་དག་པ། མ་བཅོས་རང་བྱུང་གི་གནས་ལུགས་དེ་ནི་གཟུང་འཛིན་མཚན་མའི་འཆིང་བས་མ་བཅིངས་པར་ཕྱོགས་ཡན་སྟོང་ཆེན་ཁྱབ་བརྡལ་གྱི་རང་བཞིན་དུ་གནས་པ་སྟེ། དེ་ལྟ་བུའི་ངོ་བོ་སྟོང་པའི་ཡེ་ཤེས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་བདག་ཉིད་ཆོས་སྐུ་ཀུན་ཏུ་བཟང་མོ་དང་། དེའི་རང་མདངས་རང་བཞིན་གསལ་བའི་སྣང་ཆ་འགགས་པ་མེད་པའི་བདག་ཉིད་འཁྲུལ་སྣང་རང་ངོར་སངས་པའམ། རང་བཞིན་ཡིན་ལུགས་དེའི་ངང་དུ་སངས་ཞིང་དག་པའི་རྣམ་རོལ་དག་པ་གཟུགས་ཀྱི་སྐུའི་རྣམ་པར་འཕྲུལ་པ་ལོངས་སྐུ་མཁའ་སྤྱོད་དབང་མོ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་རིག་པ་དང་མ་རིག་པས་བྱེད་པའི་དག་མ་དག་གི་བྱེ་བྲག་ལས་འཁོར་འདས་གཉིས་ཀྱི་འཆར་གཞིར་གྱུར་པ་ལས། འདིར་ནི་རྩལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གདུལ་བྱའི་འགྲོ་བ་ཀུན་ལ་ཁྱབ་ཅིང་མཉམ་པར་བརྡལ་བའི་རང་གཟུགས་སྤྲུལ་སྐུ་ཁྲོས་མའི་སྐུར་བཞེངས་པ་སྟེ། དེ་ལྟ་བུའི་སྐུ་གསུམ་གྱི་བདག་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་སྙིང་ཐག་པ་ནས་དད་གུས་བསྐྱེད་པའི་སྒོ་ནས་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་སྤྱི་འགྲོ་ལྟར་ཡིན་ལ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །སྐུ་གསུམ་ང་ཡིས་དེ་བཞིན་ཉིད་དུ་བསྟན། །ཅེས་གསུངས་པ་ལྟར་ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་རང་བཞིན་ནི་སྐུ་གསུམ་གྱི་དགོངས་པའི་དོན་གྱི་གནས་ཚུལ་དེ་བཞིན་ཉིད་ཡིན་ལ། དེའི་རང་བཞིན་དུ་གཞི་དང་གཞི་སྣང་གི་ཆོས་རྣམས་འུབ་ཀྱིས་འདུས་ཏེ་མ་ལུས་པར་ཆུབ་པའམ། འདུས་པར་གྱུར་པའི་ཚུལ་ཤེས་ནས་དེའི་གནས་ལུགས་སོ་སོ་རང་རིག་པའི་ཚུལ་དུ་མངོན་སུམ་དུ་ཟད་པ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་སྟེ། སེང་གེ་རྩལ་རྫོགས་ལས། ཁྱབ་བརྡལ་འུབ་ཆུབ་སྙིང་པོའི་དོན་གྱི་མཆོག། ཅེས་དེ་ལྟར་སྐུ་གསུམ་གྱི་དགོངས་པ་མངོན་དུ་བྱས་ནས་དེའི་རང་བཞིན་དུ་ཁྱབ་ཅིང་བརྡལ་བའི་ངང་དུ་འུབ་ཀྱི་ཆུབ་པ་ནི་དོན་གྱི་སྙིང་པོའམ་མཆོག་ཡིན་པར་གསུངས་པ་སྐབས་ཐོབ་ཀྱི་དབང་གི་སྐྱབས་འགྲོ་ལ་སྦྱར་ཏེ་འཆད་ན་ཤིན་ཏུ་རུང་བའི་ཕྱིར། ཚིགས་སུ་བཅད་པ་འདི་དག་གི་དོན་ཡང་གཞི་འབྲས་ཅི་རིགས་དང་སྦྱར་ཏེ་འཆད་དུ་རུང་ཞིང་། བདག་ཅག་གི་འདྲེན་པ་གཏེར་ཆེན་ཆོས་རྗེ་རང་གི་ཞལ་སྔ་ནས་ཀྱི་ཐུན་མོང་མ་ཡིན་པའི་འཆད་ཚུལ་ཀྱང་ཡོད་མོད། ཕྱོགས་ཙམ་ཞིག་བཤད་མ་ཐག་པ་དེ་དག་གིས་གོ་བར་འགྱུར་ལ། གསལ་རྒྱས་སུ་སྤྲོ་ན་རྫོགས་ཆེན་གྱི་གྲུབ་མཐའི་གནད་གསང་འགའ་ཞིག་བཀྲལ་དགོས་སུ་འདུག་པ་ལས། འདིར་ནི་སྔོན་འགྲོའི་སྐབས་དོན་དུ་སོང་བས་སྐབས་སུའང་ཆེར་མ་བབ་པ་དང་། རང་རེའི་ཡུལ་ཆོས་ལྟ་བུའི་སྔོན་འགྲོའི་ཆོས་ཁྲིད་ཞུ་བ་པོ་དག་ནི་ལས་དང་པོ་འབའ་ཞིག་གཙོ་ཆེ་བས་ན་དེ་དག་གི་རྒྱུད་དང་མི་འཚམས་ཤིང་། གསང་སྒྲོགས་སུའང་འགྱུར་དུ་དོགས་ནས་དེ་ཙམ་ལས་མ་སྤྲོས་ཏེ་འཆད་པ་པོ་དག་གིས་ཀྱང་དེ་འདྲའི་རིགས་ལ་ཚུལ་འདི་ནི་བཀའ་རྒྱ་ཤིན་ཏུ་དམ་པར་བྱ་ཞིང་། མདོ་ཕྱོགས་སྤྱི་འགྲོ་ལྟར་བཤད་པར་བྱའོ། །འདི་ལ་གཉིས། ཐུན་མོང་བ་སྐྱབས་འགྲོ་སྤྱིའི་ཁྲིད་དང་། ཐུན་མོང་མ་ཡིན་པ་གཞུང་གི་དམིགས་ཁྲིད་ཇི་ལྟར་སྐྱོང་ཚུལ་ལོ། །དང་པོ་ལ་ལྔ། གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚད། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པའོ། །དང་པོ་ནི། འཇམ་མགོན་ཙོང་ཁ་པ་ཆེན་པོས། ཤི་ནས་ངན་འགྲོར་མི་སྐྱེའི་གདིང་མེད་ཅིང་། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟེན་པ་དང་། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །ཞེས་རང་ཉིད་ཕྱི་མར་ངན་སོང་དུ་མི་འགྲོ་བའི་ངེས་པ་མེད་ལ། དེའི་འཇིགས་པ་སྐྱོབ་བྱེད་ནི་དཀོན་མཆོག་ལས་གཞན་མེད་པས་ན་དེ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་ལ་བསླབ་དགོས་ལ། དེ་ལ་ཐོག་མར་སྐྱབས་སུ་འགྲོ་བའི་རྒྱུ་བསྒྲུབ་དགོས་པས། རང་འཇིགས་པ་གང་ཡང་རུང་བ་ལ་འཇིགས་ཤིང་སྐྲག་པ་དང་། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ཁོ་ནར་ཡོད་པར་ཡིད་ཆེས་པ་ཞིག་ནི་ངེས་པར་དགོས་ལ། དེ་ཡང་སེམས་ཉིད་ངལ་གསོ་ལས། སྐྱེས་བུ་ཆུང་རྣམས་ངན་འགྲོས་འཇིགས་པ་སྟེ། །འབྲིང་གཉིས་སྲིད་པས་འཇིགས་དང་ཆེན་པོ་རྣམས། །འཁོར་བའི་སྡུག་བསྔལ་ཆ་དང་བཅས་མཐོང་ནས། །གཞན་གྱི་སྡུག་བསྔལ་མི་བཟོད་ཞི་བདེས་འཇིགས། །ཞེས་གསུངས་པ་ལྟར་སྐྱེས་བུ་ཆུང་ངུ་དག་གིས་རང་ཉིད་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་དང་། འབྲིང་ཉན་རང་གི་རིགས་ཅན་གཉིས་སྲིད་པ་འཁོར་བ་རིགས་དྲུག་གི་སྡུག་བསྔལ་མཐོང་ནས་དེ་ལ་འཇིགས་པ་དང་། ཆེན་པོ་རྣམས་རང་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་དང་དེས་ད་ལྟ་ནས་གཞན་དག་ཀྱང་དེ་ལྟར་སྡུག་བསྔལ་གྱིས་ཡོངས་སུ་མནར་བའི་ཆ་དང་བཅས་པ་མཐོང་ནས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་ཅིང་། རང་གཅིག་པུ་འཁོར་བ་ལས་ཐར་བའི་ཞི་བདེ་ཕྱོགས་གཅིག་པ་ཐོབ་ནས་གཞན་ཡལ་བར་འདོར་བ་ལ་འཇིགས་ཤིང་སྐྲག་པའོ། །དེ་ཡང་སྐྱེས་བུ་ཆུང་ངུས་ནི་རང་ཉིད་མཐོ་རིས་ལྷ་མིའི་བདེ་འབྲས་ཐོབ་འདོད་དང་། འབྲིང་གིས་རང་གཅིག་པུ་ཐར་པའི་གོ་འཕང་ཐོབ་པའི་ཕྱིར་དང་། ཆེན་པོས་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་སྐྱབས་སུ་འགྲོ་བ་ལས། རང་ཅག་ནི་སྐྱེས་བུ་ཆེན་པོའི་ཀུན་སློང་གི་སྐྱབས་སུ་འགྲོ་དགོས་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཇིགས་དང་དད་དང་སྙིང་རྗེ་རྣམ་གསུམ་གྱིས། །གཞན་དོན་སེམས་པ་སྐྱེས་བུ་ཆེན་པོའི་བློས། །དཀོན་མཆོག་རྗེས་སུ་དྲན་པས་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་སྐྱབས་སུ་འགྲོ་ཡུལ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་ཐར་འདོད་རྣམས་ཀྱི་མི་བསླུ་བའི་སྐྱབས་ནི་དཀོན་མཆོག་གསུམ་ཁོ་ན་ཡིན་ཏེ། དེའི་རྒྱུ་མཚན་ཡོན་ཏན་རིན་པོ་ཆེའི་མཛོད་ལས། ལམ་དང་སྐྱོབ་པའི་ངོ་བོ་དམ་པའི་ཆོས། །ཆོས་ནི་སྟོན་པ་ལས་བྱུང་དེ་བསྒྲུབ་པའི། །གྲོགས་སམ་བསླབ་པའི་རྟེན་ནི་དགེ་འདུན་ཕྱིར། །དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་དུ་གྲུབ། །ཅེས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་བགྲོད་པའི་ལམ་ཡིན་པ་དང་། དེའི་ཕྱིར་རང་ཉིད་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པར་བྱེད་པའི་ངོ་བོ་ཅན་ཏེ་སྐྱོབ་བྱེད་དངོས་ནི་དམ་པའི་ཆོས་ཡིན་ལ། ཆོས་ནི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ལས་བྱུང་བས་ན་དེ་ནི་སྐྱབས་འགྲོ་སྟོན་པ་པོ་དང་། གང་དང་རྗེས་སུ་མཐུན་པར་ཆོས་དེ་བསྒྲུབ་པའི་གྲོགས་སམ་ཆོས་ཀྱི་རང་བཞིན་བསླབ་པར་བྱ་བའམ་བསྒྲུབ་པར་བྱ་བའི་ཡོན་ཏན་དེ་གང་གི་རྒྱུད་ལ་བརྟེན་པའི་རྟེན་གྱི་གང་ཟག་ནི་དགེ་འདུན་ཡིན་པའི་ཕྱིར། དཀོན་མཆོག་གསུམ་པོ་དེ་སྐྱབས་ཀྱི་ཡུལ་མཆོག་ཏུ་གྲུབ་པ་ཡིན་ཏེ། དཔེར་ན་འཇིགས་པ་དང་བཅས་པའི་ས་ནས་བདེ་བའི་གནས་སུ་འགྲོ་དགོས་ན། དེ་ལ་བསྒྲོད་པའི་ལམ་མ་ནོར་བ་ཞིག་དང་། ལམ་དེ་སྟོན་པ་པོ་ཞིག་དང་། དེ་ལ་ཞུགས་ཏེ་འགྲོ་བའི་གྲོགས་བཟང་པོ་ཞིག་ནི་ངེས་པར་དགོས་ལ། དེ་དག་ཡོད་ན་དགོས་པ་དེ་འགྲུབ་ཅིང་མེད་ན་མི་འགྲུབ་པ་བཞིན་ནོ། །དེ་བས་ན་བདག་ཅག་གི་སྟོན་པས། སྲིད་པའི་ཟུག་རྔུ་གཅོད་བྱེད་ལམ། །ངས་ནི་ཁྱེད་ཅག་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་སྟོན་པ་སྟེ། །ཁྱེད་ཅག་རྣམས་ཀྱི་བྱ་དགོས་སོ། །ཞེས་དམ་པའི་ཆོས་ནི་ལམ་དངོས་ཡིན་པས་དེ་བསྒྲུབ་པར་བྱ་དགོས་པར་གསུངས་པ་ཡིན་ནོ། །དེ་དག་ལ་སྐྱབས་སུ་འོས་པའི་རྒྱུ་མཚན་ཡང་། སངས་རྒྱས་དེ་ནི་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པས་ཀུན་ལ་བརྩེ་བ་དང་ལྡན། ཕན་བཏགས་པ་དང་མ་བཏགས་པ་ཀུན་གྱི་དོན་མཛད་ཅིང་ཕན་མི་ཕན་མི་བལྟ་བས་ན་སྐྱབས་སུ་འོས་པ་ཡིན་ཏེ། རང་ཉིད་འཇིགས་པ་ལས་མ་གྲོལ་ན་ཆུས་ཁྱེར་གྱིས་ཆུས་ཁྱེར་མི་སྐྱོབ་པ་བཞིན་གཞན་དེ་ལས་སྐྱོབ་མི་ནུས། འཇིགས་པ་ལས་གྲོལ་ཀྱང་ཐབས་ལ་མི་མཁས་ན་རང་ཅག་ལ་ཕན་མི་ཐོག་པ་ལས་དེ་ལྟར་མ་ཡིན་པར་རྣམ་པ་ཐམས་ཅད་དུ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་དེ་ལྟར་ཡིན་ཀྱང་། བརྩེ་བ་དང་མི་ལྡན་ན་སྐྱོབ་པར་མཛད་པའི་ངེས་པ་མེད་ཀྱང་སེམས་ཅན་ཐམས་ཅད་ལ་མས་བུ་གཅིག་པུ་ལ་བརྩེ་བ་ལྟ་བུའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་ངེས་པར་སྐྱོབ་པར་མཛད། གལ་ཏེ་ཕར་ལ་ཕན་བཏགས་པ་ལ་ལྟོས་ན་ཡང་རང་ལ་སངས་རྒྱས་ལ་ཕན་ཐོགས་པའི་ནུས་པ་མེད་ཅིང་སྔར་ཕན་འདོགས་མ་བྱས་པའི་སེམས་ཅན་རེ་ཟུང་མི་སྐྱོབ་པར་སྲིད་པ་ལས་དེ་ལྟར་ཡང་མ་ཡིན་པ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་བཞི་སྟེ། གང་ལ་ལྡན་ཀྱང་སེམས་ཅན་སྤྱི་ཡི་སྐྱབས་སུ་འོས་པ་ལས་དེ་ཡང་སངས་རྒྱས་ཁོ་ན་ལ་ལྡན་གྱི། གཞན་ཕྱི་རོལ་པའི་ལྷ་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་སོགས་ལ་ཡོད་པ་མ་ཡིན་པའི་ཕྱིར། སངས་རྒྱས་དེ་ཉིད་གཏན་གྱི་སྐྱབས་སུ་འོས་ལ། དེ་ཕྱིར་དེས་བསྟན་པའི་ཆོས་དང་། དེ་ཉམས་སུ་ལེན་པའི་དགེ་འདུན་ཀྱང་སྐྱབས་སུ་འོས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་བསྔགས་འོས་བསྔགས་བསྟོད་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབ་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་གྱུར། །ཞེས་གསུངས་པས་སྐྱབས་གནས་ཀྱིས་གདུལ་བྱ་སྐྱོབ་ཅིང་རྗེས་སུ་འཛིན་པ་ལ་ཕྱི་ནང་གི་སྟོབས་སམ་རྒྱུའི་ཡན་ལག་གཉིས་ཚང་དགོས་པ་ལས། གདུལ་བྱ་རྗེས་སུ་འཛིན་པའི་ཕྱིའི་རྒྱུའི་ཡན་ལག་སྟོབས་ཀུན་ནི་བཅོམ་ལྡན་འདས་ཀྱིས་གྲངས་མེད་གསུམ་དུ་ཡང་དག་པར་བསྒྲུབ་པས་ཚང་བ་ལགས་ནའང་། འོན་ཀྱང་དང་བ་དང་ཡིད་ཆེས་ཀྱི་དད་པ་དང་གསོལ་འདེབས་སོགས་ནང་གི་སྟོབས་ནི་རྒྱུའི་ཡན་ལག་དག་མ་ཚང་བས་བདག་སོགས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བ་སྡུག་བསྔལ་བསྟེན་དགོས་པ་ལས་འདིས་བྱུང་བ་ཡིན་པས་ན། དེ་སྔ་ཕན་ཆད་སྡུག་བསྔལ་བ་དེ་སྐྱབས་ཀྱིས་མ་ཉེས་རང་གིས་ཉེས་པ་ཡིན་ཏེ། རང་ལ་ནི་རྩེ་གཅིག་ཏུ་ཡིད་ཆེས་ཤིང་དད་མོས་བསྐྱེད་ནས་བཀའ་བཞིན་བསྒྲུབ་པའི་ཁུར་ཐང་ཙམ་ལས་མེད་པ་ལ་དེ་ཙམ་ཡང་མ་བྱས་པའི་ཕྱིར་རོ། །དེ་བས་ན་བཤད་མ་ཐག་པའི་ཡོན་ཏན་འདི་རྣམས་ལ་ངེས་པ་དྲངས་ནས་རྩེ་གཅིག་པའི་བློས་རེ་ལྟོས་འཆའ་ནུས་ན་མི་སྐྱོབ་མི་སྲིད་པས་སྙིང་ཐག་པ་ནས་ངེས་པར་བསྐྱེད་པར་བྱའོ། །གསུམ་པ་ཅི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ལ། འཕགས་པ་ཐོགས་མེད་ཀྱིས་བསྡུ་བ་ལས་གསུངས་པ་བཞི་སྟེ། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ། །དང་པོ་ནི། དཀོན་མཆོག་གི་ཡོན་ཏན་དྲན་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ལ། སངས་རྒྱས་ཀྱི་ཡོན་ཏན་ལ། སྐུ་ཡི་ཡོན་ཏན། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན། ཕྲིན་ལས་ཀྱི་ཡོན་ཏན་བཞི། སྐུའི་ཡོན་ཏན་ནི། དཔེ་བྱད་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིིན་མེད་སྟོན་གྱི་ནམ་མཁའ་ལ། སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཞེས་གསུངས་ཏེ། གཞན་སླ་ལ་མིག་གི་བདུད་རྩི་ནི་མིག་གིས་མཐོང་བ་ཙམ་གྱིས་དགའ་བ་དང་བདེ་བ་བསྐྱེད་ནུས་པའི་དོན་ཡིན་ལ། དེ་ཡང་བདག་ཅག་གི་སྟོན་པ་མཆོག་གི་སྤྲུལ་པའི་སྐུ་ལ་མཚོན་ནའང་། དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མ་ལྟ་བུར་དག་ཅིང་གསལ་བ། ཉི་མ་བྱེ་བ་ཕྲག་འབུམ་ལས་ལྷག་པའི་འོད་ཟེར་འབར་བ། ཞལ་ཟླ་བ་བྱེ་བ་འབུམ་ལས་ལྷག་པར་དྲི་མ་མེད་པ། སྐུ་ཤིང་ནྱ་གྲོ་ཏིའི་རྒྱལ་པོ་ལྟར་ཆུ་ཞེང་གབ་པ། མཛོད་སྤུ་ནོར་བུ་དྲི་མ་མེད་པའི་འོད་དག་པ་ལྟར་གསལ་བ། སྤྱན་པདྨ་དང་ཨུཏྤལ་སྔོན་པོ་ཁ་བྱེ་བ་ལྟ་བུའི་བཀྲག་ཡོད་པ། དབུའི་གཙུག་ཏོར་ཚངས་པས་ཀྱང་བལྟར་མི་མངོན་པ་དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། བལྟ་བས་ཆོག་མི་ཤེས་པ། མཐོང་ན་མི་མཐུན་པ་མེད་པ། མཐོང་བ་ཙམ་གྱིས་དོན་དང་ལྡན་པར་བྱེད་ནུས་པ་སྟེ། དེ་ལྟ་བུའི་བྱང་སེམས་ས་བཅུ་པ་མན་ཆད་ལ་མེད་པའི་སངས་རྒྱས་ཀྱི་སྐུའི་ཡོན་ཏན་དུ་འདུག་སྙམ་པའི་དད་པ་དང་། དངོས་སུ་མཇལ་རྒྱུ་བྱུང་ན་སྙམ་པའི་གདུང་བ་དང་། སངས་རྒྱས་རྗེས་སུ་དྲན་པ་འདི་བསོད་ནམས་ཆེ་སྙམ་པའི་སྤྲོ་བ་རྣམས་ཤུགས་དྲག་པོ་མ་བྱུང་གི་བར་དུ་བསྒོམ། གསུང་གི་ཡོན་ཏན་ནི། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱི་ངེས་པའི་ཚིག། མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་མཛད། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོགས་མཁྱེན་པར་མཛོད། །དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་སྟོན་པའི་གསུང་དེའི་ཡོན་ཏན་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་ཀུན་གྱིས་ངེས་པའི་ཚིག་སྟེ། རྒྱུ་མཚན་