ཉེ་བརྒྱུད་གཅོད་ཀྱི་ཁྲིད་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ། སྨད་ཆ།

From Dudjom Wiki
Revision as of 12:32, 11 March 2026 by Mort (talk | contribs)

TTDL-ZABTER-20-WA-002
Wylie title nye brgyud gcod kyi khrid yig gsal bar bkod pa legs bshad bdud rtsi'i rol mtsho - smad cha TTDL-ZABTER-20-WA-001.pdf
Location bdud 'joms gling pa'i zab gter
Volume 20, Text 2, Pages 535-741 (Folios 268a4 to 371a4)
Author པདྨ་ལུང་རྟོགས་རྒྱ་མཚོ་
Citation Pad+ma lung rtogs rgya mtsho. Nye brgyud gcod kyi khrid yig gsal bar bkod pa legs bshad bdud rtsi'i rol mtsho. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 20: 1-741. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: 'grel pa   Verso: bdud 'joms gcod khrid
More details More details
Genre Commentaries - 'grel pa  ·  Contemplative Guide Books and Instructional Manuals - khrid yig
Colophon

།ཅེས་ཉེ་བརྒྱུད་གཅོད་ཀྱི་ཁྲིད་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི་རྒྱལ་བ་ཀུན་གྱི་ངོ་བོ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱི་ཟབ་ཆོས་མཐའ་དག་གི་བདག་པོར་མངའ་གསོལ་ཞིང་།འདི་ཉིད་ཀྱི་བཤད་པ་འབྲི་བར་བཀས་གནང་བ་དང་། ཐོས་བསམ་སྒོམ་པའི་ཡོན་ཏན་མཆོག་མངའ་རྣལ་འབྱོར་གྱི་དབང་ཕྱུག་རྨ་ཐོག་པའི་རྣམ་འཕྲུལ་དུ་ལུང་གིས་བསྔགས་པ་རང་སློབ་རེ་ཀོང་བླ་མ་དགེ་འདུན་གྱིས་སྔ་མོ་ནས་ནན་ཏན་ཆེན་པོས་བསྐུལ་བ་དང་། དེ་རྗེས་ཕུར་ཐོགས་རིགས་སྔགས་འཆང་བ་ཀུན་བཟང་པདྨ་ཆོས་འཛིན་དང་། མགྲོན་ལུང་པ་དད་དམ་ལྡན་པ་རྡོ་རྗེ་སྨན་རྒྱལ་ནས་རྗེ་རྟ་ནག་པའི་ཚད་མའི་མཐའ་དཔྱོད་ཆེན་པོའི་དཔེ་ཆ་འབྱོར་བས་གཡར་དམ་བཅས་པ་དང་། དཔྱོད་ལྡན་དམ་པ་ཤེས་རབ་ནས་ཀྱང་དངུལ་ཊཾ་ལ་སོགས་པ་དང་བཅས། གཏེར་ཆེན་རིན་པོ་ཆེའི་རིགས་སྲས་མཁྱེན་དང་བརྩེ་བའི་དབང་ཕྱུག་རིན་པོ་ཆེ་མཆོག་ནས་དྲི་མེད་ལྷ་རྫས་བཅས་བཀས་བསྐུལ་བ་དང་། ཉེ་ཆར་རྡོ་རྗེའི་ལུང་ཟིན་གྱི་སྐྱེས་མཆོག་ཕུར་ཐོགས་པ་རྡོ་རྗེ་རྣམ་པར་རྒྱལ་བས་དངུལ་སྲང་གང་གི་མཎྜལ་དང་། དད་དམ་ཤེས་རབ་མཆོག་ལྡན་རི་ཁྲོད་པ་ཀུན་དགའ་ནས་ཀྱང་དངུལ་ཞོ་ལྔ་བཅས་བསྐུལ་པའི་ངོར། བླ་མ་སངས་རྒྱས་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཤིང་གསར་རྙིང་རིས་མེད་ཀྱི་གྲུབ་མཐའི་ཟབ་གནད་ཤེས་པ་སྐྱེས་མིང་པ་པདྨ་ལུང་རྟོགས་རྒྱ་མཚོས་བྲིས་པའི་ཡི་གེ་པ་ནི་བསྐུལ་བ་པོའི་གཙོ་བོ་རྣམ་པར་རྒྱལ་བ་སྟེ། དགེ་བས་རྒྱལ་བསྟན་སྤྱི་དང་དམ་ཆོས་བདུད་གཅོད་མཆོག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག། །།

ces nye brgyud gcod kyi khrid yig gsal bar bkod pa legs bshad bdud rtsi'i rol mtsho zhes bya ba 'di ni rgyal ba kun gyi ngo bo bka' drin mtshungs med gter chen chos kyi rgyal po'i zhal snga nas kyi zab chos mtha' dag gi bdag por mnga' gsol zhing /'di nyid kyi bshad pa 'bri bar bkas gnang ba dang /thos bsam sgom pa'i yon tan mchog mnga' rnal 'byor gyi dbang phyug rma thog pa'i rnam 'phrul du lung gis bsngags pa rang slob re kong bla ma dge 'dun gyis snga mo nas nan tan chen pos bskul ba dang / de rjes phur thogs rigs sngags 'chang ba kun bzang pad+ma chos 'dzin dang / mgron lung pa dad dam ldan pa rdo rje sman rgyal nas rje rta nag pa'i tshad ma'i mtha' dpyod chen po'i dpe cha 'byor bas g.yar dam bcas pa dang / dpyod ldan dam pa shes rab nas kyang dngul TaM la sogs pa dang bcas/gter chen rin po che'i rigs sras mkhyen dang brtse ba'i dbang phyug rin po che mchog nas dri med lha rdzas bcas bkas bskul ba dang /nye char rdo rje'i lung zin gyi skyes mchog phur thogs pa rdo rje rnam par rgyal bas dngul srang gang gi maN+Dal dang /dad dam shes rab mchog ldan ri khrod pa kun dga' nas kyang dngul zho lnga bcas bskul pa'i ngor/ bla ma sangs rgyas du ma'i zhabs rdul spyi bos blangs shing gsar rnying ris med kyi grub mtha'i zab gnad shes pa skyes ming pa pad+ma lung rtogs rgya mtshos bris pa'i yi ge pa ni bskul ba po'i gtso bo rnam par rgyal ba ste/dge bas rgyal bstan spyi dang dam chos bdud gcod mchog gi bstan pa phyogs dus kun tu dar zhing rgyas par gyur cig/_//

Notes This text has been split into two parts due to its length. However, the citation and the PDF are for the full text on both pages.

[edit]
༈ གདོད་ནས་ཁྱབ་བརྡལ་གདོད་མ་གཞི་ཡི་དོན། །རིག་པས་མངོན་བྱས་རིག་རྩལ་ཤེས་རབ་འབར། །ཡེ་ནས་བྱང་ཆུབ་ཡེ་སངས་རྒྱས་པའི་མགོན། །བདུད་བཞི་དབྱིངས་གཅོད་བདུད་འཇོམས་དཔའ་བོར་འདུད། །སྲིད་པའི་དམངས་བུར་འཁྱམས་པ་བདག་འདྲའི་འགྲོར། །ཀ་དག་ཆོས་སྐུའི་རྒྱལ་ཐབས་རང་གནས་སུ། །དབང་བར་ངོ་སྤྲོད་རྣམ་གྲོལ་གོ་ས་ཆེར། །དབུགས་འབྱིན་ཡབ་རྗེ་མཆོག་དེའི་བཀའ་དྲིན་དྲན། །གཉིས་པ་དངོས་གཞིའི་རྟོགས་པ་རང་རྒྱུད་བསྐྱེད་པའི་ཚུལ་ལ་དྲུགརང་གནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཏན་ལ་དབབ་པ་ཞེས་ཐེག་མཆོག་རྒྱལ་པོའི་ལྟ་བས་གཞི་བཟུང་བ། རྐྱེན་ཐོག་རང་ངོ་འཕྲོད་ཕྱིར་བརྟུལ་ཞུགས་སྤྱོད་པའི་གནས་གཉན་ས་འགྲིམ་ཚུལ་དང་སྦྱར་ཏེ་ཉམས་ལེན་གྱི་གཞུང་བསྲང་བ། ཡི་དམ་ཁྲོས་མའི་བསྐྱེད་རིམ་དམིགས་ཁྲིད་ཀྱིས་ཁ་བསྐང་བ། གོལ་ཤོར་གྱི་འཕྲང་བསལ་བ། ན་ཚ་བདེ་སྡུག་སོགས་གང་བྱུང་ལམ་དུ་ཁྱེར་བ། གཞན་དོན་ཕྲིན་ལས་བསྒྲུབ་ཚུལ་དང་མན་ངག་འཐོར་བུས་མཐའ་བརྒྱན་པའོ། དང་པོ་ལ་གཉིས། ཐོག་མར་ཉམས་སུ་བླང་བྱའི་རིམ་པ་དང་། ལྟ་བའི་རིམ་པ་དངོས་སོ། །དང་པོ་ནི། དང་པོ་ལུས་ངག་ཡིད་གསུམ་གྱི༔ སོགས་ནས། ལམ་དུ་ཞུགས་པ་རིག་པར་བརྗོད༔ ཅེས་གསུངས་ཏེ་ཐོག་མར་སྙིང་རྗེ་སྒོམ་པ་འགའ་ཞིག་གི་ཕྱག་བཞེས་ལྟར་ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་ནས་སེམས་ཤིན་ཏུ་གཙོ་ཆེ་བར་ངོས་བཟུང་ནས་ཤེས་པ་དང་། དེ་ནས་རང་བབས་སུ་བཞག་པས་རྣལ་དུ་དབབ། དེ་ནས་སེམས་ཀྱི་གནས་ལུགས་རྟོགས་ཕྱིར་སེམས་ལ་ཁ་དོག་དབྱིབས་སོགས་ཇི་ལྟར་འདུག་བརྟགརྟག་པ་བདེན་གྲུབ་དང་ཆད་པ་ཅང་མེད་གང་ཡིན་བརྟགས་པས་རྟག་ཆད་ཀྱི་མཐའ་བསལ་ཏེ་དེའི་ངང་དུ་རྣལ་དུ་དབབ། སླར་ཡང་སེམས་འཛིན་གྱི་ཏིང་ངེ་འཛིན་བརྟན་པར་བྱ་ཕྱིར་སེམས་གསལ་རིག་གི་ངང་དུ་བཞག་ནས་མི་བརྗེད་པར་གནས་པ་ལ་དྲན་པ་དང་། དེ་ལས་གཡེང་བ་རྣམ་རྟོག་ཏུ་ངོ་སྤྲོད་ནས་ལམ་དུ་གཞུག་པ་སྟེ། དེ་ནི་ད་ལྟ་གནས་འགྱུ་ངོ་སྤྲོད་མན་ངག་ཕལ་ཆེར་ལ་གྲགས་ཆེ་བ་དེ་ཀ་ཡིན། དེ་ནས་སྐབས་འདིར་ཕྱག་ཆེན་གྱི་རྣལ་འབྱོར་བཞིའི་འགྲོས་དང་ཕྱོགས་མཚུངས་ཙམ་དུ་སྦྱར་ན། སེམས་མི་རྟོག་པར་རྩེ་གཅིག་ཏུ་གནས་ཤིང་རྣམ་རྟོག་ཐམས་ཅད་སེམས་ཀྱི་ངོ་བོའི་ངང་དུ་འདྲེས་པའམ་ཡལ་ཡང་སྐབས་འགར་ཤེས་པ་ཡུལ་ལ་བཞུགས་པའམ་ཡུལ་ལ་གཡེང་ནས་རྣམ་རྟོག་ཤར་ཞིང་འཕྲོ་ལ། དེ་ཡང་སེམས་ཀྱི་ཀློང་ནས་རང་མདངས་འཕྲོ་བ་ལྟར་གཡོ་བ་ཙམ་ལས་ཆེར་མི་གནོད་ཅིང་དྲན་པ་རང་ཚུགས་བརྟན་པར་གྱུར་པ་ཞེས། རྟོགས་ཚོགས་ཀྱིས་དབེན་ཅིང་སྟོང་པ་དེའི་ཤར་ཆ་འགགས་མེད་དུ་སྣང་བ་ལྟ་བུ་གསལ་བའི་སྐབས་ན་རྩེ་གཅིག་སྟེ། དེ་ལྟར་གོམས་པས་དྲན་པས་འཛིན་ཚུལ་གྱི་རིམ་པའང་སྟོང་པའི་རང་མལ་དུ་འཁོད་པ་ལྟ་བུར་གྱུར་ཏེ་དྲན་འཛིན་ཤེས་རིག་གི་ངོ་བོ་རང་ཤུགས་ཀྱིས་སྟོང་པའི་ཉམས་ཤར་ཏེ་མྱོང་སྟོབས་ཀྱིས་སྤྲོས་མེད་སྟོང་པ་ཉིད་དུ་མཉམ་པར་བརྡལ་བའི་རྟོགས་པ་སྐྱེས་ནས་རྩེ་གཅིག་གི་ཉམས་ཀྱི་འཛིན་པའང་དེའི་ངང་དུ་ཞིག་པ་ནི་སྤྲོས་བྲལ་དང་། དེ་ལྟར་ཡང་ཡང་གོམས་པས་ངོ་བོ་སྣང་སྟོང་དབྱེར་མེད་པའི་ངང་དུ་གནས་པའི་དོན་མངོན་དུ་གྱུར་ཏེ་སྣང་བ་དང་སྟོང་པ་གཉིས་ཀྱི་རྣམ་པ་སོ་སོར་བཅད་དུ་མེད་པར་རོ་གཅིག་ཏུ་གྱུར་ཏེ་སྟོང་ཉམས་ཀྱི་འཛིན་པའང་དག་ནས་དེའི་ངང་དུ་གཡོ་བ་མེད་པས་གནས་པ་ནི་རོ་གཅིག་དང་། དེ་ལ་འབད་རྩོལ་ཅུང་ཟད་ཀྱང་མི་དགོས་པར་བསྒོམ་དུའང་མེད་ལ་ཡེངས་སུ་མེད་པར་རང་བབས་རང་གཤིས་ཆེན་པོའི་ངང་དུ་གནས་པ་ནི་སྒོམ་མེད་དོ། །དེ་ལྟ་བུའི་ལམ་དུ་ཞུགས་པ་ན་རྫོགས་ཆེན་རང་ལུགས་དང་། སྦྱར་ན་སེམས་ཀྱི་འགྱུ་འཕྲོ་རིག་པའི་ངང་དུ་ཡལ་ནས་རིག་པ་རང་བབས་སུ་གནས་པ་ཡིན་པར་བརྗོད་དོ། །དེ་ཡང་དྲན་པ་བཞི་དང་སྦྱར་ན་རྩེ་གཅིག་ལ་ཨ་འཐས་ཀྱི་དྲན་པ། སྤྲོས་བྲལ་དུ་སྟོང་ཉིད་ཀྱི་དྲན་པ། རོ་གཅིག་ཏུ་ཡེངས་མེད་ཀྱི་དྲན་པ། སྒོམ་མེད་ལ་བློ་འདས་ཀྱི་དྲན་པ་ཞེས་གསུངས་ཏེ། འདི་ཡང་ཕྱག་ཆེན་རྣལ་འབྱོར་བཞི་དང་འདྲ་མཚུངས་སུ་སྦྱར་བ་ཙམ་ཡིན་ཏེ་གཞན་དུ་ན་བཀའ་བརྒྱུད་རང་ལུགས་ཀྱི་ཕྱག་ཆེན་དེ་རེ་རེ་ལའང་། ཆུང་འབྲིང་ཆེ་གསུམ་རེ་སྟེ་དགུ་རིམ་དུ་དབྱེ་བ་དང་། དེའང་ས་དང་ལམ་གྱི་རིམ་པ་དང་སྦྱར་ཚུལ་སོགས་ལས་དང་པོ་ནས་སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་བར་དུ་བགྲོད་ཚུལ་གྱི་རྣམ་བཞག་རང་རྐང་ཐུབ་པ་ཡོད་ཀྱང་མ་སྤྲོས་ལ། སྤྱིར་ཕྱག་ཆེན་ལ་མདོ་ལུགས་དང་། སྔགས་ལུགས་གཉིས་སུའང་གསུངས་ཏེ། གང་ལྟར་ཡང་དགེ་ལྡན་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིག་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། རྣལ་འབྱོར་གྱི་དབང་ཕྱུག་འབྲུག་པ་ཀུན་ལེགས་རྣམ་ཐར་དུའང་། ཆོས་ཐམས་ཅད་དགོངས་པ་གཅིག་ཏུ་རྫོགས་པའི་རྫོགས་ཆེན། དམིགས་པ་ཕྱོགས་གཅིག་ཏུ་གཏད་རྒྱུ་མེད་པའི་དབུ་མ། རྟོག་པ་རང་སར་ཞི་བས་ཞི་བྱེད། གང་ཤར་ཐད་ཀར་གཅོད་པས་གཅོད་ཡུལ། གནས་ལུགས་བློ་ལས་འདས་པས་ཕྱག་ཆེན། དེ་ལ་སོགས་ཏེ་མིང་གི་རྣམ་གྲངས་མ་གཏོགས་གཅིག་པ་ཡིན། ཞེས་གསུངས་པ་ལྟར་ཕྱག་རྫོགས་དབུ་གསུམ་གྱི་ལྟ་བའི་དགོངས་དོན་ཉམས་ལེན་གྱི་གནད་འགག་གཅིག་ཏུ་འབབ་པར་ཤེས་པས་ཕྱོགས་མེད་ཀྱི་དག་སྣང་སྦྱང་བ་ལས། ཕྱོགས་རེའི་མིག་གིས་གཡག་ཞར་གྱི་རྩྭ་ལྟར་མི་བྱ་སྟེ། མ་གཅིག་རིན་པོ་ཆེ་ནས་ཀྱང་། ངའི་ཆོས་ལུགས་བདུད་ཀྱི་གཅོད་ཡུལ་འདི་ལྟ་བའི་གནད་ཕྱག་རྫོགས་དབུ་གསུམ་འགལ་མེད་ཀྱི་གདམས་པ་ཡིན་ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ལྟ་བའི་རིམ་པ་དངོས་ལ། མེད་པ། གཅིག་པུ། ཕྱལ་བ། ལྷུན་གྲུབ་ཀྱི་ཚུལ་དང་བཞི་ཡོད་དེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། སེམས་ཀློང་མན་ངག་སྙིང་པོའི་མཐར་ཐུག་དོན། །མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་སྟེ། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། དམ་ཚིག་ལྷུན་གྲུབ་ཆེན་པོ་དང་། །མེད་དང་གཅིག་པུ་ཕྱལ་བ་ཡིན། །ཅེས་གསུངས་པ་ལྟར་ཏེ་དེའང་དམ་ཚིག་ཅེས་པ་ས་མ་ཡའི་སྒྲ་ལས་འདའ་མི་རུང་བའི་དོན་ལ་འཇུག་པས། འདིར་ཡང་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་ཚུལ་འདི་དག་ལས་འདའ་བར་མི་རུང་བས་དེ་སྐད་ཅེས་བརྗོད་པ་ཡིན་ཏེ། གྲུབ་མཐའ་ཞེས་པའང་ལུང་རིག་གིས་གྲུབ་པའི་དོན་དེ་ལས་གཞན་དུ་འདའ་མི་རུང་བའི་ངེས་ཚིག་སྟེ། རྫོགས་པ་ཆེན་པོའི་གྲུབ་མཐའི་ཚུལ་ཁྱད་པར་བ་ཡིན་པའི་ཕྱིར་རོ། །འདི་དག་གི་གོ་རིམ་གང་ལྟར་བྱས་ཀྱང་མི་འགལ་བས་ཅུང་ཟད་མི་མཐུན་མོད། འདིར་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་བཞེད་པ་ཁྲིད་གཞུང་ལྟར་འགོད་ན། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་དགོས་པས་མེད་པ་དང་། དེའང་གཞི་དབྱིངས་གཅིག་པུའི་ངོ་བོ་ཉིད་ལས་མ་འདས་པའི་ཚུལ་ཇི་བཞིན་ཤེས་པ་ལ་ཐུག་པས་གཅིག་པུ། དེའང་ཕྱོགས་རེ་ཙམ་མ་ཡིན་པར་ཆོས་ཀུན་ལ་རང་བཞིན་མཉམ་པར་བརྡལ་བའི་ཚུལ་ཤེས་དགོས་པས་ཕྱལ་བའམ་ཕྱལ་ལེ་བ་ཞེས་པ་མཉམ་པའི་བརྡ་རྙིང་ཡིན་ནོ། །དེ་ལྟར་ཆོས་རྣམས་རང་བཞིན་མེད་པར་གཏན་ལ་དབབ་ཚུལ་དང་། དེའི་དོན་གྱི་ངོ་བོ་གཅིག་པུ་དང་། གནས་ཚུལ་གྱི་རང་བཞིན་ཕྱལ་བ་སྟེ་གསུམ་གྱི་སྒོ་ནས་སྟོང་ཕྱོགས་ཀ་དག་གི་བཞུགས་ཚུལ་གཙོ་བོར་བསྟན་ལ། ལྷུན་གྲུབ་ཀྱིས་ནི་སྟོང་པ་ཅང་མེད་མ་ཡིན་པར་འཁོར་འདས་ཀྱི་ཆོས་རྣམས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་སྣང་ཕྱོགས་ལྷུན་གྲུབ་ཀྱི་འཆར་ཚུལ་བསྟན་པ་ཡིན་ནོ། །དེ་ལ་དང་པོ་མེད་པའི་ཚུལ་ནི། གནས་ལུགས་རིན་པོ་ཆེའི་མཛོད་ལས། མེད་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྟོང་། །མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །ཇི་ལྟར་སྣང་ཡང་དེ་ལྟར་རང་བཞིན་མེད། །ཅེས་མཁའ་མཉམ་གྱི་སྣང་བ་མ་ལུས་པ་གཞི་དབྱིངས་བྱང་ཆུབ་ཀྱི་སེམས་ཀློང་ཆེན་པོ་ལས་ཇི་ལྟར་སྣང་ཡང་། དེ་ལྟར་དུ་རང་བཞིན་མེད་པའི་ཚུལ་ངེས་པར་བྱ་བ་ལ་བཞི། མིང་གི་གདགས་གཞི་བཙལ་བ། དངོས་པོའི་རྟག་འཛིན་བཤིག་པ། རེ་དོགས་ཀྱི་རྫུན་ཕུག་བརྡིབ་པ། ཕན་གནོད་ཀྱི་མཚང་ལ་རྒོལ་བའོ། །དང་པོ་ལ་གཉིས། མཚམས་སྦྱར་བ་དང་། དངོས་ཀྱི་ཚུལ། དང་པོ་ནི། དེ་ནས་གནས་ལུགས་སོགས་ནས། ཚི་བ་བསལ༔ ཞེས་གསུངས། དེ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཏེ་ཡེ་ནས་ཇི་ལྟར་ཡིན་པའི་ཚུལ་ལ་བརྟགས་ཤིང་དཔྱད་པས་རང་བཞིན་མ་གྲུབ་པའི་སྟོང་པ་ཉིད་དུ་གཏན་ལ་དབབ་སྟེ་ངེས་པར་བྱས་ནས་ལྟ་བ་དང་སྒོམ་པའི་སྐྱོན་གྱི་ཚི་བ་སྟེ་ཐེ་ཚོམ་བསལ་བར་བྱའོ། །གཉིས་པ་ལ་གཉིས། གང་ཟག་གི་མིང་གི་གདགས་གཞི་བཙལ་ཏེ་བདག་མེད་དུ་གཏན་ལ་དབབ་པ་དང་། ཆོས་གཞན་གྱི་མིང་གི་གདགས་གཞི་བཙལ་ནས་བདེན་མེད་དུ་གཏན་ལ་དབབ་པའོ། །དང་པོ་ནི། སྐྲ་དང་བ་སྤུ་སོགས་ནས། ལས་འདུག་གམ༔ ཞེས་གསུངས་ཏེ། ངའམ་བདག་ཅེས་བྱ་བ་འདི་སྐྲ་དང་བ་སྤུ་ནས། སྙིང་དང་གློ་བ་སོགས་ནང་རོལ་དང་བཤང་གཅིའི་བར་ལ་གང་ཡིན་ཞིབ་པར་བརྟགས་ཤིང་། དེ་བཞིན་དུ་ཡན་ལག་གི་ཆ་ཤས་མགོ་བོ་ལྷུ་ཚིགས་སོགས་ལའང་བརྟགས་ནས་རང་རང་གི་མིང་གདགས་གཞི་ཇི་ལྟར་ཡིན་པར་བཙལ་ནས་ཡུལ་མེད་སྟོང་པའི་རང་བཞིན་ལས་བདེན་དངོས་སུ་གྲུབ་པ་འདུག་གམ་སྟེ་མི་འདུག་པའི་ཚུལ་ཤེས་པར་བྱའོ། །གཉིས་པ་ཆོས་གཞན་གྱི་མིང་གི་གདགས་གཞི་བཙལ་བ་ནི། དེ་བཞིན་སྣོད་བཅུད་སོགས་ནས། ཁྱོད་བདེན་འདོད༔ ཅེས་གསུངས་ཏེ། དེ་བཞིན་དུ་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སེམས་ཅན་འདོད་ཡོན་ལྔ་རུ་སྣང་བ་སོགས་གང་ལ་ཡང་རང་རང་གི་ངོས་ནས་མིང་གདགས་གཞི་ལེགས་པར་བཙལ་ན་མ་གྲུབ་སྟེ། གལ་ཏེ་མི་འགྱུར་བ་དང་མི་ཤིགས་པ་དང་རྟག་པ་ཡི་རང་བཞིན་དུ་བདེན་པའི་དངོས་མཚན་དུ་གྲུབ་པ་ཞིག་རྙེད་ན་ཁྱོད་ཀྱིས་བདེན་པར་གྲུབ་པར་འདོད་པ་བདེན་མེད་དེ་གྲུབ་པ་མེད་དོ། །གཉིས་པ་དངོས་པོའི་རྟག་འཛིན་བཤིག་པ་ལ་ལྔ། བདེན་དངོས་སུ་ཇི་ལྟར་འཛིན་པའི་ཚུལ་དེ་ཕྱིན་ཅི་ལོག་ཏུ་བསྟན་པ། སྣང་ཙམ་སྟོང་པའི་རང་བཞིན་དུ་བརྫུན་པའི་དཔེས་བསྟན་པ། དེ་ལ་ངེས་པ་བསྐྱེད་ཕྱིར་རྨི་ལམ་དང་། འཆི་འཕོའི་ཚུལ་ལ་བརྟགས་པ། དུས་གསུམ་བདེན་མེད་དུ་བསྟན་པས་གནད་བསྡུ་བའོ། དང་པོ་ནི། ཁྱོད་ཀྱི་རང་ཡུལ་སོགས་ནས། དེ་ཡང་འདོད༔ ཅེས་གསུངས་ཏེ། ཆོས་གང་ཡང་བདེན་པར་གྲུབ་ན་རྒྱུ་རྐྱེན་ལ་མ་ལྟོས་པར་རང་ཚུགས་ཐུབ་པ་སྔར་ལས་གཞན་དུ་འགྱུར་བ་མེད་པ་ཞིག་དགོས་ན། ད་ལྟར་ཁྱོད་ཀྱིས་རང་ཡུལ་དུ་བདེན་པར་ཞེན་པའི་ས་ཆུ་མེ་རླུང་གི་འབྱུང་བ་དང་། འབྱུང་བ་དེའི་རྒྱུ་རྐྱེན་ལས་གྱུར་པའི་གཟུགས་ལྟ་བུ་ལ་མི་འགྱུར་ཞིང་། བརྟན་པའི་རྡོ་རྗེ་ཡི་ཆོས་བདུན་གྱི་མཚན་ཉིད་ཚང་ན་དེ་ཡང་ཁྱོད་འདོད་པ་ལྟར་བདེན་ནོ། །གཉིས་པ་ནི། བཤིག་བཏུལ་སོགས་ནས། སོང་ལ་ལྟོས༔ ཞེས་གསུངས་ཏེ། འོན་ཏེ་གཟུགས་ཅན་གྱི་དངོས་པོ་དེ་དག་ཆ་ཤས་སུ་བཤིག་ཅིང་བཏུལ་ཏེ་གཏོར་ན་དེའི་ངོ་བོ་མི་འགྱུར་རམ་སྟེ་ངེས་པར་གཞན་དུ་འགྱུར་ལ། དེའང་དངོས་པོ་རགས་པ་རྡུལ་དང་དེ་རྡུལ་ཕྲན་དེ་ཆ་མེད་ཀྱི་བར་མེད་པར་བྱས་ནས་དེ་ཚེ་དངོས་མཚན་བདེན་གྲུབ་ཅན་ཏེ་གནས་ཡུལ་གང་དུ་ཚུལ་ཇི་ལྟར་སོང་བ་ལ་ལྟོས་ཤིག་སྟེ་དང་པོ་ནས་མ་གྲུབ་ཀྱང་སྐྱེ་འགག་གམ་འགྲོ་འོང་དུ་འཛིན་པ་འདི་ཕྱིན་ཅི་ལོག་ཏུ་རིག་པར་བྱའོ། །གསུམ་པ་ནི། སྒྱུ་མའི་དཔེ་བཅུ་སོགས་ནས། ཅི་ལ་འདོད༔ ཅེས་གསུངས་ཏེ། དེས་ན་གང་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་སོགས་ཀྱི་དཔེ་བཅུ་དང་མཚན་ཉིད་མཚུངས་པས་སྣང་ངོས་ནས་སྣང་ཙམ་ལས་སྟོང་ངོས་ནས་ཅི་ཡང་མ་གྲུབ་པར་སྟོང་པས་ན། ད་དུང་ཡུལ་དུ་གྲུབ་པ་མེད་པ་བཞིན་ཡུལ་དུ་ཅི་ལ་འདོད་དེ་འདོད་མི་རིགས་སོ། །བཞི་པ་ནི། ཉིན་སྣང་ང་དང་སོགས་ནས། སུ་ཡིས་ལེན༔ ཅེས་གསུངས་ཏེ། འདི་ལྟར་ཉིན་སྣང་གི་སྐབས་སུ་རང་ཉིད་ལ་ང་དང་ཕ་ཀི་བ་ལ་གཞན་ཅེས་སོགས་སུ་སྣང་བ་ཀུན་ལ་བདེན་པར་འཛིན་པར་བྱེད་ཀྱི་བརྫུན་པར་མི་བཟུང་བས་དེ་ལྟར་དུ་བདེན་ན། རྨི་ལམ་གྱི་སྣང་བ་རྨི་ཚེ་ཉིན་སྣང་བཞིན་བདག་དང་གཞན་སོགས་སུ་རྨི་དུས་སུ་སྣང་བ་ཀུན་བདེན་མེད་དུ་ཤེས་པར་འགྱུར་ན་ཁྱོད་ཀྱི་ལྟར་དུ་བདེན་མོད། དེ་ལྟར་མ་ཡིན་པར་ཉིན་སྣང་ངོས་ནས་ཉིན་སྣང་ལ་བདེན་པར་གྲུབ་པར་ལྟ་ཞིང་། རྨི་སྣང་ངོས་ནས་རྨི་སྣང་ལ་བདེན་པར་ལྟ་ན་ཉིན་སྣང་བདེན་གྲུབ་དེ་རྨི་སྣང་གི་དུས་སུ་གང་དུ་བཞག་གམ། ལུས་ཀྱང་རང་བཞིན་ཤི་ནས་ཡུལ་གཞན་དུ་རོ་སྟོར་བར་བྱས་སམ། ཉིན་སྣང་གི་དུས་སུ་རྨི་སྣང་གི་ཡུལ་སོགས་དེ་དག་གང་དུ་ཐལ། རྨི་སྣང་གི་ཡུལ་གྱི་སྐྱེ་འགྲོ་ཕོ་མོ་སོགས་དེ་དག་རྒྱུ་རྐྱེན་ཅི་ལས་བྱུང་། རྨི་ལམ་གྱི་གཟུགས་ཕུང་དེ་གང་དུ་ཡིབ་པའམ་མི་མངོན་པར་བྱས། ཚེ་འདི་སྣང་གི་ཕ་མའི་རྒྱུ་རྐྱེན་ལས་བྱུང་བའི་ལུས་འདི་བོར་ནས་ཚེ་ཕ་རོལ་ཏུ་འགྲོ་བ་ཡི་མི་དེའི་ཕ་མ་དང་རྒྱུ་རྐྱེན་གང་ཡིན། ད་ལྟ་རྒྱུ་རྐྱེན་ལས་སྐྱེས་པའི་ལུས་གཟུགས་འདི་ལ་ནད་དང་སྡུག་བསྔལ་སོགས་འབྱུང་དུ་དོགས་པ་ལས་ལུས་འདི་དང་བྲལ་བ་བར་དོའི་སྐབས་སོགས་ན་སྡུག་བསྔལ་དེ་དག་སུ་ཡི་ལུས་ཀྱིས་ལེན་ཏེ་ལུས་འདི་ནི་མེད་ཟིན་པའི་ཕྱིར། འདི་དག་གི་གནད་ཉིན་དུས་སུ་ཉིན་སྣང་བདེན་པར་འཛིན་ཅིང་། རྨི་དུས་སུ་རྨི་སྣང་བདེན་པར་འཛིན་པས་དེ་གཉིས་ལ་བདེན་བརྫུན་གྱི་ཁྱད་གང་གིས་འབྱེད་དེ་འབྱེད་པ་མེད་ལ། དོན་ལ་སྣང་བ་གནས་འགྱུར་ཙམ་ལས་མ་གྲུབ་པར་བསྟན་པའོ། །ལྔ་པ་ནི། དེ་བཞིན་དུས་གསུམ་སོགས་ནས། ཅིས་མི་བརྡིབ༔ ཅེས་གསུངས་ཏེ། ཚུལ་དེ་བཞིན་དུ་དུས་གསུམ་གང་དུའང་འབྱུང་དང་། འབྱུང་བར་འགྱུར་བ་ཡི་ཆོས་མ་ལུས་པའི་རང་བཞིན་དུས་ཀུན་ཏུ་སྐྱེ་འགགས་མེད་པ་མཉམ་པ་ཉིད་ཀྱི་དུས་ཉིད་དེ། སྔར་བྱུང་མ་མྱོང་བཞིན་མྱོང་བའི་སྣང་བ་ལ་བདེན་པར་འཛིན་པའི་བློས་འདས་པའི་དུས་སུ་འཛིན་ལ། ཕྱི་ནས་ཀྱང་མི་འབྱུང་བཞིན་འབྱུང་བའི་སྣང་བ་འཆར་བ་ལ་མ་འོངས་པའི་དུས་ཉིད་དུ་བདེན་པར་འཛིན་པ་ལས་མ་འོངས་པའི་དུས་སུ་འབྱུང་བ་ཡིན། ད་ལྟ་བའང་མ་གྲུབ་བཞིན་གྲུབ་པར་འཁྲུལ་པའི་སྣང་ཆ་ལ་དངོས་པོར་ཞེན་པ་ལས་ད་ལྟའི་དུས་སུ་སྣང་བ་འདི་བྱུང་ངོ་། །དེ་ཕྱིར་དུས་གསུམ་གྱི་གནས་སྐབས་ཀྱིས་ནམ་བསྡུས་པའི་ཆོས་མེད་པས་དེས་བསྡུས་པའི་ཡུལ་དང་སྣང་བ་ཐམས་ཅད་སྣང་ཙམ་ལས་མ་གྲུབ་པར་གཏན་ལ་ཕབ་ནས་འཁྲུལ་པའི་རྫུན་ཕུག་ཅིས་མི་གཏིབ་སྟེ་བརྡིབ་པར་བྱའོ་ཞེས་རྨི་ལམ་གྱི་སྣང་བ་ཇི་ལྟར་འབྱུང་བའི་ཚུལ་ལ་བསམ་ན་ཚུལ་བཞིན་དུ་ཤེས་པར་འགྱུར་རོ། །གསུམ་པ་རེ་དོགས་ཀྱི་རྫུན་ཕུག་གཏིབ་པ་ལ་བཞི། རེ་ཡུལ་སངས་རྒྱས་ལ་མངོན་ཞེན་དགག་ཚུལ་སྤྱིར་བསྟན་པ། དངོས་མཚན་ཤེས་བྱའི་རྣམ་པས་མངོན་ཞེན་གྱི་སྒྲོ་འདོགས་སྤང་ཚུལ་བྱེ་བྲག་ཏུ་བསྟན་པ། གནས་ལུགས་དོན་དམ་པའི་སངས་རྒྱས་བསྟན་པ། དེ་ལྟར་རྟོགས་པ་དང་མ་རྟོགས་པའི་སྐྱོན་ཡོན་ཤན་འབྱེད་ཀྱི་རྣམ་དབྱེ་བསྟན་པའོ། །དང་པོ་ནི། རེ་ཡུལ་སངས་རྒྱས་སོགས་ནས། འཕྲུལ་ཡང་སྣང་༔ ཞེས་གསུངས་ཏེ། རེ་ཡུལ་གྱི་སངས་རྒྱས་བཟང་པོ་དེ་ནི་སྣོད་དང་བཅུད་ཀྱི་རྣམ་པར་འཛིན་ན་མ་སངས་པ་ཡིན་ཏེ་མ་དག་གི་སྣོད་བཅུད་དང་ཁྱད་མེད་པའི་ཕྱིར། ཅིའི་ཕྱིར་ན་སངས་རྒྱས་ཞེས་བྱ་བ་ནི་དེ་ལྟ་བུའི་དངོས་མཚན་ཆོས་ཀྱི་མཚན་ཉིད་མེད་པ་ལ་འདི་ལྟར་སྣོད་བཅུད་སོགས་སུ་བཀོད་པའི་སངས་རྒྱས་སུ་མཚན་ཉིད་གདགས་པ་དེ་ནི་མ་རིག་པ་ཡིན་ལ། མ་རིག་པའི་སྒོང་རྒྱའི་སྦུབས་ལས་སངས་ནས་ཡེ་ཤེས་ཀྱི་རང་མདངས་རྒྱས་པ་ཉིད་ཀྱིས་ཕྱོགས་མེད་རྒྱ་ཡན་ཁྱབ་བརྡལ་མཉམ་པ་ཉིད་ཀྱི་རང་བཞིན་དེ་ལ་ནི་སངས་རྒྱས་ཞེས་སུ་གདགས་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་སྒྲིབ་བྱེད་དང་བྲལ་བའི་ཇི་ལྟ་མཁྱེན་པ་དང་ཇི་སྙེད་གཟིགས་པའི་ངང་ལས་འཕྲུལ་ཡང་ཇི་སྲིད་གདུལ་བྱའི་གཉིས་འཛིན་མ་ཞིག་གི་བར་དུ་རང་སྣང་གི་སྟོན་པ་རྨི་ལམ་བཞིན་དུ་སྣང་བ་ལ་གཟུགས་སྐུར་བཞག་པ་ཙམ་མོ། །གཉིས་པ་ནི། དེ་ལ་དབང་པོ་སོགས་ནས། ལྷ་མིན་ནམ༔ ཞེས་གསུངས་ཏེ། དེ་ལྟར་རྣམ་པར་དག་པའི་སངས་རྒྱས་དེ་ལ་དབང་པོ་སྒོ་ལྔ་ལ་སོགས་པ་དང་ཡང་བྲལ་ལ། གཟུགས་ཀྱི་རྫས་སུ་གྲུབ་པ་སོགས་ཀྱི་མཚན་མ་དང་སྣོད་བཅུད་ཀྱི་རྣམ་པ་ཅན་མིན་ཏེ། གཟུགས་རྫས་ཀྱི་མཚན་མར་གདགས་སུ་རུང་བ་དེ་ནི་སེམས་ཅན་ཞེས་བྱ་བ་ཡིན་ཏེ་གང་གི་ཕྱིར་སྣོད་དང་བཅུད་དུ་གྱུར་པ་ནི་སེམས་ཅན་གྱི་སྣང་བ་གཟུང་འཛིན་གྱི་ཆོས་ཏེ། སངས་རྒྱས་ལ་དེ་ལྟ་བུའི་སེམས་ཅན་གྱི་རྣམ་པར་ཅི་ལ་ལྟ་སྟེ་ལྟ་ན་སེམས་ཅན་ལས་ཁྱད་པར་འཕགས་ཆོས་མེད་པས་ན་སངས་རྒྱས་གང་ཞིག་ཡིན་ཏེ་མིན་ནོ། །སངས་རྒྱས་ནི་ཤིན་ཏུ་བདེ་ཞིང་སྐྱིད་པས་སེམས་ཅན་ལས་འཕགས་སོ་སྙམ་ན། སངས་རྒྱས་སེམས་ཅན་ལས་བདེ་སྐྱིད་ཀྱི་ཉམས་ཆེ་བ་ཙམ་ལས་མི་འཕགས་ན་གཟུགས་ཁམས་ཀྱི་ལྷའི་ཁྱད་ཆོས་ཙམ་དུ་ལ་བཟླའམ་སྟེ་ཐག་གཅོད་དམ། ཡང་ན་སངས་རྒྱས་ཚེ་རིང་བས་འཕགས་ཞེས་ཟེར་རམ། དེ་བཞིན་དུ་བདེ་ཞིང་སྐྱིད་པའམ་གྲོགས་བཟང་བའམ་གནས་བཟང་བའམ་གཟུགས་མཛེས་པའམ་རྫུ་འཕྲུལ་ཆེ་བས་ཁྱད་པར་འཕགས་ཞེས་ཟེར་རམ་སྟེ་ཟེར་ན་དེ་དག་ནི་གཟུགས་ཁམས་ཀྱི་ལྷའི་ཡོན་ཏན་མིན་ནམ་སྟེ་ཡིན་ན་དེ་དག་ཀྱང་སངས་རྒྱས་སུ་འགྱུར་རོ། །གསུམ་པ་ནི། སངས་རྒྱས་གཉིས་འཛིན་སོགས་ནས། ཀུན་ཡིད་གནས༔ ཞེས་གསུངས་ཏེ། ངེས་དོན་གྱི་མདོ་སྡེ་དག་ལས་ཀྱང་། སངས་རྒྱས་གཟུགས་སུ་མི་བལྟ་མཚན་དང་ནི། །རིགས་དང་རྒྱུད་དུ་མི་བརྟག་སྒྲ་དང་ནི། །ཆད་པར་འགྱུར་བ་མ་ཡིན་སེམས་དང་ནི། །རྣམ་ཤེས་ཡིད་ཀྱིས་རབ་ཏུ་དབྱེ་མ་ཡིན། །ཆོས་ཉིད་གང་ཡིན་དེ་ནི་བཅོམ་ལྡན་འདས། །ཞེས་དང་། ཀུན་མཁྱེན་ཆེན་པོ་རོང་ཟོམ་པས། དེ་བས་ན་སངས་རྒྱས་རང་གི་ངོ་བོ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་ཡིན་པར་ལུང་དང་རིག་པ་གཉིས་ཀས་མངོན་ནོ། །ཞེས་གསུངས་པ་ལྟར། གདོད་མ་གཞིའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ལ་དོན་དམ་པའི་སངས་རྒྱས་ཞེས་བྱ་སྟེ། དོན་དམ་པར་རང་གནས་ཀྱི་སྐུ་དང་ཡེ་ཤེས་རྣམས་ཀྱང་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་དུ་ཤེས་པར་བྱ་སྟེ། དེས་ན་དོན་དམ་པའི་སངས་རྒྱས་དེ་ནི་ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པས་མི་མཚོན་པས་དེ་མེད་པའི་དོན་དང་། དེ་བཞིན་དུ་ང་རུ་འཛིན་པས་ངར་འཛིན་མེད་པའི་དོན་དང་། རྒྱུ་དང་རྐྱེན་གྱི་རྟེན་འབྲེལ་ལས་མ་སྐྱེས་པས་དེ་ལས་འདས་པའི་དོན་དང་། གསར་དུ་ཚོགས་བསགས་པ་ཙམ་ལས་མ་བྱུང་བས་ཚོགས་ཀྱི་ཡུལ་ལས་འདས་པ་དང་། བདེན་པའི་སྤྲོས་པ་དང་བྲལ་བའི་དང་། རྣམ་ཐར་སྒོ་གསུམ་དང་ལྡན་པའི་གཟུང་འཛིན་གྱི་རྟོག་པ་ཞིག་པའི་དང་། དུས་གསུམ་གྱིས་གཞལ་བ་ལས་འདས་པའི་དང་། ཕྱོགས་དང་མཐའ་ཡས་པའི་དང་། དབྱིངས་ཀྱི་ངོ་བོ་སྟོང་པའི་ཆ་ནས་ཆོས་སྐུ། རང་བཞིན་རང་གསལ་བའི་ཆ་ནས་ལོངས་སྐུ། ཐུགས་རྗེའི་འཆར་སྒོ་མ་འགགས་པའི་ཆ་ནས་སྤྲུལ་སྐུ། དེ་དག་གི་ངོ་བོ་ཆོས་ཉིད་མཉམ་པ་ཉིད་དུ་གནས་པའི་ཆ་ནས་ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་བདག་ཉིད་ཀྱི་དོན་རྣམས་ཀྱི་ཕྱིར། དེ་ལྟར་བུ་ལ་ཡང་གཟུགས་སུ་སུ་ཡིས་བལྟ་སྟེ་བལྟ་མི་རིགས་ལ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བས་གཞོན་ནུ་དང་། ལྷུན་གྲུབ་ཀྱི་ཡོན་ཏན་ནང་གསལ་དུ་བཞུགས་པས་བུམ་སྐུ་སྟེ། དེ་ལ་ཡང་དབྱིབས་དང་ཁ་དོག་ལ་སོགས་པའི་རྫས་སུ་གང་གིས་འཛིན། འཁོར་འདས་ཀྱི་ཆོས་མ་ལུས་པ་འུབ་ཀྱིས་དབྱིངས་སུ་ཆུབ་པ་སྟེ་དེ་ལ་ཕྱི་དང་ནང་གི་མཚན་མར་ཅི་ལ་བལྟ། ཡེ་གནས་ཀྱི་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་བྱང་ཆུབ་སེམས་ཀྱི་དོན་ལ་བློའམ་ཡིད་ཙམ་དུ་སུས་ཡིད་རྟོན་ཏེ་འཛིན་པར་བྱེད། ཕྱོགས་དང་དུས་དང་གཅིག་དང་དུ་མ་སོགས་རྒྱ་གང་དུའང་མ་ཆད་པ་ལ་སྟེང་འོག་ཕྱོགས་མཚམས་དུས་གསུམ་གྱི་ཆ་དང་འཕྲོ་འདུ་ཅན་ལྟ་ག་ལ་རློམ་དུ་ཡོད། རང་བཞིན་འགྱུར་མེད་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ་ལ་དབྱིབས་དང་ཁ་དོག་གི་མཚན་མ་ཅན་སོགས་སུ་གང་གིས་འཛིན་ཅིང་འཆད་དེ། དོན་དམ་པར་སངས་རྒྱས་ནི་སེམས་ཅན་ཀུན་གྱི་ཡིད་ལ་བདེ་བར་གཤེགས་པའི་སྙིང་པོ་མི་འགྱུར་བའི་ཚུལ་དུ་རང་བཞིན་གྱིས་གནས་པའོ། །བཞི་པ་ནི། སེམས་ཅན་ངོ་བོ་སོགས་ནས། པར་མ་གོལ༔ ཞེས་གསུངས་ཏེ། དེ་ལྟར་སེམས་ཅན་དུ་སྣང་བ་འདི་ཀུན་གྱི་སེམས་ཀྱི་ངོ་བོ་ཉིད་ནི་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཀྱི་སྐུའི་བདག་ཉིད་དེ། གཞི་དབྱིངས་ཀྱི་ངོ་བོ་ཉིད་ལས་མི་གཞན་པ་ཉིད་དུ་ཤེས་རབ་གསུམ་གྱི་མིག་དང་ལྡན་པས་རང་དབང་དུ་སྤྱོད་ཅིང་། རྨོངས་པའི་ལིང་ཏོག་གིས་བློ་མིག་ལོང་བའི་རྟོག་གེ་དག་གིས་འོལ་ཚོད་དེ་རང་བཟོས་ཚོད་འཇོག་ཙམ་གྱི་སྤྱོ་ཡུལ་མིན་ནོ། །ཡུལ་གཞན་ཞིག་ནས་ཡུལ་གཞན་དུ་བསྒྲོད་པར་བྱ་བའི་རྣམ་པ་ཅན་བློ་རྨོངས་བྱིས་པས་བགྲོད་ནའང་སླེབ་ཏུ་ཡོད་པའི་ཞིང་ཁམས་ཀྱི་བཀོད་པ་རང་རྒྱུད་པ་ལྟ་བུ་དོན་དམ་པའི་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སོགས་སུ་ཡང་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་བློ་འབྲོག་དགོན་ཏེ་ཉམ་ང་བའི་ཐང་དུ་འཁྱམས་ཟིན་པའོ། །དེའི་ཕྱིར་ན་གཞི་དབྱིངས་སངས་རྒྱས་སུ་བསྟན་པ་ནི་དོན་དམ་པའི་གནས་ཚུལ་སྒྲ་ཇི་བཞིན་པར་ཡིན་ཞིང་། དེ་ལས་གཞན་དུ་ཕྱོགས་དང་དུས་ཀྱི་སངས་རྒྱས་ཡོད་པ་ལྟར་བསྟན་པ་རྣམས་ཀུན་རྫོབ་ཐབས་ཀྱི་ཚུལ་ཏེ། དེ་ལྟར་བདེན་གཉིས་ཤན་འབྱེད་པའི་སྒོ་ནས་ཤེས་རབ་ཀྱི་མིག་འབྲས་ཟུམ་པར་གྱུར་པ་ཕྱེས་ལ། སངས་རྒྱས་ཞེས་པ་ཁ་མིག་རྣ་བ་སོགས་དང་ལྡན་པའི་གང་ཟག་རང་རྒྱུད་པ་ལྟ་བུར་གོལ་བར་མི་བྱའོ། །ཡེ་གཞི་ཆོས་དབྱིངས་བདེ་གཤེགས་སྙིང་པོ་དེ་ལ་ངེས་པ་དོན་གྱི་སངས་རྒྱས་ཞེས་སུ་འཇོག་སྟེ། དེའི་ངོ་བོ་ལ་སྐྱོན་དང་དྲི་མས་མ་གོས་ཤིང་། གནས་ལུགས་ཀྱི་ངོས་ནས་སྐུ་དང་ཡེ་ཤེས་སོགས་ཀྱི་ཡོན་ཏན་དངོས་མཚན་གྲུབ་པ་ལྟ་བུར་མེད་ཀྱང་། དེ་ལས་ལྷག་པའི་ཆོས་གཞན་མ་མཆིས་པ་དང་། ངང་ལས་མི་གཞན་པའི་སྐུ་དང་ཡེ་ཤེས་རྒྱ་མཚོའི་འཆར་སྒོ་མ་འགགས་པར་ལྷུན་གྱིས་གྲུབ་པས་དེ་སྐད་ཅེས་བཏགས་པ་སྟེ། དེ་ལྟར་རིག་པ་དང་མ་རིག་པའི་བྱེད་པ་ལས་འཁོར་འདས་གཉིས་སུ་སྣང་བ་ལས་དག་པའི་རྟེན་འབྲེལ་གྱི་འཆར་སྒོ་ལས་གདུལ་བྱའི་སྣང་ངོར་ཆུ་སྣོད་དུ་ཟླ་གཟུགས་བཞིན་ཞིང་དང་མཚན་དཔེའི་བཀོད་པ་གསུང་དང་ཕྲིན་ལས་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པ་སྣང་བའི་ཕྱིར། ད་ལྟ་སངས་རྒྱས་ཀྱི་གཟུགས་སྐུ་ལ་སོགས་པ་དེ་དག་གཏན་ནས་སྣང་བ་མེད་པར་ཡང་མི་འཛིན་ལ། གཞི་དབྱིངས་དེའི་རོལ་པ་རྩལ་ལས་གཞན་དུ་མ་གྲུབ་པས་ན། ད་ལྟ་རང་ཅག་གིས་འཛིན་ཚུལ་ལྟར་དུ་ཞིང་དང་སྐུའི་བཀོད་པ་གང་ཟག་རང་རྒྱུད་པ་ལྟ་བུར་ཡང་བལྟ་བར་མི་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་ནི་དོན་དམ་པར་སྒྲ་རྟོག་གི་སྤྱོད་ཡུལ་ལས་འདས་པ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོག་མིན་པ། །ཞེས་གསུངས་པའི་དགོངས་གཞི་མཐར་ཐུག་པའང་དེ་ཡིན་པ་དང་། འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་པ་སོགས་རྒྱུད་དང་མདོ་སྡེའི་ལུང་གི་སྒྲུབ་བྱེད་མང་དུ་སྣང་ལ། དེ་དག་སྒྲ་ཇི་བཞིན་པ་ལྟར་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རོང་ཟོམ་པ་ཆེན་པོས་བཞེད་ལ། ཐེག་མཆོག་རྫོགས་པ་ཆེན་པོའི་རང་ལུགས་ནི་གནས་ལུགས་ཀྱི་དོན་ཁོ་ན་ལ་གཙོ་བོར་མཛད་པས་ཐེག་བརྒྱད་བློ་ཡིས་མ་རེག་པ་གསུངས་པ་ལྟར་སངས་རྒྱས་ཀྱི་ཚུལ་ཡང་ཡིན་ལུགས་ཀྱི་སྟེང་ནས་འཇོག་དགོས་པ་དེ་ལྟར་དང་། གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་དགོངས་པའང་དེ་ག་ཉིད་ཡིན་པའི་ཕྱིར། དངོས་འཛིན་འཐས་པའི་ཡིད་ཅན་དག་གི་བློ་ཡུལ་དུ་ཤོང་དཀའ་བར་སྣང་ཡང་དོན་གྱི་ཚུལ་གཞན་དུ་མ་དྲངས་པར་བཤད་དེ་འབྲུ་ནོན་ཙམ་ལས་རྒྱས་པར་ནི་མ་སྤྲོས་ལ། སྤྲོས་ཀྱང་ཆོས་འདིའི་དགོངས་བརྒྱུད་བྱིན་རླབས་ཀྱི་ནུས་པ་ཐོབ་པའི་བླ་མའི་མན་ངག་གནད་ལས་ཁོང་དུ་ཆུད་པར་བྱ་བ་ལས་གཞན་དུ་རྟོགས་དཀའ་སྟེ་སེང་གེས་རང་སྐད་འབྱིན་པས་གཅན་གཟན་སྐྲག་པར་བྱེད་པ་བཞིན། རྫོགས་ཆེན་རང་སྐད་བཏོན་པས་ཐེག་དམན་བློ་ཆུང་རྣམས་སྐྲག་པར་གསུངས་པ་དོན་ལ་གནས་པའི་ཕྱིར་རོ། །གཞན་དུ་ན་ཡོངས་གྲགས་ལྟར་གྱི་གསང་སྔགས་ཀྱི་རྒྱུད་སྡེ་དང་ཐེག་ཆེན་གྱི་མདོ་སྡེ་རྣམས་ཀྱི་དགོངས་དོན་ལྟར་མཐུན་པར་བཀྲལ་དུ་ཆོག་མོད་རེ་ཞིག་དེ་ཙམ་མོ། །གཉིས་པ་དོགས་ཡུལ་སེམས་ཅན་གྱི་གནས་རིས་ལ་མངོན་ཞེན་དགག་པ་ལ་གསུམ། དེ་ལ་མངོན་ཞེན་ཇི་ལྟར་འཐས་པའི་ཚུལ། རང་སྣང་གནས་འགྱུར་ཙམ་ལས་བདེན་པ་མེད་པའི་ཚུལ། དེའི་གནད་བསྡུ་བའོ། །དང་པོ་ནི། དོགས་ཡུལ་ཁམས་གསུམ་སོགས་ནས། ཐེར་ཟུར་བརྟན༔ ཞེས་གསུངས་ཏེ། དོགས་ཡུལ་ཁམས་གསུམ་འཁོར་བའི་གནས་རིས་ཐམས་ཅད་ཀྱང་གཞིའི་རང་བཞིན་གསལ་ཆའི་སྟེང་ནས་མངོན་ཞེན་གྱི་བག་ཆགས་འཐས་པས་ངའམ་བདག་ཏུ་སྣང་བ་དང་། དེ་ལ་ལྟོས་ཏེ་ཕྱི་ཡུལ་གྱི་རྣམ་པ་གྲུབ་པ་སྟེ། དེ་དག་སྣང་བ་གནས་འགྱུར་ཙམ་གྱི་ངང་ལས་གཞན་དུ་སྣང་བ་ཙམ་ལས་མེད་ཀྱང་། དེ་ལྟར་མ་ཤེས་པར་བདེན་འཛིན་གྱི་བག་ཆགས་ཨ་འཐས་ཤིང་བརྟན་པ་ལས་སྣང་བའི་དངོས་པོ་ཐེར་ཟུག་གམ་རང་ཚུགས་ཐུབ་པ་སྲ་ཞིང་བརྟན་པ་འདི་བྱུང་བ་ཡིན་ནོ། །གཉིས་པ་ནི། དེ་ལས་མངོན་གྲུབ་སོགས་ནས། དེ་ཅིའི་ཕྱིར༔ ཞེས་གསུངས་ཏེ། རང་སྣང་གནས་འགྱུར་ཙམ་དེ་ལས་ཡུལ་སྣང་མངོན་སུམ་དུ་གྲུབ་པར་བྱུང་བ་འདི་གཞན་ནོ་སྙམ་ན། དམྱལ་བའི་ལྕགས་སྲེག་གི་ས་གཞི་འདི་དག་སུ་ཡིས་བྱས། མཚོན་ཆ་དང་དམྱལ་བའི་མི་ལས་མཁན་དེ་དག་གང་ལས་བྱུང་། དེ་བཞིན་ཡི་དྭགས་སུ་སྐྱེས་ནས་བསྐལ་པར་ཉམ་ཐག་པའི་སྡུག་བསྔལ་ཐེག་པ་དག་འཁྱགས་ཤིང་། བཀྲེས་སྐོམ་གྱི་ཁུར་ལེན་པའི་ལྟོ་བ་ཡུལ་ལྗོངས་ཙམ་ཆེ་ལ། ཡན་ལག་རྟ་རྔ་ལྟར་རབ་ཏུ་ཕྲ་ཞིང་། ཁ་བྱིལ་པོ་སྟེ་ཁབ་མིག་ལྟར་ཁ་ཆུང་བ་དེ་དག་སུ་ཡི་བུ་ཡིན། དེ་ལྟར་དམྱལ་བ་ལ་སོགས་པའི་འགྲོ་བའི་གནས་ཡུལ་བདག་པོ་དང་བཅས་པ་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་གང་དུ་མཆིས། མ་བརྟག་མ་དཔྱད་ཙམ་བདེན་གྲུབ་ཅན་དུ་སྣང་བ་ལས། བརྟགས་ན་ཐམས་ཅད་རྫུན་དུ་ཟད་དེ་རང་གི་སྡིག་སེམས་འཁྲུལ་པའི་སྣང་བ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་འབྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེས་ན་འདི་ལྟར་སྣང་བའི་ཆོས་སོ་ཅོག་ཐམས་ཅད་རང་སྣང་གནས་འགྱུར་བ་ཙམ་གྱི་ངང་ལས་ཐ་དད་པའམ་གཉིས་སུ་མེད་པའི་ངང་དུ་མཉམ་པར་ལྟོས་ཤིག། རྨི་ལམ་ལྟར་མེད་བཞིན་འཁོར་བ་རང་སྣང་རང་ལ་ཤར་བ་དེ་ལས་གཞན་དུ་འཁོར་བར་གནས་རིས་གཅིག་ནས་གཅིག་ཏུ་འཁོར་བའི་ཚུལ་དུ་འཁོར་དུ་མེད་ལ། སྣང་ཙམ་ལ་འདི་ལས་ཡུལ་གཞན་ནས་ཡུལ་གཞན་དུ་ཁ་བརྒྱུད་དུ་མེད་པའི་ཕྱིར་རོ། །འོན་ཏེ་ཁྱོད་ཀྱིས་འདོད་པ་དེ་ལྟར་གཞན་གནས་རིས་དོན་དམ་པར་ཡོད་ཅིང་། དེར་སེམས་ཅན་མང་པོ་ཁ་བརྒྱུད་ནས་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ་སྙམ་ན། ཚ་གྲང་སོགས་ཀྱི་སྡུག་བསྔལ་དེ་ཙམ་མྱོང་ཡང་ད་དུང་དབང་པོ་མི་ཉམས་ཤིང་གཟུགས་ཕུང་མི་ཟད་པའི་སྲོག་སྲ་ཞིང་ཚེ་མཁྲེགས་ལ་དབུགས་འགགས་ཏུ་མེད་པ་དེ་ཅིའི་ཕྱིར་ཏེ། དེང་སང་རྐང་ལག་ཚིག་པ་ཙམ་དང་ཉིན་ཞག་རེ་ཙམ་གྱི་གྲང་ལྷག་གིས་ཀྱང་འཆི་བར་སྣང་བས་སོ། །གསུམ་པ་ནི། སྣང་སེམས་འཁྲུལ་པར་སོགས་ནས། མི་བལྟ་གནད༔ ཅེས་གསུངས་ཏེ། འོ་ན་སྡུག་བསྔལ་དེ་ལྟར་མྱོང་བར་སྣང་བ་ཇི་ལྟར་ཡིན་ཅེ་ན། རང་གི་སྣང་སེམས་འཁྲུལ་པར་འཕྱན་ཅིང་སྤུན་པ་ཡིས་དཀར་ནག་དགེ་སྡིག་གི་ལས་དང་། དེའི་འབྲས་བུ་སྒྱུ་མ་ལྟ་བུར་སྣང་བས་མཐོ་རིས་དང་ངན་སོང་གི་འཁོར་བའི་རྒྱུ་མ་ནོར་ཏེ་མ་འཆོལ་བ། གདོན་མི་ཟ་བ་སྟེ་མི་བསླུ་བར་ཤར་ནས་བདེ་སྡུག་ངོས་མི་ཟིན་པ་སྟེ་གཅིག་ཏུ་མ་ངེས་པ་རྨི་ལམ་ལྟར་སྨིན་པ་དེ་ལས་གཞན་དུ་བདེན་གྲུབ་ཏུ་མི་བལྟ་བ་གནད་དོ། །གཞི་པ་ཕན་གནོད་ཀྱི་མཚང་ལ་རྒོལ་བ་ལ་གཉིས། ཚེ་འདིའི་ཕན་གནོད་བྱེད་པ་ལྷ་འདྲེའི་ཚུལ་ལ་བརྟགས་པ་དང་། ཕྱི་མར་ཕན་གནོད་བྱེད་པ་དགེ་སྡིག་གི་ཚུལ་ལ་བརྟག་པའོ། །དང་པོ་ནི། གཞན་ཡང་སྟོང་པ་སོགས་ནས། ཀྱང་སྟོན་ཏོ༔ ཞེས་གསུངས་ཏེ། འཁྲུལ་པའི་མཚང་གཏིབ་ཚུལ་གཞན་ཡང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། དཔེར་ན་གཟུགས་ཀྱི་འདུ་ཤེས་མཐོང་བའི་རྨི་ལམ་ལས་སད་པའི་ཚེ་ན་གཟུགས་ལ་སོགས་པ་དང་བུད་མེད་བཟང་མོ་ཡང་དམིགས་སུ་མེད་དོ། །དེ་བཞིན་དུ་མི་ཤེས་པས་གཉིད་ལོག་པ་ན་བུད་མེད་དང་སྐྱེས་པ་ལ་སོགས་པ་མཐོང་བ་ཡང་མངོན་པར་སངས་རྒྱས་པ་ན་མི་དམིགས་སོ། །ཞེས་གསུངས་པ་ལྟར། ཕན་དང་གནོད་བྱ་ཕན་དང་གནོད་བྱེད་ཀུན་རང་སྣང་རྨི་ལམ་ལྟ་བུའི་སྟོང་པའི་རང་གཟུགས་ཡིན་པའི་ཕྱིར་གང་ཡང་མ་གྲུབ་ཀྱང་གལ་ཏེ་ཡོད་པར་སེམས་ན་སྔར་གཏན་ལ་ཕབ་ཟིན་པ་ལྟར་བདག་གཉིས་ཀྱིས་སྟོང་པ་མི་འགྱུར་མི་ཤིགས་འཇིགས་པ་དང་བྲལ་བའི་ཆོས་ཉིད་འདི་ལྟ་བུ་ལ་སྐྱོབ་བྱེད་ཀྱི་ལྷ་ཞིག་ཡོད་པར་བྱས་ནའང་དེ་ཡིས་ཇི་ལྟར་བསྐྱབ་ཅིང་ཕན་གདགས་ཏེ་གནོད་བྱེད་བགེགས་ཀྱིས་ཀྱང་ཇི་ལྟར་མནར། བདག་ཉིད་སྟོང་ན་དངོས་པོ་ཅན་གྱི་འདྲེས་གདོན་པའི་ཡུལ་གང་ཡིན་ཏེ་བདག་དངོས་པོར་གྲུབ་ཅིང་འདྲེ་དངོས་པོས་སྟོང་ནའང་དཔེ་ཇི་ལྟར་གཞིག། ལུས་མེད་པའི་འདྲེས་བདག་ལུས་ཡོད་པ་ལ་ཅི་ལྟ་བུ་བྱས་ན་གནོད་པར་འགྱུར། གལ་ཏེ་འདྲེ་ལུས་གྲུབ་ཀྱིས་བདག་ལུས་མེད་ལའང་ཇི་ལྟར་གསོད་དེ་གསོད་ཚུལ་མེད་དོ། །དེ་བཞིན་དུ་ལྷ་དངོས་མེད་ཀྱིས་བདག་དངོས་ཅན་ལ་སྐྱབས་ཚུལ་ཡང་ཅི་འདྲ་ཡིན་ཏེ་དེ་བཞིན་ལྷ་གཟུགས་ཅན་གྱིས་བདག་གཟུགས་མེད་ལའང་སྐྱབས་ཚུལ་ཡོད་པ་མིན། ལྷ་གཟུགས་ཅན་གྱིས་བདག་གཟུགས་ལའང་སྐྱབས་མི་སྦྱིན་པ་རྨི་ལམ་གྱི་མི་དང་མི་བཞིན་ནོ། །གཟུགས་མེད་པའི་ལྷས་བདག་གཟུགས་མེད་ལ་སྐྱབས་ཚུལ་ཀྱང་དེ་ལྟར་ཏེ་བདེ་བ་དང་སྡུག་བསྔལ་ལྷ་འདྲེ་སུས་ཀྱང་སྦྱིན་པ་པོ་དང་བདག་ལེན་པ་པོ་བྱ་བ་མེད་དེ་འཁྲུལ་སྣང་ཉམས་ཀྱི་རི་མོ་རུ་རྒྱུ་འབྲས་དཀར་ནག་རྨི་ལམ་ཙམ་མི་བསླུ་བ་དེས་དེ་ལྟར་བྲིས་པར་བྱས་སོ། །དེ་ལྟར་འཁོར་བའི་ཆར་གཏོགས་པའི་བདེ་སྡུག་འཛིན་ཞེན་ཐམས་ཅད་ཀུན་རྫོབ་དང་། དེ་དག་རང་བཞིན་མེད་པ་མྱ་ངན་ལས་འདས་པའམ་དོན་དམ་པ་ཡིན་པར་མཁས་པ་ས་ར་ཧ་ངས་བརྗོད་ལ། སྣང་བ་དང་སེམས་རྫུན་པ་རང་ལ་ཀུན་རྫོབ་དང་། དེའི་ངོ་བོ་སྟོང་བ་ཉིད་ལ་དོན་དམ་པར་མཁས་པ་གཞན་གྱི་ཀྱང་སྟོན་ཏོ། །གཉིས་པ་ནི། སྔར་བྱས་ལས་ཉོན་སོགས་ནས། ཅི་བྱར་ཡོད༔ ཅེས་གསུངས་ཏེ། སྔར་བྱས་ཀྱི་ལས་དང་ཉོན་མོངས་པ་དང་བག་ཆགས་ཀྱི་སྒྲིབ་པ་སོགས་སྡིག་པའི་ཕྱོགས་དང་། སྦྱིན་པ་བཏང་བ་སོགས་བསོད་ནམས་དགེ་བའི་ལས་བསགས་པའི་ལས་དཀར་ནག་ཀུན་གྱི་བདག་ཉིད་སྟོང་པའི་རང་བཞིན་མེད་པའི་ལུས་སེམས་ཀྱི་ཡུལ་ལ་ཕན་གནོད་ཀྱི་བྱ་བ་དང་བྱེད་ཤུལ་གང་གི་ཐད་དུ་གདབ་སྟེ་ལས་བསགས་པ་དེ་དག་ལུས་སེམས་ཀྱི་ཆ་ཕྱི་ནང་གང་དུ་འདུས་ཤིང་ཚོགས་པ་ལ་ལྟོས་ཤིག་དང་བྱེད་པ་ཡོད་སྲིད་ནའང་བྱ་བའི་ཡུལ་མེད་པ་ལ་ཅི་བྱར་ཡོད་དེ་མེད་དོ། །གཉིས་པ་གཅིག་པུའི་རང་བཞིན་བཤད་པ་ལ། གནས་ལུགས་རིན་པོ་ཆེའི་མཛོད་ལས། རིག་པ་གཅིག་པུ་ཆོས་རྣམས་ཀུན་གྱི་གཞི། །དུ་མར་སྣང་ཡང་གཅིག་ལས་མ་གཡོས་ཞེས། །རང་བྱུང་ཡེ་ཤེས་རྩ་བ་གཅིག་ཏུ་བསྟན། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་རིག་དབྱིངས་རང་བྱུང་གི་ཡེ་ཤེས་གཅིག་པུ་ལས་བྱུང་བར་བསྟན་པ་ལ་གསུམ། གཅིག་པུའི་རང་བཞིན་ཤེས་དགོས་པ་སྤྱིར་བསྟན་པ། དེ་ལས་གྲོལ་འཁྲུལ་སྣང་ཚུལ་བྱེ་བྲག་ཏུ་བཤད་པ། དེ་ལྟར་མ་རྟོགས་པས་འཆིང་ཞིང་གོལ་སར་ལྟུང་ཚུལ་ལོ། །དང་པོ་ནི། དེ་ལྟར་སྣང་བ་སོགས་ནས། གདིང་ཐོབ་གནད༔ ཅེས་གསུངས། དེ་ལྟར་སྣང་བ་ཀུན་རང་རང་གི་ངོས་ནས་སྟོང་པའི་ཆོས་ཉིད་ཙམ་ཡིན་པར་ཤེས་ཀྱང་། ཡེ་ནས་གཞི་དབྱིངས་གཅིག་པུའི་གནས་ལུགས་ཀྱི་ཀློང་ནས་འཁོར་འདས་ཀྱི་ཆོས་སོ་ཅོག་མ་གཡོས་པའི་ཡིན་ལུགས་སུ་ངོ་མི་ཤེས་ན་གནད་དོན་གྲུབ་པ་མེད་པས་དེ་ཡི་ཕྱིར་དེ་ལྟར་ངོ་ཤེས་ཤིང་ཤེས་ཐོག་གདིང་ཐོབ་པར་བྱ་བ་གནད་དོ། །གཉིས་པ་དེ་ལས་གྲོལ་འཁྲུལ་སྣང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས། གྲོལ་བ་ཆོས་སྐུའི་རང་བཞིན་བསྟན་པ་དང་། འཁྲུལ་པའི་སྣང་བ་ཇི་ལྟར་མཆེད་ཚུལ་ལོ། །དང་པོ་ནི། ཡེ་གཞི་བདེ་གཤེགས་སོགས་ནས། ཆེན་པོ་སྟེ༔ ཞེས་གསུངས་ཏེ། ཡེ་གཞི་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཀྱི་དོན་རང་བྱུང་གི་ཤེས་རབ་ཆེན་པོས་མངོན་དུ་བྱས་པ་ཉིད་ཀྱིས་མཉམ་པར་བརྡལ་བ་ན་ཆོས་སྐུ་གཏིང་གསལ་ཆེན་པོ་སྟེ། རང་གི་ངོ་བོའི་ཆ་ནས་བཞག་ན་ཕྱི་སྣང་རྩལ་གྱི་རོལ་པ་ཉིད་དུ་མ་གྱུར་པའོ། །གཉིས་པ་ལ་གཉིས། དཔེའི་སྒོ་ནས་མདོར་བསྟན། དོན་གྱི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། མིག་ལ་མ་རིག་སོགས་ནས། ལྟར་དུ་དུབ༔ ཅེས་གསུངས་ཏེ། ཤེས་རབ་ཀྱི་མིག་ལ་རང་ངོ་མ་རིག་པའི་ཀུན་རྨོངས་ཀྱི་རྡུལ་ཕོག་ནས་མིག་དང་རྡུལ་འདྲེས་པ་ལྟར་ལྷན་སྐྱེས་ཀྱི་མ་རིག་པས་བསླད་པར་གྱུར་པ་ནི་འཁོར་བའི་གཞི་སྟེ། གནས་ལུགས་ཀྱི་དོན་ལ་རྨོངས་ནས་དཔེར་ན་ལོང་བའི་སྤྱོད་ལམ་དང་འགྲོས་ལྟར་དུ་འཁོར་བར་འཁྱམས་ཤིང་དུབ་པའོ། །གཉིས་པ་ནི། དེ་ལས་ངར་འཛིན་སོགས་ནས། གཉིས་སུ་འདོད༔ ཅེས་གསུངས་ཏེ། མ་རིག་པ་དེ་ལས་ངར་འཛིན་གྱི་རྟོག་པ་ཕྲ་མོ་བྱུང་ནས། དེ་ལས་འཆིང་བའི་ཡུལ་གྱི་རྣམ་པ་སྣོད་བཅུད་འདོད་ཡོན་གྱི་ཆོས་ཀུན་ཤར་བའོ། །ང་རུ་འཛིན་པ་དེ་ལས་བདག་ཉིད་ཀྱི་གཟུགས་སུ་གྲུབ་པའི་ཕུང་པོ་འདི་བྱུང་། གཟུགས་ལ་ཁྱིམ་ལྟ་བུར་བྱས་ནས་བདག་པོ་ལྟ་བུའི་ཡིད་ཉིད་སྒོ་ལྔ་སོ་སོར་ཞུགས་པའི་བྱེད་པ་ལས་མིག་སོགས་རང་རང་གི་རྣམ་པར་ཤེས་པ་མཆེད་ཅིང་། སྔ་མའི་ངར་འཛིན་དེས་བསྐྱེད་པས་བདག་དང་གཞན་དུ་སྣང་བའི་རྣམ་པར་ཤེས་པ་དང་པོ་ཉིད་གཟུང་བ་གཟུགས་སོགས་ཡུལ་གྱི་རྣམ་པར་སྣང་བ་ཕྱིའི་ཡུལ་དེ་ཉིད་ཉེ་བར་ལེན་པ་སྟེ། དེས་གསོས་ཐེབས་པའི་མཁན་པོ་དེ་ནི་འཛིན་པ་སེམས་སུ་ས་ར་ཧ་པ་ངས་སྨྲའོ། །དེ་ལྟར་ཚུལ་འདི་ནི་རྣམ་རྟོག་སྔ་ཕྱི་གཉིས་གཟུང་འཛིན་དུ་སྣང་བར་འདོད་པ་ཡིན་ཏེ། དེ་ལས་སེམས་ཅན་རྣམས་འཁྲུལ་བ་ཡིན་ནོ། །གསུམ་པ་ནི། ཕྱི་རུ་ཡུལ་སྟོང་སོགས་ནས། ཉུང་ལ་ལྟོས༔ ཞེས་གསུངས་ཏེ། ཚུལ་ཏེ་ལྟར་མི་ཤེས་པར་ཕྱི་རུ་ཡུལ་དུ་སྣང་བ་སྟོང་པའང་ཡུལ་རང་རང་ངོས་ནས་སྟོང་ལ། ནང་དུ་སེམས་ཀྱི་རང་བཞིན་སྟོང་པའང་རང་གི་ངོས་ནས་སྟོང་པ་ལས་སྟོང་གཞི་རང་རྒྱུད་དུ་གོལ་བའི་ལྟ་བ་གཉིས་གལ་རྟ་ལྟ་བུར་ཟུང་འབྲེལ་དུ་ལ་བཟླ་བ་དག་སྟོང་ཉིད་ཕྱོགས་རེའམ་ཉི་ཚེ་བར་གྱུར་ཕྱིར་གཉིས་འཛིན་གྱི་ཞགས་པ་ཆེན་པོའི་འཆིང་བ་ལས་མ་གྲོལ་ལ། དེ་ལྟར་འཛིན་ཕྱིན་ཆད་སྟོང་པ་ཉིད་དོ་སྙམ་པའང་ཕྱིའི་ཡུལ་སྣང་རང་སར་ཕར་བཅད། ནང་གི་ང་བདག་རང་སར་ཚུར་བཅད་དེ། བར་དུ་སྟོང་པ་འཕྱང་ཆད་ཅིའང་མ་གྲུབ་པ་ཞིག་བསྒོམ་པ་དེ་ནི་འཁྱག་པ་ཆེན་པོའི་སྦུབས་སུ་ཚུད་པའི་ཆུ་ཐིག་ལྟ་བུར་སོང་བ་སྟེ་འཁོར་འདས་ཆོས་དབྱིངས་གཅིག་གི་ཡོ་ལང་དུ་མ་རྟོགས་པའི་སྐྱོན་གྱིས་གྲོལ་བ་ཐོབ་པ་ཉུང་བ་ལ་ལྟོས་ཤིག་ཅེས་གདམས་པའོ། །གསུམ་པ་ཕྱལ་པ་ནི། གནས་ལུགས་རིན་པོ་ཆེའི་མཛོད་ལས། སྣང་སྲིད་ཆོས་དང་སྣང་མེད་བྱང་ཆུབ་སེམས། །ཇི་བཞིན་སྤྲོས་དང་བྲལ་ལས་མ་གཡོས་པས། །དེ་ལ་མཐའ་དབུས་མི་དམིགས་བསམ་དང་བྲལ། །ཕྱལ་པའི་རང་བཞིན་བར་མེད་ཆེན་པོར་གནས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་དམིགས་བསམ་བརྗོད་བྲལ་བར་མཚམས་མེད་པར་མཉམ་པ་ཉིད་དུ་ཕྱལ་བར་བརྡལ་བའི་ཚུལ་སྟོན་པ། དེ་ལྟར་གཟུང་འཛིན་སོགས་ནས། ཤེས་པ་སྟེ༔ ཞེས་གསུངས་ཏེ། དེ་ལྟར་གཟུང་འཛིན་འཁྲུལ་པའི་སེམས་སྣང་ཐམས་ཅད་གཞི་དབྱིངས་སྟོང་པའི་ངོ་བོ་ཉིད་ལས་བྱུང་གི་གཞན་སུས་ཀྱང་མ་བྱས་ལ། ངོ་བོ་ཉིད་ཀྱིས་ཀྱང་མ་བྱས་ཏེ་རང་བཞིན་གྱི་ངང་ཤར་བའི་ཚུལ་དུ་རང་སྣང་བ་ངོ་བོ་ཉིད་ཀྱི་རང་བཞིན་དུ་དག་ཅིང་གྲོལ་བ་མཉམ་པར་བརྡལ་བའི་རོལ་པ་སྟེ། དེའི་ཕྱིར་ངོ་བོ་ཉིད་ཀྱི་དབྱིངས་དེ་ནི་འཁོར་འདས་ཀུན་གྱི་རང་བཞིན་དུ་གྱུར་ཅིང་། རྒྱུ་རྐྱེན་གྱིས་བཅོས་བཞག་ལྟ་བུ་མ་ཡིན་པས་མ་བཅོས་ངང་གིས་གནས་པས་གསར་དུ་འདུ་བ་དང་འབྲལ་བ་མེད་ཕྱིར་ཡེ་ནས་འབྲལ་མི་ཤེས་པ་སྟེ་མི་འབྲལ་བར་གནས་པ་ཡིན་ནོ། །གཞི་པ་ལྷུན་གྲུབ་ནི། གནས་ལུགས་རིན་པོ་ཆེའི་མཛོད་ལས། ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ནི། །སུས་ཀྱང་མ་བྱས་ཡེ་ནས་གནས་པ་སྟེ། །ཀུན་འབྱུང་ནོར་བུ་དང་འདྲ་བྱང་ཆུབ་སེམས། །འཁོར་འདས་ཆོས་ཀུན་འབྱུང་བའི་གཞི་མར་གྲུབ། །ཅེས་གསུངས་པ་ལྟར། སུས་ཀྱང་མ་བྱས་ཤིང་ཡེ་ནས་གནས་པའི་གཞི་དབྱིངས་བྱང་ཆུབ་སེམས་ཀྱི་ངང་དུ་དག་པ་སྐུ་དང་ཡེ་ཤེས་སོགས་འཁོར་འདས་ཀྱི་ཆོས་ཀུན་ལྷུན་གྱིས་གྲུབ་པའི་ཚུལ་སྟོན་པ། རིག་དང་མ་རིག་སོགས་ནས། གདིང་ཐོབ་བྱ༔ ཞེས་གསུངས་ཏེ། རིག་དང་མ་རིག་གཉིས་ཀྱི་བྱེ་བྲག་གིས་སངས་རྒྱས་དང་སེམས་ཅན་གཉིས་སུ་བརྗོད་པས་ནི་འཁོར་འདས་ཀྱི་སྣང་བ་མཐའ་དག་འབྱུང་བའི་གཞི་ཡེ་ནས་མ་བཅོས་པར་ཡོངས་སུ་གྲུབ་པའམ་ལྷུན་གྱིས་གྲུབ་པར་མཐོང་བའི་ཤེས་རབ་ཀྱི་མིག་གིས་རང་བཞིན་གྱིས་མ་སྐྱེས་ཤིང་མ་འགགས་ལ། གསལ་དང་འགྲིབ་པ་མེད་པའི་ལྟ་བའི་ངང་དུ་བསྒོམ་བྱ་དང་བློ་ཡིས་བཅོས་བསྒྱུར་དང་བྲལ་བར་སྨྲ་བསམ་བརྗོད་པ་ལས་འདས་པའི་རང་བྱུང་གི་ཡེ་ཤེས་རང་གནས་ཆེན་པོའི་ངང་དེར་ལ་བཟླ་ཞིང་། ལྷུན་གྲུབ་གདོད་མའི་སངས་རྒྱས་དེ་ཉིད་བརྟན་པ་ཐོབ་ནས་རང་ལ་གནས་པ་རང་འཕྲད་ཀྱི་ཚུལ་དུ་གདིང་ཐོབ་པར་བྱའོ། །ཞེས་གསུངས་པ་སྟེ་གཅོད་ཀྱི་ཚུལ་ལ་གནས་ལུགས་ཀྱི་དོན་ངོ་འཕྲོད་པ་ཤིན་ཏུ་གལ་ཆེ་ལ། གཅོད་ཀྱི་ཁྲིད་ཡིག་གཞན་ལས་ཡུམ་དོན་ངོ་སྤྲོད་པ་ཞེས་སྟོང་ཉིད་ཀྱི་དོན་ལ་མཉམ་པར་གཞག་པ་ས་བཅད་ཀྱི་དངོས་གཞི་བཤད་པ་དང་། ཨཱཪྻ་དེ་ཝའི་རྒྱ་གཞུང་ལས། གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་བླང་དོར་རེ་དོགས་ཀྱི། །མཐའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་བ་བྱས་གྱུར་ཀྱང་། །ཚེ་འདི་ཉིད་ལ་གྲོལ་མི་འགྱུར། །དེས་ན་འདུས་བྱས་འདུས་མ་བྱས། །དཀར་དང་ནག་པའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་འགྱུར་རོ། །ཞེས་སྟོང་པ་ཉིད་ཀྱི་དོན་རྟོགས་དགོས་ཚུལ་དང་། དེ་ཉིད་ལས། ཤེས་རབ་ཕ་རོལ་ཕྱིན་པའི་དོན། །གཞན་ནས་མ་འཚོལ་རང་ལ་ཡོད། །དངོས་དང་མཚན་མ་མ་གྲུབ་པའི། །རང་བཞིན་འོད་གསལ་ཆེན་པོའི་དོན། །ཞེས་གནས་ལུགས་ཀྱི་ངོ་བོ་ངོས་བཟུང་བ་དང་། ཡང་། ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོགས་རང་བཞིན་གྱིས་སངས་པའི། །ཞེས་སོགས་ཀྱིས་ཇི་ལྟར་བསྒོམ་ཚུལ་དང་། ཕྱི་ནང་ལྷ་འདྲེ་འཁོར་དང་འདས། །སྣང་དང་སྟོང་པ་ལ་སོགས་པའི། །གཉིས་སྣང་བྲལ་བ་སངས་རྒྱས་ཀྱི། །དགོངས་པ་མ་ནོར་མ་བཅོས་པ། དཔེར་ན་ནམ་མཁའི་དབྱིངས་དང་མཚུངས། །ཞེས་ཁྱད་པར་སྐབས་འདིར་ལྷ་འདྲེ་ལ་སོགས་རེ་དོགས་ཀྱི་ཡུལ་བདེན་མེད་སྟོང་པའི་ཆོས་འཕྲུལ་དུ་ཤེས་དགོས་པ་དང་། གནས་ལུགས་ནམ་མཁའ་ལྟ་བུའི་དོན་ལ་གཉིས་སྣང་དང་བྲལ་བ་དངོས་སམ་རྗེས་མཐུན་པ་གང་རུང་རྟོགས་པ་སངས་རྒྱས་ཀྱི་དགོས་པ་མཐར་ཐུགས་ཏུ་བསྟན་པས་གནས་ལུགས་མངོན་དུ་གྱུར་པའི་ཚད་བཅས་གསལ་བར་བསྟན་པ་དང་། གཞན་ཡང་གཅོད་ཀྱི་མན་ངག་ཁུངས་ཐུབ་དག་ལས། ཆོས་ཉིད་དོན་དམ་མངོན་དུ་བྱ། ཞེས་གསུངས་པ་དེའི་ཚུལ་ཡང་རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བ། དོན་ཁྲིད་དུ་སེམས་ངོ་སྤྲོད་པ། ཚིག་ཁྲིད་དུ་སེམས་གཏན་ལ་དབབ་པ་དང་། ཉམས་ཁྲིད་དུ་སེམས་ངོ་བསྐྱང་བ་ལ་སོགས་པས་སེམས་རང་ངོ་ཤེས་ཤིང་རང་ངོ་སྤྲོད་པར་བྱའོ་ཞེས་སོགས་ཀྱི་རྣམ་གྲངས་མང་དུ་གསུངས་ཀྱང་། འདི་ནི་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་ཡིན་པས་དེ་དང་མཐུན་པར་གསུངས་པའི་ཚིག་དོན་རྒྱས་པར་མ་སྤྲོས་ལ། འདོད་ན་གནས་ལུགས་རང་བྱུང་གི་རྒྱུད་སོགས་ལས་ཤེས་པར་བྱ་ཞིང་། ཐོག་ཁེལ་དུ་བྱུང་ན་རྗེས་ནས་ཟུར་དུའང་འཆད་པར་འདོད་དོ། །འདིར་མེད་པ་དང་གཅིག་པུ་སོགས་ཐུན་མོང་མ་ཡིན་པ་རྫོགས་པ་ཆེན་པོའི་ལུགས་དང་སྦྱར་ཚུལ་ནི་སྡེ་གསུམ་སྙིང་པོའི་དོན་གསལ་གནས་ལུགས་རིན་པོ་ཆེའི་མཛོད་ཀྱི་རྩ་འགྲེལ་ལས་གསལ་བར་བྱུང་བས་དེར་བལྟ་ཞིང་། སྐབས་དོན་གཅོད་ཀྱི་ཁུངས་དང་བསྟུན་ཏེ་ཡོན་ཏན་རིན་པོ་ཆེ་སྡུད་པའི་ལུགས་དང་སྦྱར་ན། དེ་ཉིད་ལས། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །དེ་ཆོས་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་བཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཐོབ། །ཅེས་པས་མེད་པ་སོགས་ཀྱི་ཚུལ་མདོར་བསྟན་པ་ལ་སྦྱར་ཏེ། རྐང་པ་དང་པོ་གཉིས་ཀྱི་ཕུང་པོ་ལྔས་བསྡུས་ཀྱི་ཆོས་རྣམས་རང་བཞིན་མེད་པའི་ཚུལ་དང་། དེ་ཆོས་ཀུན་ལ་མི་གནས་ཞེས་པས་རང་བཞིན་གྱིས་གྲུབ་པ་ཞེས་བྱ་བ་ཆོས་རྣམས་ཀུན་ལ་མི་གནས་པ་སྟེ་ཐམས་ཅད་ཆོས་ཀྱི་དབྱིངས་གཅིག་པུའི་རང་བཞིན་ཅན་དུ་བསྟན་པ་དང་། གནས་པ་མེད་པ་དང་ཡོངས་སུ་བཟུང་པ་མེད་པར་སྤྱོད་པས་ནི་ཆོས་རྣམས་གང་དུའང་ཕྱོགས་སུ་བཅད་པའམ་རིས་སུ་བཟུང་བའི་མཚན་མ་ལ་གནས་པ་མེད་པའི་སར་ཕྱལ་ཚུལ་དང་། བདེ་གཤེགས་རྣམས་ཀྱི་བྱང་ཆུབ་ཐོབ་ཅེས་པ་ལ་དེ་ལྟར་ཐོབ་རུང་གི་ནུས་པའམ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་དགོས་པས་དེའི་ཚུལ་ཡང་བསྟན་ཏོ། །རྒྱས་པར་བཤད་ན། གང་ཚེ་འདུས་མ་བྱས་དང་འདུས་བྱས་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིགས་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་དུའང་མི་གནས་ཐམས་ཅད་དེ་དང་འདྲ། །ཞེས་མིང་གི་གདགས་གཞི་བཙལ་བ་དང་། ཆོས་རྣམས་ཐམ་ཅད་རང་བཞིན་རྟག་པ་ཡོངས་དག་པ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་ལྟ་ན། །བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཅེས་བདེན་དངོས་སུ་གྲུབ་ན་རྒྱུ་རྐྱེན་ལ་མི་ལྟོས་པས་སྔ་ཕྱི་འགྱུར་བ་མེད་པའི་རང་བཞིན་ཅན་ཏུ་རྟག་པར་འགྱུར་པ་ལས་དེ་ལྟ་བ་ཡིན་པར་ཆོས་རྣམས་རང་བཞིན་ཡོངས་སུ་དག་ཅིང་བྱེད་པ་པོ་མི་དམིགས་པར་བསྟན་པས་དངོས་པོའི་རྟག་འཛིན་བཤིག་པ་དང་། གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མ་བླངས། །རབ་གུས་བྱང་ཆུབ་སེམས་དཔའ་ལ་ནི་ཉུག་བྱེད་པ། །གཞན་ཞིག་མེ་མདག་མགོ་ལ་འཐོར་བྱེད་གཉིས་ཀ་ལ། །དེ་ཡིས་མཉམ་ཞིང་སྙོམས་པའི་སེམས་ནི་བསྐྱེད་པར་བྱ། །ཞེས་དེ་ལྟར་ཕན་གནོང་བྱེད་པར་སེམས་སྙོམས་པ་ལ་ཕན་གནོད་རང་བཞིན་གྱིས་མ་གྲུབ་པའི་མཚང་ཤེས་དགོས་པས་ན་ཕན་གནོད་ཀྱི་མཚང་ལ་རྒོལ་བ་དང་། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་བདག། སྟོབས་བཅུའི་ལུང་བསྟན་བྱང་ཆུབ་རེག་གྱུར་རློམས་སེམས་མེད། །འདི་ལ་ཅི་ཡང་མེད་ཅེས་བྱང་ཆུབ་སྐྲག་པ་མེད། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། །ཅེས་སྟོབས་བཅུའི་བདག་ཉིད་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པ་རེ་ཡུལ་དང་། ལུང་མ་བསྟན་པ་ལ་སྐྲག་པའམ་དོགས་པ་མེད་པར་བསྟན་པས་རེ་དོགས་ཀྱི་རྫུན་ཕུག་བརྡིབས་པ་དང་། འདི་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་དང་། གང་ལ་གཟུགས་མིན་ཚོར་མིན་འདུ་ཤེས་མི་དམིགས་ཤིང་། །རྣམ་པར་ཤེས་པ་མ་ཡིན་སེམས་པ་མི་དམིགས་པ། །ཆོས་ཀུན་སྐྱེས་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཇི་ལྟར་ཤེས་རབ་ཕ་རོལ་ཕྱིན་པ་མཚན་ཉིད་སྟོང་། །ཆོས་རྣམས་ཐམས་ཅད་མཚན་ཉིད་དེ་དང་འདྲར་ཤེས་ཤིང་། །ཆོས་རྣམས་སྟོང་པ་མཚན་ཉིད་མེད་པར་རབ་ཤེས་ན། །དེ་ལྟར་སྤྱོད་པ་བདེ་གཤེགས་ཤེས་རབ་སྤྱོད་པ་ཡིན། །ཅེས་གཟུགས་སོགས་རང་བཞིན་གྱིས་མི་དམིགས་ཤིང་། ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དང་། སྟོང་པ་མཚན་ཉིད་མེད་པ་གཅིག་པར་ཤེས་པ་གཅིག་པུ་དང་། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཅེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །གང་གིས་དེ་ལྟར་མཐོང་བ་དེ་ཡིས་ཆོས་ཀུན་མཐོང་། །ཞེས་གནས་ལུགས་ཇི་ལྟར་མཐོང་བས་ཆོས་ཀུན་གྱི་རང་བཞིན་མཐོང་བར་གསུངས་པས་ཆོས་རྣམས་ནམ་མཁའ་ལྟར་ཕྱལ་བ་དང་། རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་བར། །རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་དུའང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་ཡིན་ཐམས་ཅད་སྡུད། །ཅེས་དཔེ་ཡི་སྒོ་ནས་ཆོས་ཉིད་འགྲོ་འོང་དང་བྲལ་བར་ཡོན་ཏན་མཐའ་དག་འབྱུང་རུང་དུ་ལྷུན་གྱིས་གྲུབ་པའི་ཚུལ་རྣམས་ཀྱང་བསྟན་པར་ཤེས་པར་བྱའོ། །དེའང་རྫོགས་པ་ཆེན་པོ་ནི་ལྟ་བའི་ཡང་རྩེ་དབང་པོ་རྣོན་པོའི་སྤྱོད་ཡུལ་ཡིན་ཀྱང་གནས་ལུགས་ཅེར་ཕོག་ཏུ་ངོ་སྤྲོད་པའི་ཐབས་ཀྱི་མན་ངག་ཡིན་པས་མཁས་རྨོངས་བར་མ་གང་གིས་ཉམས་སུ་བླངས་ཀྱང་རྒྱུད་ལ་སྐྱེས་སླ་བ་ཡིན་ཏེ། ཀུན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོས། དབུ་མ་ཀླུ་སྒྲུབ་བཞེད་སྲོལ་ལྟ་བའི་རྩེ། །གཞུང་ལུགས་སྦྱངས་པའི་མཁས་མིན་རྟོགས་པར་དཀའ། །དེང་དུས་ཕྱག་ཆེན་ཟེར་བ་སེམས་གནས་ཙམ། །ཡིན་གྱི་ཕྱག་ཆེན་ལྟ་བ་དངོས་མ་ཡིན། །དབང་དང་རིམ་གཉིས་ལས་བྱུང་ཡེ་ཤེས་ལ། །ཕྱག་རྒྱ་ཆེན་པོ་ཚད་ལྡན་མཁས་རྣམས་བཞེད། །པད་འབྱུང་བི་མ་ལ་དང་བཻ་རོ་སོགས། །བཀའ་གཏེར་ལས་འོངས་ངེས་དོན་རྫོགས་པ་ཆེ། །མཁས་རྨོངས་བར་མ་གང་གིས་ཉམས་བླངས་ཀྱང་། །ཚེགས་ཆུང་དོན་ཆེ་འཕྲུལ་གྱི་གནད་གསང་ཟབ། །དཔེར་ན་མི་ཕམ་མགོན་པོ་ཆེས་རྒན་པ། །བཻ་རོས་ཚེ་དེར་བྱང་ཆུབ་ལམ་དུ་ཁྲིད། །རྒྱ་བོད་གཉིས་ཀར་རྟོགས་གྲོལ་དུས་གཅིག་ཏུ། །བྱུང་བའི་ངོ་མཚར་ལོ་རྒྱུས་ཕ་མཐའ་ཡས། །ཞེས་དང་། རྒྱུད་ཐལ་འགྱུར་ལས་ཀྱང་། སྙིང་ཐིག་ངེས་པར་བསྡུས་པ་ཡིས། །དབང་པོ་ལ་ཡང་རྣོ་རྟུལ་མེད། །ཅེས་རྫོགས་པ་ཆེན་པོ་སྙིང་ཐིག་གི་གནད་ཀྱི་དོན་ངེས་པར་བསྡུས་ཏེ་བསྟན་པའི་ཕྱིར་དབང་པོ་ལ་རྣོ་རྟུལ་མེད་པར་གསུངས་པ་བཞིན་ནོ། །དེང་དུས་ཕྱག་ཆེན་ཟེར་བ་སེམས་གནས་ཙམ་ལས་དངོས་མ་ཡིན་པ་དང་། དངོས་དབང་དང་བསྐྱེད་རྫོགས་ལས་བྱུང་བའི་ཡེ་ཤེས་ཡིན་པར་གསུངས་པ་བཀའ་བརྒྱུད་པ་རྣམས་ལ་ཟུར་ཟ་ཡིན་པར་ཡོངས་གྲགས་ལྟར་ཡིན་མོད། གནད་ཅིའང་མི་ཤེས་པར་སེམས་ལ་ཆོམ་འཇོག་བྱེད་པ་དང་། རྣམ་རྟོག་གི་འགྱུ་འཕྲོ་བགྲང་བ་ཙམ་ལ་ཕྱག་ཆེན་ཏུ་རློམ་པ་དག་ལ་བཀའ་དྲིན་དུ་སྩལ་བའི་དགོངས་པ་ཅན་གྱི་གསུང་ཡིན་གྱིས། རྩ་ཐིག་སོགས་ཀྱི་ཉམས་ལེན་དང་འབྲེལ་མ་འབྲེལ་ཅི་ཡིན་ཀྱང་རུང་ལྷན་ཅིག་སྐྱེས་སྦྱོར་དང་གྭའུ་ལ་སོགས་པ་རྗེ་བཀའ་བརྒྱུད་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཤིན་ཏུ་ཟབ་པ་ཡིན་ནོ། །མ་གཅིག་གི་གསུང་ལས་ནི་གཅོད་ཀྱི་ཚུལ་འདི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་འབྲེལ་བ་དང་། དེའང་ནང་རྐྱེན་རྩ་ཐིག་ལ་གནད་དུ་བསྣུན་པ་དག་། ཕྱི་རྐྱེན་ཕྱག་རྒྱ་ལ་བརྟེན་ནས་བདེ་ཆེན་བསྐྱེད་པའི་རྣམ་བཞག་གི་རིམ་པ་ཕྱག་རྒྱ་བཞི་སོགས་དང་སྦྱོར་ནས་གསུངས་ཏེ། སྙན་བརྒྱུད་ལས། ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་འདི་ཐེག་པ་ཆེན་པོའི་ཉི་མ་ཤར་ནས་འཁོར་བའི་མུན་སྨག་སེལ་བར་བྱེད་པ་ཡིན་ནོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ནི་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་གདོད་མ་ནས་བདེན་པར་གྲུབ་པ་སྐྲའི་ཆ་ཙམ་ཡང་མེད་པས་རང་བཞིན་གྱིས་སྟོང་པའི་གནས་ལུགས་དེ་ལ་ཆོས་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟར་བུའི་དོན་གོ་ཞིང་སྟོང་པ་ལ་བློ་གོམས་ཏེ་སྟོང་ཉིད་དུ་འཁྱེར་ཐུབ་པའི་རྣལ་འབྱོར་པས་རྩ་རླུང་ཐིག་ལེའི་འཁྲུལ་འཁོར་ལ་ནུས་པ་ཐོན་པར་བྱས་ན་རིགས་ལྡན་གྱི་ཤེས་རབ་མ་ལ་བརྟེན་ནས་བདེ་བ་ཆེན་པོ་ལམ་དུ་ཁྱེར་ཞིང་དགའ་བ་ཆེན་པོས་ལུས་སྟོབས་ཆེར་རྒྱས་པར་བྱེད་པ་ནི་ལས་ཀྱི་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟ་བུའི་རྣལ་འབྱོར་པས་ཡོན་ཏན་ཐམས་ཅད་ལ་སྦས་པའི་ཚུལ་དུ་ཉམས་སུ་ལེན་ཅིང་ཕྱིའི་རྫས་ཀྱི་དམ་ཚིག་དང་མ་བྲལ་བར་བྱེད་པ་ནི་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟར་བུའི་བདེ་བ་ཆེན་པོ་ཁྱད་པར་ཅན་དེ་ལ་ཆགས་པ་མེད་པའི་སྟོང་པ་ཉིད་དུ་འབར་བའི་དྲོད་ཀྱི་རླངས་པ་དེ་ལ་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། དེ་ལྟ་བུའི་རྣམ་འབྱོར་པ་དེ་ལ་ཉོན་མོངས་པའི་གྲིབ་མའམ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བ་སྣང་བ་ཐམས་ཅད་བདེན་མེད་སྟོང་པ་རྨི་ལམ་སྒྱུ་མ་ལྟ་བུར་ཤར་བ་ལ་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་ཀྱང་། ད་ལྟ་ངས་ཀུན་ལ་འཆད་པའི་ཕྱག་རྒྱ་ཆེན་པོ་དེ་ནི་ཕྱག་ནི་ཡུལ་སྣང་ཐམས་ཅད་ཡིན་ནོ། །རྒྱ་ནི་སྣང་ཡུལ་དེ་རྣམས་གཞི་གདོད་མ་ནས་དོན་རང་ངོས་ནས་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་སྣང་སྟོང་ཕྱག་རྒྱ་ཆེན་པོ། སྣང་པ་དེ་དང་རང་བཞིན་མ་གྲུབ་པའི་སྟོང་པ་གཉིས་ཟུང་དུ་འཇུག་པ་ལ་ཟེར་ཏེ་དེ་ཡང་གོ་ཡུལ་གྱི་ཕྱག་རྒྱ་ཆེན་པོ་ཡིན། རྣལ་འབྱོར་པ་ཕྱི་ནང་གཉིས་ཀ་བདག་མེད་དུ་རྟོགས་པས་རླུང་སེམས་དབུ་མར་ཚུད་པའི་སྟོབས་ཀྱིས་བདེ་གསལ་ཟང་ཐལ་གྱི་ཉམས་ཁྱད་པར་ཅན་གྱི་ངང་ལས་འདས་མ་འོངས་ད་ལྟ་དུས་གསུམ་ལ་སོགས་པ་མཁྱེན་ཅིང་ཆོས་ཐམས་ཅད་རབ་ཏུ་ཤེས་པའི་འོད་ཟེར་རྒྱས་ནས་འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པ་ལ་སོགས་པའི་འབྲས་བུ་ཡོན་ཏན་གྱི་ཚོགས་དུ་མའི་འོད་ཟེར་གྱིས་འགྲོ་བ་མང་པོ་འདུལ་ཞིང་། དེའི་དོན་བྱེད་ནུས་པའི་སྟོབས་ཆེན་པོ་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོ་གཅོད་ཟེར་བ་ཡིན་པས། དེ་ལྟ་བུའི་ཆོས་འདི་ནི་གཞན་གྱི་ཆོས་ལུགས་དང་མི་འདྲ་བའི་ཟབ་པའི་གནད་དེ་ལྟ་བུ་ཡིན་ནོ་རིགས་ཀྱི་བུ། །ཞེས་གསུངས། ད་ལྟ་ངས་ཀུན་ལ་འཆད་པ་ཞེས་སོགས་ཀྱིས་མདོ་ལུགས་ཀྱི་ཕྱག་ཆེན་ཀྱང་བསྟན་པ་ཡིན་ལ། ལུང་དེའི་འཕྲོར། ཕལ་པ་འགའ་ཞིག་གིས་སེམས་གྲུབ་པའི་མཚན་ཉིད་གསལ་ཙམ་པའི་ཧྲིག་ཧྲིག་པ་སྒྲིབ་སྒྲིབ་པོ་དང་བཅས་པའི་མུན་པ་ཅན་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར་ན་སེམས་མ་གྲུབ་པའི་མཚན་ཉིད་ཙམ་ཡང་མི་ཤེས་པའི་ཕྱག་རྒྱ་ཆེན་པོ་རྣམས་ནི་རྨོངས་ཤིང་བླུན་པའི་ཆོས་ལུགས་ཡིན་པས་དེ་ལ་བློ་གཏད་མེད་དོ་རིང་དུ་སྤོངས་གསུངས། ཞེས་གསུངས་ཏེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ཞལ་སྔ་ནས་སྟོང་པ་ཉིད་ཀྱི་དོན་མི་ཤེས་པར་སེམས་ལ་དམིགས་ཏེ་བསྒོམ་པ་ཙམ་ནི་རྫོགས་པ་ཆེན་པོའི་ལྟ་བའི་ཕྱོགས་སུའང་མི་འགྲོ་བ་མ་ཟད་པར་ཐར་པའི་ལམ་དུའང་མི་འགྱུར་བ་ཡང་ཡང་བཀའ་སྩལ་པ་དང་གསུང་གི་ཚུལ་གཅིག་ཏུ་འབབ་པ་ཡིན་ནོ། །ཡང་དེའི་འཕྲོར། ལར་ཡང་ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་དབུས་སུ་ཤེས་ན་ཆོས་ཐམས་ཅད་ཀྱི་དབུས་ཤེས་པ་ཡིན་ལ། ངའི་ཆོས་ནི་དབུ་མ་ཆེན་པོ་ཡིན། ངའི་ཆོས་འདི་ནི་འབྲས་བུའི་ཆོས་རྫོགས་པ་ཆེན་པོ་ཡིན་ཏེ། དེ་ཡང་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་སྟེང་དུ་རྫོགས་པ་ཡིན་པས། སེམས་ཉིད་གཅིག་པུའི་དོན་རྫོགས་ལུགས་དེ་ཤེས་ན་ཆོས་ཐམས་ཅད་ཀྱི་དོན་རྫོགས་པ་ཆེན་པོ་ཡིན་ནོ། །དེ་གོ་བར་གྱིས་ཤིག་བུ་སློབ་ཀུན། །ཞེས་དབུ་ཕྱག་རྫོགས་གསུམ་གྱི་གནད་གཅིག་ཏུ་འབབ་པར་གསུངས་ལ། དེང་སང་དགེ་ཕྱོགས་ཀྱི་མཁས་པའི་དབང་པོ་གཞུང་ལུགས་ལ་རང་བྱན་ཚུད་པ་འགའ་ཞིག་མ་གཏོགས་ཕལ་ཆེ་བས་རྙིང་ལུགས་ཀྱི་རྫོགས་ཆེན་ལ་ཐན་མཐོང་བ་ལྟར་བྱེད་མོད། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་གསང་བའི་བདག་པོ་ལ་དངོས་སུ་ཞུས་ཏེ་རྒྱལ་བ་གཉིས་པ་འཇམ་མགོན་བླ་མར་གདམས་པའི་ཞུས་ལན་བདུད་རྩིའི་སྨན་མཆོག་ལས། རྫོགས་པ་ཆེན་པོའི་ལུགས་སྒྲ་ཇི་བཞིན་པར་བསྟན་ནས་ཡོད་པ་ཡོངས་གྲགས་ལྟར་དང་། དེ་གདམས་ངག་གི་མཐིལ་ཡིན་པར། ཕྱག་ན་རྡོ་རྗེ་ཡི་དམ་གྱི་མཆོག་དང་། བློ་བཟང་གྲགས་པ་སློབ་མའི་མཆོག་དང་། ཞུས་ལན་དེ་ཆོས་ཀྱི་མཆོག་ཡིན་པར་གསུངས་པ་འདི་ལྟར་ལ། རྗེ་རང་ཉིད་ཀྱིས་ཀྱང་། གསང་བདག་གི་གསུང་གི་བདུད་རྩིས་ཐུགས་ཚིམ་ཚུལ་དང་། ལྕང་ལོ་ཅན་དུ་དངོས་སུ་ཕྱིན་པ་ལྟ་བུར་གསུངས་པ་འདི་མངོན་སུམ་དུ་མཐོང་བཞིན་དུ་དེ་དོན་ཅི་ཡང་མི་སེམས་པར་ཆོས་སྤང་གི་ལས་ལ་བག་མེད་པར་འཇུག་པ་ནི་ཉིན་བྱེད་ཀྱི་དཀྱིལ་འཁོར་འོད་ཟེར་རབ་ཏུ་འཕྲོ་ཞིང་ཀུན་གྱི་སྣང་བྱེད་དུ་གྱུར་ནའང་འབྱུང་བྱའི་མིག་ལ་མུན་པར་འབབ་པ་ལྟར། ཨེ་མ་ལས་ཀྱིས་ནོངས་པས་བློ་གཟུ་བོར་མི་གནས་པའི་སྐྱོན་འདི་ནི་ཇི་ལྟ་བུ་ཞིག་འདུག་སྙམ་དུ་ཡིད་རབ་ཏུ་སྐྱོ་བར་གྱུར་ཏོ། །དེར་མ་ཟད་རྗེ་ཉིད་འོལ་ཁ་རྒྱ་སོག་ཁར་བཞུགས་དུས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ནས་ཉམས་ལེན་མདོར་བསྡུས་གསུངས་པ་ལས་ཀྱང་། འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །སྔོན་ཆད་གང་གིས་མ་དམིགས་མི་དམིགས་ཕྱིར། །ནམ་མཁའ་བཞིན་དུ་འདི་ཡི་མཐའ་དང་བྲལ། །ཡུལ་གྱི་སྣང་བ་ནམ་མཁའི་པདྨོ་བཞིན། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་སྒྲུབ། །དེ་འདྲ་གང་ཡིན་དེ་དག་རྒྱལ་བའི་ལམ། །ཞེས་གསུངས་པ་འདིས་ཀྱང་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་གནད་གསལ་བར་བསྟན་པ་ཡིན་ཏེ་རྒྱས་པར་ནི་མ་སྤྲོས་ལ། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཡིན་ཁུལ་གྱིས་དོན་ལ་ཆགས་སྡང་གི་འགྲོ་བར་སོང་ནས་ཉེས་སྤྱོད་ཆེན་པོའི་གཡང་སར་ལྟུང་བ་ལས་བསྲུང་ཞིང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པར་གྱིས་ཏེ་རྗེ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཞེད་ཕུགས་ཆུད་ཟོས་སུ་མ་བཏང་ན་ལེགས་སོ། །རང་བཞིན་མེད་པས་རྟག་པའི་མཐའ་དང་བྲལ། །ལྷུན་གྱི་གྲུབ་པས་ཆད་པར་གྱུར་པ་མིན། །ཕྱལ་བ་དེ་ནི་དབུས་ལའང་ཡོངས་མི་གནས། །གཅིག་པུའི་རང་བཞིན་ཆོས་རྣམས་ཀུན་གྱི་གཤིས། །མེད་དང་གཅིག་པུ་དབུ་མའི་གནས་ལུགས་ཏེ། །ཕྱལ་པའི་རྒྱས་ཐེབ་ངེས་དོན་ཕྱག་རྒྱ་ཆེ། །ལྷུན་གྲུབ་ཉིད་ནི་རྫོགས་པ་ཆེན་པོའི་ཚུལ། །ཀུན་གྱི་དགོངས་པའི་གནད་དོན་འདི་རུ་འདུས། །མེད་པ་སྤྲོས་དང་བྲལ་བ་ལྟ་བའི་ཡུལ། །གཅིག་པུ་ཕྱལ་བ་མ་བཅོས་བསྒོམ་པའི་དོན། །ལྷུན་གྱི་གྲུབ་པ་འབྲས་བུ་མངོན་བྱེད་ཐབས། །གང་ལྟར་འཆད་ཀྱང་འགལ་མེད་འདི་ཀོ་མཚར། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རྐྱེན་ཐོག་ཏུ་རང་ངོ་འཕྲོད་ཕྱིར་བརྟུལ་ཞུགས་སྤྱོད་པའི་གནས་གཉན་ས་འགྲིམ་པ་དང་སྦྱར་ཏེ་ཉམས་ལེན་གྱི་གཞུང་བསྲང་བ་ལ་དྲུགགཉན་ཁྲོད་བརྟེན་ནས་ཉམས་ལེན་མཐར་ཕྱིན་དུ་བྱ་དགོས་པར་གདམས་པ་དང་། གཉན་ཁྲོད་ངོས་བཟུང་བ། གནད་དུ་འགྲོ་བའི་གདམས་པ། ཕུང་པོ་གཟན་བསྐྱུར་འགྱེད་བཞིའི་ཚུལ་ལ་བརྩོན་པ། འགྲོ་དུས་ཀྱི་དམ་ཚིགཕྱི་གནོན་རྗེས་གཅོད་ཀྱི་དམིགས་པ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། འདི་ལྟར་གནས་ལུགས་སོགས་ནས། བགྲོད་པར་གྱིས༔ ཞེས་གསུངས་ཏེ། འདི་ལྟར་གནས་ལུགས་ཇི་ལྟ་བའི་ཞལ་མཇལ་བའི་རྣལ་འབྱོར་པ་ལས་དང་སྨོན་ལམ་ཕུན་སུམ་ཚོགས་པ་དང་ལྡན་པ་རྣམས་ལྷ་འདྲེའི་སློང་ཚད་དང་ཆོ་འཕྲུལ་འཇིགས་སྐྲག་སོགས་ཀྱིས་རྐྱེན་བྱས་ཏེ་རིག་རྩལ་གཤིས་ཐོག་ཏུ་གནད་ངོ་འཕྲོད་པའི་ཕྱིར། ས་མིག་གཉན་པའི་ཁྲོད་དག་ཏུ་དུས་ལ་སོགས་པའི་ངེས་པ་མེད་པར་འགྲིམ་པར་བྱས་ནས། ཡུལ་ལ་མངོན་པར་ཞེན་པའི་འཛིན་པ་དང་། རེ་དོགས་ཀྱི་འཚང་ལ་རྒོལ་བའི་གཅོད་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བྱ་སྟེ། དེ་ཡང་། དགོན་པ་གཉན་ས་རི་ཁྲོད། །ལྟ་བ་ལྷ་མེད་འདྲེ་མེད། །སྒོམ་པ་འཛིན་མེད་ཡེངས་མེད། །སྤྱོད་པ་རོ་སྙོམས་ཐོག་བརྫིས། །ལམ་ཁྱེར་ཕུང་པོ་གཟན་བསྐྱུར། །ཉམས་ལེན་གཅེས་འཛིན་བྲལ་བ། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར། །བསམ་བློ་ན་དགའ་ཤི་སྐྱིད། །དགེ་བསྐུལ་ན་ཚ་སྡུག་བསྔལ་ཡིན་པའི་ཚུལ་བསྒོམ་པར་བྱ་སྟེ། དེ་དག་གི་དོན་ཡང་། ལྷ་འདྲེ་ལ་སོགས་པ་རང་སེམས་ཀྱི་ཆོས་འཕྲུལ་ཙམ་ལས་གཞན་དུ་མེད་པར་རྟོགས་པ་ལྟ་བ་ལྷ་མེད་འདྲེ་མེད་ཀྱི་དོན་དང་། གནས་ལུགས་ཀྱི་དོན་ལས་མི་ཡེངས་པ་སྒོམ་པ་འཛིན་མེད་ཡེངས་མེད་ཀྱི་དོན་དང་། ཚེ་འདི་བློས་ཐོངས་པས་འཇིག་རྟེན་ཆོས་བརྒྱད་སྙོམས་པ་དང་། འཁོར་བའི་བདེ་སྡུག་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་སྙོམས་པ་དང་། བདག་བས་གཞན་གཅེས་པས་བདག་གཞན་སྙོམས་པ་དང་། འགྲོ་དྲུག་ཕ་མར་སྙོམས་པ་རྣམས་ཐབས་ཀྱི་ཉམས་ལེན་གྱི་ཆ་ནས་དང་། ཆོས་ཐམས་ཅད་བདེན་མེད་སྟོང་ཉིད་ཀྱི་རོལ་པར་སྙོམས་པ་ཤེས་རབ་ཀྱི་ཆ་ནས་རོ་སྙོམས་པ་ཡིན་ལ། དེའི་སྟོབས་ཀྱིས་མི་ཕོད་པའི་ཡུལ་སྣང་ཅི་ཐོག་ཏུ་བབས་ཀྱང་གཉེན་པོས་ཟིལ་གྱིས་གནོན་པ་ནི་ཐོག་བརྫིས་ཀྱི་དོན་དང་། དེ་ལྟར་རོ་སྙོམས་པའི་བྱང་ཆུབ་སེམས་ཀྱི་ཕུང་པོ་གཟན་དུ་སྦྱིན་པ་ཉམས་ལེན་ཕུང་པོ་གཟན་བསྐྱུར་གྱི་དོན་དང་། རང་ལུས་གཟན་དུ་བསྐྱུར་ཏེ་གཅེས་འཛིན་བྲལ་བས་ཤ་ཁྲག་ཕངས་མེད་སྦྱིན་ཐུབ་ཚེ་ན་འཆི་སོགས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་བས་ན་དགའ་ཤི་སྐྱིད་ཞར་ལ་འབྱུང་བ་སོགས་ཀྱི་དོན་ཡིན་པར་མཁས་པའི་གསུང་ལས་བྱུང་ངོ་། །དེ་ལྟར་བུའི་ཚུལ་གྱིས་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་རང་སར་གྲོལ་བའི་འབྲས་བུའི་རྒྱལ་པོ་རང་རིག་ཧེ་རུ་ཀའི་གོ་འཕང་མཆོག་ཏུ་ཚེ་འདི་ཉིད་ལ་བགྲོད་པར་གྱིས་ཤིགཅེས་གདམས་པའོ། །གཉིས་པ་གཉན་ཁྲོད་ངོས་བཟུང་བ་ལ་གཉིས། གཉན་ཁྲོད་ཀྱི་ཚུལ་དང་། ཞར་བྱུང་དབེན་གནས་སྤྱིའི་རྣམ་གྲངས་བསྟན་པའོ། །དང་པོ་ནི། སྡུད་པ་ལས། འཇིག་རྟེན་དགོན་པའི་ལམ་དང་མུ་གེའི་ནད་བཅས་པར། །མཐོང་ནས་སྐྲག་པ་མེད་ཅིང་དེ་ནས་གོ་གྱོན་ཏེ། ཕྱི་མའི་མུ་མཐར་རྟག་ཏུ་བརྩོན་ཞིང་རབ་ཤེས་ནས། །ཡོངས་སུ་སྐྱོ་བའི་ཡིད་ནི་རྡུལ་ཙམ་བསྐྱེད་མ་བྱེད། །ཅེས་འཇིག་རྟེན་དགོན་པའི་འདྲེ་གདོན་སོགས་གང་དུ་གནས་པའི་ཡུལ་གཉན་སའི་ཚུལ་བསྟན། དེར་འཇིགས་ཤིང་སྐྲག་པ་མེད་པར་བག་མི་ཚ་བ་བསྟེན་དགོས་པ་ལས། གོ་གྱོན་ཅེས་པ་སྔ་ནོན་བར་ནོན་སོགས་དང་། ཕྱི་མའི་མུ་མཐར་ཞེས་པ་འཁོར་བ་ཇི་སྲིད་བར་ཞེས་པ་ཡིན་ཀྱང་སྐབས་ཐོབ་ཀྱི་ཡུན་རིང་ཐུང་གང་ལ་སྦྱར་ཀྱང་ཆོག་པས། གཉན་ཁྲོད་དུ་ཕྱིན་ནས་དངོས་ཀྱི་ཉམས་ལེན་མཐའ་རྒྱས་སུ་བྱས་ཏེ་ཕྱི་གནོན་གྱི་དམིགས་པའི་བར་བྱ་བ་ལ་སྦྱར་ལ། དེའི་ཚུལ་གྱི་རྣམ་བཞག་ཐམས་ཅད་རབ་ཏུ་ཤེས་པའི་སྒོ་ནས་བརྩོན་པ་ལ་ཡོངས་སུ་སྐྱོ་བའི་ཡིད་ནི་བསྐྱེད་མི་བྱ། ཞེས་པའི་དོན་འགྲེལ་ལོ། །སམྦུ་ཊའི་རྒྱུད་ལས། རི་བོ་དང་ནི་བཞི་མདོ་དང་། །ཤིང་གཅིག་ཆུ་འགྲམ་ནགས་ཆེན་དང་། །དེ་བཞིན་དབེན་པའི་བས་མཐའ་དང་། །རི་བོའི་སྲུལ་དང་རྩེ་མོ་དང་། །པདྨའི་ཚལ་ནི་ཡིད་འོང་དང་། །རྫིང་དང་རྒྱ་མཚོ་ཆེན་པོའི་འགྲམ། །ཚང་ཚིང་ཕུག་དང་རི་ཡི་འགྲམ། །གདོད་ནས་དག་པའི་དུར་ཁྲོད་དང་། །མཚན་མོ་མ་མོའི་ཁྱིམ་རྣམས་སུ། །གནས་དེར་འཇིགས་པ་རབ་སྤོང་ནས། །ཉམས་མྱོང་ཅན་གྱི་རབ་ཏུ་བསྒོམ། །ཞེས་གསུངས་ཏེ་གཞན་གོ་སླ་ལ། གདོད་ནས་དག་པའི་དུར་ཁྲོད་ནི་སྔོན་འཇིག་རྟེན་ཆགས་པའི་དུས་ནས་གྲུབ་པའི་འཛམ་བུའི་གླིང་ན་གནས་པའི་དུར་ཁྲོད་བརྒྱད་ལ་སོགས་པ་དང་། མ་མོའི་ཁྱིམ་ནི་མ་མཁའ་འགྲོའི་རིགས་གང་དུ་གནས་པའོ། །ཨཱཪྻ་དེ་ཝའི་རྒྱ་གཞུང་ལས་ཀྱང་། གཡའ་གངས་དུར་ཁྲོད་གཉན་ས་དང་། །གྲོང་དང་གྲོང་ཁྱེར་ཆེན་པོ་དང་། །ཕུག་དང་དབེན་ཕུག་གནས་དག་ཏུ། །གཉིས་སུ་མེད་པར་བསྒོམ་པར་བྱ། །ཞེས་དང་། མ་གཅིག་གི་ཞལ་ནས། དབྱིབས་གཟུགས་འཆོལ་པ་མ་ངེས་དང་། །དགའ་དང་སྐྱོ་དང་འཇིགས་པའི་གནས། །ཐམས་ཅད་སྟོང་པའི་ཆོ་འཕྲུལ་ཡིན། །མདོར་ན་འདི་གཉན་ས་རུ་ཉལ། །ཞེས་བྲག་ལ་སོགས་པའི་དབྱིབས་གཟུགས་ལ་བརྟགས་ན་སྣ་ཚོགས་པ་མ་ངེས་ཤིང་། དགའ་ཞིང་སྐྱོ་བ་སོགས་སེམས་ཀྱི་རྟོག་པ་སྣ་ཚོགས་སྐྱེ་བའི་ས་ཉིད་གཉན་ས་ཡིན་པར་གསུངས་ཏེ། དེས་ན་རབ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་སོགས་དུར་ཁྲོད་དང་། ཙཱ་རི་དང་གངས་རི་ཏི་སི་སོགས་གནས་ཆེན་དང་། སེ་འབྲས་དགེ་གསུམ་སོགས་ཆོས་གྲྭ་ཆེན་པོ། རྒྱལ་པོའི་ཕོ་བྲང་སོགས་ཡུལ་ཆེན། ཐང་ལྷ་དང་རྨ་རྒྱལ་སོགས་རི་ཆེན། གངྒཱ་དང་རྨ་ཆུ་སོགས་ཆུ་ཆེན། མ་དྲོས་པ་དང་ཁྲི་ཤོག་སོགས་མཚོ་ཆེན་པོ། དེ་ལྟ་བུ་མ་བྱུང་ཡང་ཇི་ལྟར་རྙེད་པའི་དུར་ཁྲོད་དེ་དང་། ཐང་ཆེན་དང་ཐང་སྟོང་གི་དཀྱིལ། མཚོ་དང་ཆུ་ཀླུ་གི་འགྲམ། ནགས་ཚལ་གྱི་དཀྱིལ། ཤིང་རྐང་གཅིག་གི་རྩ་བ། ཆུ་མིག་མགོ་གསུམ་སོགས་ཀྱི་དབུས་སམ་འཕྲད་མཚམས། ལམ་རྒྱ་གྲམ་གྱི་དཀྱིལ། གཞི་བདག་གདུག་པ་ཅན་གྱི་ལ་རྩའམ་བྲག་ཁུང་ངམ་ཆུ་མིག་མགོ་སོགས། གདུགས་དང་རྒྱལ་མཚན་འདྲ་བའི་ཏོག། དུང་དང་བུམ་པ་འདྲ་བའི་ཁ་སོ། ཉ་འདྲ་བའི་མཇིང་པ། གཅན་གཟན་འདྲ་བའི་ཁ་དང་སྡེར་མོའི་བར། འབྲོང་འདྲ་བའི་རྭ་རྩེ། མདོར་ན་སེམས་ཅན་འདིའི་རྩལ་འདི་ན་ཡོད་སྙམ་པ་དང་། ས་དམིགས་འདིར་འདུག་སྙམ་པར་སྡོད་དགོས་སོ། །དེ་ཡང་ཐོག་མར་འཇིགས་དགོས། བར་དུ་འཇིགས་མཁན་ཀྱང་། གཅོད་དགོས། ཐ་མ་འཇིགས་ཡུལ་འཇིགས་མཁན་མ་རྙེད་པ་ཞིག་འཇིགས་པའི་གནས་སུ་སོང་ན་བོགས་ཆེ་ལ། དེ་མིན་པ་འཇམ་ཞིང་བྱིན་ཆགས་པ་ལ་བསྟེན་རུང་བ་ཡིན་ནོ། །ལྷ་འདྲེ་ཇི་ལྟར་གནས་ཚུལ་ཡང་། གངས་ལ་གནོད་སྦྱིན་སྒ་དང་དམུ་གནས། རྫ་རི་ལ་གནོད་སྦྱིན་ཕོ་མོ་གནས། གཡའ་རི་ལ་བཙན་དང་སྨན་གནས། སྤང་རི་ལ་མ་སངས་གནས། བྲག་དང་གད་པ་ངམ་ནག་ལ་བདུད་གནས། རི་གཟར་ལ་ཀླུ་བཙན་གནས། རི་བྲག་རུས་སྦལ་དང་སྡིག་པ་དང་སྡོམ་དང་གཡག་འདྲ་བ་ལ་ས་བདག་དང་ཀླུ་གཉན་ཆེན་པོ་གནས། ཕུག་པ་ཁ་བྱང་བསྟན་ལ་གྲི་བཙན་གནས། བྲག་བྱ་སྐྱིབ། གཅོང་རོང་། གད་ཕུག་གྲོག་མོ་མགོ་སྡུམ་རྣམས་ལ་ཐེའུ་རང་དང་བསེན་མོ་དམ་སྲི་མོ་རྣམས་གནས། ཐང་ཆེན་པོ་ལ་ནུབ་མོ་ལྷ་འདྲེ་ཆེན་པོ་གནས། ཉིན་མོ་ཆུང་ངུ་གནས། རྫིང་ལ་གཉན་གནས། ལྟེང་ཀ་ལ་ས་བདག། ཆུ་མིག་ལ་ཀླུ་མོ། ཆུ་མིག་མགོ་དགུ་པ་ཀླུ་གདོལ་པ། ཆུ་མིག་མགོ་བདུན་པ་ལ་ཀླུ་བྲམ་ཟེའི་རིགས་རྣམས། ལྔ་པ་ལ་རྗེ་རིགས། གསུམ་པ་ལ་རྒྱལ་རིགས། གཅིག་པ་ལ་དམངས་རིགས་གནས། ཆུ་མིག་ཆུ་རལ་པ་འཁྱིལ་བ་ཉི་མ་མི་འཆར་བ་ལ་ཀླུ་གནས། ཤིང་གཅིག་དང་མཚོའི་དྲུང་། ལུ་མ་ཆུ་ལྗན་ལྗིན་ཡོད་པ་ལ་གཉན་གནས། ཆུ་ཀླུང་པས་ཕུག་པས་སྙིམ་པ་འཁྱིལ་བ་འདྲ་བ་ལ་ས་བདག་གནས། ཕ་བོང་སྟག་སྦྲུལ་བྱ་ཕག་རུས་སྦལ་འདྲ་བ་ལ་ས་བདག་དང་གཉན་སྡེ་བཞི་གནས། བྲག་རི་མི་རེང་ལངས་འདྲ་དང་། བྲག་རལ་བ། བྲག་སྤྲེའུའི་གདོང་པ་འདྲ་བ། ལམ་བྲག་དང་ཆུ་འཐབ་པ་ལ་བཙན་གནས། ཕུང་ཤུལ་ཁང་སྟོང་རི་ཤུལ་ཕྱུགས་ལྷས་སྲང་ཁ་ཚོང་འདུས་ན་གྲེ་བོ་གྲེ་མོ་དང་ཡི་དྭགས་གནས། དུར་ཁྲོད་ཆོས་འཆད་ས། དུར་ས་དཔའ་བོ་གཡུལ་དུ་བསད་པའི་ས་ན་མ་མོ་གཤིན་རྗེ་སྲོག་བདག་གནས། ལྷ་ཁང་གོག་པོ་ཁྱད་པར་མཆོད་རྟེན་གོག་པོ་དང་། ཁྱིམ་གོག་པོ་དགོན་གནས་གོག་པོ་ལ་རྒྱལ་པོ་དང་དཀོར་བདག་པེ་ཀར་གནས། དུར་ཁྲོད་ཕྱུགས་ལྷས་ཁང་སྟོང་དཀོར་ཁང་། མཆོད་རྟེན་གྱི་དྲུང་། ལམ་འཕྲང་དཀའ་ཐུབ་གནས། རོ་བསྲེགས་ས་ན་མི་མིན་སྣ་ཚོགས་འདུས་སོ། །གཉན་ས་དྲག་པོ་གར་ཡོད་མི་ཤེས་པ་དེར་གཅེར་བུར་རྒྱུག་པས་ཡོད་ས་དེར་འདར་ཡེད་ཡེད་པའམ། འཇིགས་ཆུམ་ཆུམ་པའམ། དགའ་ཡལ་ཡལ་བ་འོང་ངོ་། །ས་དེ་གཞན་དང་མི་འདྲ་བའི་རྣམ་པའམ། ས་སུད་མང་བའམ་ཤིང་ངམ་ཆུའམ་བྲག་ལ་སོགས་པས་མཚན་པ་འབྱུང་ངེས། གདོད་ནས་དག་པའི་དུར་ཁྲོད་མ་མོའི་ཁྱིམ་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་རྣམས་ན་ཡེ་ཤེས་པ་དང་འཇིག་རྟེན་པའི་དཔའ་བོ་མཁའ་འགྲོ་ལ་སོགས་པ་གནས་སོ། །མདོར་ན་དུར་ཁྲོད་དང་ལྷ་ཁང་ལ་སོགས་འཇིགས་ཤིང་སྐྱི་གཡའ་བ་བྲེད་ཅིང་དངངས་པའི་རྣམ་རྟོག་བསྐྱེད་ནུས་པ་ཞིག་དགོས་ཏེ། དེ་མེད་ན་གཅོད་རྒྱུ་མེད་པའི་ཕྱིར་རོ། །ཟབ་དོན་ཐུགས་སྙིང་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གང་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཞར་བྱུང་དབེན་གནས་སྤྱིའི་རྣམ་གྲངས་ནི། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། གནས་དབེན་པ་བསྟེན་འདོད་རི་ཁྲོད་པ། །སེམས་སྐྱོ་བ་བསྐྱེད་ལ་གླུ་འདི་ཉོན། །མི་རང་ལ་རང་གྲོས་མ་བཏབ་ན། །གྲོགས་གཞན་གྱིས་བསྐུལ་བ་ཤིན་ཏུ་དཀོན། །ཁྱེད་དབེན་པའི་རི་ལ་ཡིད་སྤྲོ་ན། །རི་ན་བུན་ཅན་གྱི་སྐྱིབས་ཤེད་ན། །གཡའ་རྫ་གཉིས་ཀྱི་ཕུག་པ་ཡོད། །གནས་དེ་འདྲ་བསྟེན་ན་འཕྲལ་ཕུགས་སྐྱིད། །ཁྱེད་དབེན་པའི་གནས་ལ་ཡིད་སྤྲོ་ན། །ནགས་སྔོ་ལྗང་རྒྱས་པའི་ཁྲོད་ཅིག་ན། །ཤིང་ལྗོན་པའི་ལོ་མའི་བསིལ་ཁང་ཡོད། །གནས་དེ་འདྲ་བསྟེན་ན་དགའ་སྤྲོ་འཕེལ། །ཁྱེད་དབེན་པའི་གངས་ལ་ཡིད་སྤྲོ་ན། །གངས་དཀར་པོའི་རི་ཡི་མགུལ་ཞིག་ན། །རང་གཅིག་པུ་སྡོད་པའི་སྒྲུབ་ཕུག་ཡོད། །གནས་དེ་འདྲ་བསྟེན་ན་དགེ་སྦྱོར་འཕེལ། །ཁྱེད་དབེན་པའི་སྤང་ལ་ཡིད་སྤྲོ་ན། །སྤང་མེ་ཏོག་བཀྲ་བའི་རྫོང་ཞིག་ན། །རྩྭ་ལྗང་སྔོན་སྤྱིལ་ཆུང་ཉམས་དགའ་ཡོད། །གནས་དེ་འདྲ་བསྟེན་ན་ངང་གིས་བདེ། །ཁྱེད་དབེན་པའི་བྲག་ལ་ཡིད་སྤྲོ་ན། །བྲག་རྒོད་ཚང་ཅན་གྱི་ངོས་ཤིག་ན། །སྐྱིབས་རབ་མཛེས་ཕུག་པ་རང་གྲུབ་པ་ཡོད། །གནས་དེ་འདྲ་བསྟེན་ན་རིག་པ་དྭངས། །ཁྱེད་དབེན་པའི་རྫ་ལ་ཡིད་སྤྲོ་ན། །རྫ་ཁྲ་མོ་སྤུངས་པའི་ཁྲོད་ཅིག་ན། །འཕྲལ་རྣམ་གཡེང་མེད་པའི་ཕུག་པ་ཡོད། །གནས་དེ་འདྲ་བསྟེན་ན་ཅི་བསམ་འགྲུབ། །ཁྱེད་དབེན་པའི་གཡའ་ལ་ཡིད་སྤྲོ་ན། །གཡའ་སྒོ་ལེབ་བཅད་འདྲའི་འོག་ཤེད་ན། །སྤྲང་སྙོམས་ཆུང་སྡོད་སའི་རྡོ་ཁང་ཡོད། །གནས་དེ་འདྲ་བསྟེན་ན་ངང་གིས་དལ། །ཁྱེད་དབེན་པའི་གྲོགས་ལ་ཡིད་སྤྲོ་ན། །གྲོགས་བྱ་དང་རི་དྭགས་བལྟས་པའི་ཚེ། །འཕྲལ་རྣར་སྙན་ཡིད་དགའི་ལྟད་མོ་ཡོད། །གྲོགས་དེ་འདྲ་བསྟེན་ན་ཉམས་རེ་དགའ། །ཁྱེད་དབེན་པའི་མཚོ་ལ་ཡིད་སྤྲོ་ན། །མཚོ་རྦ་རླབས་ཅན་གྱི་ངོགས་ཤེད་ན། །ཆུ་ལྷུང་ལྷུང་སྐད་སྙན་འབྱིན་པ་ཡོད། །གནས་དེ་འདྲ་བསྟེན་ན་རྒྱུན་མར་སྤྲོ། །ཁྱེད་དབེན་པའི་ཟས་ལ་ཡིད་སྤྲོ་ན། །ཟས་རང་གྲུབ་ཤིང་ཐོག་ཟ་ཚོད་ལ། །བཅུད་མྱོང་ན་ཞིམ་པའི་བྲོ་བ་ཡོད། །ཟས་དེ་འདྲ་བསྟེན་ན་ངོ་མཚར་ཆེ། །ཁྱེད་དབེན་པའི་གླུ་ལ་ཡིད་སྤྲོ་ན། །གླུ་རང་གི་རྒྱུད་ལ་ཕན་པ་ན། །དུས་གཏན་དུ་དགོས་པའི་བག་ཆགས་ཡོད། །གླུ་དེ་འདྲ་བསྟེན་ན་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རོ། །འགྲོ་བ་པོའི་གང་ཟག་ནི། བློ་ལྡོག་རྣམ་པ་བཞི་སོགས་སྔོན་འགྲོས་རྒྱུད་སྦྱངས་པ། ཁྲིད་གཞུང་འདིའི་འགྲོས་ལྟར་ན་སྐུ་གསུམ་བསྒོམ་བཟླས་ཀྱི་དམིགས་པ་ལ་ནུས་པ་ཐོན་པ། བླ་མའི་རྣལ་འབྱོར་ལ་བརྟེན་ནས་རྒྱུད་ལ་བྱིན་རླབས་ཞུགས་པ། སྒོས་སུ་བདུད་གཅོད་ཀྱི་དམིགས་ཁྲིད་ལེགས་པར་ཐོབ་ཅིང་གཉན་ཁྲོད་བསྟེན་ཚུལ་གྱི་རྣམ་བཞག་སོགས་ལ་མ་རྨོངས་པ། ལྟ་སྒོམ་གྱི་གནད་ལ་རྟོགས་གོམས་དང་ལྡན་པའམ། ཐ་ན་མྱོང་བ་ཅུང་ཟད་ཐོན་པ་ཞིག་ནི་ངེས་པར་དགོས་པ་ཡིན་ནོ། །གསུམ་པ་གནད་དུ་འགྲོ་བའི་གདམས་པ་ལ་བདུན། སྔ་གནོན་གྱི་དམིགས་པ། ཀུན་སློང་དང་འགྲོ་ཚུལ་གྱི་རྣམ་བཞགབར་གནོན་གྱི་དམིགས་པ། རྟགས་ཚད་སློང་གི་རིམ་པ། དེའི་བྱེ་བྲག་བདུད་བཞིའི་ངོས་འཛིན། སླར་ཡང་སློང་གི་རིམ་པ་བསྐྱར་ཏེ་བསྟན་ཅིང་དེ་གཅོད་པའི་ཚུལ། མ་སློང་བ་སློང་བར་བྱེད་པའི་གདམས་པའོ། །དང་པོ་ནི། མ་གཅིག་གི་གསུངས་ལས། སྔ་མ་སྔ་རུ་མ་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །ཞེས་གསུངས་པ་ལྟར་སྔ་གནོན་གྱི་དམིགས་པ་མ་བཏང་ན་དགྲ་ངན་ལ་བྱ་ཤོར་ན་གཞན་དུ་འབྲོས་པ་ལྟར་ལྷ་འདྲེ་གནས་དེར་མི་སྡོད་པར་འབྲོས་པས་ཚར་སློང་སོགས་མི་འབྱུང་ཞིང་། དེ་མ་བྱུང་ན་གཅོད་ཀྱི་ཉམས་ལེན་ལ་བོགས་མི་ཐོན་པས་ན་སྔ་ནོན་དགོས་ལ། དེའང་ལས་དང་པོ་པས་གཉན་ས་ཁོ་ནར་གཙོར་འདོན་མི་རུང་བས་གཉན་སར་ཕྱིན་ཀྱང་ས་ཕྱོགས་ཉམས་དགའ་བ་ཡིད་དུ་འོང་བ་སྡོད་ཉམས་སྤྲོ་བ་དང་མལ་བདེ་བ་ལ་བརྟེན་ཅིང་། དེའང་དུར་ཁྲོད་ཀྱི་དང་པོ་རང་གི་མལ་ས་ཡིན་པས་དེར་གཏོང་། དེ་ནས་སྒོ་ཐེམ་གྱི་ནང་དང་ཕྱིའི་མཚམས་སུ་ཞག་གསུམ་ཙམ་རེ་དང་། དེ་ནས་ར་བའི་ནང་ངམ། མིག་མཐོང་གང་དུ་འདུགདེ་ནས་ས་བཀྲ་བཟང་ཞིང་འཇམ་སར་གཏོང་། ཅུང་ཟད་ནུས་པ་ཐོན་པ་ཡིན་ན་ས་བཀྲ་ངན་ཅིང་རྩུབ་སར་གཏོང་། ཅི་ནས་ཀྱང་གཉན་སར་འགྲོ་མ་ནུས་ན་རང་གི་སྡོད་གནས་དེ་གཉན་ས་དེ་དང་དེ་དངོས་ཡིན་སྙམ་པས་གཅོད་གཏོང་བའམ། གཉན་ས་དེའི་ས་རྡོ་རང་གི་མལ་འོག་ཏུ་བཅུག་ནས་གཅོད་བྱས་ན་ཚར་སློང་སོགས་ཀྱང་གནས་དེ་དང་ཁྱད་མེད་དུ་འབྱུང་བར་གསུངས་སོ། །དེ་ཡང་རྣལ་འབྱོར་པ་གཉན་ཁྲོད་འགྲིམ་པའི་དུས་དང་པོ་རང་གི་གནས་ཁང་དང་ཀ་ཆ་བཅོལ་དགོས་བྱུང་ན། ཁང་སྒོའི་ཕྱིར་ཐོན་ནས་མི་རྐང་ལན་གསུམ་འབུད། བཀའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག་འདུས་ཤིགཅེས་ལན་གསུམ་བརྗོད་པས་ཐིབས་ཀྱིས་འདུས་པར་བསམ། ཤ་ཁྲག་འདོད་ཡོན་སྣ་ཚོགས་སུ་བསྒྱུར་པ་ཕོག་ཏུ་གཏད་ལ། ཀྭིའི། བཀའི་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན། ཁྱེད་རྣམས་ལ་ངའི་གནས་ཁང་ཀ་ཆ་ནོར་རྫས་འདི་རྣམས་བཅོལ་ལོ། །གཏམ་མོ། །བདག་ཕྱིར་མ་སླེབས་ཀྱི་བར་དུ་དགྲ་འདྲེ་ཐམས་ཅད་ཀྱི་ལག་ཏུ་མ་བཏང་། དབང་དུ་མ་བཏང་བར་སྲུངས་ཤིགབཀའ་ཡིས་གཏད་དོ་དམ་ཚིག་གིས་བཅོལ་ལོ། །གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་ཤོར་ན་ངས་མཛེ་ཤས་རི་བོ་སྤུངས། མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ། མཛེ་ཚིལ་དང་ཡུག་སྐྲས་གཞོབས་སུ་བཏང་ནས་ཁྱེད་རྣམས་རྩད་ནས་གཅོད་ཅིང་ཤུལ་མེད་དུ་བརླག་པར་མི་བྱེད་རེ་ན་ར་ཀན། ཅེས་བརྗོད་དེ་བཅོལ་ལོ། །དེ་ནས་སྔ་ནོན་དངོས་ལ། རི་བོ་སོགས་ལ་བྱེ་བྲག་ཏུ་གཏོང་བ་དང་། སྤྱི་ལ་གཅེས་པའི་དམིགས་པ་དང་གཉིས་ལས། དང་པོ་ནི། གོམ་པ་བདུན་གྱི་མཚམས་སུ་ཕྱིན་ནས་དམིགས་པ་འདི་ལྟར་བྱ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་གི་སྣང་བ་ཆེན་པོས་ཁྱབ་པར་རིག་པ་སྟེ་རང་གི་སེམས་ཀྱི་སྣང་ཆ་ཙམ་དུ་ཤེས་ཤིང་འཁོར་འདས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་མི་གཞན་ལ།  ལྷ་འདྲེ་དང་སེམས་ཅན་ཐམས་ཅད་རང་གི་སེམས་ཀྱི་རྣམ་རྟོག་གི་སྣང་བར་འདུག་པས་རྣམ་པར་རྟོག་པ་ཐམས་ཅད་གཡོ་མེད་ཀྱི་ཀློང་དུ་བསྡུས་ཤིང་།  འཁྲུལ་མེད་ཀྱི་གཞིར་གནོན་པར་བྱའོ་སྙམ་པ་སྔོན་དུ་བཏང་ནས།  རི་བོ་ལ་གནམ་ལྕགས་ཀྱི་འཁོར་ལོ་ཁ་སྦྱར་བ་གཡས་དང་གཡོན་དུ་འཁོར་བས་རི་རབ་ཐལ་ཕུང་བཞིན་དུ་བཤིག་ཅིང་གཏོར་ནས་ལྷ་འདྲེ་གནས་མེད་རྟེན་མེད་དུ་བུད་དེ་སྐྲག་ཅིང་དངངས་ནས་འདར་ཕྲི་ལི་ལི་བྱེད་པའི་མཐའ་སྐོར་དུ་རྡོ་རྗེ་མེ་འབར་བའི་གུར་གྱི་ར་བ།  དེ་མཐར་མེ་དཔུང་འབར་བའི་ར་བ།  དེ་མཐར་མི་ནག་མཚོན་ཐོགས་ཀྱི་ར་བ།  དེ་རྒྱབ་མཁའ་འགྲོ་ཁྲོས་མའི་ར་བ།  དེ་རྒྱབ་ཆུ་དང་རླུང་གི་ར་བས་བསྐོར་ནས་གང་དུའང་བྲོས་ཤིང་ཐར་བའི་ཡུལ་མེད་པར་བསམ།  ཡང་ར་བ་དྲུག་པོ་རྡོ་རྗེ་གྱེན་ལངས་དང་མཆུ་རྒྱུག་དང་།  མཁའ་འགྲོ་ཁྲོས་མ་གྲི་ཐོད་ཅན་ཞལ་ནང་དུ་ཕྱོགས་པ།  མི་ནག་མཚོན་ཐོགས།  རླུང་ནག།  རྡོ་རྗེའི་ཆུ་བོ་རྦ་རླབས་གྱེན་དུ་གཡོ་བ་རྣམས་སུ་འཇོག་པར་ཡང་ཞལ་སྔ་ནས་ཐོས་ཏེ་གང་མོས་བྱའོ།  །བྲག་ལ་གནམ་ལྕགས་ཀྱི་ཐོག་མདའ་དམར་ལྷག་གིས་ཕབ་ནས་བྱེ་ཕུང་བཞིན་དུ་བཤིག་བཏུལ་གཏོར་གསུམ་བྱས་ནས།  དེར་གནས་པའི་ལྷ་འདྲེ་གནས་རྟེན་སྐྱབས་དང་བྲལ་བར་བྱས་ཏེ།  བྱེ་ཕུང་བརྡལ་བའི་སྟེང་དུ་གནས་པ་གོང་གི་ར་བ་གུར་གྱི་ནང་དུ་ཚུད་ནས་ཐར་ཤོར་མེད་པར་བསམ་པ་དང་།  ཤིང་ལ་མེ་ཡི་ཐོ་ལུམ་དམར་ཤར་གྱིས་སོང་ནས་བསྲེག་གཏོར་བྱས་ཏེ་དེར་གནས་པའི་ལྷ་འདྲེ་རྣམས་གོང་ལྟར་ཉམ་ཐག་ཐར་མེད་ཀྱི་ར་བར་ཚུད་པར་བསམ།  ལུང་པ་ལ་རྡོ་ཆར་ཆེན་པོ་བབས་ནས་ས་རྡོ་རི་བྲག་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་ཡལ་ནས་ལྷ་འདྲེ་ཐམས་ཅད་གནས་མེད་རྟེན་མེད་ཀྱི་ངང་དུ་ལུས་པ་གོང་ལྟར་ར་བ་དྲུག་གིས་མཐའ་བསྐོར་ཏེ་བྲོས་ཐར་མེད་པར་བསམ།  ཐང་ལ་ལྕགས་སྲེགས་ཀྱི་ཁ་ཆར་ཕབ་ནས་ས་གཞི་ཐམས་ཅད་ལྕགས་སྲེགས་ཀྱི་བྱེ་མ་མེ་འབར་བར་འགྱུར་ཏེ་ལྷ་འདྲེ་རྣམས་སྐྱབས་མེད་རྟེན་མེད་དུ་ལུས་པ་གོང་ལྟར་ར་བས་བསྐོར།  མཚོ་ཆུ་རྣམས་ལ་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་བབས་ནས་ཁྲོ་ཆུར་བསྒྱུར་ཏེ་ཁོལ་བས་དེར་གནས་པའི་ལྷ་འདྲེ་ཐམས་ཅད་ཀྱི་ཚ་དབལ་དྲག་པོ་མ་བཟོད་པར་ཚུ་རོལ་ཐོན་པའི་ཤུལ་དུ་མེ་ལྕེ་དམར་ཀྱི་ལི་ལི་འབར་ཞིང་ལྷ་འདྲེ་རྣམས་གནས་མེད་ཉམ་ཐག་པར་གྱུར་པ་ར་བས་བསྐོར་ཚུལ་སོགས་སྔར་བཞིན་བྱ།  ཁང་སྟོང་དང་གྲོང་སྟོང་སོགས་ལ་ཡང་ཁྲོ་ཞུན་ཕ་ཝང་མེ་འབར་བ་བབས་ནས་བཤིག་ཅིང་བསྲེགས་པའི་ཐལ་བའི་སྟེང་དུ་ལྷ་འདྲེ་རྟེན་མེད་དུ་གནས་པ་སོགས་གོང་ལྟར།  དུར་ཁྲོད་ལ་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་འཕྲོས་ཏེ་གནས་དེར་ཐོག་ལྟར་བབས་པས་ས་གཞི་ཐལ་ཕུང་དུ་བཤིག་ཅིང་ལྕགས་སྲེགས་ཀྱི་བྱེ་ཕུང་དུ་གྱུར་ནས་ལྷ་འདྲེ་གནས་རྟེན་བྲལ་བར་གོང་བཞིན་ར་བས་བསྐོར་བར་བསྒོམ་པའོ།  །གཉིས་པ་སྤྱི་ལ་གཅེས་པའི་དམིགས་པ་ནི།  རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་རབ་ཏུ་འཕྲོས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བསམ།  ཐམས་ཅད་འོད་ཀྱི་ངང་དུ་ཞུ་ནས་སྣིང་སྲིད་ཀྱི་ལྷ་འདྲེ་མ་ལུས་པ་ཐར་འཆོར་མེད་པར་མཐའ་ནས་བཅུམ་སྟེ་གཉན་ཁྲོད་དེ་རུ་བསྡུས་ནས་གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པའི་གུར་ཁང་ནག་པོ་མེ་འབར་བའི་ནང་དུ་ཚུད་དེ་ཀུན་གྱི་སྟོབས་རྩལ་འཆིང་ཞིང་དཔའ་ཟིལ་ཆོམས་ཏེ་འདར་ཕྲི་ལི་ལི་ཡོད་པར་བསམ་པ་ནི་ཀུན་ལ་སྦྱར་ཀྱང་ཆོག་གོ།  དེ་ཡང་འོད་དེ་དག་ཇེ་ཆུང་ཇེ་ཆུང་དུ་འདུས་ནས་ལྷ་འདྲེ་དེ་དག་ཀྱང་དེའི་ཤུགས་ཀྱིས་དེ་ལྟར་བསྡུ་བ་སྟེ་དེ་དག་ཕྱོགས་གང་དུ་འབྲོས་ཀྱང་འོད་ཀྱི་ཀློང་ལས་འདའ་མི་ནུས་པར་དམིགས་དགོས་པ་ཡིན་ནོ།  །འདི་ནི་ཐོག་མར་ཕོ་ཉས་ཟིལ་གནོན་ཡིན་ཏེ་མིང་ལ་ཡང་དམིགས་པ་དབང་སྡུད་ཆིངས་ཆེན་ཞེས་བྱའོ།  །ཡང་གཉན་དམིགས་མདོར་བསྡུས་པ་ནི།  གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཡེ་ཤེས་ཀྱི་མེ་འབར་བ་འཕྲོས་ཏེ་གཉན་སར་ཐོག་ལྟར་དུ་བབས་ནས་རི་ཡིན་ན་ཐལ་གྱིས་བཤིག་སྟེ་བརྡལ།  བྲག་དང་ཁང་པ་ཡིན་ན་བཅག་ནས་གཏོར།  ཤིང་དང་ནགས་ཚལ་ཡིན་ན་གཞོབ་ཐུལ་གྱིས་བསྲེགས་པའམ།  ཐང་དང་ལམ་ཡིན་ན་བཤིག་ཅིང་གཏོར།  མཚོ་དང་ཆུ་ཡིན་ན་ལྷག་མེད་དུ་སྐེམས།  དེའི་ཤུལ་དུ་གནམ་ལྕགས་ཀྱི་རྡོ་རྗེ་མེ་འབར་བ་གྱེན་དུ་ལངས་པ་སྲ་བ་འཐས་པ་བརྟན་པ་ལྕི་བ་ཞིག་ཏུ་བསྒོམ།  ལྷ་འདྲེ་རྣམས་གནས་རྟེན་དང་བྲལ་བར་སྐྱབས་བྲལ་མགོན་མེད་དུ་བུད་པ་རྡོ་རྗེའི་ར་འོག་ཏུ་མནན་ནས་གང་དུའང་བྲོས་ཐར་མེད་པར་གྱུར་བའི་མཐའ་ནས་རྡོ་རྗེའི་ར་བས་བསྐོར་ཏེ།  དེ་མཐར་མེ་རིའི་ར་བ།  དེ་མཐར་རླུང་རི་ནག་པོ་སྤུ་གྲི་རེག་གཅོད་ཀྱི་ར་བ།  དེ་རྒྱབ་མི་ནག་ལག་སྤྲེལ་གྱི་ར་བས་བསྐོར་ནས་ཐམས་ཅད་ཀྱི་མཐུ་ནུས་དཔའ་ཟིལ་ཆོམས་ཏེ་འདར་ཕྲི་ལི་ལི་གནས་པར་བསྒོམ།  ཞེས་གསུངས་ཏེ་སྤྱི་འགྲོའི་དམིགས་པ་ཁྱད་པར་ཅན་ནོ།  །གཉིས་པ་ཀུན་སློང་དང་འགྲོ་ཚུལ་གྱི་རྣམ་བཞག་ལ།  སྐྱེས་རབས་ལས།  འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན།  །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན།  །བདག་གི་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི།  །གཞན་དོན་བསྒྲུབ་ཕྱིར་བདག་གིས་འདི་བརྩམ་མོ།  །ཞེས་ཚེ་འདིའི་དོན་དུ་གཞན་ལ་འགྲན་པ་དང་།  སྙན་གྲགས་རྙེད་བཀུར་སོགས་དང།  ཚེ་ཕྱི་མར་མཐོ་རིས་དང་རྒྱལ་སྲིད་དང་བདག་བདེ་སྟེ་ཉན་རང་གི་བདེ་བ་ཐོབ་ཕྱིར་མིན་གྱི།  གཞན་དོན་དུ་རྫོགས་བྱང་བསྒྲུབ་པའི་ཕྱིར་ཡིན་པར་གསུངས་པ་ལྟར།  འགྲན་སེམས་དང་གྲགས་འདོད་དང་ཕོ་རུས་དང་ང་རྒྱལ་དང་ལྷ་འདྲེ་ལ་བདོ་འདོད་དང་།  དེ་དག་བྲན་དུ་བཀོལ་ནས་རྙེད་བཀུར་བསྡུ་བ་སོགས་ཀྱི་ཕྱིར་མ་ཡིན་པར་ཚེ་འདི་ཐད་ལ་བོར།  འཁོར་བར་ཞེན་པ་ལོགབླ་མ་དང་མཆེད་གྲོགས་ལ་དད་གུས་བསྒོམ།  ལྷ་འདྲེས་མཚོན་པའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ལུས་མི་རོ།  རིག་པ་རོ་ཁུར།  གཉན་ས་དུར་ཁྲོད་ཀྱི་ཚུལ་དུ་འགྲོ་བར་གསུངས་ལ།  གཞན་ཡང་རྗེ་མི་ལ་རས་པས།  རྗེ་བླ་མ་རྣམས་ལ་གསོལ་བ་འདེབས།  །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།  །ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་།  །སྡུག་པ་དགྲ་ཡིས་མ་ཚོར་བར།  །རི་ཁྲོད་འདི་རུ་འཆི་ནུས་ན།  །རྣལ་འབྱོར་བསམ་པ་རྫོགས་པ་ཡིན།  །ཤི་བ་གྲོགས་ཀྱིས་མ་ཚོར་ཞིང་།  །ན་བ་སྲིང་མོས་མ་ཚོར་བ།  །རི་ཁྲོད་འདི་རུ་འཆི་ནུས་ན།  །རྣལ་འབྱོར་བསམ་པ༴ཤི་བ་མི་ཡིས་མ་མཐོང་ཞིང་།  །རོ་རུལ་བ་བྱ་ཡིས་མ་མཐོང་བ།  །རི་ཁྲོད༴།  རྣལ་འབྱོར༴།  ཤ་རུལ་སྦྲང་མས་འཇིབ་པ་དང་།  །རྩ་རྒྱུས་འབུ་ཡིས་ཟ་བ་རུ།  །རི་ཁྲོད༴།  རྣལ་འབྱོར༴།  སྒོ་ན་མི་རྗེས་མེད་པ་དང་།  །ནང་ན་ཁྲག་རྗེས་མེད་པ་རུ།  །རི་ཁྲོད༴།  རྣལ་འབྱོར༴།  རོ་ལ་འཁོར་མི་མེད་པ་དང་།  །ཤི་ན་ངུ་མི་མེད་པ་རུ།  །རི་ཁྲོད༴།  རྣལ་འབྱོར༴།  གར་སོང་དྲི་མི་མེད་པ་དང་།  །འདི་སོང་གཏད་ས་མེད་པ་རུ།  །རི་ཁྲོད༴།  རྣལ་འབྱོར༴།  མི་མེད་ལུང་པའི་བྲག་ཕུག་ཏུ།  །སྤྲང་པོ་འཆི་བའི་སྨོན་ལམ་འདི།  །འགྲོ་བའི་དོན་དུ་ཐེབས་པར་ཤོག།  ཐེབས་ན་བསམ་པ་རྫོགས་པ་ཡིན།  །ཅེས་གསུངས་པ་ལྟར་ཚེ་འདི་ལ་ཞེན་པའི་འཁྲི་བ་ཆོད་པའི་ཀུན་སློང་ངེས་པ་ཅན་ཞིག་ཡོད་ན་གཅོད་པ་རབ་ཚད་ཡིན་ཀྱང་།  དེ་ལྟར་མིན་ནའང་དེ་ལ་ཡིད་ཕྱོགས་པའི་མོས་བློ་ངོ་ལྐོག་མེད་པ་ཙམ་གྱིས་འགྲོ་བར་བྱའོ།  །དེ་ལ་འགྲོ་ལུགས་བཞིའི་དང་པོ་དཔའ་བོའི་འགྱིང་སྟབས་ཀྱིས་འགྲོ་བ་ནི།  རང་ཉིད་ཁྲོས་མ་ནག་མོའི་ང་རྒྱལ་གྱི་ངང་ནས་ཡུལ་དེའི་ལྷ་འདྲེ་ཐམས་ཅད་ར་ལུག་སེར་བས་བདས་པ་བཞིན་དུ་རང་དབང་མེད་པར་འདེད་ནས་འགྲོ་བར་བསམ་ལ་འགྱིང་སྟབས་ཀྱིས་འགྲོའོ།  །དེ་ནས་མཁའ་འགྲོའི་གར་འགྲོས་ནི།  མིག་ལམ་ཁེབས་པ་ཚུན་ཆད་ཀྱི་ལྷ་འདྲེ་ཐམས་ཅད་རང་གི་ལུས་ལ་ཐིམ་པར་ཡང་ཡང་བསམ་ནས་གར་སྟབས་བྱ་ཞིང་འགྲོའོ།  །དེ་ནས་སྦྲུལ་ནག་འཁྱིལ་འགྲོས་ནི།  ལམ་གྱི་གཡས་གཡོན་ནས་ཀླུ་གཉན་ས་བདག་སོགས་ལྷ་འདྲེ་ཐམས་ཅད་ཀྱི་གནས་མལ་དང་བཅས་པ་ཤོག་སྐྱ་རླུང་གིས་འདེད་པ་ལྟར་གཉན་སར་དེད་པར་བསམ་ལ།  ཕར་འཁྱོགས་ཚུར་འཁྱོགས་བྱ་ཞིང་འགྲོ་སྟེ་མ་གཅིག་གི་ཞལ་ནས།  འགྲོ་ལུགས་རྣམས་གསུམ་ཤེས་པར་བྱ།  །གསུངས་པ་ལྟར་ཡིན།  དེ་ནས་ལྟ་བའི་གདིང་འགྲོས་ནི།  ལམ་གྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ལ་ལྟ་སྟངས་ཀྱིས་གཟིར་ཏེ་ལྷ་འདྲེ་ཐམས་ཅད་དཔེར་ན་རྨི་ལམ་དུ་བྲེད་ཅིང་དངངས་ནས་འབྲོས་ཚེ་རྒྱུས་འཆིང་བ་བཞིན་དུ་ཆིངས་ནས་འཕར་ཞིང་ལྡང་བའི་སྟོབས་དང་བྲལ་ཏེ་འདར་ཕྲི་ལི་ལི་བྱེད་པར་བསམ་ལ།  སེང་གེས་གངས་ཟིན་པ་ལྟར་ལྟ་བའི་གདིང་བསྐྱེད་དེ་འགྲོ་བ་སྟེ་འགྲོ་ཚུལ་གཞན་ཡང་ཡོད་ཀྱང་མ་བྲིས་སོ།  །གསུམ་པ་བར་གནོན་གྱི་དམིགས་པ་ལ།  མ་གཅིག་གི་ཞལ་ནས།  བར་མ་བར་དུ་མ་ནོན་ན།  །དཔའ་བོའི་ལག་གི་མཚོན་ཤོར་འདྲ།  །ཞེས་གསུངས་པ་ལྟར་ཡིན་པས་དེའི་ཚུལ་ལ་གསུམ།  དབང་སྡུད་ཟིལ་གནོན་བྱ་བ།  བྲོ་ར་འཁྲབ་པ།  ཕུར་པ་གདབ་པའོ།  །དང་པོ་ནི།  གཉན་མིག་དེར་སླེབས་མ་ཐག་ཏུ་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཕྱག་གཡས་པས་གཉན་ས་དེར་འདུས་ཀྱི་ལྷ་འདྲེ་ཐམས་ཅད་གཅིག་ཏུ་རྫོགས་པའི་ངོ་བོ་མི་ནག་ཆེ་ཞིང་བརྗིད་པའི་རྣམ་པར་གྱུར་པའི་རྐང་པ་གཡས་པ་ནས་བཟུང་སྟེ་ཀླད་པ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་ཐམས་ཅད་བསྡུས་ནས་ཐིམ།  ས་ལ་ལན་གསུམ་བརྡབ་པས་དུག་གསུམ་གྱི་ནུས་མཐུ་དཔའ་ཟིལ་ཐམས་ཅད་བཅོམ་སྟེ་གན་རྐྱལ་དུ་འཕང་བའི་སྟེང་དུ་རང་ཉིད་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་བཞེངས་པར་བསམ་ནས་དབང་སྡུད་ཟིལ་གནོན་བྱ་སྟེ།  དེ་ནི་གཞུང་གཞན་ནས་ཞི་དྲག་གི་ཚུལ་ཅི་རིགས་འབྱུང་ལ།  ཟབ་ཆོས་འདི་སྐོར་ལས་ཀྱང་དབང་སྡུད་སེང་གེའི་ང་རོ་ཞེས་པ་དང་།  པདྨ་རྒྱས་པའི་ཆུན་འཕྱང་ཞེས་ཀྱང་བྱུང་བ་ལས།  འདིར་དག་སྣང་གི་དབང་སྡུད་ཟིལ་གནོན་ཁྲོས་མའི་གད་རྒྱངས་ལྟར་བྱས་ན་གནད་འདུས་ཤིང་ལག་ཏུ་བླངས་བདེ་བས་དེའི་ཚུལ་ལ།  ཐོག་མར་བསྡུ་བྱེད་ཐབས་ཀྱི་ཡི་གེ་ཕ་ཡིས་དུག་གསུམ་གྱི་རྟོག་ཚོགས་ཐམས་ཅད་བསྡུས་ཏེ།  གཏོར་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་ཡིས་བདག་མེད་ཀྱི་དབྱིངས་སུ་བཤིག་པར་བསམ་ལ།  ཕཊ་ཅེས་བརྗོད་པ་ནི་ཞལ་རྒྱུན་ཡིན་ལ།  སྟོང་གསུམ་གྱི་སོགས་བརྗོད་པ་དང་།  གཞུང་གཞན་ནས་བདག་གནས་ལྷ་འདྲེ་ཟིལ་གྱིས་གནོན་པའི་ཚུལ་གསུངས་པ་དང་སྦྱར་ན།  སྟོང་གསུམ་ནས།  ཆུབ་པར་གྱུར༔ ཞེས་པའི་བར་གྱིས་གནས་ཟིལ་གྱིས་གནོན་པ་དང་།  ཡེ་ཤེས་རང་རྩལ་ནས།  ལྷ་འདྲེ་ཐམས་ཅད་ཅེས་པས་ལྷ་འདྲེ་ཟིལ་གྱིས་གནོན་པ་དང་།  བདག་མེད་གནས་ལུགས་ཀྱི་ངང་དུ་བཤིག་པར་གྱུར༔ ཅེས་པས་བདག་ཟིལ་གྱིས་གནོན་པ་བསྟན་པ་ཡིན་ནོ།  །དེ་ནས་འདོན་ཆའི་གསལ་འདེབས་དང་བསྒྲིགས་ན།  རང་ཉིད་ཁྲོས་མའི་ཐུགས་ཀ་ནས་ཆོས་དབྱིངས་ཡེ་ཤེས་ཀྱི་རང་རྩལ་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་མཐིང་ནག་བསམ་གྱི་མི་ཁྱབ་པ་གྲངས་མེད་པ་དབུས་ཕྱོགས་སུ་འཕྲོས་པ་རྣམས་ཀྱིས་ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་དམར་ལྷབ་ལྷབ་བརྡབ་པ་ཙམ་གྱིས་ལྷ་འདྲེའི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་བཅོམ།  གཡོན་པས་མི་རྐང་གི་གླིང་བུ་སེང་ལྕམ་དཀར་མོའི་ང་རོ་ལྟར་འབུད་པས་ཉོན་མོངས་པ་གཏི་མུག་གི་རང་རྩལ་གྱི་ལྷ་འདྲེ་ཐམས་ཅད་དབུས་ཕྱོགས་ཀྱི་ནམ་མཁའ་ནས་གནམ་རྡོ་ལྷུང་བ་ལྟར་དང་།  ས་འོག་ནས་ཉ་མོ་ལྕགས་ཀྱུས་དྲངས་པ་ལྟར་དང་།  བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་རང་དབང་བརྟན་པ་དང་བྲལ་བར་རང་གི་མདུན་དུ་བཀུག་ནས་ཅི་གསུང་གི་བཀའ་བསྒྲུབ་པར་ཁས་ལེན་ཅིང་འདར་ཕྲི་ལི་ལི་གནས་པར་བསམ་པའམ།  སྔར་གདན་འོག་གི་མི་ནག་དེ་ལ་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་བསམ།  དེ་བཞིན་དུ་རང་ཉིད་ཁྲོ་མའི་མེ་ལོང་ཡེ་ཤེས་ཀྱི་རང་རྩལ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་གྲངས་མེད་པས་ཉོན་མོངས་པ་ཞེ་སྡང་གི་རང་རྩལ་ལྷ་འདྲེ་ཐམས་ཅད་ཤར་ཕྱོགས་ཀྱི་ནམ་མཁའ་ནས་སོགས་དང་།  མཉམ་ཉིད་ཡེ་ཤེས་ཀྱི་རང་རྩལ་རིན་ཆེན་མཁའ་འགྲོ་སེར་མོས་ང་རྒྱལ་གྱི་རང་རྩལ་ལྷ་འདྲེ་ཐམས་ཅད་ལྷོ་ཕྱོགས་ཀྱི་ནམ་མཁའ་སོགས་དང་།  སོར་རྟོག་ཡེ་ཤེས་ཀྱི་རང་རྩལ་པདྨ་མཁའ་འགྲོ་མ་དམར་མོས་འདོད་ཆགས་ཀྱི་རང་རྩལ་ལྷ་འདྲེ་ཐམས་ཅད་ནུབ་ཕྱོགས་ཀྱི་ནམ་མཁའ་སོགས་དང་།  བྱ་གྲུབ་ཡེ་ཤེས་ཀྱི་རང་རྩལ་ལས་ཀྱི་མཁའ་འགྲོ་མ་ལྗང་མོས་ཕྲག་དོག་གི་རང་རྩལ་གྱི་ལྷ་འདྲེ་ཐམས་ཅད་བྱང་ཕྱོགས་ཀྱི་ནམ་མཁའ་ནས་སོགས།  རིགས་ལྔའི་མཁའ་འགྲོ་དེ་དག་སྐུ་ལུས་ཆུང་ལ་སྐུ་ཤ་རང་མདོག་གསལ་བ།  གཡས་གཡང་གཞི་དང་།  གཡོན་རྐང་གླིང་ཐོགས་པས་རང་རང་ཕྱོགས་ཀྱི་ལྷ་འདྲེ་རྣམས་ནམ་མཁའ་ནས་བྱིའུ་ཆུང་ཁྲས་དེད་པ་དང་།  བར་སྣང་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་།  ས་གཞི་ནས་སྦུར་མ་རླུང་གིས་དེད་པ་ལྟར་རང་དབང་མེད་པར་བཀུག་པ་སོགས་སྔར་ལྟར་བྱའོ།  །སྤྱིར་དབང་སྡུད་ཀྱི་གནད་དོན་མ་གཅིག་གི་ཞལ་ནས།  དབང་སྡུད་བྱ་བ་འདི་ལྟར་ཡིན།  །ཕྱི་ལྷ་འདྲེ་དབང་དུ་སྡུད་པ་ནི།  །ཆགས་མེད་ཞེན་པ་བྲལ་ན་ཡིན།  །ནང་ནད་གདོན་དབང་དུ་སྡུད་པ་ནི།  །ཕན་གནོད་ཀྱི་བློ་དང་བྲལ་ན་ཡིན།  །གསང་བ་རྣམ་རྟོག་དབང་དུ་སྡུད་པ་ནི།  །བཟང་ངན་དམིགས་གཏད་བྲལ་ན་ཡིན།  །དེ་ཁོ་ན་ཉིད་ཐམས་ཅད་དབང་དུ་སྡུད་པ་ནི།  །སེམས་ཀྱི་གཞི་རྩ་བྲལ་ན་ཡིན།  །ཅེས་པ་ལྟར།  རང་ལུས་དང་ཕྱི་རོལ་གྱི་དངོས་པོ་ལ་ཆགས་ཞེན་བྲལ་ན་ལྷ་འདྲེ་དབང་དུ་འདུ་བ་དང་།  ཀུན་གྱི་རྩ་བ་སེམས་ཉིད་བདེན་པའི་གཞི་རྩ་དང་བྲལ་བར་རྟོགས་ན་ཆུ་བརྒྱ་ཟམ་འོག་ཏུ་འདུས་པ་ལྟར་ཐམས་ཅད་དབང་དུ་སྡུད་ནུས་པ་ཡིན་ཏེ།  དབང་སྡུད་ཅེས་པ་རང་ཉིད་གང་གི་དབང་དུ་མི་འགྱུར་བར་རང་ལ་རང་དབང་བསྒྱུར་བའི་དོན་ཡིན་ནོ།  །གཉིས་པ་བྲོ་འཁྲབ་པ་ནི།  དེ་ལྟར་ལས་བྱེད་ཀྱི་མཁའ་འགྲོས་ལྷ་འདྲེ་ཐམས་ཅད་དབང་དུ་བསྡུས་ནས་གདན་འོག་གི་མི་ནག་ལ་ཐིམ་ནས་རང་གི་ཟིལ་གྱིས་ནོན་ཅིང་ཡོད་པ་དེའི་སྙིང་གར་ཉི་གདན་ཆེན་པོ་ཞིག་གིས་མནན་པར་བསམ་ལ།  དེའི་སྟེང་དུ་ཡེ་ཤེས་དབྱིངས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས་བྲོ་འཁྲབ་ནས་སྐད་ངན་ཙིར་ཙིར་མནན་པར་བསྒོམ།  ཕཊ་ཕཊ་ཕཊ༔ ཁྱབ་བདག་རྡོ་རྗེ་གདིང་ལྡན་སོགས་ནས།  ཀློང་དུ་བཤིག༔ ཅེས་བརྗོད་ཚེ་ཕཊ་དང་པོས་རྣམ་རྟོག་སྔ་མའི་འཕྲོ་རྦད་ཀྱིས་བཅད།  གཉིས་པས་ངང་ངོ་ཤེས།  གསུམ་པས་ལྟ་བའི་གདིང་བསྐྱེད་དེ།  འཁོར་འདས་ཀྱི་ཆོས་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་གྱི་གཞི་དབྱིངས་མཐའ་གྲོལ་ཆེན་པོའི་དོན་མངོན་དུ་གྱུར་པའི་ཡེ་ཤེས་ནི་མཚན་འཛིན་གྱིས་མི་བརྫི་ཞིང་མི་ཆོད་པས་ན་རྡོ་རྗེ་སྟེ་དེ་ལྟ་བུའི་ལྟ་དགོངས་ཀྱི་གདིང་དང་ལྡན་པ་ཁམས་གསུམ་སྲིད་པའི་གཡུལ་ལས་རྒྱལ་བའི་དཔའ་བོ་ངས།  རེ་བའི་ཡུལ་སངས་རྒྱས་དང་།  དོགས་པའི་ཡུལ་འཁོར་བ་གཉིས་ཀ་དབྱིངས་གཅིག་གི་རང་བཞིན་དུ་མཉམ་པར་ཤེས་པའི་རོ་སྙོམས་ཆེན་པོའི་བརྟུལ་ཞུགས་ཏེ་བདག་ཏུ་རྟོག་པའི་སྐྱོན་བཏུལ་ནས།  བདག་མེད་རྟོགས་པའི་ཤེས་རབ་ཆེན་པོར་ཞུགས་པའི་བརྟུལ་ཞུགས་ཀྱི་མཐུ་ལས།  སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུའི་རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་མོ།  ལོངས་སྐུ་རྡོ་རྗེ་ཕག་མོ།  སྤྲུལ་སྐུ་ཁྲོས་མ་ནག་མོ་རང་རང་གི་སྐུ་མདོག་དང་ཞལ་ཕྱག་གི་ཚོམ་བུའི་རྣམ་པར་བཞེངས་ནས།  གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་འཛིན་ཅིང་ཕྱི་ནང་གསང་བའི་བདག་ཏུ་ལྟ་བའི་རཱུ་ཏྲ་ནི་ཐར་པའི་སྲོག་གཅོད་པའི་དྲག་པོ་སྟེ།  དེ་ཉིད་བྲོ་ཡིས་བཅོམ་པར་བྱའོ་ཞེས་ནང་གི་བདག་འཛིན་བཅོམ་ན་དེའི་རང་གཟུགས་ལས་འཁྲུལ་སྣང་ཕྱི་རོལ་ལྷ་འདྲེ་རྣམ་པར་འཆར་བ་དག་ཀྱང་ཆོམས་པར་འགྱུར་ལ།  བདག་འཛིན་གྱི་སྟེང་དུ་བྲོ་བརྡུང་ཚུལ་བླ་མ་དྷརྨ་རཀྵི་ཏས།  ད་ནི་ལས་ཀྱི་མཚོན་ཆ་ཀླད་ལ་བསྐོར།  །ཁྲོས་པའི་ཚུལ་གྱིས་ལན་གསུམ་ཀླད་ལ་བསྐོར།  །བདེན་གཉིས་ཞལ་གདངས་ཐབས་ཤེས་སྤྱན་མིག་བགྲད།  །སྟོབས་གཞིའི་མཆེ་བ་གཙིགས་པས་དགྲ་ལ་བསྣུན།  །དགྲ་བོ་གཟིར་བའི་རིགས་སྔགས་རྒྱལ་པོ་ཡང་།  །འཁོར་བའི་གནས་སུ་རང་དབང་མ་མཆིས་པར།  །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ།  །དགྲ་བགེགས་གཤེད་མའི་སྙིང་ལ་མཱ་ར་ཡ།  །ལས་ཀྱི་མཚོན་ཆ་ཐོགས་ནས་རྒྱུ་བ་ཡིས།  །བདག་འཛིན་འགོང་པོ་ཞེས་པའི་གདུག་རྩུབ་ཅན།  །རང་གཞན་ཕུང་དུ་འཇུག་པའི་དམ་ཉམས་ཁུག།  ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེའི་གཤེད།  །རྒྱོབ་ཅིག་རྒྱོབ་ཅིག་དགྲ་བདག་སྙིང་ལ་བསྣུན།  །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ།  །དགྲ་བགེགས་གཤེད་མའི་སྙིང་ལ་མཱ་ར་ཡ།  །ཞེས་གསུངས་པ་ལྟར་རོ།  །ཡང་ཕཊ་ཅེས་པས།  བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་ཀུན་འདུས་ཀྱི་བདག་ཉིད་དམ།  ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་མ་གཅིག་ཁྲོས་མ་ནག་མོ་ཕྱག་གཡས་པ་ཐོད་པ་ལྟག་སྤྲོད་ཀྱི་ཌཱ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བས་ཁམས་གསུམ་དབང་དུ་སྡུད་ཅིང་།  གཡོན་པས་དངུལ་གྱི་དྲིལ་ཆུང་སྙན་མཛེས་བར་སྣང་ཁམས་སུ་བསིལ་བས་སྲིད་གསུམ་ཟིལ་གྱིས་གནོན་པ།  ཞབས་གཉིས་གར་སྟབས་མཛད་ཅིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ།  འོད་དང་གཟི་བརྗིད་བལྟར་མི་བཟོད་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་གསལ་བ་དེས་གཟུང་འཛིན་གྱི་རང་གཟུགས་རཱུ་ཏྲ་དེའི་སྙིང་གར་བྲོ་འཁྲབ་པ་དང་མཉམ་དུ།  དེའི་ཡེ་ཤེས་ཀྱི་རང་རྩལ་དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་སྔོན་མོ་རྣམས་ཀྱང་ལོག་འདྲེན་རཱུ་ཏྲ་འདུལ་བའི་བྲོ་ལ་དགོངས་ཤིང་བྱོན་ནས་མཛུབ་མོ་རྣམས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ནས།  ཆོས་དབྱིངས་ཡེ་ཤེས་ཕྱོགས་མཐའ་ཀུན་བྲལ་ཆེན་པོའི་མཚོན་བྱེད་བྲོ་ར་ཟུར་བརྒྱད་དམ་ཟུར་དྲུག་ཏུ་འཁྲབ་ཅེས་བསྐུལ་བའི་ཚུལ་དུ་བྱས་པས།  དེ་ལྟར་བུའི་བྲོ་འཁྲབ་པས་གཏི་མུག་ལས་སྐྱེས་པའི་ལྷ་འདྲེ་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་རྩྭ་སྦུར་ཕྲ་མོ་རྡོག་པས་བརྫིས་པ་ལྟར་ཆེམ་ཆེམ་བཅོམ་པར་བསམ་ལ།  དམིགས་གནད་དང་ལུས་ཀྱི་སྟངས་སྟབས་ཡ་མ་བྲལ་བའི་ངང་ནས་ཁ་ཤར་དུ་ཕྱོགས་ལ་རྡོ་རྗེའི་གད་མོ་བརྒྱད་སྙན་པར་བརྗོད་པར་བྱ་སྟེ།  དེ་ཡང་ཆེམ་ཞེས་བརྗོད་པ་དང་མཉམ་དུ་རང་གི་རྐང་པ་གཡས་པས་དབུས་སུ་འཕར་ལྡིང་བྱེད་ཅིང་བྲོ་འཁྲབ་པའི་ཚུལ་དང་།  ཧཱུྃ་ཧཱུྃ་ཞེས་རྐང་གཡོན་གྱིས་ཁ་ཤར་དུ་ཕྱོགས་པར་འཕར་ལྡིང་གིས་བྲོ་འཁྲབ་པའི་ཚུལ་དང་།  དེ་བཞིན་དུ་ཧ་ཧ་ཞེས་ཁ་ལྷོར་ཕྱོགས་ལ་རྐག་གཡས་འཕར་ལྡིང་དང་།  ཧེ་ཧེ་ཞེས་ནུབ་ཏུ་ཕྱོགས་ལ་རྐང་གཡོན་དང་།  ཧོ་ཧོ་ཞེས་བྱང་དུ་ཕྱོགས་ལ་རྐང་གཡས་འཕར་ལྡིང་བྱེད་ལ།  ཕཊ་ཅེས་བརྗོད་པ་དང་རཱུ་ཏྲའི་ལག་གཡས་ཀྱི་མཐིལ་ཤར་དུ་བྱས་པའི་སྟེང་དུ་རང་གི་རྐང་གཡོན་བབས་ཚུལ་གྱིས་མཆོང་གར་སྟབས་ཀྱིས་གནས་ལ།  དེ་ནས་ཡང་གཟུང་འཛིན་རཱུ་ཏྲའི་སྙིང་གར་བྲོ་འཁྲབ་པ་དང་།  དེའི་ཡེ་ཤེས་ཀྱི་རང་རྩལ་ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དཀར་མོ།  ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་སེར་མོ།  ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་དམར་མོ།  བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལྗང་མོ་རྣམས་ཀྱིས།  མེ་ལོང་ཡེ་ཤེས་ཀྱི་བྲོ་ར་ཟླུམ་པོར་འཁྲབ་ལ།  དེ་བཞིན་དུ་ལག་གཡོན་ལྷོ་དང་།  རྐང་གཡོན་ནུབ།  རྐང་གཡས་བྱང་དུ་བྱས་པའི་སྟེང་དུ་རིམ་པ་བཞིན་མཉམ་ཉིད།  སོར་རྟོག།  བྱ་གྲུབ་ཡེ་ཤེས་རྣམས་ཀྱི་བྲོ་ར་གྲུ་བཞི།  ཟླ་གམ།  ཟུར་གསུམ་འཁྲབ་པས་ཞེ་སྡང་།  ང་རྒྱལ།  འདོད་ཆགས།  ཕྲག་དོག་རྣམས་བཅོམ་པར་མོས་ཏེ་སྟངས་སྟབས་ཀྱི་དམིགས་པ་གོང་དང་འདྲ།  དེ་ནས་རྐང་གཡས་ཀྱི་འཕར་ལྡིང་ཐོག་ཕཊ་ཅེས་བརྗོད་པ་དང་དབུས་སུ་མཆོང་ཞིང་གོམ་སྟབས་ཀྱི་ཤར་དུ་ཕྱོགས་ནས་ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོས་གཏི་མུག་ཀླུ་གདོན་དང་།  ལོངས་སྐུ་མཁའ་སྤྱོད་དབང་མོས་འདོད་ཆགས་མོ་གདོན།  སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོས་ཞེ་སྡང་རྒྱལ་འགོང་འདུལ་ཕྱིར་བྲོ་ལ་བསྐུལ་ནས།  དེ་དག་ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས་ཏེ་སྐུ་གསུམ་ལྷུན་གྲུབ་ཀྱི་བྲོ་ར་ཀྱི་ལི་ལི་འཁྲབ་པས་དུག་གསུམ་དང་།  དེའི་ཆར་གཏོགས་ཀྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་།  ཤེས་བྱའི་སྒྲིབ་པ་ལས་འཁྲུལ་པའི་ལྷ་འདྲེ་དེ་དག་གི་རྒྱུད་ཀྱི་ཉོན་ཤེས་ཀྱི་རྩུབ་རེག་བཅོམ་ནས།  ཁམས་གསུམ་འཁོར་བའི་སེམས་སྣང་ཐམས་ཅད་རང་བཞིན་མྱང་འདས་ཆོས་ཉིད་སྟོང་པ་ཆེན་པོའི་ཀློང་དུ་བཤིག་པར་བསམ་མོ།  །ཕཊ་དང་པོ་དུག་གསུམ་སྐུ་གསུམ་གྱི་ཀློང་དུ་བཤིག།  གཉིས་པ་དུག་ལྔ་ཡེ་ཤེས་ལྔའི་ཀློང་དུ་བཤིག།  གསུམ་པས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་བརྒྱད་ཁྲིའི་ཀློང་དུ་བཤིག་པར་བསམ་མོ།  །གསུམ་པ་ཕུར་པ་གདབ་པ་ནི།  གདན་འོག་ཏུ་གནས་པའི་རཱུ་ཏྲ་དེའི་མགོ་དང་རྐང་ལག་རྣམས་ཡེ་ཤེས་ལྔའི་ཕུར་པས་གདབ་ནས་འཕར་ལྡང་དང་གཡོ་འགུལ་མེད་པར་བསམ་ལ་ཅོག་གུར་ཕུབ་པ་དང་སྦྱར།  ཕཊ་ཕཊ་ཕཊ༔ ཤེལ་གིང་དཀར་མོ་སོགས་ནས།  མེད་པར་གྱུར༔ ཅེས་གསུངས་ཏེ།  ཕཊ་ནི་སྐུ་གསུམ་གྱི་དགོངས་ཀློང་གསལ་འདེབས་བྱེད།  རང་ཉིད་ཁྲོས་མའི་ཐུགས་ཀ་ནས་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཤེལ་ལས་གྲུབ་པའི་ཀེང་རུས་ཀྱི་གིང་དཀར་མོ་འོད་དང་འོད་ཟེར་འཕྲོ་བ།  ངོ་བོ་སྙིང་རྗེ་ལ་རྣམ་པ་དུང་ཕུར་དཀར་པོ་དབྱིབས་ཟླུམ་པོ་ཁྱེར་བ་ཞིག་བྱུང་ནས།  ཞེ་སྡང་མེ་ལྟར་འབར་བའི་རང་གཟུགས་ཀྱི་ལྷ་འདྲེ་དེའི་ལག་གཡས་སུ་གདབ་པས་རླུང་རི་རྡོ་རྗེ་རྒྱ་གྲམ་གྱི་བར་གཟིར་བར་བསམ།  དེ་བཞིན་དུ་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་གསེར་གིང་སེར་མོ།  ཕྱག་ན་བྱམས་པའི་ངོ་བོ་བསེ་ཕུར་ཟུར་བཞི་པ།  ང་རྒྱལ་རི་ལྟར་མཐོ་བའི་ལྷ་འདྲེའི་ལག་གཡོན།  སོར་རྟོག་ཡེ་ཤེས་ཀྱི་རང་གདངས་ཟངས་གིང་དམར་མོ།  དགའ་བའི་ངོ་བོ་བྱུ་རུའི་ཕུར་པ་ཟླ་གམ།  འདོད་ཆགས་ཆུ་ལྟར་འཁྲུགས་པའི་ལྷ་འདྲེའི་རྐང་གཡོན།  བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་ལྕགས་གིང་ནག་མོ།  བཏང་སྙོམས་ཀྱི་ངོ་བོ་གཡུ་ཕུར་ཟུར་གསུམ།  ཕྲག་དོག་རླུང་ལྟར་གཡོ་འཁྲུགས་ཀྱི་ལྷ་འདྲེའི་རྐང་གཡས།  ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ཀེང་རུས་ཆེན་མོ་མཆེ་གཙིགས་མ།  བྱང་ཆུབ་སེམས་ཀྱི་ངོ་བོ་མཆོག་ཆེན་རུས་པའི་ཕུར་པ་ཟུར་དྲུག་པ།  གཏི་མུག་མུན་ལྟར་འཐིབས་པའི་ལྷ་འདྲེ་དེའི་ཚིགས་མཚམས་སུ་གདབ་པ་སོགས་གོང་བཞིན།  སླར་ཡང་གནས་ལུགས་གཞིའི་རང་ཞལ་མ་རིག་ཅིང་གཉིས་སྣང་འཁྲུལ་པའི་རང་གཟུགས་རཱུ་ཏྲའི་གཟུགས་ཀྱི་རྣམ་པར་བཀོད་པ་དེའི་མགོ་དང་།  ཡན་ལག་ཀུན་ལ་ཡེ་ཤེས་ལྔའི་རང་གདངས་ཀྱིས་ཕུར་པ་བཏབ་པས་འཕར་ལྡང་འགུལ་བསྐྱོད་ཀྱི་སྟོབས་ནུས་ཐམས་ཅད་དང་བྲལ་བར་བསམ།  རཱུ་ཏྲ་དེའི་ལུས་ཀྱི་དབུས་སུ་རང་གི་གནས་ཁང་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་འདོད་རྒུའི་ཆར་ཆེན་པོ་འབེབས་པའི་ནང་དུ་དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ།  ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་ཅན་དུ་བསྒོམ་མོ།  །བཞི་པ་རྟགས་ཚད་སློང་ལ་སོགས་པའི་རིམ་པ་བཤད་པ་ལ།  ཁྲིད་ཡིག་གི་གཞུང་དུ་འདི་སྐབས་སློང་གི་ཚུལ་ཅུང་ཟད་རྒྱས་པར་བཤད་ལ།  ཚར་ཚད་ཀྱི་ཚུལ་ནི་འོག་ཏུ་མདོ་ཙམ་བསྟན་པ་ལས།  འདིར་སློང་དང་ཆོ་འཕྲུལ་བྱུང་བ་ན་འགྱེད་བཞི་སོགས་ཀྱི་དམིགས་པ་ལ་བརྩོན་པས།  གཟོད་ཚར་ཚད་སོགས་ཚུལ་བཞིན་འབྱུང་བ་ལ་དགོངས་པ་ཡིན་འདུག་ཀྱང་།  ཕྱོགས་གཅིག་ཏུ་འཆད་ན་གོ་བདེ་བ་ལྟ་བུར་སྣང་བས་དེ་ལྟར་བཤད་པ་ལ།  གཞུང་ནས་དངོས་སུ་བྱུང་བའི་སློང་ཚད་ཀྱི་རིམ་པ་དང་།  སློང་ཚད་སོགས་ཀྱི་རྣམ་བཞག་གཞན་ནས་ཁ་བསྐང་བའོ།  །དང་པོ་ནི།  དེ་ལྟ་བུའི་དམིགས་གནད་དང་ལྡན་པས་ཅོག་པུ་ཕུབ་ནས་རྒྱབ་རྟེན་ལ་བརྟེན་ནས་མལ་སར་འདུག་ཅིང་འདི་ལྟར་དམིགས་པར་བྱའོ།  །རང་ལུས་ཆེ་བ་སྲ་བ་བརྗིད་པ་ཡུམ་ལ་ལྗོངས་ཙམ་དུ་བསྐྱེད་པའི་འོག་ཏུ་ལྷ་འདྲེ་ཐམས་ཅད་མནན་ནས་སྐད་ངན་ཙིར་ཙིར་བྱེད་པར་བསམ་པའམ།  སླར་ཡང་བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་བཀུག་ནས་མལ་འོག་ཏུ་མནན་པའི་ལྷ་འདྲེ་དེ་ལ་ཐིམ་པར་བསམ།  དོན་ཡིད་ལ་བསམ་པའི་ངང་ནས་ངག་ཏུ་འདི་ལྟར་བརྗོད་པར་བྱའོ།  །འེ་འེ་ད་ནི་བསྐལ་པ་མ་ཞིག་སྲིད་པ་མ་སྟོང་གི་བར་དུ་ང་ནི་འདི་ལས་མི་འགུལ།  འདི་ལས་མི་འཕོ།  གནས་འདི་ལས་མི་གཡོའོ།  །འདིར་རུ་སྡོད་དོ།  ཉལ་ལོ།  །ཕཊ་ཕཊ་ཕཊ༔ ཅེས་བརྗོད་མཐར།  སྟེང་གི་ནམ་མཁར་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་བཀྲ་ཕུང་ངེ་འོད་ཐིབས་སེ་བཞུགས་པར་བསམ་ལ་ཡེངས་མེད་འཛིན་མེད་ཀྱི་ངང་ལ་གདིང་བཅའོ།  །སླར་ཡང་བར་སྐབས་རྣམས་སུ་དམིགས་པ་དང་དམ་བཅའ་གསལ་འདེབས་ཤིང་འདུག།  དེའི་དུས་སུ་རབ་དངོས།  འབྲིང་ཉམས།  ཐ་མ་ལའང་རྨི་ལམ་དུ་སློང་ཚད་ངེས་པར་འབྱུང་བ་ཡིན་ནོ།  །སློང་ཚད་དེ་ལ་ཐོགས་བཅས་དང་།  ཐོགས་མེད་གཉིས་ལས།  ཐོགས་བཅས་ནི།  གཅན་གཟན་མི་རྒོད་མི་ནོར་སོགས་གཟུགས་སྣང་གིས་སློང་བ་ཡིན་ལ།  ཐོགས་མེད་ནི་གཟུགས་མེད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་པས་བསླང་བའོ།  །གཞན་ཡང་ས་གཡོ་ཁྱིིམ་ཞིག་རི་ཉིལ་རྦབ་འདྲིལ་ཆུ་དང་རྒྱ་མཚོ་ཕྱུར་བ་སེར་ཆེན་འབེབས་པ་འབྲུག་སྒྲ་ཆེན་པོ་ཐོག་འཚེག་པ་འོད་འཆར་བ་དམག་མི་དང་མི་མང་པོ་སྣ་ཚོགས་གྱིས་འུར་སྒྲ་འདོན་ཅིང་རྒྱུག་པ་ལ་སོགས་པ་འབྱུང་ངོ་།  །གཞན་ཡང་རྨི་ལམ་རྣམས་སུ་མི་མང་པོ་དང་འཐབ་པ་རྩོད་པ་རང་ཉིད་མནན་པ་རང་ཉིད་ལ་རྒོལ་བ་དང་།  