མང་པོ་དག་གིས་རང་རང་གི་འདོད་པའི་དྲི་བ་མི་འདྲ་བ་མང་པོ་དུས་གཅིག་ཏུ་ཞུས་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སེམས་ཀྱི་སྐད་ཅིག་གཅིག་གི་ཡུན་ལ་དྲི་བའི་དོན་དེ་དག་ཐུགས་སུ་ཆུད་ནས། གསུང་དབྱངས་གཅིག་གིས་དྲི་བ་མི་འདྲ་བ་དེ་དག་ལ་སོ་སོར་ལན་ཀྱང་འདེབས་ཤིང་། དེ་དག་གིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་རྒྱུ་མཚན་དེ་ལྟ་བས་འདྲེན་པ་སངས་རྒྱས་བཅོམ་ལྡན་འདས་དེ་གདུལ་བྱའི་འཇིག་རྟེན་ན་ཚངས་པའི་སྒྲ་དབྱངས་ཀྱི་གསུང་འགྲན་ཟླ་མེད་པར་སྒྲོགས་པར་མཁྱེན་པར་རམ་ཤེས་པར་མཛོད་ཅེས་དང་། དེ་ལྟར་སྒྲོགས་པ་དེ་ནི་ལྷ་དང་མི་སོགས་འགྲོ་བ་ཀུན་གྱི་སྡུག་བསྔལ་ཐམས་ཅད་ཟད་པའམ་མཐར་འབྱིན་པའི་ཕྱིར་དུ་རང་རང་གི་སྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད་པའོ། །དེ་ལྟར་སངས་རྒྱས་ཀྱི་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ལེགས་སྦྱར་གྱི་སྐད་ལྟ་བུ་ཞིག་གི་སྒོ་ནས་ཆོས་གསུངས་ཀྱང་། གདུལ་བྱ་རང་རང་གི་སྐད་དང་མཐུན་པར་ཇི་ལྟར་ཉན་འདོད་པའི་ཆོས་དེར་གོ་ནས་ཐེ་ཚོམ་མཐའ་དག་གཅིག་ཆར་དུ་སེལ་ནུས་པ་སོགས་ཀྱི་ཡོན་ཏན་ལ་བསམ། ཐུགས་ཀྱི་ཡོན་ཏན་ལ་མཁྱེན་པའི་ཡོན་ཏན་དང་། བརྩེ་བའི་ཡོན་ཏན་གཉིས་ལས། དང་པོ་ནི། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་སངས་རྒྱས་བཅོམ་ལྡན་འདས་འབའ་ཞིག་གི་ཡེ་ཤེས་ཀྱིས་ཤེས་བྱ་མཐའ་དག་དུས་གཅིག་ཆར་དུ་མངོན་སུམ་དུ་གཟིགས་པའི་སྒོ་ནས་ཁྱབ་པས། ཡུལ་ཤེས་བྱ་དེ་ལས་ཡུལ་ཅན་ཡེ་ཤེས་ལྷག་པ་ལགས་ཀྱི། བཅོམ་ལྡན་འདས་ལས་གཞན་སློབ་པ་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་ཚེ་ཀུན་རྫོབ་མི་མཐོང་། ཀུན་རྫོབ་མཐོང་ཚེ་གནས་ལུགས་མངོན་སུམ་དུ་མི་མཐོང་བས་བློ་དང་། ཤེས་བྱ་གཉིས་ཀྱི་ནང་ན་ཤེས་བྱ་ཁོ་ན་ལྷག་པར་གསུངས་པ་ལྟར་ཡིན་པས། ཤེས་བྱ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པས་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་དུ་མཁྱེན་པས་གདུལ་བྱའི་ཁམས་དང་བསམ་པ་སོགས་ཇི་ལྟ་བ་བཞིན་དུ་གཟིགས་པས་གདུལ་བྱ་འདུལ་བའི་ཐབས་ལ་མཁས། བརྩེ་བའི་ཡོན་ཏན་ནི། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག། དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡོམས། །ཞེས་སེམས་ཅན་རྣམས་ཉོན་མོངས་པས་རང་དབང་མེད་པར་བཅིངས་པ་བཞིན་དུ་ཐུབ་པ་ཡང་སྙིང་རྗེ་ཆེན་པོས་བསྡོམས་པས་ན། གཡས་ནས་ཙནྡན་གྱི་ལྡེ་གུས་བྱུགས་པ་དང་། གཡོན་ནས་སྟྭ་གྲིས་གཞོག་པ་གང་ལའང་ཉེ་རིང་མེད་པར་སླར་ཐུགས་རྗེ་སྐྱེ་ཚུལ་བསམ་ལ། དེ་ལྟ་བུ་ནི་སངས་རྒྱས་ཁོ་ནའི་བརྩེ་བའི་ཡོན་ཏན་དུ་འདུག་སྙམ་པ་དད་གུས་སྦྱོངས། ཕྲིན་ལས་ནི། སྔ་མ་ལས། ཁྱོད་ཀྱི་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པར་མཛད། །འཁོར་བའི་རང་བཞིན་མི་བཟོད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱེད་ཀྱིས་མ་མཛད་པ། །གཞན་གོ་ཅི་ཞིག་མཆིས་ལགས་ཀྱི། །ཞེས་གདུལ་བྱ་ལ་སྡུག་བསྔལ་དེའི་རྒྱུ་ཉོན་མོངས་པ་གཞོམ་དགོས་པ་དང་དེའི་ཚུལ་ཡང་བཤད། དེ་སྤང་བ་ན་འཁོར་བའི་བདུད་ཀྱི་གཡོ་ཐབས་ཀྱི་སྒོ་ནས་བསླུ་བས་དེ་ལ་ཟོན་དགོས་ཚུལ་དག་ཀྱང་བསྟན་པར་མཛད། འཁོར་བའི་རང་བཞིན་ནམ་གནས་ཚུལ་སྡུག་བསྔལ་མི་བཟོད་པ་དང་ལྡན་པར་བརྗོད། དེ་སྤངས་པའི་ཐབས་དེའི་རྒྱུ་འཇིགས་པ་མེད་པའི་ཕྱོགས་ཐར་པ་ཐོབ་ཚུལ་ཀྱང་བསྟན། དེ་ལྟ་བུའི་བླང་དོར་བྱེད་པའི་ཚེ་ན་ཕན་དགོངས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ཁྱོད་ཀྱིས་སེམས་ཅན་རྣམས་ལ་དོན་བྱེད་པའི་སྐབས་སུ་བབ་ན་དོན་བགྱི་བར་འཚལ་བ་སྟེ་འོས་པ་གང་ཞིག་མ་མཛད་པ་གཞན་ནི་ཅི་ཞིག་མཆིས་ཏེ་གང་ཡང་མ་མཆིས་པར་གསུངས་པ་ལྟར། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག། མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒུད་པ་གང་ལས་འགྲོ་བ་དག་མ་དྲངས་པའི་རྒུད་པ་ནི་འགའ་ཡང་མ་མཆིས་ཏེ་རྒུད་པ་ལས་གང་སུ་ཐར་བ་དེ་དག་ཀྱང་སངས་རྒྱས་ཀྱི་མཐུ་ཡིན་པ་དང་། ཕུན་སུམ་ཚོགས་པའམ་བདེ་བ་གང་དང་མ་སྤྲད་པ་དེ་ཡང་གང་མཆིས་ཏེ་བདེ་བ་གང་ཅི་ཐོབ་པ་དེ་ཀུན་ཀྱང་སངས་རྒྱས་ཀྱི་མཐུ་ཡིན་པའི་ཕྱིར། དེས་ན་རང་ཅག་ནད་ལྟ་བུ་སྡུག་བསྔལ་གྱིས་མ་གདུང་བར་ཅུང་ཟད་བདེ་བར་གནས་པའང་སངས་རྒྱས་ཀྱི་མཐུ་ཡིན་པ་དང་། གཞན་ཡང་རྟག་ཁྱབ་འབད་མེད་ལྷུན་གྲུབ་ཏུ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དུས་འཁོར་བ་ཇི་སྲིད་བར་རྟག་པར་རྒྱུན་མི་ཆད་པ་དང་། དེ་ཡང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཀུན་གྱི་དོན་མཛད་པ་དང་། དེ་མཛད་པ་ལ་འབད་རྩོལ་ཅུང་ཟད་ཙམ་ཡང་མི་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་སངས་རྒྱས་དེའི་ཆོས་ཉམས་སུ་ལེན་པ་པོའི་ནི་དགེ་འདུན་ཡིན་པའི་ཕྱིར། དམ་པའི་ཆོས་ནི་སྐྱོན་སྤང་ཞིང་ཡོན་ཏན་སྒྲུབ་པའི་བདག་ཉིད་ཅན་དང་། དགེ་འདུན་ནི་དེ་བསྒྲུབ་པ་ལས་གཡེལ་བ་མེད་པ་སྟེ་དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བའི་སྒོ་ནས་སྐྱབས་སུ་འགྲོ་བའོ། །གཉིས་པ་ཁྱད་པར་ཤེས་པ་ནི། དགེ་འདུན་ལམ་སྒྲུབ་པ་པོ་དང་། ཆོས་བསྒྲུབ་བྱ། སངས་རྒྱས་བསྒྲུབས་པའི་འབྲས་བུ་ཡིན་པ་སོགས་དཀོན་མཆོག་གསུམ་གྱི་ཁྱད་པར་ཤེས་པའོ། །གསུམ་པ་ཁས་ལེན་པ་ནི། སངས་རྒྱས་ལ་སྟོན་པ་པོ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་བསྒྲུབ་པའི་གྲོགས་སུ་བཟུང་ནས་སྐྱབས་སུ་འགྲོ་བའོ། །བཞི་པ་གཞན་དུ་མི་སྨྲ་བ་ནི། ནང་པ་དང་ཕྱི་རོལ་པའི་སྟོན་པ་དང་བསྟན་པ་དང་དེ་ལ་སློབ་པ་རྣམས་ཀྱི་མཆོག་དམན་ཤེས་ནས་དཀོན་མཆོག་གསུམ་པོ་ཁོ་ན་སྐྱབས་སུ་འཛིན་གྱི། དེ་དག་མི་མཐུན་པའི་སྟོན་པ་སོགས་ལ་སྐྱབས་སུ་མི་འཛིན་པའོ། །བཞི་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་། འདིར་བླ་མ་གོང་མ་རྣམས་ཀྱི་མན་ངག་བཞིན་རྡོ་རྗེ་ཐེག་པའི་ལུགས་དང་ཡང་ཕྱོགས་མཐུན་དུ་བཤད་པ་ལ། ཀུན་མཁྱེན་འཇིགས་མེད་གླིང་པས། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ། །རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས། །ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་བོ་བདེ་གཤེགས་རྩ་བ་གསུམ་དང་། རྩ་རླུང་ཐིག་ལེ་དེའི་རང་བཞིན་ལ་བརྟེན་པའི་འོད་གསལ་བྱང་ཆུབ་ཀྱི་སེམས་ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ཏེ་དེའི་རང་བཞིན་ལ་སྐྱབས་སུ་འགྲོ་སྟེ། དེ་ལས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་སྐྱབས་སུ་འགྲོ་བ་ལ། བླ་མའི་ཞལ་རྒྱུན་དང་སྦྱར་ན་རྫོགས་པའི་སངས་རྒྱས་ནི་བདག་ལ་ལམ་སྟོན་པ་པོ་ཡིན། དེའི་བཀའ་ལས་བྱུང་བའི་ལས་རྒྱུ་འབྲས་ཀྱི་ཚུལ་ལ་ཡིད་ཆེས་པར་བྱའོ་སྙམ་པ་དང་། དམ་པའི་ཆོས་ནི་བདག་གི་ལམ་དངོས་ཡིན། ལམ་ལྷག་པའི་བསླབ་པ་གསུམ་པོ་རང་རྒྱུད་ལ་བརྟེན་ནས་དེའི་འགལ་ཟླ་ཉེས་བྱས་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་བྱའོ། །འཕགས་པའི་དགེ་འདུན་རྣམས་ནི་ལམ་བསྒྲུབ་པའི་གྲོགས་ཡིན་ཏེ། དེ་དག་གི་མཛད་པ་དང་རྣམ་ཐར་གྱི་རྗེས་སུ་བསླབ་ནས་གྲལ་ནས་མ་བུད་པ་ཞིག་བྱའོ་སྙམ་དུ་དམ་བཅའ་བརྟན་པོ་བྱ་དགོས་པར་གསུངས་ལ། ཁྱད་པར་དུ་ཡང་དེ་གསུམ་རང་རྒྱུད་ལ་ཐོབ་པར་འདོད་པའི་ཚུལ་དུ་སྐྱབས་སུ་འགྲོ་དགོས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི་སངས་རྒྱས་ཐོབ་པར་འདོད་པའོ། །ཆོས་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ཐོབ་པར་འདོད་པའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་ནི་དགེ་འདུན་ཐོབ་པར་འདོད་པའོ། །ཞེས་དང་། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་ཕྱིའི་སྐྱབས་འགྲོ་ཞེས་བྱ་སྟེ། རྗེ་བཙུན་མི་ལས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་སྐྱབས་འགྲོ་ཡིན། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེང་། །ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །ཞེས་གསུངས་པ་ལྟར་ཏེ་འདི་ནི་ཕ་རོལ་ཕྱིན་པའི་ལུགས་ཀྱི་སྐྱབས་སུ་འགྲོ་ཚུལ་ཡིན་པས་ན་དེ་ལྟར་བརྗོད་པ་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། དེ་ཡང་ཐུན་མོང་ཐེག་པའི་ལུགས་ལ་སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་ལམ་བསྒྲུབ་པའི་གྲོགས་སུ་མོས་ནས་སྐྱབས་སུ་འགྲོ་བ་དང་། ཞེས་གསུངས་པ་ལྟར་རོ། རྩ་བ་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། བཀའ་དྲིན་གསུམ་ལྡན་གྱི་བླ་མ་ནི་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་མོས་པ་དང་། དེ་བཞིན་དུ་ཡི་དམ་དང་མཁའ་འགྲོ་རྣམས་ཀྱང་བླ་མ་དང་དབྱེར་མེད་དུ་མོས་ཏེ་རྩེ་གཅིག་ཏུ་བསྒྲུབ་ཅིང་བསྙེན་པ་སོགས་ཀྱི་སྒོ་ནས་སྐྱབས་སུ་འགྲོ་སྟེ་འདི་ལ་ནང་གི་སྐྱབས་འགྲོ་ཞེས་བྱ་སྟེ། རྗེ་མི་ལས། བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །ཅེས་སོགས་གསུངས་པ་ལྟར་ཏེ། དེ་ཡང་ནང་གསང་སྔགས་རྡོ་རྗེ་ཐེག་པ་སྤྱིའི་ལུགས་ཀྱི་སྐྱབས་འགྲོ་ཡིན་པས་དེ་སྐད་ཅེས་བྱ་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ལུགས་ཀྱི་སྒོ་གསུམ་བླ་མ་ལ་འབུལ། ཡི་དམ་ལ་བརྟེན། མཁའ་འགྲོ་ལ་གྲོགས་སུ་བྱས་ནས་སྐྱབས་སུ་འགྲོ་བ་དང་། ཞེས་སྐྱབས་སུ་འགྲོ་ཚུལ་དང་བཅས་པ་གསུངས་པ་ལྟར་རོ། །དེ་ཡང་བླ་མ་ལ་འབུལ་ཞེས་པ་བླ་མ་བསྟེན་ཚུལ་གྱི་གནད་ཁྱད་པར་ཅན་དང་། ཡི་དམ་ལ་བརྟེན་ཞེས་པ་རང་གི་སྒོ་གསུམ་དང་ཡི་དམ་ལྷའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་དུ་མོས་པ་དང་། མཁའ་འགྲོ་ལ་གྲོགས་སུ་བྱ་ཞེས་པ་བདེ་བའི་ཡེ་ཤེས་བསྐྱེད་པའི་གྲོགས་སུ་བྱེད་པའོ། །རྩ་རླུང་ཐིག་ལེ་གསུམ་ལ་སྐྱབས་སུ་འགྲོ་བའི་ཚུལ་ནི། དག་པའི་རྩ་དང་། ཡེ་ཤེས་ཀྱི་རླུང་དང་། བྱང་ཆུབ་ཀྱི་སེམས་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། དེའི་གོ་དོན་ཡང་རྩ་རླུང་ཐིག་ལེ་གསུམ་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་བསྐྱེད་དེ། འདི་ལ་ནི་གསང་བའི་སྐྱབས་འགྲོ་ཞེས་བྱ་སྟེ། རྗེ་མི་ལས། རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། ཅེས་སོགས་གསུངས་པ་ལྟར་ཏེ། གསང་བ་བླ་མེད་རྡོ་རྗེ་སྙིང་པོའི་ལུགས་ཀྱི་སྐྱབས་འགྲོ་ཡིན་པས་ན་དེ་སྐད་བརྗོད་པ་སྟེ། ཀུན་མཁྱེན་འཇིགས་མེད་གླིང་པས། ཁྱད་པར་ཐེག་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི་རྩ་སྤྲུལ་སྐུར་བརྟེན། རླུང་ལོངས་སྐུར་སྦྱོང་། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། ཞེས་གསུངས་པ་ལྟར་ཏེ། དེ་ཡང་རང་གི་རྡོ་རྗེའི་ལུས་འདི་ལ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་གནས་པ་ལས། དེ་དག་གི་བྱེད་ལས་མ་དག་པའི་སྐབས་སུ་སྒོ་གསུམ་དང་དག་པའི་སྐབས་སུ་སྐུ་གསུམ་འགྲུབ་པ་སྟེ། དེ་ལ་རགས་པའི་རྩ་རླུང་ཐིག་ལེ་གསུམ་དང་། དེ་དག་གི་རང་བཞིན་ནམ་གཤིས་གཉུག་མ་འོད་གསལ་གྱི་རྩ་རླུང་ཐིག་ལེ་གསུམ་ལས། གཉུག་མའི་རྩ་དག་པ་ལས་སྤྲུལ་སྐུ། རླུང་དག་པ་ལས་ལོངས་སྐུ། ཐིག་ལེ་དག་པ་ལས་བདེ་བ་ཆེན་པོའི་ཡེ་ཤེས་སུ་སྨིན་པས་ཆོས་ཀྱི་སྐུ་འགྲུབ་པའི་ཐབས་ཀྱི་མྱུར་ལམ་རྒྱུད་ལ་བརྟེན་པའོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། ཡང་གསང་རྗོགས་པ་ཆེན་པོའི་ལུགས་ཀྱི་སྐྱབས་འགྲོ་སྟེ། དེ་ལ་སྐྱབས་སུ་འགྲོ་ཚུལ་ནི་གོང་དུ་བཤད་ཟིན་པ་ལྟར་དང་། ཀུན་མཁྱེན་འཇིགས་མེད་གླིང་པས་མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་དག་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བ་སྟེ། ཞེས་གསུངས་པ་ལྟར་རོ། །ལ་བཟླ་བ་ཞེས་པ་ནི་ཐག་བཅད་པའམ་དེའི་ངང་ལས་མི་འདའ་བར་བྱེད་པའོ། །ནང་གསང་བའི་ཚུལ་འདི་དག་ལ་བསླབ་ན་རྡོ་རྗེ་ཐེག་པའི་ཆོས་ལ་སྐྱབས་དངོས་སུ་བྱེད་ཚུལ་ཡིན་པས། དེ་ལ་ལྟོས་ཏེ་སངས་རྒྱས་ལ་སྟོན་པ་དང་། རིག་པ་འཛིན་པའི་དགེ་འདུན་དཔའ་བོ་དང་དཔའ་མོའི་ཚོགས་ལ་གྲོགས་སུ་བཟུང་བས་སྐྱབས་སུ་འགྲོ་བ་སྤྱིའི་གནད་ཚང་བ་ཡིན་ནོ། །དེ་ནས་དངོས་ཀྱི་ཉམས་ལེན་ལ་ཚོགས་ཞིང་གསལ་འདེབས་དགོས་ལ། དེ་ལ་གཅོད་གཞུང་རྣམས་སུ་མི་འདྲ་བ་དུ་མ་ཡོད་པར་རང་རང་གི་གང་མོས་ལྟར་དུ་བྱས་ལ་སྤྱི་ཁྱབ་ཙམ་དུ། མདུན་གྱི་ནམ་མཁའི་གནས་སུ་ཆོས་སྐུ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་སྤྲིན་འཁྲིགས་པ་བཞིན་དུ་སྟེང་ཕྱོགས་ཀྱི་ནམ་མཁའ་ཁྱབ་ནས་བཞུགས་པར་མོས་པས་ཆོག་ལ། དེ་ལྟར་སྐྱབས་ཡུལ་རྣམས་ཇི་ལྟ་བ་བཞིན་དུ་གསལ་ཐེབས་ན་ལེགས་ཤིང་འདིར་གསང་སྔགས་ཀྱི་ཚུལ་དང་འབྲེལ་བས་ན་གལ་ཡང་ཆེ་མོད། གལ་ཏེ་གསལ་ཐེབས་ཀྱང་སྐྱོན་མེད་དོ། །དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་ཡིན་པས་ཐེ་ཚོམ་མེད་པར་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་ཡོད་སྙམ་ན་ངེས་པར་བཞུགས་ཡོད་པ་ཡིན་ཏེ། སངས་རྒྱས་རྣམས་ལ་ཤེས་བྱའི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