བཟའ་བར་ཆས་པ་རང་འབྲོས་འདེད་བྱེད་པ་ལ་སོགས་པ་དང་།  ཡང་འབུ་སྲིན་ལུས་ལ་འབྱར་བ་ཁ་རུ་འཇུག་པ་དང་རོ་ཡིས་བཅར་བ་ལ་སོགས་མདོར་ན་སློང་བར་བྱེད་པའི་རྟགས་སྣ་ཚོགས་མ་ངེས་པ་འབྱུང་སྲིད་དེ།  སློང་ཚད་ལ།  ལུས་སློང་བ་ནི་ལུས་ཀྱི་བ་སྤུ་གཡོ་བ།  ཤ་ཁོལ་བུར་འཕར་བ།  ན་ཚ་ཟུག་ཟེར་ཕྲ་རགས་འབྱུང་བ།  སྐྲང་དང་རྨ་ཆེན་གློ་བུར་འབྱུང་བ།  ལུས་འདར་ཤོམ་དང་འཕར་གཡོ་འབྱུང་བ་སོགས་སོ།  །ངག་སློང་བ་ནི་སྐད་ངན་ཤོར་བ།  ཚིག་ཆད་པ།  ཤུགས་རིང་བ་དང་ཐུང་ངུར་འགྲོ་བ་དང་།  དབུགས་འཐེན་འགགས་སོགས་མ་ངེས་པར་འབྱུང་བའོ།  །ཡིད་སློང་བ་ནི་སེམས་དངངས་པ།  དྲན་མེད་ཧད་པོར་འཐིབས་པ།  བསྒོམ་དམིགས་ཀྱི་གདིང་ཤོར་བ།  འདུག་ཏུ་མི་ཚུགས་པ།  འབྲོས་སྙིང་འདོད་པ།  རེ་དོགས་སྣ་ཚོགས་དབང་མེད་དུ་སྐྱེ་བ།  འཇིགས་ཤིང་སྐྲག་པ་ལ་སོགས་པ་སྟེ།  མདོར་ན་སེམས་རང་བཞིན་པ་ལྟར་མ་ཡིན་པའི་དགའ་སྡུག་རེ་དོགས་འཁུ་འཁྲིགས་ཐམས་ཅད་སློང་ཚད་ཡིན་ནོ།  །དེ་དག་གང་ཡང་སྒོ་གསུམ་ལ་མཉམ་དུ་ཤར་བ་སློང་ཚད་ཆེན་པོ།  གཉིས་སློང་ན་འབྲིང་།  གཅིག་བྱུང་ན་ཆུང་ངུ་ཡིན་པར་ཤེས་པར་བྱའོ།  །གཉིས་པ་སློང་ཚད་སོགས་ཀྱི་རྣམ་བཞག་གཞན་ནས་ཁ་སྐོང་བ་ལས།  སྡུད་པ་ལས།  དེ་ཡི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར།  །མྱ་ངན་ཉམ་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུང་།  །ཇི་ལྟར་བྱང་ཆུབ་སེམས་དཔའ་འདི་ཡི་ནུར་འགྱུར་ཞེས།  །འཇིགས་པ་བསྟན་ཕྱིར་ཕྱོགས་རྣམས་བསྲེག་ཅིང་སྐར་མདའ་གཏོང་།  །གང་ཚེ་མཁས་པ་དེ་དག་བསམ་པ་རབ་ལྡན་ཅིང་།  །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ།  །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ།  །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར།  །ཞེས་པས་སློང་ཚར་སོགས་གསལ་བར་བསྟན་པ་ཡིན་ཏེ།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ལ་བརྩོན་པ་དེའི་ཚེ་བདུད་རྣམས་ཟུག་རྔུ་དང་ལྡན་པར་འགྱུར་ཞིང་།  བདག་གི་མཐུས་འདི་དག་ཟིལ་གྱིས་གནོན་པར་དཀའོ་སྙམ་དུ་མྱ་ངན་གྱིས་ཉམ་ཐག་པར་འགྱུར་ལ།  ལུས་སྡུག་བསྔལ་བ་དང་ཡིད་མི་བདེ་ཞིང་ཉམ་ཆུང་བར་གྱུར་ནས་ཐབས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདི་ཡི་ཡིད་ནེམ་ནུར་རམ་ཐེ་ཚོམ་དང་ལྡན་པར་འགྱུར་རོ་སྙམ་དུ་ཐེ་ཚོམ་བསྐྱེད་པའི་ཕྱིར།  ཕྱོགས་རྣམས་མེ་ཡིས་བསྲེག་ཅིང་སྐར་མདའ་གཏོང་བ་སོགས་ཀྱིས་མཚོན་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ནི་ཆོ་འཕྲུལ་ལམ་སློང་དང་།  དེ་ལྟར་གང་གི་ཚེ་ན་མཁས་པ་དེ་དག་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་སོགས་བསམ་པ་རྣམ་པར་དག་པ་དང་ལྡན་པ་དང་།  ཉིན་མཚན་ཀུན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་སྟོང་པ་ཉིད་ཀྱི་དོན་ལ་བལྟ་བ་ནི་གཅོད་ཀྱི་རྣལ་འབྱོར་ཡིན་པ་སྔར་སྤྱི་དོན་དུ་བཤད་ཟིན་པས་ཤེས་ལ།  དེ་ཚེ་བྱང་ཆུབ་སེམས་དཔའ་དེའི་ལུས་དང་སེམས་དག་ནི་མཁའ་ལ་འགྲོ་བའི་བྱ་ལྟར་རྒྱུ་བ་སྟེ།  ཆོ་འཕྲུལ་དེ་དག་ལ་བརྟེན་ནས་རྟོགས་པའི་བོགས་ཐོན་ཏེ་ལུས་ལ་ནད་གདོན་གཅེས་འཛིན་སོགས་རྣམ་རྟོག་གི་གཟེབ་ལས་དགྲོལ་བར་གྱུར་པ་ནི་ཆོད་ཚད་དང་།  ནག་པོ་བདུད་ཀྱི་སྡེ་རིས་དེ་དག་གིས་རྩ་ལག་སྟེ་དཔུང་གཉེན་དང་བཅས་པའི་གནོད་པས་གླགས་མ་རྙེད་པར་ཆོ་འཕྲུལ་དེ་དག་ཞི་བར་གྱུར་པ་ནི་ཚར་ཚད་དོ།  །གཞན་ཡང་ཡུམ་རྒྱས་འབྲིང་བསྡུས་གསུམ་ལས་བྱུང་བའི་བདུད་ཀྱི་ལེའུ་ཚང་མ་འདིའི་ཁུངས་ཡིན་ལ།  གཅོད་ཀྱི་རྒྱ་གཞུང་ལས།  གཉིས་མེད་ཕ་རོལ་ཕྱིན་བསྒོམ་པས།  །འཇིག་རྟེན་ལྷ་འདྲེས་མ་བཟོད་ནས།  །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ།  །མངོན་སུམ་གཟི་བྱིན་རྨི་ལམ་སོགས།  །ཞེས་སློང་ཚད་དང་།  གཅོད་ནས་ཆོད་ཚད་ཉམ་ང་བྲལ།  །ཅེས་ཆོད་ཚད།  ཚར་ཚད་ཆོ་འཕྲུལ་རང་ཞི་བ།  །ཅེས་ཚར་ཚད་ཀྱི་ཚུལ་ལོ།  །ཟབ་དོན་ཐུགས་སྙིང་ལས།  གང་ཚེ་ཆོས་ཉིད་དོན་ལ་མཉམ་པར་སུས་བཞག་པ།  །དེ་ཚེ་བདུད་ཀྱིས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན།  །ཅེས་དང་།  མཉམས་མེད་རྒྱལ་ཐང་པ་ཆེན་པོས།  རང་རྒྱུད་ཆོས་དང་ལེགས་ལྡན་ཅིང་།  །དགེ་སྦྱོར་གནད་དུ་འགྲོ་བ་ན།  །ཕྱི་ནང་གསང་གསུམ་སློང་ཀུན་འབྱུང་།  །ཕྱི་སློང་དབང་པོའི་མངོན་སུམ་དུ།  །འདྲེ་བདུད་ཆོ་འཕྲུལ་ཅི་ཡང་འབྱུང་།  །ནང་སློང་འབྱུང་བ་ལུས་ཐོག་ཏུ།  །འབྱུང་འཁྲུག་ན་ཚ་ཅི་ཡང་འབྱུང་།  །གསང་སློང་སེམས་ཉིད་རིག་ཐོག་ཏུ།  །ཁམས་འདུས་སྙིང་རླུང་འཇིགས་སྐྲག་འབྱུང་།  ཞེས་གསུངས་པ་ལྟར་ལས།  །འདི་ལ་གསུམ།  རྒྱས་པར་བཤད་པ།  གནད་བསྡུ་བ།  སྔོན་བྱུང་སྟོན་པའི་རྣམ་ཐར་དང་སྦྱར་བའོ།  །དང་པོ་ནི།  མ་གཅིག་གི་ཞལ་ནས།  བུ་ཀུན་ཉོན་དང་།  སློང་དང་ཆོ་འཕྲུལ་གཅིག་མ་ཡིན་གཉིས་ཡིན་ཅིང་།  ཚར་ཚད་ཆོད་ཚད་ཀྱང་གཅིག་མ་ཡིན་གཉིས་ཡིན་པ་ནི།  །དང་པོར་སློང་།  དེ་ནས་ཆོ་འཕྲུལ།  དེ་ནས་ཚར་ཚད།  དེ་ནས་ཆོད་ཚད་ཀྱི་རྟགས་འོང་བས་གོ་རིམ་གྱི་ཁྱད་པར་མ་ལོག་པར་ལུགས་འབྱུང་ངེས་པ་ཅན་དུ་ཡིན་ནོ།  །དེ་ཡང་རྣལ་འབྱོར་པ་ཉིད་ཀྱིས་ཕུང་པོ་གཟན་དུ་བསྐྱུར་བ་དང་།  གཉན་ཁྲོད་བསྟེན་པ་གཉིས་ཀྱི་ཁོངས་སུ་འདུས་པས་ཉམས་སུ་ལེན་པའི་གནད་རྣམས་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ཚུལ།  དེ་གཉིས་ཟུང་འཇུག་གི་ཚུལ་གྱི་མན་ངག་གི་སྐོར་རྣམས་ཆུབ་པར་བྱ་རྗེས།  གཉན་ཁྲོད་ཉམས་དགའ་བ་ཡིད་དུ་འོང་བའི་གནས་སམ།  ཡང་ན་ས་བཤད་དུ་བཤད་པའི་གཉན་མིག་གམ།  གང་དུ་འདུག་ཀྱང་ཞི་བ་དང་།  རྒྱས་པ་དང་།  དབང་དང་།  དྲག་པོ་དང་།  ཤིན་ཏུ་དྲག་པོ་ལ་སོགས་པའི་དམིགས་པ་གང་གི་སྒོར་འཇུག་ཀྱང་གཞན་ཕན་གྱི་བསམ་པ་རྩེ་གཅིག་པ་སྟོང་པ་ཉིད་དང་།  སྙིང་རྗེ་དབྱེར་མེད་པའི་ཀུན་སློང་གཞིར་བཞག་ནས་ཞི་བ་སོགས་གཅོད་པར་བྱེད་པའི་ཏིང་ངེ་འཛིན་གྱིས་གཟིར་བས།  གཉན་ཁྲོད་དེ་ཉིད་དུ་གནས་པའི་འབྱུང་པོ་དེ་དག་གི་རྣམ་འབྱོར་པའི་ཆོས་ཉིད་ཀྱི་ནུས་པའི་གཟི་བྱིན་མ་བཟོད་པས་འབྱུང་པོ་དེ་དག་འཁྲུགས་ཏེ།  རྣལ་འབྱོར་པའི་ཉམས་ལེན་ལ་བར་གཅོད་རྩོམ་པའི་ཕྱིར་དུ་འབྱུང་པོ་དེ་ཉིད་ཀྱི་རང་རང་གི་འཁོས་ཀ་གང་ཡོད་ན་དང་།  གཞན་ཟླ་བོ་དང་བཅས་པ་བསྐུལ་ཞིང་གཟིངས་ནས་ཐམས་ཅད་སྡུད་པར་བྱེད་དོ།  །དེའི་ཚེ་རྣལ་འབྱོར་པའི་ལུས་སེམས་ལ་མི་བདེ་བ་སྣང་བ་བན་བུན་ཟིང་ཟིང་ལྟར་འབྱུང་ངོ་།  །དེ་ལ་དང་པོ་སློང་ཟེར་བ་ཡིན་ནོ།  །དེ་ཡང་འབྱུང་པོ་དེ་དག་གིས་ཐམས་ཅད་སྡུད་པས་ཐམས་ཅད་འདུས་ནས།  རང་རང་རྣམས་ལ་ནུས་སྟོབས་གང་ཡོད་པའི་སྒོ་ནས་སྤྲུལ་པ་མི་འདྲ་བ་སྣ་ཚོགས་པ་སྟོན་ནས་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་བར་ཆད་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་གཏོང་བར་བྱེད་དོ།  །དེའི་ཚེ་རྣལ་འབྱོར་པ་ལ་དངོས་སུའམ་ཉམས་སྣང་གཟི་བྱིན་རྨི་ལམ་དང་བཞིའི་སྒོ་ནས་ལྟས་མི་སྡུག་པ་སྣ་ཚོགས་པ་འོང་བ་ལ་ནི་ཆོ་འཕྲུལ་ཟེར་བ་ཡིན་ནོ།  །དེ་ནས་འབྱུང་པོ་དེ་དག་གིས་ཆོ་འཕྲུལ་གྱི་བྱེ་བྲག་སྣ་ཚོགས་པ་སྟོན་ཀྱང་རྣལ་འབྱོར་པ་ལ་གླགས་མི་རྙེད་ཅིང་།  ཆོས་ཉིད་ཀྱི་ནུས་པ་མ་བཟོད་པས་འབྱུང་པོ་དེ་དག་གི་ནུས་པ་ཟད་ནས་རྣལ་འབྱོར་པ་ལ་བབ་སྟེ་བཀའ་ཉན་གསུང་སྡོད་ཅིང་།  ཇི་ལྟར་བསྒོ་བ་བཞིན་བྱས་ནས་འཇིག་རྟེན་གྱི་དངོས་གྲུབ་འདོད་དོན་ཕྲན་ཚེགས་རྣམས་བསྒྲུབ་ཅིང་བྲན་བཞིན་དུ་ཉན་པར་བྱེད་དོ།  །དེའི་ཚེ་ན་རྣལ་འབྱོར་པ་ལ་ཡོན་ཏན་སྐྱེས་བའི་སྔ་ལྟས་ཀྱི་རྟགས་བཟང་པོ་སྣ་ཚོགས་ཉམས་དགའ་བ་ཞིག་འབྱུང་ངོ་།  །དེ་ལ་ཚར་ཚད་ཟེར་བ་ཡིན་ནོ།  །དེ་ནས་འབྱུང་པོ་དེ་དག་གི་དཔའ་ཆག་ངར་ཞི་གདུག་སེམས་ཉམས་ནས་རྣལ་འབྱོར་པའི་བཀའ་ལ་ཉན་ཅིང་།  ཕྱིན་ཆད་སེམས་ཅན་གཞན་ལ་གནོད་པ་མི་བྱེད་པར་ཁས་བླངས་ཤིང་།  སྒྲུབ་པ་པོ་རྣམས་ཀྱི་གྲོགས་བྱེད་ཅིང་འབྱུང་པོ་ཁོ་རང་ཡང་ཐར་པའི་ལམ་ལ་འཇུག་ཅིང་དགེ་བའི་ལས་ལ་བརྩོན་པ་དང་།  དཀར་ཕྱོགས་ངེས་པར་སྐྱོང་བའི་སྟོབས་ཀྱིས་འབྱུང་པོ་དེ་དག་ཐར་ལམ་བྱང་ཆུབ་ཐོབ་པར་ངེས་པའི་རྟགས་རྣལ་འབྱོར་པ་ལ་འོང་།  དེའི་ཚེ་རྣལ་འབྱོར་པ་རང་ཉིད་ལའང་བཟང་ངན་གྱི་རྟོག་པ་ལ་སོགས་ཉམས་སུ་ཤར་བའི་སེམས་ཀྱི་འཁུ་འཁྲིག་རྩད་ནས་ཆོད་ཅིང་།  བདག་མེད་གནས་ལུགས་ཀྱི་དོན་ཆོས་ཉིད་བདེན་པའི་ལྟ་བ་རྣམ་དག་མངོན་དུ་གྱུར་ནས་འོང་བས།  རང་དོན་ཆོས་སྐུ་འགྲུབ་ཅིང་།  གཞན་དོན་འབྱུང་པོ་འཁོར་དང་བཅས་པ་རྣམས་ཀྱིས་གཙོར་བྱས་པའི་སེམས་ཅན་དུ་མ་ཞིག་ཐར་པའི་གོ་འཕང་ལ་འགོད་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན།  དེ་ལ་ཆོད་ཚད་ཟེར་བ་ཡིན་ནོ།  །དེ་ལྟར་སློང་དང་ཆོ་འཕྲུལ།  ཚར་ཚད་དང་ཆོད་ཚད་བཞི་གོ་རིམ་མ་ལོག་པ་བཞིན་དུ་འོང་དགོས་པ་ངེས་པ་ཅན་དུ་ཡིན་ཀྱང་།  གང་ཟག་གི་ནུས་པ་ཆེ་ཆུང་གི་ཁྱད་པར་བརྩོན་འགྲུས་ཆེ་ཆུང་།  དམིགས་པ་གཅུན་ཤེས་མི་ཤེས་དང་།  དམིགས་པ་ཟིན་མ་ཟིན་དང་།  དམིགས་པ་གསལ་མི་གསལ་དང་།  དམིགས་པ་དྲག་ཞན་སོགས་གང་དང་གང་གིས་དམིགས་པའི་རྣམ་པ་ཕྱེད་མི་ཕྱེད་དང་།  སྤྱིར་མན་ངག་གི་གཅུན་ཐབས་ལ་ཤེས་མི་ཤེས་དང་།  གོ་མ་གོ་དང་།  དམིགས་པ་ཞི་དྲག་གི་ཁྱད་པར་དང་།  ནད་རྐྱེན་ཡོད་མེད་ཀྱི་ཁྱད་པར་དང་།  སྒྲིབ་པ་ཆེ་ཆུང་དང་།  སྔོན་བསགས་སྦྱངས་པ་ཆེ་ཆུང་དང་།  སྙིང་ཁམས་ཆེ་ཆུང་དང་།  དབང་རབ་འབྲིང་ཐ་མའི་ཁྱད་པར་ལ་སོགས་མི་འདྲ་བའི་རིགས་སྣ་ཚོགས་པ་དང་།  གྲངས་དུ་མ་ཞིག་ཡོད་པའི་དོན་གྱི་སློང་སོགས་བཞི་པོ་གོ་རིམ་བཞིན་འོང་བ་ནི་དཀའ་ལ།  སློང་སོགས་བཞི་པོ་མི་འདྲ་བར་འདི་འདྲ་འོང་བའང་ཡོད་དེ།  མ་སློང་བར་ཆོ་འཕྲུལ་འབྱུང་བའང་ཡོད།  ཚར་ཚད་མ་བྱུང་བར་ཆོད་པའང་ཡོད།  ཚར་སློང་མི་འོང་ནས་ཆོ་འཕྲུལ་ཆོད་པ་གཉིས་འོང་བའང་ཡོད།  ཚར་སློང་གཉིས་འོང་ནས་ཆོ་འཕྲུལ་དང་ཆོད་ཚད་གཉིས་མི་འོང་བའང་ཡོད།  སློང་ཚད་དང་ཆོ་འཕྲུལ་གཉིས་མི་འོང་ནས་ཚར་ཆོད་གཉིས་འོང་བའང་ཡོད།  ཚར་ཆོད་གཉིས་མི་འོང་ནས་སློང་ཚད་དང་ཆོ་འཕྲུལ་གཉིས་ཁོ་ན་འོང་བའང་ཡོད།  སློང་སོགས་རེ་རེ་ནས་འོང་ནས་གསུམ་པོ་མི་འོང་བའི་དུས་ཀྱང་ཡོད།  བཞི་ཀ་དུས་གཅིག་ལ་རྫོགས་པའང་ཡོད།  །ཞག་གཅིག་ནས་བཞི་ཀ་རྫོགས་པ་དང་།  ཞག་གསུམ་གྱི་བར་དུ་དང་།  ཞག་ལྔའི་བར་དང་།  བདུན་དང་།  བཅུ་གཅིག་དང་།  ཉེར་གཅིག་དང་།  ཟླ་བ་གཅིག་དང་།  ཟླ་བ་གཉིས་ནས་ལོ་གཅིག་གི་བར་དང་།  ལོ་གཅིག་ནས་ལོ་དྲུག་ཅུའི་བར་མི་ཚེ་གཅིག་གི་བར་དུ་སློང་ནས།  ཆོད་པའི་བར་བཞི་པོ་མི་རྫོགས་པའི་རིགས་ཀྱང་ཡོད་པས།  དེ་ལྟར་ཚར་སློང་བཞི་པོ་གོ་རིམ་མི་འདྲ་བ་སྣ་ཚོགས་པ་འོང་བ་ནི་གང་ཟག་གི་ཁྱད་པར་ཡིན་པ་དང་།  གནས་བདག་ཞི་དྲག་གི་ཁྱད་པར་ཅུང་ཟད་ཀྱང་ཡིན་ཏེ།  འོན་ཀྱང་གང་ཟག་བློ་དུལ་ཞིང་ཐར་པ་དོན་དུ་གཉེར་བར་ངེས་ནས་ཚེ་འདི་བློས་གཏོང་ནུས་པ།  ངའི་ཆོས་ལུགས་ལ་ཁྱད་པར་དུ་དད་ཅིང་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དང་།  མན་ངག་ཐམས་ཅད་ཀྱི་གཅུན་ཐབས་དང་།  གོ་རིམ་ལ་མཁས་པར་བྱས་ནས་ལེགས་པར་ཉམས་སུ་བླངས་ན།  སློང་སོགས་བཞི་པོ་གོ་རིམ་བཞིན་འོང་བར་ངེས།  དེ་ཡང་ཆོད་ཚད་ཅེས་པ་ནི་ཕྱིའི་ཡུལ་སྣང་ཐམས་ཅད་བདེན་པར་གྲུབ་པར་མེད་པར་ཤེས་ཤིང་མི་བརྟན་པར་གོ་ཞིང་།  བདེན་མེད་དུ་རྟོགས་ནས་ཡུལ་སྣང་གྲུབ་པ་མེད་པར་རང་བཞིན་གྱིས་སྟོང་པའི་གཟུགས་བརྙན་དུ་འཆར་ནས་འོང་བ་དེ་ཕྱི་ཡུལ་སྣང་གི་ཆོད་ཚད་ཡིན།  ནང་བདག་འཛིན་རྩད་ནས་ཆོད་ཅིང་།  བདག་མེད་གནས་ལུགས་སྟོང་པའི་དོན་མངོན་དུ་གྱུར་ནས་རང་བཞིན་སྟོང་པའི་གཟུགས་བརྙན་ཤར་བའི་སྐྱེས་བུ་ཡིན་པར་ཤེས་ཤིང་།  བདེན་མེད་སྒྱུ་མ་ལྟ་བུའི་དོན་མངོན་དུ་གྱུར་པ་ནི་ནང་གི་ཆོད་ཚད།  དེ་གཉིས་ཡུལ་ཡུལ་ཅན་སོ་སོར་སྣང་བ་ཡང་རང་བཞིན་གྲུབ་པ་མེད་པ་ཞེས་དོན་དམ་པའི་སྟེང་དུ་རོ་གཅིག་པ་དབྱེར་མེད་ཆུ་ཟླ་ལྟ་བུར་ཤེས་ཤིང་།  དེ་ལ་མངའ་བརྙེས་པ་ནི་ཕྱི་ནང་དབྱེར་མེད་ཟུང་འཇུག་གི་ཆོད་ཚད་ཡིན་པ་དང་།  དེ་བཞིན་དུ་རྣལ་འབྱོར་པའི་ཆོས་ཉིད་ཀྱི་ནུས་པའི་སྟོབས་ཀྱིས་ཕྱི་གཉན་སའི་ལྷ་འདྲེའི་གདུག་སེམས་ཞི་ནས་དུལ་བར་གྱུར་ཏེ།  རང་ཉིད་ཀྱི་འཁོར་དུ་གྱུར་ནས་ཐར་ལམ་ལ་མཛུད་ཅིང་བླ་ན་མེད་པའི་གོ་འཕང་ལ་འགོད་ནས་འཁོར་བར་སྐྱེ་བའི་རྒྱུན་གཅོད་པར་བྱེད་པ་ནི་སྙེམས་བྱ་ཡུལ་གཉན་སའི་ལྷ་འདྲེ་ཆོད་པའི་ཚད་ཡིན།  ནང་གང་ཟག་གི་སྙེམས་བྱེད་བཟང་རྟོག་ངན་རྟོག་ཡིད་བྱ་ཡིད་བྱེད་ལ་སོགས་བློས་བྱས་ཀྱི་སྤྲོས་པ་ཐམས་ཅད་རང་སར་ཆོད་ནས་སྤྲོས་བྲལ་བྱར་མེད་བློ་འདས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་གྱུར་ནས།  མ་རིག་ཉོན་མོངས་པ་དུག་ལྔ་དག་ནས་རིག་པ་ཡེ་ཤེས་ལྔ་རབ་དུ་རྒྱས་པའི་འོད་ཟེར་གྱིས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཀྱི་རྨོངས་པའི་མུན་པ་བསལ་ནས་འགྲོ་བའི་དོན་མཐའ་ཡས་པ་འབྱུང་བར་འགྱུར་རོ།  །དེ་ཙམ་ན་བདུད་ཐམས་ཅད་དཔལ་དུ་ཤར།  བར་ཆད་ཐམས་ཅད་ཡོད་ཏན་གྱི་བོགས་འདོན་དུ་འགྱུར།  རྐྱེན་ངན་པ་ཐམས་ཅད་འདོད་ཡོན་ཕུན་ཚོགས་ཀྱི་གྲོགས་སུ་འགྱུར་བ་ཡིན་པ་ནི།  རིན་པོ་ཆེའི་གླིང་ན་ས་རྡོ་ཕལ་པ་མེད་པ་བཞིན་དུ་གང་ཟག་དེ་དག་གི་སེམས་ལ་དྲན་ཚད་དང་།  ངག་ནས་སྨྲས་ཚད་དང་།  ལུས་ཀྱི་བྱ་བ་བྱས་ཚད་ཐམས་ཅད་སེམས་ཅན་གྱི་དོན་ཁོ་ནའི་རྒྱུར་འགྱུར་ཞིང་།  འགྲོ་བའི་རེ་འདོད་སྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཞིག་དགོས་པ་ཡིན།  དེ་ཡང་ནང་སྙེམས་བྱེད་གང་ཟག་གི་ཆོད་ཚད་ཟེར།  དེ་ཡང་སྙེམས་བྱ་འདུལ་རྒྱུའི་ལྷ་འདྲེ་ཞེས་པ་གཞི་གདོད་མ་ནས་གྲུབ་པ་མེད་པ་ཁོ་རང་གི་ངོ་བོའི་སྟོང་པ་དང་།  སྙེམས་བྱེད་གང་ཟག་རང་ཉིད་ཀྱང་གཞི་གདོད་མ་ནས་གྲུབ་པ་མེད་པ་གང་ཟག་གི་ངོ་བོའི་སྟོང་པ་གཉིས་རང་བཞིན་གྱིས་སྟོང་པ་ཞེས་དོན་དམ་བདེན་པའི་སྟེང་དུ་རོ་གཅིག་པས་དབྱེར་མེད་ལྷན་སྐྱེས་སུ་གནས་ཀྱང་ཀུན་རྫོབ་ཀྱི་ཆ་ལྟར་ན་སྣང་ཙམ་དུ་མ་འདྲེས་པར་སོ་སོར་སྣང་ཡང་དེ་བཞིན་དུ་ཡོད་པ་མ་ཡིན་པས།  དེའི་དངོས་པོ་ཀུན་རང་བཞིན་དབྱེར་མི་ཕྱེད་པ་མེ་ལོང་དང་གཟུགས་བརྙན་ལྟ་བུར་ཤེས་ཤིང་།  དེའི་དོན་ལ་རང་དབང་ཐོབ་པར་གྱུར་པ་ལ་ནི་ཟུང་འཇུག་གི་ཆོད་ཚད་ཟེར་བ་ཡིན་ནོ།  །དེ་ལྟ་བུའི་ཆོད་ཚད་ནི་གཅོད་མཁན་བརྒྱའི་ནང་ན་གཅིག་ཙམ་ལས་འབྱུང་བར་དཀའ་ལ།  གཅོད་མཁན་ཕལ་པ་ལ་དེ་མི་འབྱུང་ཞིང་།  དང་པོ་སློང་ཡང་ངོས་ཟིན་པ་དཀའ་བས་ན།  ལེ་ལོ་དང་རྣམས་གཡེང་གི་དབང་དུ་མ་སོང་བར་དྲན་ཤེས་ཀྱི་བློ་དང་འགྲོགས་ནས་ཉམས་ལེན་གྱི་གནད་གཅུན་ཐབས་ལ་བརྩོན་པ་གལ་ཆེའོ།  །ཆོ་འཕྲུལ་དང་ཚར་ཚད་ནི་གང་ཟག་རང་རང་གི་བློ་དང་མཐུན་པ་རེ་གཅོད་པར་ཁས་ལེན་ཚད་ཐམས་ཅད་ལ་འོང་སྟེ།  ཡང་དག་པའི་ཆོ་འཕྲུལ་དང་ཚར་ཚད་ཀྱི་བྱེ་བྲག་ཁྱད་པར་ཅན་རྣམས་འབྱུང་བ་ཡང་དཀའ་བས།  ཆོ་འཕྲུལ་ལ་ཡང་ཅིས་ཀྱང་ཕྱི་ནང་གསང་བའི་ཁྱད་པར་རྣམས་སོ་སོར་རྫོགས་དགོས་པ་དང་།  ཐུན་མོང་བ་སྤྱིའི་མཚན་མ་འབྱུང་བས་ཐུན་མོང་མ་ཡིན་པའི་མཚན་མ་ཡང་འབྱུང་།  དེ་ལྟར་ཆོ་འཕྲུལ་གྱི་ཁྱད་པར་རྣམས་ཀྱང་ཤེས་ཤིང་ངོས་ཟིན་དགོས་སོ།  །ཚར་ཚད་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི་ནང་ཚན་གྱི་ཁྱད་པར་དང་བཅས་ཤེས་ཤིང་ངོས་ཟིན་པ་གལ་ཆེའོ།  །སློང་དང་ཆོ་འཕྲུལ་ཚར་ཚད་དང་ཆོད་ཚད་རྣམས་ཀྱི་མཚན་ཉིད་དེ་ལྟར་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག་སྐལ་ལྡན་བུ་སློབ་ཀུན།  ཅེས་གསུངས་ཏེ།  འདིར་སློང་ཞེས་པ་ལ་སློངས་སུ་བྱས་ན་ཆོ་འཕྲུལ་བྱེ་པར་བརྩམ་པའི་སྐབས་དང་།  སློང་ཞེས་མ་སློང་བ་དང་ནི་དེས་ཆོ་འཕྲུལ་དངོས་སུ་འབྱུང་བའི་སྐབས་ཡིན་པས།  དེ་དག་གཞན་ལྷ་འདྲེ་རང་གར་སྡོད་མ་ནུས་པ་སློང་བ་ཡིན་པས་དེ་གཉིས་དོན་གཅིག་ཏུ་བྱ་ལ།  ཡང་ན་ཆོ་འཕྲུལ་ཞེས་པ་ལྷ་འདྲེ་རྣམས་ཀྱི་ཆོ་འཕྲུལ་སྣ་ཚོགས་པའི་ཚུལ་བསྟན་པས་སློང་བྱེད་དང་།  སློང་ཞེས་པ་དཔེ་རང་གི་ལུས་སེམས་ལ་འཇིགས་སྐྲག་བསྐྱེད་པའི་ཆས་དབྱེ་ནའང་རུང་བ་ཡིན་ནོ།  །ཚར་ཚད་ལ་ཐུན་མོང་གི་ཚར་ཚད་དང་།  མཆོག་གི་ཚར་ཚད་གཉིས།  དང་པོ་ལའང་མང་དུ་གསུངས་ཏེ།  མ་གཅིག་གི་ཞལ་ནས།  ནམ་ལངས་ཉི་མ་ཤར་བ་དང་།  །གོས་དཀར་དྲི་མ་མེད་པ་གྱོན།  །མཁའ་ལ་འཕུར་དང་གྱེན་དུ་འཛེགས།  །རང་ཉིད་ཤི་ནས་རུས་པ་དཀར།  །མཆོད་རྟེན་ལ་སོགས་བསྐོར་བ་བྱེད།  །ཆུར་བརྒལ་གྲུ་ཟམ་འཛུགས་པ་སོགས།  སྡིག་པ་འདག་པའི་ཚར་ཚད་དོ།  །ཞེས་དང་།  གྲོང་ཁྱེར་ལ་སོགས་མེས་ཚིག་དང་།  །ལྡེར་སོ་ལ་སོགས་བཤིག་པ་དང་།  བན་བཙུན་ལ་སོགས་ཐོན་པ་རྣམས།  །གདོན་རྣམས་ཐོན་པའི་ཚར་ཚད་དོ།  །ཞེས་དང་།  ཀ་པཱ་ལ་སོགས་སྣོད་མཆོག་ཏུ།  །བདུད་རྩིའི་ཟས་རྣམས་འདྲེན་པ་དང་།  མི་ཤ་མི་ཀླད་དོན་སྙིང་དང་།  །རིན་ཆེན་སྣ་ལྔ་རྟ་གླང་འབུལ།  །དབང་དུ་འདུ་བའི་ཚར་ཚད་དོ།  །ཕྱག་དང་བསྐོར་བ་སྡོམ་པ་ལེན།  །དམ་ཆོས་གུས་པས་ཉན་པ་དང་།  །མགོ་དང་སྲོག་སྙིང་འབུལ་བ་དང་།  །བཀའ་ཉན་གསུང་སྡོད་ཕྲིན་ལས་བསྒྲུབ།  །ལྷ་མིས་མཆོད་བསྟོད་བཀུར་སྟི་སོགས།  །དམ་པ་ཐོབ་པའི་ཚར་ཚད་དོ།  །ཞེས་གསུངས་ལ།  འདི་དག་ཀྱང་སྡིག་སྒྲིབ་དག་པ་སོགས་དེ་དག་གི་རྟགས་མཚན་བྱུང་བ་ལ་ཚར་ཚད་དུ་བཞག་ལ།  དེ་བཞིན་དུ་མཆོག་གི་དངོས་གྲུབ་ཐོབ་པའི་ཚར་ཚད་ནི།  མི་རོ་བཀྲག་མདངས་དང་ལྡན་པ་ཡིད་དུ་འོང་བའི་ཤ་གསར་བ་ཚིལ་དང་བཅས་པ་དྲི་ཞིམ་པོ་དང་ལྡན་པའི་ཤ་མ་ལུས་པ་ཟོས་ཀྱང་ད་དུང་ཚིམས་པ་མེད་པ་དང་།  མགོ་བོ་སྐྲ་དང་བཅས་པའི་ཀླད་པ་དྲོན་མོ་ཁྲག་དང་འདྲེས་པ་ཟོས་ཀྱང་ཚིམས་པ་མེད་པ་དང་།  ཐོད་རློན་ཁྲག་གིས་བཀང་བ་དང་ཐོད་སྐམ་བདུད་རྩི་དཀར་པོ་རོ་བརྒྱ་དང་ལྡན་པས་བཀང་བ་གཞན་གྱིས་བྱིན་ཏེ་མ་ལུས་པ་བཏུང་བ་དང་།  ལྷའི་བདུད་རྩི་ཡིན་ཟེར་ནས་རིན་པོ་ཆེའི་ཞལ་བུའམ་བུམ་པ་ནས་བྱིན་པ་བཏུང་བ་དང་།  དཔའ་བོ་དཔའ་མོ་ཡིན་ཟེར་ནས་མཁའ་འགྲོའི་ཚུལ་ཅན་གྱིས་བྱང་སེམས་དཀར་དམར་དྲི་ཆེ་ཆུང་ཡིན་ཟེར་བ་བྱིན་ཏེ་རྟོག་པ་མེད་པར་ཟོས་པ་དང་།  མི་རོ་མང་པོ་བརྩེགས་པའི་སྟེང་དུ་ཉམ་ང་མེད་པར་འདུག་པ་དང་།  རི་བོ་མཆོག་རབ་ཀྱི་རྩེར་ཕྱིན་ནས་ཁམས་གསུམ་པོ་ཐམས་ཅད་སྒྲིབ་པ་མེད་པར་ས་ལེར་མཐོང་བ་དང་།  བུད་མེད་གཅེར་བུ་རུས་པའི་རྒྱན་དང་ལྡན་པ་མིག་དམར་པོ་ལྡོག་ནས་ཧུར་བའི་རྣམ་པ་ཅན་གྱིས་ཐོད་པའི་སྣོད་དུ་ཁུ་བ་རཀྟ་དམར་པོ་ཁོལ་ཞིང་ལྦུ་བ་ཕྱུར་བ་བྱིན་ཏེ་ཐེ་ཚོམ་མེད་པར་བཏུང་བས་རྟོག་པ་ཐམས་ཅད་འགགས་ཏེ་མི་རྟོག་ཡེ་ཤེས་རབ་ཏུ་རྒྱས་པས་ཤེས་བྱ་ཐམས་ཅད་མཁྱེན་པ་དང་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ལྟ་བུར་འབྱུང་བ་དང་།  དེ་རྣམས་ཉམས་རྨི་ལམ་དུ་བྱུང་ན་ནི་མཆོག་གི་དངོས་གྲུབ་ཀྱི་ཚར་ཚད་ཡིན་ནོ།  །ཞེས་གསུངས་ཏེ།  དེ་ལྟར་མཆོག་གི་དངོས་གྲུབ་ཐོབ་པའི་རྟགས་མཚན་བྱུང་བ་ན་ཚར་ཚད་དང་།  དེ་དངོས་སུ་ཐོབ་པ་ཆོད་ཚད་ཡིན་ལ།  ཆོད་ཚད་ནི་ཚར་ཚད་རྫོགས་པའི་རྟགས་གསུངས་པའི་ཕྱིར་རོ།  །ཡང་མཆོག་གི་ཚར་ཚད་ཐུན་མོང་མ་ཡིན་པ་ལ།  ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞི་ལས།  བདུད་བཞི་རྟོག་པ་ཅི་བྱུང་ཡང་།  །གང་དུ་བསྟན་ཀྱང་ཡ་ང་མེད།  །ཁྱད་པར་སྣང་སྲིད་ལྷ་འདྲེ་ཡི།  །མགོ་བོ་ཆེམ་ཆེམ་ཟ་བ་དང་།  །སྙིང་ནི་ཙིར་ཙིར་འདོན་པ་ལ།  །ཡ་ང་བག་ཚ་མི་འདུག་ན།  །ཕྱི་ཡི་ཚར་ཚད་ཉིད་དུ་འདོད།  །ཅེས་དང་།  སྙིང་རླུང་སྨྱོ་འབོགས་ལ་སོགས་པའི།  །སེམས་ཀྱི་ཟུག་རྔུ་ཀུན་ཞི་ཞིང་།  །ཁྱད་པར་བསྟོད་སྨད་ལ་སོགས་པར།  །དགའ་དང་མི་དགར་མི་སྐྱེ་ན།  །ནང་གི་ཚར་ཚད་ཉིད་དུ་འདོད།  །ཅེས་དང་།  བླ་མ་སངས་རྒྱས་དངོས་སུ་མཐོང་།  །རང་དབང་མེད་པར་སྙིང་རྗེ་སྐྱེས།  །དྲན་འཛིན་མེད་པར་སྟོང་ཉིད་འཆར།  །རྒྱུ་འབྲས་ཆོས་ལ་ཡིད་ཆེས་ཐོབ།  །ཅི་བྱུང་ཡེ་ཤེས་ཆེན་པོའི་ངང་།  །མཐར་ཐུག་འབྲས་བུའི་ཡོན་ཏན་ཐོབ།  །མཆོག་གི་ཚར་ཚད་ཡིན་པར་འདོད།  །མདོར་ན་དེ་རྣམས་ཐམས་ཅད་ལ།  །རློམ་སེམས་མེད་ན་ཚར་ཚད་ཡིན།  །གསང་བའི་ཚར་ཚད་ཉིད་དུ་འདོད།  །ཅེས་དང་།  སློང་དང་སྙེམས་དང་ཚར་ཚད་གསུམ།  །རང་གི་སེམས་སུ་ཤེས་བྱ་ཞིང་།  །སེམས་ནི་ཡང་དག་བརྗོད་དུ་མེད།  །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད།  །དེ་ཁོ་ན་ཉིད་ཀྱི་ཚར་ཚད་དོ།  །ཞེས་སེམས་ཀྱི་གནས་ལུགས་མཐོང་བ་ལ་གསུངས་སོ།  །དེ་ཡང་ཚར་ཚད་ལས་ཆོད་ཚད་མཆོག་ཡིན་པ་ནི་གོང་སྨོས་བཞིན་མ་གཅིག་གི་གསུང་ལས་ཤིན་ཏུ་གསལ་ལ།  གཞུང་ལ་ལར་དེ་གཉིས་དོན་གཅིག་པར་བྱས་ནས་གང་རུང་རེའི་མིང་གིས་སྨོས་པ་དང་།  ལ་ལར་དེ་གཉིས་ཀྱི་དོན་གོ་བརྗེས་ནས་ཚར་ཚད་མཆོག་ཏུ་བཤད་པའང་སྣང་བས་ན་བྱེ་བྲག་ཕྱེད་པར་བྱ་ལ།  དྲངས་མ་ཐག་པའི་གསང་བ་དང་དེ་ཁོ་ན་ཉིད་ཀྱི་ཚར་ཚད་གཉིས།  དེ་ལྟ་བུའི་རྟོགས་པ་དངོས་སུ་སྐྱེ་བ་ལ་བྱས་པ་འདྲ་བས།  དེ་ལྟ་ན་དེ་གཉིས་ནི་རྣམ་པ་ཀུན་ཏུ་འགལ་བར་ཡང་མི་བཟུང་ལ།  གལ་ཏེ་དེ་གཉིས་ཐ་དད་པའི་དབང་དུ་བྱས་ན།  །གོང་གི་མཆོག་གི་དངོས་གྲུབ་ཀྱི་ཚར་ཚད་ལྟར་དེ་ལྟ་བུའི་ཉམས་བྱུང་བ་ལ་བཞག་ཀྱང་ཆོག་པ་ཡིན་ནོ།  །ཆོད་ཚད་ལ་མཐོང་ལམ་ས་དང་པོ་ཐོབ་པ་ཞིག་དགོས་ཞེས་མ་གཅིག་གི་གསུང་ལས་བྱུང་བ་ཡང་གཙོ་བོའི་དབང་དུ་བྱས་པ་ཡིན་པར་སྣང་ངོ་།  །གཞན་ཡང་གལ་ཆེ་བ་ཚར་ཚད་འདྲ་བའི་སློང་ཚད།  སློང་ཚད་འདྲ་བའི་ཚར་ཚད་ཀྱང་གསུངས་པ་ཤེས་དགོས་ཏེ།  ཁྲག་དང་མི་ནག་ཟས་སྟེར་དང་།  །ལུས་ལ་ཁྲབ་གྱོན་བུ་རམ་སྟེར།  །ཙོང་དང་ལ་ཕུག་ཚྭ་གཡེར་དང་།  །བུ་རམ་ལ་སོགས་ཟས་ངན་སྟེར།  །བུད་མེད་རྒྱན་ལྡན་འགྲོས་ཚུལ་བསྟུན།  །བསླུ་བྲིད་བྱ་ཕྱིར་ཟས་རྣམས་སྟེར།  །ཚར་ཚད་འདྲ་བའི་སློང་ཚད་དོ།  །ཞེས་དང་།  མཛོ་གཡག་བརྡུང་དང་གཅན་གཟན་རྨུག།  གྲི་མཚོན་ལ་སོགས་རྒྱབ་པ་ལས།  །ཁྲག་འཛག་ན་ནི་ཚར་ཚད་དོ།  །ཞེས་སློང་ཚད་འདྲ་བའི་ཚར་ཚད་དུ་གསུངས་པ་དེ་བཞིན།  ཀརྨ་ཆགས་མེད་གསུངས་ཐུགས་སྒྲུབ་གསང་ཁྲིད་ཀྱི་སྐོར་བོགས་འདོན་གཅོད་ཁྲིད་ལས།  ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི།  ཚུར་ལ་མཚོན་རྒྱབ་པ།  རྭ་ཅོས་བརྡུང་བ།  མཆེ་བས་རྨུག་པ།  རང་བསྣད་པ།  ཉེ་དུ་གང་དམར་ཤི་བ།  རང་གི་ཁང་པ་འགྱེལ་བ།  མེ་ལ་ཤོར་བ།  ཟོག་རྩིས་གང་ཆེ་བོར་བ།  དགྲ་ལ་ཤོར་བ།  དུག་ཟོས་པ།  རང་གིས་རང་ཟོས་པ།  ཁྱུང་སྦྲུལ་ཉས་རང་མིད་པ་དང་།  རང་ལུས་རྡུལ་བཞིན་གཏོར་བ།  རང་གི་སྙིང་རང་གིས་ཟོས་པ།  གཞན་གྱི་གློ་སྙིང་རང་ལ་སྦྱིན་པ་རྣམས་ཆོ་འཕྲུལ་འདྲ་ཡང་ཚར་ཚད་དོ།  །ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི།  བུད་མེད་རིགས་མི་འདྲ་བ་མང་པོས་བཀུར་སྟི་བྱེད་པ་དང་།  གནོད་སྦྱིན་མང་པོའི་བཀུར་སྟི་བསུ་སྐྱེལ་བྱེད་པ་དང་།  ཞྭ་ནག་པོ་དང་སྔོན་པོ་གྱོན་པ་དང་།  གདན་སྔོན་པོ་དང་ནག་པོ་བཏིང་བ།  གོས་སྔོན།  ཁྲབ་གོས་ནག།  བལ་ནག་སྦང་མ་ཚྭ་གཡེར་ཤ་ཁྲག་རློན་པ་དང་ཤ་བཙོས་མ་ཕུལ་བ་དང།  སྒོག་པ་དང་སྔོ་ཚོད་ཟོས་པ།  གྲོ་དང་རམ་པ་མོན་བུ་མར་ནག་ལྕགས་སྤྱད་བུ་རམ་ནག་པོ་ལ་སོགས་སྦྱིན་པ་དང་།  གོས་དམར་གསར་པ་གྱོན་པ།  མེ་ཏོག་དམར་པོའི་གླིང་དུ་ཕྱིན་པ་སོགས་རྣམས་མགོ་གཡོགས་ཡིན།  ཅེས་གསུངས་ཏེ།  ཟས་དེ་དག་སྟེར་བ་དང་།  གུས་པར་བྱེད་པ་ཚར་ཚད་འདྲ་ཡང་ཟས་ངན་པའི་རིགས་ཕལ་ཆེར་བསླུ་བྲིད་ཡིན་པས་སློང་ཚད་དང་།  གྲི་མཚོན་གྱིས་རྒྱབ་པ་སོགས་ནི་གནོད་པར་བྱེད་པ་སློང་ཚད་འདྲ་ཡང་སྡིག་སྒྲིབ་དག་པའི་རྟགས་དང་།  གཅེས་ནོར་དགྲ་ལ་ཤོར་བ་དང་།  སྙིང་བཏོན་པ་གཅེས་འཛིན་བོར་བའི་ལྟས་ཡིན་པས་ཚར་ཚད་དང་།  དངོས་སུའང་འབུལ་བ་སྙད་མེད་པ་བྱུང་ན་ཆོད་རྟགས་དང་།  ཟས་ནོར་སྐྱོན་ཅན་བྱུང་ན་མ་ཆོད་པར་གསུངས་ཏེ་འདི་ནི་རྟེན་འབྲེལ་ལེགས་ཉེས་ཀྱི་དབང་ཡིན་ལ།  རྨི་རྟགས་བཟང་ཡང་ཡིད་མི་བདེ་ན་མ་ཆོད།  རྨི་ལྟས་སུ་ཚར་ཚད་བརྡ་ཙམ་བྱུང་ནས་ཡིད་བདེ་ན་ཆོད་རྟོགས་སུ་གསུངས།  ཁྱད་པར་དུ་གནད་མི་འཆུག་པའི་གཟེར་བུ་ལྟ་བུ་ནི།  བཟང་ངན་གང་ཡིན་དཔྱད་མི་ཚུགས་པ་བཟང་རྟགས་འདྲ་ཡང་རང་གི་ཤེས་རྒྱུད་ལ་བརྟགས་ན་ང་རྒྱལ་དང་འདྲེས་པའི་དགའ་བྲོད་ཟིང་ངེ་བ་དང་བཅས་པའམ།  རྙེད་བཀུར་སོགས་ལ་ཞེན་པ་དང་སེམས་རྒྱུད་འཁྲུགས་པ།  དག་སྣང་དང་མོས་གུས་ཆུང་དུ་སོང་ན་ནི་ཚར་ཚད་མིན་ལ།  དེ་ལྟར་མ་ཡིན་པར་ཤེས་རྒྱུད་དུལ་ལ་དད་པ་དང་དག་སྣང་ཆེ་བ།  སྙིང་རྗེ་དང་ཏིང་འཛིན་དང་རྟོགས་པ་ལ་བོགས་བྱུང་བ་དགའ་ཙམ་ཡོད་ཀྱང་སེམས་རང་བཞིན་གྱིས་བབ་ཆགས་པ་ལྟ་བུ་ཁེངས་སེམས་དང་སྙན་གྲགས་སོགས་ལ་རེ་བ་མེད་ན་ནི་ཚར་ཚད་ཡིན་པས་རང་གི་ཉམས་ཀྱི་སྟེང་ནས་ཕྱེ་བ་ནི་ཤིན་ཏུ་གཅེས་པ་ཡིན་ནོ།  །གཉིས་པ་གནད་བསྡུ་བ་ནི།  མ་གཅིག་གི་ཞལ་ནས།  ཕྱི་སློང་བདུད་ཀྱི་ཆོ་འཕྲུལ་འབྱུང་།  །ནང་སློང་ལུས་ཀྱི་ན་ཚ་འབྱུང་།  །གསང་སློང་སེམས་ཀྱི་ཟུག་རྔུ་འབྱུང་།  །ཞེས་གསུངས་པ་ལྟ་བུ་ནི་སློང་ཡིན་པར་གོ་ལ།  དེ་དག་བྱུང་བ་ན་དེས་བར་ཆད་བྱེད་མི་ཐུབ་པར་གཅོད་ཀྱི་ཉམས་ལེན་གྱི་སྒོ་ནས་ཞི་བར་གྱུར་པ་དང་།  གཞན་ཡང་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་སྟོབས་ཚད་གང་ཡང་རུང་བ་འཁྲུལ་མེད་དུ་བྱུང་བ་ནི་ཚར་ཚད་དང་།  གཞན་ལྷ་འདྲེའི་རྒྱུད་དུལ་ཞིང་ཆོས་སྒོར་ཚུད་པ་དང་།  རང་ལ་བྱམས་སྙིང་རྗེ་དང་།  སྟོང་ཉིད་རྟོགས་པའི་ལྟ་བ་ལ་སོགས་པ་ཉམས་རྟོགས་ཁྱད་པར་ཅན་སྐྱེས་ན་ཆོད་ཚད་ཡིན་པར་ཤེས་པར་བྱའོ།  །དེ་ལྟར་ན་ཚར་ཚད་ནི་གནས་སྐབས་སློང་དང་ཆོ་འཕྲུལ་གང་ཡིན་དེས་མི་ཚུགས་པའི་གཉེན་པོའི་བྱ་བ་རྫོགས་ཚར་བ་ཙམ་དང་།  ཆོད་ཚད་ནི་མི་མཐུན་ཕྱོགས་དེ་དག་སླར་མི་འབྱུང་བའི་ཚུལ་དུ་རྒྱུན་ཆགས་པ་ལྟ་བུ་ཞིག་གི་སྟེང་ནས་གོ་དགོས་སོ།  །གསུམ་པ་དེ་སྟོན་པའི་རྣམ་ཐར་དང་སྦྱར་བ་ནི།  དཔེར་ན་རྒྱལ་བུ་དོན་གྲུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ན་བདུད་ཀྱི་དམག་ཚོགས་བྱུང་བ་ནི་སློང་དང་།  བྱམས་པའི་ཏིང་ངེ་འཛིན་ནི་གཅོད་ཡིན་ལ།  དེ་ལ་བརྟེན་ནས་བདུད་ཀྱིས་མ་ཚུགས་པ་ནི་ཚར་ཚད་དང་།  གུས་པས་བསྟོད་ཅིང་སྐྱབས་སུ་སོང་བ་ནི་ཆོད་ཙད་བྱུང་བའི་དོན་ཡིན་ནོ།  །དེ་བཞིན་སློབ་ལམ་དུའང་དཔེར་ན་ཡུལ་ཤི་བིའི་རྒྱལ་པོ་སྦྱིན་པའི་སྙིང་སྟོབས་ཆེར་འཕེལ་བ་ན།  བརྒྱ་བྱིན་གྱིས་བྲམ་ཟེ་ལོང་བར་སྤྲུལ་ཏེ་མིག་སློང་བ་ནི་སློང་ཡིན་ལ།  དེ་ལ་ཞུམ་པ་ཅུང་ཟད་མེད་པར་འཇུག་པའི་སྙིང་རྗེ་དང་བརྩོན་འགྲུས་སོགས་ཀྱི་བློ་སྟོབས་ནི་གཅོད་དང་།  སྦྱིན་པ་ཉམས་པའི་རྐྱེན་དུ་མི་འགྲོ་བར་མ་ཟད་མིག་སྦྱིན་ཏེ་སྦྱིན་པའི་ཕར་ཕྱིན་གོང་དུ་འཕེལ་བ་ནི་ཚར་ཚད་དང་།  བརྒྱ་བྱིན་གྱིས་མིག་སླར་གསོས་པ་ནི་ཆོད་ཚད་ཡིན་ནོ།  །དེ་བཞིན་དུ་སྐྱེས་རབས་ཀྱི་ཚུལ་གཞན་ལའང་ཅི་རིགས་པར་སྦྱར་བར་བྱ་སྟེ་འདི་ནི་མཁས་པའི་གསུང་ལས་བྱུང་བའི་ལེགས་བཤད་དོ།  །ལྔ་པ་དེའི་བྱེ་བྲག་བདུད་བཞིའི་ངོས་འཛིན་བསྟན་པ་ནི།  ཐུན་མོང་གཞུང་ལུགས་སྤྱི་ནས་བྱུང་བའི་བདུད་བཞི་དང་།  ཐུན་མོང་མ་ཡིན་པ་གཅོད་ལུགས་ཀྱི་བདུད་བཞི་བཤད་པ་གཉིས་ལས།  དང་པོ་ནི།  ཕུང་པོའི་བདུད་དང་།  འཆི་བདག་གི་བདུད་དང་།  ཉོན་མོངས་པའི་བདུད་དང་།  ལྷའི་བུའི་བདུད་དང་བཞི།  དང་པོ་ཕུང་པོའི་བདུད་ནི།  རང་རྒྱུད་ལས་དང་ཉོན་མོངས་པའི་དབང་ལས་བྱུང་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ཡིན།  གཉིས་པ་འཆི་བདག་གི་བདུད་ནི།  རང་དབང་མེད་པར་སྲོག་གི་དབང་པོ་འགགས་པའི་ཆ་དེ་ཡིན།  གསུམ་པ་ཉོན་མོང་པའི་བདུད་ནི།  ཉོན་མོངས་དུག་ལྔ་དུག་གསུམ་ལ་སོགས་པ་རྣམས་ཡིན།  བཞི་པ་ལྷའི་བུའི་བདུད་ནི།  གཞན་འཕྲུལ་དབང་བྱེད་ན་ལྷའི་བུ་དགའ་རབ་དབང་ཕྱུགས་ཟེར་བ་འདོད་ཁམས་ཀྱི་དབང་ཕྱུག་ཡོད་པ་དེ་ཡིན།  །དེའང་རགས་པའི་ངོས་འཛིན་ཙམ་ཡིན་ནོ།  །གཉིས་པ་ཐུན་མོང་མ་ཡིན་པའི་བདུད་བཞི་ལ་མདོར་བསྟན་པ་དང་།  རྒྱས་པར་བཤད་པ་གཉིས་ལས།  དང་པོ་ནི།  ཐོགས་བཅས་ཀྱི་བདུད་དང་།  ཐོགས་མེད་ཀྱི་བདུད་དང་།  སྙེམས་བྱེད་ཀྱི་བདུད་དང་།  དགའ་བྲོད་ཀྱི་བདུད་དང་བཞིའོ།  །དང་པོ་ཐོགས་བཅས་ཀྱི་བདུད་ནི།  ཕྱི་རོལ་གྱི་དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱ་དང་།  མེ་ཆུ་གཡང་ས་དང་།  མཚོན་ཆ་དང་དུག་དང་གཅན་གཟན་ལ་སོགས་པ་ཡིན།  གཉིས་པ་ཐོགས་མེད་ཀྱི་བདུད་ནི།  དེ་ལ་སྒོ་སྣ་ཚོགས་ནས་རྟོག་པའི་ཡིད་ཀྱི་རྣམ་རྟོག་དང་།  ཉོན་མོངས་མི་ཁ་གཤེ་སྐུར་ངོ་ཚ་སྐྱུག་བྲོ་ཆོས་བརྒྱད་ཀྱི་རྟོག་པ་དང་།  ལྷ་འདྲེའི་ཆོ་འཕྲུལ་ལ་སོགས་པ་རྣམས་ཡིན།  གསུམ་པ་སྙེམས་བྱེད་ཀྱི་བདུད་ནི།  བདག་ཏུ་འཛིན་པ་དང་དེའི་ཀུན་ནས་བསླང་བའི་ཕན་གནོད་རེ་དོགས་སུ་འཛིན་པའི་རྣམ་པར་རྟོག་པ་རྣམས་ཡིན།  བཞི་པ་དགའ་བྲོད་ཀྱི་བདུད་ནི།  རང་རྒྱུད་ལ་ཡོན་ཏན་སྐྱེས་པ་དང་།  གཞན་གྱི་ནད་གདོན་སོགས་ལ་ཕན་ཐོགས་པའི་ནུས་པ་ཐོབ་པ་དང་།  ལོངས་སྤྱོད་དང་སྙན་གྲགས་སོགས་བྱུང་བས་ཡིད་ཁེངས་ཤིང་སེམས་མ་ཞི་བའི་རྣམ་པ་དགའ་བྲོད་བྱེད་པ་དེ་ཡིན་ནོ།  །ལས་དང་པོ་པ་ལ་དགའ་བྲོད་དང་།  སྙེམས་ཅུང་ཟད་དགོས་པས་དེ་དག་བདུད་དུ་མི་འགྱུར་ཞེས་གསུངས་པ་ཡོད་ཀྱང་།  འདིར་ནི་ཉོན་མོངས་པའི་སླད་ཞུགས་པའི་དབང་དུ་བྱས་ནས་སྤང་བྱར་བཞག་ནའང་ཆོག་ཅིང་།  སྙེམས་བྱེད་གཟུང་འཛིན་གྱི་རྟོག་པ་ཕྲ་མོ་ཤེས་སྒྲིབ་ཀྱིས་བསྡུས་པའང་ཡོད་པས་ཅུང་ཟད་དཔྱད་དགོས་པ་མང་ཡང་མ་བྲིས་སོ།  །གཉིས་པ་རྒྱས་པར་བཤད་པ་ལ་གཉིས།  མ་གཅིག་གི་གསུང་ལས་བྱུང་བ་དང་།  ཁྲིད་གཞུང་ལས་ཇི་ལྟར་བསྟན་པའོ།  །དང་པོ་ནི།  གངས་པ་རྨུག་སངས་ཀྱི་མ་གཅིག་ལགས།  བདུད་ཅེས་བྱ་བའི་དོན་གྱི་ཁྱད་པར་ཇི་ལྟར་ལགས་ཞུས་པའི་ལན་དུ་མ་གཅིག་གི་ཞལ་ནས།  བུ་ཉོན་དང་བདུད་ཀྱི་མཚན་ཉིད་འདི་ལྟར་ཡིན།  བདུད་ཅེས་པ་གཟུགས་ཆེ་ཞིང་ཁ་དོག་ནག་པོ་གང་གིས་མཐོང་ཡང་འཇིགས་ཤིང་ཡ་ང་བ་ཅན་ཞིག་དངོས་སུ་ཡོད་པ་མ་ཡིན་ནོ།  །བདུད་ཅེས་བྱ་བ་ནི་ཐར་པ་སྒྲུབ་པའི་གེགས་སུ་གྱུར་པ་གང་ཡིན་པ་དེ་ནི་བདུད་ཡིན།  དེས་ན་བརྩེ་ཞིང་གདུང་བའི་གཉེན་བཤེས་ཀྱང་ཐར་པའི་བདུད་དུ་འགྱུར་ཞིང་།  ཁྱད་པར་སྙེམས་བྱེད་བདག་འཛིན་འདི་ལས་གེགས་ཆེ་བའི་བདུད་མེད་པས་འདི་མ་ཆོད་བར་དུ་བདུད་ཐམས་ཅད་ཁ་ལྡང་བ་ཡིན་ཅིང་།  དེའི་ཕྱིར་བདག་འཛིན་གྱི་བདུད་གཅོད་པའི་ཐབས་ལ་མཁས་ཤིང་བརྩོན་དགོས།  དེའི་ཞོར་ལ་སྙེམས་བྱེད་དམ་བདག་འཛིན་ལས་སྐྱེས་པའི་བདུད་གསུམ་ཀའང་གཅོད་དགོས་པས།  དེ་ལ་བཞི་སྟེ་མིང་དུ་གདགས་ན།  ཐོགས་བཅས་བདུད་དང་ཐོགས་མེད་བདུད།  །དགའ་བྲོད་བདུད་དང་སྙེམས་བྱེད་བདུད།  །ཅེས་སྙེམས་བྱེད་བདག་འཛིན་གྱི་བདུད་དང་བཞིའོ།  །དེ་ཡང་ཐོགས་བཅས་ཀྱི་བདུད་ཅེས་པ་ནི།  མིག་གིས་གཟུགས་མཐོང་སྟེ་གཟུགས་བཟང་པོ་ལ་ཆགས་པ་སྐྱེས།  གཟུགས་ངན་པ་ལ་སྡང་སེམས་སྐྱེས།  དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་།  དེ་རྣམས་ཀྱི་དབང་པོའི་ཡུལ་དུ་སྣང་བའི་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིས་བཟང་པོ་ལ་ཆགས་ཤིང་།  ངན་པ་ལ་སྡང་སེམས་སྐྱེས་པ་དེ་ལ་ཆགས་སྡང་གཉིས་སུ་བཟུང་བའི་བདུད་ཟེར་ཏེ།  དབང་པོའི་ཡུལ་དུ་དངོས་སུ་ཡོད་པ་ལ་ཆགས་ཤིང་སྡང་བས་དངོས་སུ་དབང་པོ་ཐོགས་པས་རྐྱེན་བྱས་ནས་སེམས་ཅན་ལ་གནོད་པས་འཁོར་བར་འཆིང་བའི་རྒྱུ་བྱས་པའི་ཕྱིར་བདུད་ཟེར་བ་ཡིན་པ་དང་།  དངོས་སུ་ཡོད་པའི་ཡུལ་བཟང་ངན་ལ་ཐོགས་ནས་བདུད་བྱེད་པས་ཐོགས་བཅས་ཀྱི་བདུད་ཅེས་བྱའོ།  །དེ་བས་ན་བཟང་ངན་གང་ལ་ཆགས་ཤིང་ཞེན་པ་དེ་བདུད་ཡིན་པས་གང་ལའང་ཆགས་ཞེན་སྤང་བར་བྱ་སྟེ།  དེ་ཡང་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་སྟོང་པ་ཡིན་པས།  །བུ་གཟུགས་དེ་ཡང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་ན་གཟུགས་ལ་ཆགས་པ་དང་སྡང་བ་མེད་པར་རང་བཞིན་གྱི་སྟོང་པ་ཉིད་བསྒོམ་པར་བྱའོ།  །གཟུགས་སུ་སྣང་བ་དེ་དགག་ཏུ་མུ་བཏུབ་པ་ཡིན་ཏེ་བདེན་པར་ཡང་མ་བཟུང་སྣང་ཙམ་སྟེ།  སྣང་ཙམ་དེ་ལ་ཞེན་པ་སྤངས་པས་གཟུགས་ལས་གྲོལ་ལོ་རིགས་ཀྱི་བུ།  དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱང་དེ་བཞིན་ནོ།  །ཡིད་ལ་ཟུངས་ཤིག་དང་ཐོགས་བཅས་ཀྱི་བདུད་ཀྱི་ཡིན་ཚུལ་དང་།  ཐོགས་བཅས་བདུད་ལས་གྲོལ་ཚུལ་དེ་ལྟར་ཡིན་ནོ་རིགས་པ་ཅན།  བུ་ཉོན་དང་ཐོགས་མེད་བདུད་ནི་འདི་ལྟར་འབྱུང་བས་མ་ཡེངས་པར་ཡིད་ལ་ཟུངས་ཤིག།  ཐོགས་མེད་ཀྱི་བདུད་བྱ་བ་ནི་དབང་པོའི་ཡུལ་དུ་དངོས་སུ་མི་སྣང་ཡང་།  རང་གི་ཡིད་ལ་བཟང་ངན་གྱི་རྟོག་པ་གང་དང་གང་སྐྱེས་པ་དེ་ལ་འདྲེ་ཞེས་པའི་འཇིགས་སྣང་བཟུང་བས་ཡ་ང་བ་དང་།  ལྷ་ཞེས་པའི་དག་སྣང་བཟུང་བས་བག་དྲོ་ཞིང་ཉམས་དགའ་བ་སྐྱེས་ཏེ།  དེ་ལྟར་བཟང་ངན་གྱི་རྟོག་པ་གཉིས་ཡིད་ལ་བཟུང་བས་དེའི་རྐྱེན་གྱིས་ཉོན་མོངས་པ་ཅན་དུ་འགྱུར་ཞིང་།  ཉོན་མོངས་དེ་ལ་དངོས་སུ་ཐོགས་པ་མེད་ཀྱི་དངོས་པོའི་ཡུལ་དུ་གྲུབ་པ་མེད་ཀྱང་།  མི་དགེ་བའི་ལས་ལ་འཆོར་བར་བྱེད་པའི་གནོད་པ་ངེས་པར་བྱེད་ནུས་པས་བདུད་ཅེས་བྱ་སྟེ།  དེ་ཡང་དངོས་སུ་གྲུབ་པ་མེད་ཅིང་དངོས་སུ་ཐོགས་པའང་མེད་པའི་ཕྱིར་ན་ཐོགས་མེད་ཀྱི་བདུད་ཟེར་བ་ཡིན་པས།  དེ་བས་ན་ལྷ་ཞེས་པའི་བཟང་པོ་དང་།  འདྲེ་ཞེས་པའི་ངན་པ་དང་།  ཡོན་ཏན་གཉིས་སུ་འཛིན་པའི་སེམས་ཉིད་དེ་ལ་གཞི་གདོད་མ་ནས་དངོས་པོར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་ན་གཞི་མེད་རྩ་བྲལ་སྟོང་པ་ཉིད་དུ་ཤེས་པར་བྱ་ལ།  བྱུང་ཚོར་ལ་སོགས་པ་ཡིད་ལ་འཆར་བ་རྣམས་ནི་འགོག་པར་མི་བྱེད་ལ།  བཟང་ངན་གྱི་རྟོག་པ་སྣ་ཚོགས་པ་ཅི་བྱུང་ཡང་འགོག་པར་མི་བྱེད་དེ།  དེ་ལ་འདུ་ཤེས་ཀྱང་འཇུག་པར་མི་བྱེད་ཅིང་དྲན་རྟོག་ཅི་ཤར་ཡང་ཡིད་ལ་བརྟེན་ཅིང་རྟོག་པས་བཟུང་བར་མི་བྱེད་དེ།  སེམས་ཉིད་ཀློང་ཆེན་རང་བཞིན་གསལ་བ་ལས་དྲན་རྟོག་ཅིར་ཡང་འཆར་བ་ནི།  དཔེར་ན་རྒྱ་མཚོར་གཡོ་མཁན་མེད་ཀྱང་རྦ་རླབས་སོགས་འབྱུང་བ་བཞིན་དུ།  ཡིད་ལ་རྟོག་པ་བཟང་ངན་ཅི་ཡང་འཆར་བ་ལ་བཅས་བཅོས་མི་བྱེད་པར་བཞག་ན་ཐོགས་མེད་བདུད་ཟིལ་གྱིས་གནོན་པར་འགྱུར།  ཡིད་ཀྱི་གཟུང་འཛིན་སྤངས་ནས་ལུས་སེམས་གཡོ་བ་མེད་པར་རང་སར་ལྟོད་དེ་བཞག་པས་ཐོགས་མེད་ཀྱི་བདུད་རང་སར་གྲོལ་བ་ཡིན་ནོ།  །རིགས་ཀྱི་བུ་དགའ་བྲོད་ཀྱི་བདུད་བྱ་བ་ནི།  རང་གི་ཡིད་ལ་ཆགས་ཤིང་དེ་ལ་དགའ་ཞིང་བྲོད་དེ་ཡིད་ཀྱི་སྤྲོ་བ་ཆེན་པོ་སྐྱེས་བ་ལ་ཟེར།  དེའི་རྒྱུ་ནི་འཇིག་རྟེན་གྱི་རྙེད་བཀུར་སྙན་གྲགས་ཕུན་སུམ་ཚོགས་པ་དང་།  འཁོར་མང་པོ་འདུ་བ་དང་།  ཡི་དམ་ལྷའི་ཞལ་མཐོང་བ་དང་།  ངག་ནུས་ཀྱི་འདྲེ་གདོན་ཐུལ་ཞིང་ན་ཚ་ཟུག་རྔུ་ཞི་བར་བྱེད་པ་དང་།  ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་དང་།  རྨི་ལམ་རྣོ་ཞིང་མངོན་ཤེས་འཆར་བ་དང་།  ལུས་ངག་ཡིད་གསུམ་ལ་བདེ་བ་དང་ནུས་པ་འབར་བ་དང་།  ལྷ་འདྲེ་མི་གསུམ་རང་དབང་མེད་པར་འདུ་ཞིང་ཟས་ནོར་ལོངས་སྤྱོད་ཕུལ་ནས་བཀུར་སྟི་ཞབས་ཏོག་དཔག་མེད་འབྱུང་བ་དང་།  དེ་རྣམས་ལ་དགའ་ཞིང་བྲོད་ནས་དྲེགས་པ་ཆེན་པོ་དང་།  ང་རྒྱལ་བྱས་པས་ཐར་པའི་ལམ་གྱི་བར་ཆད་དུ་འགྱུར་བས་དེ་ལ་དགའ་བྲོད་ཀྱི་བདུད་མིང་བཏགས་པ་ཡིན་པས།  དེས་ན་ཡོན་ཏན་ཅི་བྱུང་ཅི་ཤར་ཡང་སྣང་སེམས་གཉིས་སུ་མེད་པའི་ངོ་བོར་དེ་རྣམས་ལ་ཡོན་ཏན་དུ་མི་བཟུང་ཞིང་།  དགའ་ཞིང་བྲོད་པའི་བློ་དང་བློའི་ཡུལ་དུ་གྱུར་པ་དེ་རྣམས་རྟག་པ་དང་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པའི་ཕྱིར།  ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པར་བྱས་ཤིང་།  རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་ཞིང་།  རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་ལེན་ཅིང་།  ཡོན་ཏན་ཐམས་ཅད་ལ་རློམ་པར་བྱེད་པའི་སེམས་དང་།  དེའི་ཡུལ་དང་བཅས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ།  །དེ་ལྟ་བུའི་སྟོང་ཉིད་མཐའ་བྲལ་ཆེན་པོའི་ངང་དུ་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་ཞིང་།  རྨི་ལམ་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་ནས།  རྨི་ལམ་སྒྱུ་མ་ལྟ་བུའི་དགའ་བྲོད་ཀྱི་བདུད་ཆོད་ནས།  རྨི་ལམ་སྒྱུ་མ་ལྟ་བུའི་འགྲོ་དོན་འབྱུང་བ་ཡིན་ནོ་རིགས་ཀྱི་བུ།  སྙེམས་བྱེད་ཀྱི་བདུད་ཅེས་པ་ནི་བདུད་གསུམ་ཀའི་རྩ་བ་སྙེམས་ལ་ཐུགས་པས།  སྙེམས་ཀྱི་རྩ་བ་གཅོད་པ་ཤིན་ཏུ་གལ་ཆེ་སྟེ།  དེ་ཡང་སྙེམས་ཞེས་པ་ནི་བདག་འཛིན་ལ་ཟེར་ཏེ།  འཁོར་བར་འཁྱམས་པའི་རྒྱུ་ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་གྱིས་བྱས་ནས་ཐར་པ་ཐོབ་ཏུ་མི་སྟེར་བའི་བདུད་བྱས་པའི་ཕྱིར་སྙེམས་བྱེད་ཀྱི་བདུད་དམ་བདག་འཛིན་གྱི་བདུད་ཟེར་བ་ཡིན་ཅིང་།  བདག་མེད་པ་ལ་བདག་ཏུ་བཟུང་བས་སེམས་ཉོན་མོངས་ཅན་དུ་སོང་ནས་སེམས་ལ་བཟང་ངན་གང་ཤར་ཐམས་ཅད་རྟོག་པས་བཟུང་ཞིང་བདེན་འཛིན་བྱས་པ་ལ་སྙེམས་ཟེར་ཏེ།  དེ་ཡང་ཡུལ་དང་ཡུལ་ཅན་ཅེས་པའམ།  ང་དང་ངར་འཛིན་པའི་ཕྱི་ནང་གི་ཆོས་ཐམས་ཅད་བདེན་པར་གྲུབ་པ་མེད་པར་རང་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱས་པས་བདེན་འཛིན་གྱི་རྩ་བ་ཡུལ་ནས་ཐོན་ཏེ།  བཟང་ངན་གྱི་རྟོག་པ་ལ་སྙེམས་མི་ཤོར་ནས་ཡིད་བྱེད་དང་ཡིད་སྨོན་བྱེད་པའི་བློའི་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་ནས།  བློ་བཏགས་པ་ཅན་མ་ཡིན་པའི་བུན་ནེ་བ།  ངར་འཛིན་ཞིག་པའི་བློ་འབོལ་ལེ་ཤིག་གེ་བ།  ཉོན་མོངས་པའི་རྐྱེན་གྱིས་གཡོ་མི་ནུས་པའི་སང་ངེ་བ།  ཕྱི་ནང་གི་འཛིན་པ་དང་བྲལ་བའི་ཤེས་པ་ས་ལེ་བ།  གང་ལའང་ཆགས་པ་མེད་པའི་རིག་པ་ཧྲིག་གེ་བ།  བདེན་འཛིན་གྱི་ཉམས་དང་བྲལ་བའི་བདེན་མེད་ནམ་མཁའ་ལྟ་བུའི་དོན་དང་མཇལ་བ་ནི་སྙེམས་བྱེད་ཀྱི་བདུད་ཆོད་པ་ཡིན་ལ།  བདུད་ཆོད་ན་དེ་ལས་བྱུང་བའི་བདུད་ཐམས་ཅད་ཆོད་པ་ཡིན་ནོ།  །དེས་ན་བདག་ཡོད་ཙ་ན་བདུད་ཀྱང་ཡོད།  བདག་མེད་ཙ་ན་བདུད་ཀྱང་མེད་པས།  བདག་མེད་པ་ལ་གཅོད་བྱའི་ཡུལ་མེད་པས་འཇིགས་པ་མེད་ཅིང་ཡ་ང་བ་མེད་ལ།  མཐའ་དང་བྲལ་བའི་རིག་པ་ཡེ་ཤེས་དེ་ནི་བྱ་བ་ཐམས་ཅད་ལ་བློ་གྲོས་རྒྱས་ནས་བདུད་བཞི་ལས་གྲོལ་བའི་འབྲས་བུ་བྱ་བ་ཡིན་ཏེ།  དེ་ཡང་བདུད་བཞིའི་རྣམ་གྲངས་ཡིན་ཚུལ་དང་བདུད་བཞི་གཅོད་པས་རང་སར་གྲོལ་ནས་མཐར་ཐུག་གི་འབྲས་བུ་ཐོབ་ལུགས་ཀྱི་དབྱེ་བ་ཉུང་ངུར་བཤད་པའི་ཚིག་དོན་འདི་བུ་ལས་འཕྲོ་ཅན་གྱི་གངས་པ་དང་།  གཞན་ཡང་སྐལ་ལྡན་རྣམས་ཀྱིས་ཡིད་ལ་ཟུངས།  བརྩོན་འགྲུས་མྱུར་པོས་དང་དུ་ལོངས་ལ་གཞན་ཕན་གྱི་སེམས་བརྒྱ་བསྐྱེད་ཅིག་ཨང་།  ཞེས་གསུངས་ཤིང་།  གཞན་ཡང་ལམ་གང་གི་སྐབས་སུ་བདུད་དུ་འགྱུར་བ་སོགས་ཀྱི་རྣམ་བཞག་ཀྱང་གསུངས་མོད་འདིར་མ་བྲིས་ལ་།  སློང་དང་བདུད་བཞིའི་ཚུལ་འདི་དག་གཅོད་བྱེད་པ་རྣམས་ལ་ཤིན་ཏུ་གལ་ཆེ་ཞིང་མ་གཅིག་གི་གསུང་ཉིད་ཤིན་ཏུ་གསལ་ཞིང་བྱིན་རླབས་ཆེ་ཕྱིར་ཚིག་ཚོགས་ཅུང་མང་ཡང་སོར་བཞག་དུ་དྲངས་པའོ།  །གཉིས་པ་གཞུང་ནས་བསྟན་པའི་ཚུལ་ལ་གཉིས།  དངོས་དང་།  དེས་བསླུ་བྲིད་འབྱུང་ཚུལ་སྔོན་བྱུང་གི་དཔེས་བསྟན་པའོ།  །དང་པོ་ལ་དགའ་བྲོད་ཀྱི་བདུད་ལའང་།  ཐོགས་བཅས།  ཐོགས་མེད་གཉིས་ལས།  ཐོགས་བཅས་ནི།  གཞན་གྱི་བཀུར་བ་བསྟོད་པ་འཁོར་དུ་འདུ་བ་སྦྱིན་བདག་བྱས་ནས་ཟས་ནོར་ཆེན་པོ་འབུལ་བ་དང་དད་མོས་མཆོད་གནས་བཀུར་བ་སོགས་བཟང་པོ་མཛེས་བྱེད་ཀྱི་གཟུགས་སྣང་མངོན་དུ་འབྱུང་བ་ནི་ཐོགས་བཅས་ཡིན་ནོ།  །དེ་ལ་དགའ་བ་དང་མགུ་བ་ལ་སོགས་པའི་རྣམ་རྟོག་ལྷག་ལྷག་སྐྱེ་བ་སློང་ཚད་དེ།  དངོས་གྲུབ་དང་རྟེན་འབྲེལ་གྱི་མཚན་མ་བཟང་པོར་ཁྱེར་ནས་དགའ་བདེ་མགུ་བྲོད་མངོན་ཞེན་ཡང་ཡང་འཐས་ན་དབང་དུ་སོང་བ་ཡིན།  དགའ་བྲོད་སྐྱེས་མ་ཐག་ཏུ་རྨི་ལམ་དང་སྒྱུ་མ་ལྟ་བུར་བདེན་མེད་ཀྱི་མཚང་བཙལ་ནས་ཞེན་པ་དུག་བཞིན་བཅད་ན་ཆོད་པ་ཡིན།  ཐོགས་མེད་ནི།  རྒྱུ་རྐྱེན་གང་གིས་མ་བསྐྱེད་པར་བདག་གི་གནས་ཁང་དང་སྦྲ་ཡང་བཟང་།  ལོངས་སྤྱོད་རྣམས་ཀྱང་ལེགས།  རིགས་དང་རུས་ཀྱང་བཟང་།  ཕུ་ནུ་དང་ཉེ་འབྲེལ་ཡང་མང་སྟེ་བཟང་།  བདག་ཀྱང་ལུགས་གཉིས་ཀའི་བཟང་པོ་ཡིན་བསམ་ནས་ལུས་ངག་ཡིད་གསུམ་དགའ་ལྷང་ངེར་འགྲོ་ན་སློང་བ་ཡིན།  དེ་དང་དེར་ཡང་ཡང་ཞེན་ཅིང་ཆགས་པའི་ངང་ཚུགས་སུ་འཐས་ན་དབང་དུ་སོང་བ་ཡིན།  འདི་ཙམ་དུ་མ་ཟད་གཞན་ཡང་དཔེས་བསྟན་པ།  བསླུ་རྐྱེན་ནི་མ་ངེས་ཏེ།  ལ་ལ་ནི་ནོར་གྱིས་བསླུ།  ལ་ལ་ནི་ཟས་ཀྱིས་བསླུ།  ལ་ལ་ནི་གོས་ཀྱིས་བསླུ།  ལ་ལ་ནི་ཚོང་ཁེ་དང་རྐུན་ཇག་གིས་བསླུ།  ལ་ལ་ནི་བུད་མེད་ལ་ཆགས་བརྩེས་བསླུ།  ལ་ལ་ནི་རྫུན་དང་གཡོ་སྒྱུས་བསླུ།  ལ་ལ་ནི་ཕ་མ་དང་རྩ་ལག་གིས་བསླུ།  ལ་ལ་ནི་དཀོར་གྱིས་བསླུ།  ལ་ལ་ནི་དགྲ་འདུལ་གཉེན་སྐྱོང་གི་སེམས་ཀྱིས་བསླུ།  བསླུ་བྱེད་དེ་དག་ཐམས་ཅད་དགའ་བྲོད་ལྷའི་བུའི་བདུད་ཀྱི་ཆོ་འཕྲུལ་དུ་ངེས་ཏེ།  