་བཞིན་དུ་མངོན་སུམ་དུ་གཟིགས་པའི་མཁྱེན་པའི་ཡོན་ཏན་མངའ་བས་གསོལ་བ་འདེབས་ཤིང་མོས་གུས་བྱེད་པ་སོགས་སྒྲིབ་པ་མེད་པར་མཁྱེན། སེམས་ཅན་ཐམས་ཅད་ལ་མས་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་ཆེན་པོའི་ཡོན་ཏན་མངའ་བས་མཁྱེན་བཞིན་དུ་ཡལ་བར་མི་འདོར། དེ་ལྟར་མཁྱེན་བརྩེ་མངའ་ཡང་ཐོགས་མེད་དུ་འབྱོན་པའི་ནུས་པ་མེད་ན་མི་འབྱོན་པ་ལས། སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བརྐྱང་བསྐུམ་གྱི་ཡུན་ཙམ་དང་། དེར་མ་ཟད་སེམས་ཀྱི་སྐད་ཅིག་ཙམ་ལའང་གང་བཞེད་དུ་འབྱོན་པའི་རྫུ་འཕྲུལ་གྱི་མཐུ་ཐོགས་པ་མེད་པས་ན་སྐད་ཅིག་ཙམ་ལ་ངེས་པར་འབྱོན་ནུས། མཛད་པ་ཕྲིན་ལས་དུས་ལས་ཡོལ་བ་མེད་པས་སྐབས་རེར་མི་འབྱོན་པར་ཕྱིས་པ་ལྟ་བུའང་མེད། ཡང་མཐོན་པོ་འགའ་ཞིག་གིས་གསོལ་བ་བཏབ་ན་འབྱོན་ཡང་། དམན་པ་འགའ་ཞིག་ལ་མི་འབྱོན་པ་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཐུགས་ཉེ་རིང་ཆགས་སྡང་མེད་པར་མཉམ་པའོ། །གལ་ཏེ་ལས་འཕྲོ་དག་པ་གཞན་ལ་དེ་ལྟར་ཡིན་ཀྱང་། བདག་ཉིད་ནི་ཉོན་མོངས་པའི་དབང་དུ་གྱུར་ཅིང་སྡིག་སྒྲིབ་ཆེན་པོ་དང་ལྡན་པའི་སྐྱོན་དང་བཅས་པས་ཇི་འདྲ་ཡིན་སྙམ་ན། དཔེར་ན་མ་ཞིག་ལ་བུ་མང་པོ་མཆིས་པ་ལས། དེ་དག་གི་ནང་དུ་བུ་ནད་པ་ཞིག་ཡོད་ན་དེ་ལ་ལྷག་པར་བརྩེ་བ་ལྟར། རྒྱལ་བ་སྲས་བཅས་རྣམས་སྡིག་སྒྲིབ་ཅན་སྐྱོན་དང་བཅས་པ་ལ་ལྷག་པར་བརྩེ། ཡང་དེ་སྐབས་སེམས་ཅན་གཞན་མང་པོས་ཀྱང་བདག་ལྟར་གསོལ་བ་འདེབས་ཀྱིན་ཡོད་པས་གཞན་དག་ཏུ་ཡང་འབྱོན་ན་རང་གི་མདུན་དུ་མི་འབྱོན་སྙམ་ན། སེམས་ཅན་གྲངས་མེད་པས་དུས་གཅིག་ཏུ་གསོལ་བ་བཏབ་ཀྱང་སྤྲུལ་པ་གྲངས་མེད་པས་རང་གི་མདུན་དུའང་ངེས་པར་བྱོན་ཏེ་བཞུགས་ཡོད་པ་ཡིན། རྒྱུད་བླ་མ་ལས་ཀྱང་། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག། ཅེས་གསུངས་པ་ལྟར་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་སྣ་ཚོགས་པ་མངོན་སུམ་དུ་གཟིགས་པ་དང་། དེ་འདུལ་བའི་ཐབས་ཀྱི་རྣམ་པ་ཅི་ཡང་མཁྱེན་པ་དང་། གདུལ་བྱའི་ཁམས་དང་མཐུན་པའི་འདུལ་བའི་བྱ་བ་མངོན་མཐོ་ངེས་ལེགས་གང་ལའང་འགོད་ནུས་པ་དང་། གདུལ་བྱ་གང་ན་གནས་པའི་ཡུལ་དེར་གཤེགས་པ་དང་། དེ་ཡང་དུས་ལས་ཡོལ་བ་མེད་པར་གཤེགས་པ་ལ་ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས་ནི་དུས་རྟག་ཏུ་འབད་རྩོལ་ཉེ་བར་ཞི་བས་ལྷུན་གྱིས་གྲུབ་པར་འཇུག་པ་ཡིན་ལ། དེར་མ་ཟད་བཟང་པོ་སྤྱོད་པའི་སྨོན་ལམ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དགཅེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་མཆིས་པ་ཀུན་ཀྱང་ཐོགས་རེག་དང་བྲལ་བ་ཡེ་ཤེས་ཀྱི་རང་བཞིན་ཅན་ཡིན་པས་ཐུགས་ཀྱིས་གར་ཁྱབ་ལ་སྐུ་གསུང་གིས་ཀྱང་ཁྱབ་པས་ན་རྡུལ་ཕྲ་རབ་གཅིག་གི་སྟེང་ནའང་རྡུལ་སྙེད་ཀྱི་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞུགས་ཡོད་པའི་ཚུལ་ལའང་ངེས་པ་བསྐྱེད་པར་བྱའོ། །ཡང་སངས་རྒྱས་རྣམས་ཀྱིས་དང་པོར་ཐུགས་བསྐྱེད་པ་ཡང་རང་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའང་སེམས་ཅན་གྱི་དོན་དུ་བསགས། མཐར་སངས་རྒྱས་ཏེ་ཕྲིན་ལས་ལྷུན་གྱིས་གྲུབ་པའང་སེམས་ཅན་གྱི་དོན་དུ་མངོན་དུ་བྱས་པ་ཡིན་པས། སེམས་ཅན་གྱི་དོན་ལས་མཛད་པ་གཞན་མེད་པས་རང་ཅག་གི་མདུན་ན་སངས་རྒྱས་སྲས་དང་བཅས་པ་ཡོད་དོ་ཅོག་བཞུགས་ཡོད། མདོར་ན་སངས་རྒྱས་རྣམས་ཀྱི་ནང་ན་རང་ཅག་ལ་མཁྱེན་པས་མི་གཟིགས་པ་གཅིག་ཀྱང་མེད། བརྩེ་བས་མི་དགོངས་པའང་གཅིག་ཀྱང་མེད། ནུས་པས་བསྐྱབ་མི་ཐུབ་པའང་མེད། དེ་ལྟར་ནུས་བཞིན་དུ་ཡལ་བར་འདོར་བའང་མི་སྲིད་པས། རང་ཉིད་ལ་ཐེ་ཚོམ་དང་བཅས་ཤིང་དད་པ་མེད་པས་ལན་པ་ཡིན་གྱི། སངས་རྒྱས་རྣམས་ཀྱིས་ནི་ངེས་པར་སྐྱོབ་ནུས་པ་ཡིན་པའི་ཚུལ་ལ་སྙིང་ཐག་པ་ནས་ཡིད་ཆེས་བསྐྱེད་པར་བྱའོ། །དེ་ནས་རང་གི་མཐའ་སྐོར་དུ་ཕ་མ་གནོད་བྱེད་ལྷ་འདྲེ་སོགས་ཀྱིས་གཙོས་སེམས་ཅན་ཐམས་ཅད་ཀྱིས་བསྐོར་ནས་རྩེ་གཅིག་ཏུ་དད་ཅིང་གུས་པ་དང་བཅས་པས་སྐྱབས་སུ་འགྲོ་བར་མོས་དགོས་ཏེ། དེ་ཡང་གཅོད་ཀྱི་རང་ལུགས་སུ་སྐྱབས་འགྲོ་སེམས་བསྐྱེད་ཡུལ་གྱི་གཙོ་བོར་གྱུར་པའི་སེམས་ཅན་ནི་བརྒྱད་དེ། བདག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་ཆད་བྱེད་པའི་རྐྱེན། གནས་གདོན། ལུས་གདོན། གཉན་སའི་གདོན་ཏེ་གདོན་དྲུག་དང་། རྩ་བའི་ཕ་མ་གཉིས་དང་བཅས་ཡིན་ལ། བདག་ལ་བརྟེན་ནས་བརྡེག་བཙོག་འཕྲོག་བཅོམ་གཤེ་སྐུར་མི་ཁ་གཏམ་ངན་སོགས་གཏོང་བའི་བསམ་ངན་འཆང་བའི་གཟུགས་ཅན་གྱི་མི་རྣམས་ནི་སྡང་བར་བྱེད་པའི་དགྲ་དང་། རང་ལ་མཐོང་སྣང་དང་མིག་ལམ་དུ་མི་འདྲ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་ཡ་ང་ནས་བྲེད་ཅིང་དངངས་པ་དང་། འདར་ཞིང་བ་སྤུ་གཡོ་བར་བྱེད་པའི་གཟུགས་མེད་ཀྱི་ལྷ་འདྲེ་དག་ཀྱང་དེར་འདུ་བར་གསུངས་ལ། རང་གི་ལུས་སེམས་ལ་ནད་གདོན་གྱིས་ཉེན་པར་བྱེད་ཅིང་ཚེ་སྲོག་ལོངས་སྤྱོད་སོགས་འཕྲོག་པའི་སྒོ་ནས་སྡུག་བསྔལ་བར་བྱེད་དུ་འཇུག་པའི་གདོན་བགེགས་རྣམས་ནི་གནོད་པར་བྱེད་པའི་བགེགས་དང་། བདག་གི་ལུས་སྲོག་ཁ་རྗེ་དབང་ཐང་བསོད་ནམས་ཐར་པ་བསྒྲུབ་པ་སོགས་གནས་སྐབས་མཐར་ཐུག་གི་བྱ་བ་ཆེ་ཕྲ་གང་བསྒྲུབ་ཀྱང་ལམ་དུ་འགྲོར་མི་སྟེར་ཞིང་བར་ཆད་བྱེད་དུ་འཇུག་པ་རྣམས་ནི་བར་ཆད་ཀྱི་རྐྱེན་ཡིན་ཏེ་ཕྱིའི་གནོད་བྱེད་གསུམ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པའམ་ངའོ་སྙམ་པའི་བདག་འཛིན་ཅེས་ཀྱང་ཟེར་ཏེ་མིང་གང་ལྟར་བཏགས་ཀྱང་ཐར་པ་ཐོབ་ཏུ་མི་སྟེར་ཞིང་ཉེས་པ་ཐམས་ཅད་བསྐྱེད་པའི་རྩ་བ་དེ་ལས་བྱུང་བའི་འཁྲུལ་པའི་བག་ཆགས་བརྟན་པའི་སྟོབས་ལས་བྱུང་བའི་ཚེ་རབས་ཐོག་མ་མེད་པའི་དུས་ནས་ལས་ངན་འབའ་ཞིག་ལ་བློ་སྦྱོར་བར་བྱེད་པའི་བདུད་ཀྱི་རིགས་སུ་གཏོགས་པ་དེ་ལ་ནི་མཉམ་པོར་འོང་བའི་བདུད་ཅེས་ཀྱང་བྱ་སྟེ་དེ་ནི་ལས་ཀྱི་གདོན་ཡིན། བདག་གི་བར་དོའི་རྣམ་ཤེས་དྲི་ཟ་ཞེས་པ་དེ་མའི་མངལ་དུ་ཞུགས་ནས་ལུས་འདི་ཡོངས་སུ་རྫོགས་པར་གྲུབ་པའི་དུས་ནས་ནམ་ཞིག་འཆི་བའི་ཚེ་ན་ཤ་རུས་པགས་པ་རྣམས་སོ་སོར་མ་འབྱེད་པའི་བར་དུ་ཤ་ཁྲག་ལས་གྲུབ་པའི་གདོས་པ་འདིའི་བདག་པོ་ང་ཡིན་སྙམ་པའི་མི་མ་ཡིན་གདུག་པ་ཅན་ཞིག་ཡོད་པ་ལུས་ཀྱི་གདོན། ཕྱི་ཡུལ་གྱི་སྣང་བ་འབྱུང་ལྔས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་གླིང་བཞི་རི་རབ་སོགས་ནས་སོ་སོའི་ཡུལ་གྲུ་རི་ཀླུང་ནགས་ཚལ་དུར་ཁྲོད་ཆུ་བོ་རྒྱ་མཚོ་ལྷ་ཁང་མཆོད་རྟེན་སོགས་དང་། རང་གི་གནས་ཁང་གནས་མལ་དང་བཅས་པ་ལ་གནས་པའི་ཕན་གནོད་བྱེད་མཁན་སྤྱི་དང་བྱེ་བྲག་གི་བདག་པོའི་ལྷ་འདྲེ་རྣམས་ནི་གནས་གདོན་ཏེ་ནང་གི་གནོད་བྱེད་གསུམ་སྟེ་ཕྱི་ནང་གི་གདོན་དྲུག་དང་། ད་ལྟའི་ལུས་འདི་བསྐྱེད་པར་བྱེད་ཅིང་། ཚེ་འདིར་དྲིན་ཆེན་པོས་བསྐྱངས་པའི་རྩ་བའི་ཕ་མ་གཉིས་ཏེ་བརྒྱད་དོ། །དེ་དག་གིས་གཙོར་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་རེ་ས་དང་སྐྱབས་གནས་བླ་མ་དཀོན་མཆོག་གསུམ་པོ་ཁྱེད་རང་མིན་པ་སུ་ཡང་མེད་པས་ཁྱེད་རང་མཁྱེན་ནོ། །བདེ་རུང་སྡུག་རུང་མཐོར་གཏོང་དམར་གཏོང་རྐྱེན་དང་བར་ཆད་གནོད་བྱེད་གདོན་བགེགས་གང་བྱུང་ཡང་དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་ནོ་སྙམ་དུ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་གི་དཀྱིལ་རུས་པའི་གཏིང་ནས་གདུང་ཤུགས་དྲག་པོ་བསྐྱེད་ལ། བླ་མ་དཀོན་མཆོག་གི་སྐྱབས་འོག་ཏུ་བདག་དང་ཡོན་བདག་ལྷ་འདྲེ་གནོད་བྱེད་ཕ་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཚུད་ནས་དེ་དག་གིས་ཀྱང་སེམས་དད་ཅིང་གུས་པས། ལུས་ཐལ་མོ་སྦྱར་ནས། ངག་གིས་སྐྱབས་འགྲོ་འུར་དུ་རི་རི་མཉམ་དུ་བྱེད་པར་བསམ་ལ། བདག་ལ་སྡང་བར་བྱེད་པའི་དགྲ་སོགས་གནོད་བྱེད་དྲུག་དང་། ཕ་མས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབས་པ་རྒྱ་ཆེན་པོ་མཛད་དུ་གསོལ། །ཞེས་བརྒྱ་རྩ་གཅིག་གམ་ཉེར་གཅིག་སོགས་ཅི་འགྲུབ་བརྗོད། དེ་ནས་དཀོན་མཆོག་གསུམ་གྱི་ཞལ་ནས་རིགས་ཀྱི་བུ་ཁྱེད་རང་རྣམས་སྡིག་པ་མི་དགེ་བའི་ལས་སྤོང་ལ་དད་གུས་རྒྱུན་མི་ཆད་པར་གྱིས་དང་། སྐྱབས་མགོན་དང་དཔུང་གཉེན་ངེད་ཀྱིས་བྱེད་པ་ཡིན་གསུངས་པར་བསམ། དེ་ནས་སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་བྱུང་ནས་བདག་གཞན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དགལུས་ཤེས་གོང་བཞིན་དུ་དྭངས་ཀྱིས་སོང་བར་བསམ་ལ། དེའི་ངང་ལས་སྐྱབས་མཁན་བདག་དང་ལྷ་འདྲེ་སྐྱབས་འགྲོའི་ངོ་བོ་དང་གསུམ་མི་དམིགས་པ་སྟོང་པ་ཉིད་ཀྱིས་ངང་དུ་མཉམ་པར་བཞགསྐྱབས་ཡུལ་སྐྱབས་མཁན་སྐྱབས་འགྲོ་གསུམ། །མི་དམིགས་རང་སེམས་ཆོས་ཀྱི་སྐུ། །དོན་དམ་སྐྱེ་བ་མེད་པའོ། །ཕཊ་ཕཊ་ཕཊ།