དེའང་བསླུ་བ་གང་ལ་འབྱུང་ན་ཆོས་ལ་རྩེ་གཅིག་ཏུ་མོས་ཤིང་སྡིག་པའི་ལས་ལ་མི་མོས་པ།  འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་ཆེ་བ་རྣམས་ལ་འབྱུང་ངོ་།  །དེ་ཡིས་བསླུས་ནས་དབང་དུ་སོང་བའི་རྟགས་ནི་ཆགས་པའི་གནས་དེ་ལས་བློ་སྐད་ཅིག་ཙམ་ཡང་ཕྱིར་ལྡོག་མི་ཐུབ་པ།  བློ་ཡང་སྔར་ལས་འགྱུར་ནས་རྒྱུ་འབྲས་བླང་དོར་གྱི་བསམ་པ་ཉམས་ནས་སྙིང་སྲ་མཁྲེག་གེར་སོང་།  ངེས་འབྱུང་དང་སྐྱོ་ཤས་ན་བུན་བཞིན་དུ་ཡལ།  རང་རྒྱུད་ལ་རྟོག་དཔྱོད་ཀྱང་མི་བྱེད།  བྱེད་ནའང་ཤེས་བཞིན་ངོ་ཚ་དང་ཁྲེལ་མེད་ཁྱི་ཕག་ལྟ་བུའི་སྤྱོད་པ་ལ་གཟེངས་བསྟོད་བྱེད་པ་ཡིན།  དེ་ལྟར་བདུད་ཀྱིས་བསླུ་བ་བྱུང་ཚེ་དེ་སྣང་ཙམ་ཤར་ཙམ་གྱིས་བསླུ་བར་མི་འགྱུར་ཏེ་སྣང་བ་ལ་རྣམ་རྟོག་ཤར།  ཤར་ནས་ཆགས་ཚུན་ཆད་སློང་ཚད་དེ།  ཆགས་ནས་ཞེན་ཕན་ཆད་བསླུས་པ་ཡིན་པར་ཤེས་པར་བྱའོ།  །འདུས་བྱས་མི་རྟག་པ་དང་།  འཁོར་བ་ལ་ངེས་འབྱུང་དང་།  ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་ནས་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་པས་ཆོད་པ་ཡིན།  འདི་ནི་ཤིན་ཏུ་ཆོད་པར་དཀའ་བ་ཡིན་པས་གཟབ་དགོས་པར་གསུངས་སོ།  །སྙེམས་བྱེད་ཀྱི་བདུད་ཅེས་བྱ་བ་ནི།  ཡུལ་གྱིས་བསླང་བ་དང་།  མ་བསླང་བའི་རྣམ་པར་རྟོག་པ་སྣ་ཚོགས་ལུག་རྒྱུད་དུ་འཕྲོས་ནས་དེའི་རྗེས་སུ་ཡང་བཙན་ཐབས་སུ་ཁྲིད་པར་བྱེད་པ་ལ་བྱའོ།  །མདོར་ན་རེ་བ་དང་དོགས་པ་ཕན་པ་དང་གནོད་པ་བཏང་སྙོམས་ལ་སོགས་པ་ཐོལ་གྱིས་ཤར་ནས་རྒྱུད་སློང་བ་ནི་སློང་ཚད་དེ།  ཞེན་ནས་འཐས་པ་ནི་བསླུས་པ་ཡིན།  ཤར་ཙམ་ནས་སློང་།  སློང་ཙམ་ནས་ཡུལ་མེད་དུ་བཏང་ནས་ཆོད་པ་ཡིན།  སློང་ཚད་ཀྱང་དངོས་སྣང་དང་ཉམས་སྣང་དང་རྨི་སྣང་དུ་འབྱུང་བ་མ་ངེས་སོ།  །དངོས་སུ་འབྱུང་བ་ནི་མིག་སོགས་དབང་པོའི་སྒོ་རུ་མངོན་སུམ་དུ་སྣང་བ་ལ་བྱའོ།  །ཉམས་སྣང་ནི་དབང་པོའི་སྒོ་རུ་མ་ཡིན་པའི་ཡིད་སྣང་གི་ཡུལ་དུ་མངོན་སྣང་ལྟ་བུ་འབྱུང་བ་ལ་བྱའོ།  །རྨི་སྣང་ནི་རྨི་ལམ་ངེས་པ་ལ་བྱའོ།  །དེ་དག་ཏུ་མི་སྡུག་པའི་མཐོང་ཚོར་སྣ་ཚོགས་ཤར་བ་ལ་མངོན་ཞེན་རེ་དོགས་སྐྱེས།  མཐར་རང་རྒྱུད་པར་བལྟས་ནས་ཡང་ཡང་ཉེར་ལེན་བྱས་མཐར་རྨ་དང་སྐྲང་དང་འབུ་སྲིན་ལ་སོགས་པ་ལུས་ལས་རྡོལ་པ་དང་།  ན་ཚ་ཟུག་ཟེར་འབྱུང་བ་དང་།  སྙིང་རླུང་ལྡང་བ་དང་།  ཡིད་མི་བདེ་བ་སོགས་མདོར་ན་མི་འདོད་པ་སྣ་ཚོགས་གང་བྱུང་བ་བདེན་མེད་རྨི་ལམ་ལྟ་བུར་ཡུལ་མེད་དུ་ཐག་བཅད་ནས།  དགག་སྒྲུབ་མེད་པར་རང་སར་བཞག་པས་རང་ཡལ་དུ་འགྲོ་བ་ཡིན་ནོ།  །ནད་སོགས་མི་འདོད་པ་བྱུང་ཚེ་སྨན་དང་སྐྲང་བཅོས་སོགས་མི་བྱེད་པར་ད་དུང་དེ་འདྲ་བ་དགུ་འགྱུར་དུ་ཤོག།  ཕ་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ངས་འབྱོང་བར་བྱའོ།  །ངས་མྱོང་བ་འདིས་ངེས་པར་འཚེང་།  ངའི་འགྲོ་དོན་གྱི་ཐོག་མ་ཡིན་བསམ་ནས།  ངག་ཏུ་ཡང་།  ཀྭིའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ན་ཚ་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ང་ལ་ཤོག།  ང་ལ་དགོས།  ངས་ལེན།  ངས་སྦྱང་།  ངས་སྤྱོད་དོ།  །ཤོག་ཤོག།  འདུས་འདུས།  ཞེས་བརྗོད་ཅིང་དགའ་བ་བསྒོམ་པས་རྐྱེན་ངན་ཐོགས་བརྫིས་ཀྱིས་གཅོད་པའི་མན་ངག་ཟབ་ཁྱད་ཅན་ཡིན།  གཞན་ཡང་དམ་སྡོམ་གཉིས་མ་གཏོགས་པའི་སེམས་ལ་མི་རུང་མི་ཉན་བསམ་པའི་རྟོག་པ་རེ་དོགས་ཅན་གང་སྐྱེས་ཀྱང་།  དེ་ལ་སེམས་དང་ངག་དང་ལུས་གསུམ་གྱིས་ཐོག་བརྫིས་ཡང་ཡང་བྱ་བ་ནི་གནད་དམ་ཅིའི་ཕྱིར་ན་རང་ཐོག་ཏུ་གཅོད་པའི་གནད་ཟབ་མོ་ཡིན་པས་སོ།  པའོ།  །རྨ་སྐྲང་ལ་སོགས་པའི་གཉན་ནད་ལ་ཐབ་གཞོབ་དང་མེ་འོད་དྲག་པོར་བཅར་ནས་ཤིན་ཏུ་ན་ཐབས་སྣ་ཚོགས་ཀྱང་བྱ།  གོས་དང་མཛེ་ཡུག་གི་གྲིབ་ལ་སོགས་པ་ལྡང་བྱུང་ངམ།  ལྡང་གི་དོགས་པ་སྐྱེས་ན་འཁུ་འཁྲིག་སྐྱེ་བའི་ཡུལ་དེ་མགོ་ཐོག་ཏུ་བཞག།  ལུས་ལ་བྱུགས།  ང་ལ་རྩོག་གྲིབ་ཐོབ་ཅེས་ཟེར་ནས་རེ་བའི་ཚུལ་གྱིས་ཐོག་བརྫིས་བྱའོ།  །འདིར་དགའ་བྲོད་སྙེམས་བྱེད་གཉིས་གཙོ་བོར་བཤད་ནས།  ཐོགས་བཅས་ཐོགས་མེད་གཉིས་རྒྱུའི་དབང་དུ་བྱས་ནས་ཞར་བྱུང་དུ་བཤད་པ་ནི་འཆད་ཚུལ་གྱི་རྣམ་གྲངས་ངོ་མཚར་བ་སྟེ།  དགའ་བྲོད་དང་སྙེམས་བྱེད་གཉིས་བདུད་དུ་ཤེས་དཀའ་བས་དེའི་ཕྱིར་དེ་ལྟར་བསྟན་པའོ།  །གཉིས་པ་དེས་བསླུ་ཚུལ་སྔོན་བྱུང་གི་དཔེས་བསྟན་པ་ནི།  སྔོན་ཡུལ་མ་ག་དྷའི་གྲོང་ཁྱེར་ཆེན་པོ་ན་རྣལ་འབྱོར་བ་སཱུཪྻ་བཛྲ་ཞེས་བྱ་བས་སྒྲུབ་པ་ལྷུར་བླངས་ནས་ཕ་མ་དང་སྤུན་ཟླ་ཐམས་ཅད་སྤངས་ཏེ་ཆོས་ལམ་ལ་བྲོས་འདུག་པ་བསླུ་བདུད་དག་གིས་མཐོང་ནས་གྲོས་བཏབ་པ།  ཐོགས་བཅས་བདུད་ཀྱིས་ངས་འཇིགས་སྐྲག་དྲག་པོ་བསྟན་ན་ཟེར།  ཐོགས་མེད་བདུད་ཀྱིས་ང་ཁོའི་སྙིང་ལ་ཞུགས་ནས་དགའ་སྡུག་སྣ་ཚོགས་བསྟན་ན་ཐུབ་མོད་ཟེར།  སྙེམས་བྱེད་བདུད་ཀྱིས་ངས་ཁོ་ལ་རྣམས་རྟོག་མ་ངེས་པར་སྐྱེ་བར་བྱེད་དང་ཐུབ་མོད་ཟེར།  དགའ་བྲོད་བདུད་ཀྱིས་ན་རེ།  ཐོགས་བཅས་བདུད་ཀྱིས་འཇིགས་སྐྲག་བསྟན་ཀྱང་ཁོས་གཅོད་བྱེད་ཀྱི་གདམས་ངག་བདག་མེད་རྟོགས་པ་ཞེས་བྱ་བས་བཅད་ནས་མདངས་ཕྱུངས་ཏེ་སླར་གླགས་མི་རྙེད་པའི་རྒྱུར་འགྲོ་བས་དེ་མི་བྱེད།  ཐོགས་མེད་བདུད་སྙིང་ལ་ཞུགས་ཀྱང་དགའ་སྡུག་ནི་མི་མཐུན་པའི་ཕྱོགས་སུ་ངོས་ཟིན་སླ་བས་སྐྱེ་འགགས་དང་བྲལ་བའི་དབྱིངས་སུ་སྒྲོལ་ནུས་པས་སླར་ཁོའི་གྲོགས་སུ་འགྱུར་ངེས།  སྙེམས་བྱེད་བདུད་ཀྱིས་རྣམ་རྟོག་སློང་ཡང་ཁོ་ལ་ལྟས་ངན་གཡང་དུ་ལེན་པ།  རྐྱེན་ངན་གྲོགས་སུ་ཁྱེར་བ།  རྣམ་རྟོག་རྩལ་དུ་ཡན་པ་ཞེས་བྱ་བའི་གདམས་ངག་ཡོད་པས་དེ་ཡང་མི་བྱེད་།  ཁྱོད་གསུམ་གྱིས་བསླུ་བ་ནི་ངན་རྐྱེན་ཡིན་པས་ཁོས་ལམ་དུ་སློང་སླ་སྟེ།  གྲོགས་སུ་གྱུར་ནས་ཕྱིན་ཆད་གང་གིས་ཀྱང་མི་ཚུགས་པའི་རྒྱུར་འགྲོ་བས་ཁྱེད་རྣམས་ཀྱིས་ངའི་གྲོགས་སུ་རེམ་དང་།  ངས་བཟང་པོ་མཛེས་བྱེད་ཀྱིས་བསླུས་ན་ངེས་པར་ཐུབ་པ་ཡིན་ཟེར་ནས་གད་མོ་ལྷག་ལྷག་བྱས་ནས་འགྲོ་བ་དེ་གྲུབ་ཆེན་ལུ་ཧི་པས་གཟིགས་ནས་ཁོ་ལ་གསུངས་པས།  ཁོ་ན་རེ་ལེགས་སོ།  །ངས་མ་གོ་ན་དབང་དུ་འགྲོ་ཉེན་ཆེ་ཡང་།  ད་གོ་ཕན་ཆད་ཁོའི་དབང་དུ་མི་འགྲོ་བར་བྱེད་ལགས་ཞུས་པས།  ལུ་ཧི་པས་ཁྱོད་ལ་གླགས་ལྟ་བའི་གྲོས་ནི་ཏེ་ལྟ་བུའོ།  །བཟང་པོ་མཛེས་པ་ཐམས་ཅད་ལ་མ་ཆགས་མ་ཞེན་ཅིག།  གསུངས་ནས་བཀའ་བསྒོས་སོ།  །དེ་མ་ཐག་ཏུ་རྣལ་འབྱོར་པ་དེ་སྒྲུབ་པའི་སྒོར་ཞུགས་ནས་ཉིན་མཚན་དུས་དྲུག་ཏུ་གཡེལ་བ་མེད་པར་བརྩོན་ཏོ།  །དེ་ནས་དགའ་བདུད་དེ་ཡུལ་མི་འགའ་དང་།  བུད་མེད་མཛེས་མ་ཞིག་གི་སྙིང་ལ་ཞུགས་ནས་དབང་དུ་བསྒྱུར།  རྣལ་འབྱོར་པ་དེའི་དཀྱིལ་འཁོར་དུ་ཞུགས་ཏེ་ནུབ་གཅིག་གི་རྨི་ལམ་ན་ཡི་དམ་ལྷ་རུ་བརྫུས་ནས་ལུང་བསྟན་པ།  ཁྱོད་ལ་མཆོག་གི་དངོས་གྲུབ་དེ་རིང་ནས་ཐོབ་པ་ཡིན།  སང་ཕན་ཆད་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་ཏེ་བདུད་ཀྱི་གེགས་ལས་གྲོལ་བ་ཡིན།  མཚན་ལྡན་གྱི་རིག་མའང་འབྱུང་སྟེ་རྟག་ཏུ་མ་བསྟེན་ཡང་སྦྱོར་བ་བྱས་ན་དངོས་གྲུབ་མངོན་དུ་འགྱུར་ངེས་པ་ཡིན་ཟེར་བ་རྨིས་ནས་དེ་མ་ཐག་ཏུ་དགའ་བདེ་ཚད་མེད་པ་སྐྱེས་སོ།  །དེ་ནས་སང་གི་ཉི་མ་ལ་སྐྱེས་པ་ཕོ་མོ་མང་པོས་ཟས་ནོར་ཡིད་ཚིམ་པ་ཙམ་རེ་ཕུལ་ཏེ་སོང་བས་ཡི་དམ་གྱི་ལུང་བསྟན་ངེས་པ་རུ་ཐག་བཅད་ནས་ཡོད་པའི་ཞག་འགའ་ཞིག་ན།  བུ་མོ་གཞོན་ནུ་མཛེས་མ་ཞིག་གིས་འབྲས་དང་རས་དཀར་ཐོགས་ནས་གདམས་ངག་གཅིག་ཞུ་ཟེར་ནས་མདུན་དུ་འདུག་པ་ལ།  རྣལ་འབྱོར་པའི་བསམ་པར་ལུང་བསྟན་པ་འདི་ཡིན་ནམ་མིན་ཀྱང་སྦྱོར་བ་བྱས་ན་སླར་འབྲས་བར་སླ་སྙམ་ནས་སྦྱོར་བ་བྱས་པས།  བུད་མེད་དེས་དགའ་གདུང་བརྩེ་བས་འབྲལ་མི་ཕོད་པ་བྱས་མཐར་སོང་ང་ོ།  །དེ་ནས་བཟུང་སྟེ་རྣལ་འབྱོར་པ་དེའི་བློ་ཡིད་བུད་མེད་དེ་ལ་ཆགས་ནས་སྐད་ཅིག་ཀྱང་འབྲལ་མི་ཕོད་པའི་བློ་འཐས་པའི་ཁར།  བུད་མེད་དེའང་ཡང་ཡང་དེར་བྱུང་ཞིང་ཡུལ་མིས་ཀྱང་བསྙེན་བཀུར་བྱས་པས།  རྣལ་འབྱོར་པ་དེའི་བློ་ཆོས་ལས་ལྡོག་ནས་ངས་ཁྱིམ་ཐབས་བྱས་ཏེ་ཆོས་ཚུལ་ཡང་མི་གཏོང་བསམ་ཞིང་ཡོད་པའི་སྐབས་ཤིག་ན།  ལུ་ཧི་པའི་དྲུང་དུ་སོང་ནས་ཚུལ་དེ་ལྟར་ཞུས་པས།  བདུད་དུ་ངེས།  ཁྱོད་ཀྱི་བློ་ཡང་འགྱུར་ནས་འདུག།  སྔར་སྨྲས་པའི་རྟགས་དེ་བྱུང་བ་རེད།  ད་དུང་ཡང་ཁྱོད་ཀྱི་བུད་མེད་ལ་ཆགས་པའི་འཆིང་བ་དེ་ཆོད་དང་།  སླར་བཙན་ས་ཟིན་པར་འགྱུར།  དེ་མ་ཆོད་ན་ཁྱོད་འཁོར་བའི་འདམ་དུ་བྱིང་ནས་ཐར་མེད་དུ་འཕྱན་པར་འགྱུར་ཞེས་གསུངས་ཀྱང་།  དེ་བདེན་འདུག་སྙམ་ཡང་ཆགས་པའི་ཡུལ་དེ་དང་འབྲལ་མི་ཕོད་པར་གྱུར་ནས།  རང་དབང་མེད་པར་ཁྱིམ་ཐབས་བྱས་པས་ཡུལ་མི་ཐམས་ཅད་ཀྱིས་གཤེ་ཞིང་སྐུར།  རྒྱལ་པོའི་ཆད་པས་མནར།  ཆོས་ཀྱི་བསམ་པ་སྤུ་ཙམ་མེད་པར་ཡལ།  སྐྱེ་བོ་ཐམས་ཅད་ལས་དབུལ་ཕོངས་ཉེན་པར་སོང་བ་ཡིན་ནོ།  །འདི་ནི་རང་ཅག་རྣམས་ལ་བདུད་ཀྱི་བར་ཆད་ངོ་སྤྲོད་པའི་གདམས་པ་ཕུལ་དུ་བྱུང་བ་ཡིན་ཅིང་།  ཁྲིད་ཡིག་ལས་དགའ་བྲོད་བདུད་ཀྱིས་བསླུ་ཚུལ་གསུངས་པ་ཡིན་འདུག་ཀྱང་།  བདུད་གཞན་གྱིས་བསླུ་ཚུལ་ཡང་ཞར་ལ་ཚང་བས་ས་བཅད་ཟུང་དུ་བྱས་པ་དེ་ལྟར་ཡིན།  འདི་དགའ་བྲོད་དང་སྙེམས་སོགས་སྐྱེད་པས་བསླུ་བའི་ལྷ་འདྲེའི་རིགས་ལ་སྦྱར་ཀྱང་ཆོག་མོད།  དགའ་བྲོད་སོགས་ཡོངས་གྲགས་ལྟར་ཀུན་སློང་གི་རྟོག་པའི་བྱེ་བྲག་ལ་བྱེད་པ་ནི་དཔེར་བྱས་པ་སྟེ་དགོངས་པ་ནི་འདི་ཀ་རང་ཡིན་པར་མངོན་ཏེ།  ཁྲིད་གཞུང་ལས་དཔལ་ས་ར་ཧ་པས་གདམས་ཚུལ་གསུངས་པ།  སྐྱེས་མཆོག་དྷརྨ་གརྦྷ་ལ་ཡང་དེ་ལྟར་བདུད་ཀྱི་བར་ཆད་བྱུང་ནས་དབང་བསྒྱུར་བར་ཉེ་བའི་ཚེ།  དེ་བཞིན་བདག་གིས་དཔེར་བསྟན་ནས་ཆགས་ཞེན་བཅད་དེ་ཡུལ་རིང་བར་སོང་།  དབེན་པ་བསྟེན་ནས་བདུད་ཀྱི་ལམ་ལས་བཟློག་པ་ཡིན།  མ་འོངས་པའི་བརྒྱུད་འཛིན་རྣམས་ཀྱིས་བཟང་རྐྱེན་ལམ་དུ་ལོངས་ཕྱིར་དཔེ་འདི་སྙིང་ལས་གཅེས་པར་ཟུངས་ཤིག།  ངན་རྐྱེན་ནི་མི་འདོད་པས་ངོ་ཤེས་སླ་སྟེ།  བཟང་རྐྱེན་ནི་འདོད་པའི་ཕྱོགས་ཡིན་པས་ངོ་ཡང་མི་ཤེས།  ལམ་དུ་སློང་བ་ཡང་ཤིན་ཏུ་དཀའ་སྟེ་ཐམས་ཅད་འདིའི་དབང་དུ་མ་གྱུར་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མེད་པར་ཤེས་པར་གྱིས་ཤིག།  སྙིགས་མའི་དུས་སུ་ལས་ངན་དབང་ཆེ་བའི་སྟོབས་ཀྱི་བདུད་ཀྱི་འབངས་ལས་མེད་པས་རི་དྭགས་རྨས་མ་བཞིན་དུ་རང་ས་བཟུང་བ་ནི་གནད་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ།  །བདག་ཉིད་ས་ར་ཧ་པས་གནས་རང་སྣང་དོན་གྱི་འོག་མིན་ཆེན་པོ་ནས་སྙིགས་མའི་སེམས་ཅན་རྣམས་ལ་ལྷག་པར་བརྩེ་བ་ཆེན་པོས་ཞལ་ཆེམས་སུ་གདམས་པ་ཡིན།  ང་དང་ལས་འཕྲོ་ཡོད་པ་རྣམས་ལ་ལྷག་པར་གདམས་པ་སྟེ།  ཆོས་ནི་རྩོད་པ་མེད་དེ་ཀུན་གྱི་ཐུགས་སུ་ཆུབ་པར་མཛོད།  ཆོས་ཐམས་ཅད་ཀྱི་ཆུ་འགོ་འཕགས་ཡུལ་ཡིན་ཏེ།  འཕགས་པའི་ཡུལ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་འཁྲུངས་པ་དང་།  སངས་རྒྱས་ཀྱིས་ཆོས་སྟོན།  སྨོན་ལམ་གྱི་དབང་ཆེན་པོར་བསྒྱུར་བའི་གནས་ཡིན་ཏེ་གནས་དང་ཡུལ་ཐམས་ཅད་ལས་ཆེས་འཕགས་པ་ཡིན།  ཡུལ་དེ་རུ་ཕྱི་ནང་མ་གཏོགས་སངས་རྒྱས་ཀྱི་ཆོས་མདོ་སྔགས་གཉིས་ལ་ནི་རྩོད་པ་མེད་པར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་གདུལ་བྱའི་དབང་པོ་དང་བསྟུན་ནས་བསྟན་པ་ཡིན་པས།  བཟང་ངན་གྱི་རྩོད་པས་ཕྱོགས་ཆད་དུ་བྱུང་ན་ཆོས་སྤང་གི་ལས་ངན་བསགས་པ་ཆེས་ཆེར་འགྱུར་བ་གདོན་མི་ཟ་བ་ཡིན།  དེ་ཕྱིར་རྩོད་པ་མེད་པར་མཁས་པ་དག་གི་ཤེས་རབ་ཀྱི་མིག་གིས་མཐོང་སར་གསལ།  ཅེ་རི་ལོང་དུ་སོང་བའི་གང་ཟག་རྣམས་ཀྱི་འོལ་ཚོད་ཀྱིས་དཔག་པའི་གནས་ནི་མ་ཡིན།  སངས་རྒྱས་ཀྱི་ཆོས་ནི་ཟབ་པ་དང་རྒྱ་ཆེ་བ་ཡིན་ཏེ་ཕྱོགས་སུ་མ་ངེས་པ།  མཐའ་གཅིག་ཏུ་མི་གནས་པ།  གང་ཟག་རང་རྒྱུད་དང་མཐུན་པ།  གཏིང་དཔོག་པ་སངས་རྒྱས་ལས་མེད་པ།  དཔེར་ན་ནོར་བུ་ལ་ནོར་བུ་ཉིད་ལས་མེད་དེ་གཞན་ཡིད་དང་མཐུན་པའི་ལོངས་སྤྱོད་རང་བྱུང་བ་ལྟར།  ཆོས་ཐམས་ཅད་ངོ་བོ་ཀ་ནས་དག་པ་ལས་མེད་ཀྱང་གདུལ་བྱའི་རང་རྒྱུད་དང་མཐུན་པའི་བདེན་དོན་རང་བྱུང་བ་ཡིན་པས་མཐའ་ལ་མི་འཛིན་པ་གནད་དོ།  །མཐའ་དང་ཕྱོགས་སུ་བཟུང་ནས་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་གྱིས་དཔོགས་པར་རློམས་པ་ནི་རབ་ཏུ་འཁྲུལ་པ་ཡིན།  དཔེར་ན་ནམ་མཁའ་སྤར་གྱིས་ཁེབས་སྲིད་པ་མཚར་རེ་ཆེ་བསམ་པར་གྱིས་ཤིག།  ལྔ་བརྒྱའི་སྙིགས་མ་ལ་འདི་ལྟར་བཀའ་གཏེར་གྱི་ཆོས་ལ་རྩོད་པར་འགྱུར་བའི་དུས་མཆིས་པས་དེ་ཕྱིར་བསྙད་པ་ཡིན་ནོ།  །ཞེས་འབྱུང་ངོ་།  །དྲུག་པ་སླར་སློང་གི་རིམ་པ་བསྐྱར་ཏེ་བསྟན་ཅིང་དེ་གཅོད་པའི་ཚུལ་ནི།  འདི་ལྟར་ཉམས་སུ་ལེན་པའི་དུས་སུ་ས་གཡོ་བ་དང་རི་བོ་ཉིལ་བ་དང་བྲག་ཆད་པ་དང་ཁང་པ་ཞིག་རལ་འབྱུང་བ་དང་།  རྡུལ་ཐར་ཐར་བབས་པ་དང་ས་གས་པ་འདམ་དུ་ཟུག་པ་རྦབ་འདྲིལ་བ་རྡོ་ཆར་བབས་པ་ཤིང་སྡོང་འགྱེལ་བ་ཐོག་རྡིབ་པ་སོགས་སའི་སློང་ཚད་སྣ་ཚོགས་འབྱུང་སྟེ་ཤེས་པར་བྱའོ།  །ཆུས་སློང་བ་ནི།  ཆུ་ལོག་རྡོལ་བ་ཆུ་ཆེན་འབྲུབ་པ་མཚོ་རུ་ལྷུང་བ་ཆུ་ཡིས་ཁྱེར་བ་ཆར་ཆེན་པོ་བབས་པ་སེར་བ་དྲག་པོ་འབབ་པ་ཆུའི་འོལ་ཀ་བརྡོལ་བ་རྣམས་མ་ངེས་པར་འབྱུང་བའོ།  །མེས་སློང་བ་ནི།  མེ་ཤོར་ནས་འོང་བ་ལུས་མེས་ཚིགས་པ་ལུས་ལས་མེ་སྟག་འཕྲོ་བ་མེ་འོད་འབར་བ་མེ་འབུད་པ་ཡུལ་སྣང་ལ་མེ་མཆེད་པ་མེ་སྟག་འབྱུང་བ་སོགས་སོ།  །རླུང་གིས་སློང་བ་ནི།  རླུང་སྒྲ་འུར་བ་རླུང་སྒྲ་ལོག་པར་ཤར་བ་རླུང་གིས་ཁྱེར་བ་རླུང་གིས་འཚུབ་པ་རླུང་གི་སྦྲ་གུར་ཁྱེར་རམ་གཡེང་བ་བཤུག་སྒྲ་བསིལ་བ་སོགས་འབྱུང་བའོ།  །ནམ་མཁས་སློང་བ་ནི།  གློག་འཁྱུག་པ་འབྲུག་སྒྲ་ལྡིར་བ་གཡང་ཁར་འདུག་པ་ནག་ལ་འཐིབས་པ་སོགས་འབྱུང་བ་ཡིན་ནོ།  །གཟུགས་འགྲོས་ཀྱིས་སློང་བ་ནི།  མི་དང་གཅན་གཟན་རི་དྭགས་གཡུང་དྭགས་ཆུ་གནས་བྱ་རིགས་སོགས་གཟུགས་འགྲོས་རྣམས་ཀྱིས་ཉམས་སད་སྐབས་བལྟ་གླགས་འཚོལ་རྒྱུ་འགྲུལ་སྣ་ཚོགས་ཀྱིས་སློང་བ་དང་།  སྒྲ་དང་དྲི་དང་རོ་དང་རེག་བྱས་སློང་བ་རྣམས་ནི་ཐོགས་བཅས་ཞེས་བྱ་སྟེ།  གཟུགས་མེད་པས་གཟུགས་སྟོན་པ་དང་།  ཅ་ཅོ་སྒྲོགས་པ་བྱ་སྤྱོད་འདུ་འཚོགས་འགྲོ་འདུག་བྱེད་པ།  ལུས་མེད་པའི་མགོ་དང་རྐང་ལག་སྟོན་པ།  ཡན་ལག་མེད་པའི་ལུས་ཅན་དང་རྫས་སྣ་ཚོགས་པའམ།  ནང་རོལ་སྣ་ཚོགས་པའམ་འབུ་སྲིན་སྣ་ཚོགས་པས་རང་ལ་རྒོལ་བའི་ཚུལ་དང་ཡིད་མི་དགའ་བར་སྟོན་པ་དང་།  བཟའ་བཏུང་དང་གོས་རྒྱན་སྟེར་བ་ལ་སོགས་པ་གང་འབྱུང་ཡང་དེ་ལ་འཇིགས་སྐྲག་དང་རེ་དོགས་དང་གནོད་སྦྱོར་དང་རྡེག་བརྡུང་དང་ལོངས་སྤྱོད་པ་དང་དགའ་སྡུག་ཐམས་ཅད་སྤངས་ནས་སྣང་སྟོང་ཡུལ་མེད་དུ་གཞིག་པ་མན་ངག་གོ།  ཅིའི་ཕྱིར་ན་རང་གི་ལུས་ཀྱང་ལོག་པར་མཐོང་ནས་མཚོན་དང་བརྡེག་བརྡུང་བྱས་པས་ཕུང་བ་མང་པོ་འདུག་པས་ལོག་སྤྱོད་སྣ་ཚོགས་སྤོང་པ་གནད་དུ་ཆེ་བས་སོ།  །གཟུགས་ཅན་དང་གཟུགས་མེད་ཤན་མི་འབྱེད་པ་བྱུང་ན་སློང་ཚད་སྟོན་པའི་དམིགས་ཡུལ་དེའི་རྣམ་པར་ཤེས་པ་དང་།  རང་གི་རྣམ་ཤེས་རོ་གཅིག་ཏུ་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་ཕཊ་སྒྲ་ཉེར་གཅིག་གིས་སྤར་ན་གཟུགས་མེད་ཡིན་ན་དེའི་ངང་ལ་མི་ཡལ་མི་སྲིད་པ་ཡིན་ནོ།  །དེས་ཀྱང་མི་ཡལ་ན་གཟུགས་ཅན་དུ་ངེས་སོ།  །མཐར་རང་གི་རྣམ་ཤེས་ཀློང་ནས་བཞེངས་ཏེ་ཤ་ཁྲག་སྟོན་འགྱེད་བྱའོ།  །སློང་བ་ནི།  དང་པོ་རང་གི་ལུས་ངག་ཡིད་གསུམ་ཚ་ཟིང་ངེར་འགྲོ་བ་ནི་སློང་བ་ཡིན།  དེ་ཐོག་ཏུ་ཡུལ་མེད་ཟང་ཐལ་གྱི་རང་གདིང་ཟིན་པ་ནི་ཆོད་པ་ཡིན།  དུས་དང་རྣམ་པ་ཐམས་ཅད་དུ་རྣམ་རྟོག་དྲག་ལ་ཤུགས་ཆེ་བ་ཞིག་སྐྱེས་དུས་ཡུལ་དང་རང་སེམས་བསྲེས་ཏེ།  དབྱིངས་ཀུན་ཏུ་བཟང་མོའི་མཁའ་ལ་ཕཊ་སྒྲ་དྲག་པོས་བསྟིམ་ནས་ཡུལ་མེད་ཀྱི་ངང་དུ་མཉམ་པར་བཞག་པས་གཅོད་པར་འགྱུར།  འདྲེ་དང་འདྲེར་འཛིན་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་གཞིག་པ་འདི་གཙོ་བོར་བརྟེན་པ་གནད་ཡིན་པར་ཤེས་པར་བྱའོ།  །གཞན་ཡང་སློང་གཅོད་པའི་ཚུལ་མ་གཅིག་གི་ཞལ་ནས།  བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ།  །སྟོང་པའི་ངང་ལ་ཅི་གནས་བཞག།  ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར།  །ཞེས་གསུངས་པ་ལྟར་ཕྱི་ནང་གསང་གསུམ་གྱི་སློང་གང་བྱུང་ཡང་རང་གི་ལུས་ལོངས་སྤྱོད་ཀྱི་འཛིན་པ་ཐམས་ཅད་ཕ་མ་སེམས་ཅན་ཀུན་གྱི་གླུད་དང་།  གནོད་བྱེད་ལྷ་འདྲེའི་ལོངས་སྤྱོད་ཀྱི་ཆེད་དུ་སྔར་ནས་བཏང་ཟིན་པས་ཆགས་པའི་དོན་མེད་ཚུལ་བསམ་སྟེ་དབྱིངས་རིག་བསྲེ།  བེམ་རིག་ཕྲལ་ཏེ་བྱམས་སྙིང་རྗེའི་སྒོ་ནས་ལུས་ཤ་ཁྲག་གི་ཚོགས་ཆགས་མེད་ཞེན་མེད་དུ་བཏང་།  རིག་པ་རྟེན་མེད་ལ་ལྷ་འདྲེས་ཅིའང་བྱར་མེད་ལ།  ལུས་སེམས་གཉིས་ལས་འཇིགས་མཁན་གྱི་བདག་མ་གྲུབ་སྙམ་དུ་སྟོང་ཉིད་ཀྱི་ངང་དུ་བཞག་པས་སློང་ཐམས་ཅད་རང་ཡལ་དུ་འགྲོ་བ་ཡིན།  དེ་ནི་ཐབས་ཤེས་གཉིས་ཚོགས་ཀྱི་ཉམས་ལེན་ཡིན་ལ།  ཡང་ལྷ་འདྲེས་ཆོ་འཕྲུལ་བཏང་བའི་ཚེ་ཕྱི་འཇིགས་པ་ཡུལ་གྱི་ལྷ་འདྲེ་ཕ་མར་ཤེས་པས་བྱམས་སྙིང་རྗེའི་དམིགས་པ་རྣམས་དང་།  ན་ཚ་སྡུག་བསྔལ་སོགས་ལས་ངན་གྱི་འབྲས་བུར་ཤེས་ཏེ་ལས་ངན་སྦྱང་ཐབས་དང་།  སྡིག་པ་ལ་མི་འཇུག་པའི་བསྐུལ་མ་སོགས་བསམ་པ་དང་།  དེ་ལ་བརྟེན་ནས་གཏོང་ལེན་གྱི་དམིགས་པ་སྦྱངས་ཏེ།  བྱང་ཆུབ་སེམས་ཇེ་འཕེལ་བྱེད་པ་ནི་ཐབས་བྱང་ཆུབ་སེམས་ཀྱི་སྒོ་ནས་འགལ་རྐྱེན་ལམ་དུ་ཁྱེར་བ་ཞེས་བྱ་སྟེ།  དེ་ལ་བརྟེན་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བོགས་ཐོན་ན་མི་མཐུན་ཕྱོགས་གྲོགས་སུ་འཆར་བ་ཞེས་བྱའོ།  །ཡང་ཕྱི་འཇིགས་པ་ཡུལ་གྱི་ལྷ་འདྲེ་དང་།  ནང་འཇིག་མཁན་སེམས་ཀྱི་འཛིན་པ་དང་།  བར་འཇིགས་བྱ་བདག་གི་སྣང་བ་སྟེ་འཁོར་གསུམ་རྩ་བདར་རིག་པས་ལེགས་པར་གཅོད་པ་ན།  རང་ངོས་ནས་ཅུང་ཟད་ཀྱང་མ་གྲུབ་པར་རྟོགས་པའི་མཐུས་འཇིགས་སྐྲག་རང་སར་ཞི་བ་དང་།  རྗེས་ཐོབ་ཏུ་འཁྲུལ་པའི་སེམས་ལ་སྣང་ཙམ་ལ་རྟོག་པས་བཏགས་ཙམ་དུ་ཤར་བ་དང་།  དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་ཚུལ་ལ་ངེས་པ་རྙེད་པ་ནི་འཁྲུལ་པའི་གཞི་རྩ་ཆོད་པ་ཞེས་ཤེས་རབ་ལྟ་བའི་སྒོ་ནས་འགལ་རྐྱེན་ལམ་དུ་ཁྱེར་ཚུལ་ཡིན་ལ།  དེ་ལ་བརྟེན་ནས་ལྟ་བའི་མྱོང་བ་ལ་བོགས་ཐོན་པ་ནི་མི་མཐུན་ཕྱོགས་གྲོགས་སུ་ཤར་བ་ཞེས་བྱའོ།  །དེའི་ཚུལ་གཅོད་ཀྱི་རྒྱ་གཞུང་ལས།  ཉམས་ཚད་རབ་འབྲིང་ཐ་མ་ཡིས།  །དྲན་མེད་ངང་དུ་བཞག་པ་དང་།  །དེ་ལ་གཏད་དེ་བསྒོམ་པ་དང་།  །བརྟགས་ཤིང་དཔྱད་ལ་གཏན་ལ་བབ།  །ཅེས་གསུངས་པ་དང་མཐུན་པར་རྒྱལ་ཐང་པ་ཆེན་པོ་ཀྱང་།  བློ་རབ་དྲན་མེད་དམིགས་མེད་ཀྱིས།  །སློང་ཀུན་དོན་དམ་དབྱིངས་སུ་བཅད།  །བློ་འབྲིང་སློང་ལ་ཆེད་གཏད་ནས།  །སློང་ཀུན་ཕུར་ཚུགས་རང་ངོར་བཅད།  །བློ་དམན་འཇིགས་མཁན་འཇིགས་བྱ་ཀུན།  །སློང་སྟེ་གང་ཡིན་བརྟགས་ལ་དཔྱད།  །ཅེས་གསུངས་ཏེ།  བློ་རབ་ཀྱིས་ལྟ་བའི་གདིང་གིས་དམིགས་མེད་ཀྱི་ངང་དུ་རང་གར་འཇོག་པ་དང་།  བློ་འབྲིང་སློང་གང་བྱུང་གི་ངོ་ལ་ཆེད་དུ་གཏད་ནས་དམིགས་མེད་དུ་འཇོག་པ་དང་།  ཐ་མས་ནི་རིག་པས་བརྟགས་ཤིང་དཔྱད་ནས་བདེན་མེད་དུ་གཏན་ལ་དབབ་པས་གཅོད་པར་བྱེད་ལ།  ཇི་ལྟར་གཅོད་ཚུལ།  དཔེར་ན་ནགས་ཚལ་སྟུག་པོ་དང་།  །སྟོབས་དང་ལྡན་པའི་སྐྱེས་བུ་དང་།  །སྟྭ་གྲི་རྣོན་པོ་ཇི་བཞིན་ནོ།  །ཞེས་དང་།  ཡང་དེ་ཉིད་ལས།  དེ་དག་ཀུན་ལ་རབ་རྣམས་ཀྱིས།  །གཉིས་སུ་མེད་པའི་དོན་ལ་བཞག།  འབྲིང་གིས་དེ་ལ་གཏད་དེ་བསྒོམ།  །ཐ་མས་ཕུང་པོ་གཟན་དུ་བསྐྱུར།  །དེ་རྗེས་རིག་པ་བློ་རྟེན་དང་།  བྲལ་བའི་ཉམས་ནི་སྐྱེ་བར་འགྱུར།  །གཉན་སར་ཕྱིན་ནས་ལྷ་འདྲེ་ཡིས།  །གཟི་བྱིན་བླངས་ནས་བེམ་རིག་ཕྲལ།  །ལུས་འདི་བེམ་པོ་རྡོ་བ་འདྲ།  །དེ་ལ་གནོད་པར་མི་འགྱུར་ཏེ།  །སེམས་ནི་དངོས་མེད་ནམ་མཁའ་འདྲ།  །དེ་ལ་སུ་གནོད་སུ་ལ་གནོད།  །དེ་ལྟར་བསམ་སྟེ་ཆོས་ཉིད་ལ།  །ཉམ་ང་བག་ཚ་མེད་པར་བཞག།  ལྷ་འདྲེས་རང་ལུས་བེམ་པོ་འདི།  །ཁྱེར་བ་སོང་བ་སྙམ་བྱེད་ཀྱང་།  །སྔར་གྱི་ས་ལས་མི་གཡོ་བས།  །གང་ལའང་ཉམ་ང་མི་བྱའོ།  །རྣམ་པར་རྟོག་པ་གང་སྐྱེས་བདུད།  །དེ་ནི་རང་གི་སེམས་ལས་བྱུང་།  །སེམས་ནི་བྱུང་ས་གནས་ས་དང་།  །འགྲོ་སར་གྲུབ་པ་རྡུལ་ཙམ་མེད།  །གྲོལ་ནས་སངས་རྒྱས་འབྱུང་མི་འགྱུར།  །འཁྲུལ་ནས་འཁོར་བར་འཁྱམས་མི་སྲིད།  །ཅེས་གསུངས་པ་ལྟར་ཏེ།  གཉིས་སུ་མེད་ཅེས་པ་ནི་གཞུང་འདིར།  གཉིས་མེད་ཕ་རོལ་བསྒོམ་པ་ཞེས་སོགས་ཡང་ཡང་གསུངས་པ་ལྟར།  ཡུལ་དང་ཡུལ་ཅན་བདེ་སྟོང་མཉམ་པ་ཉིད་ཀྱི་ངང་ལ་འཇོག་པ་སོགས་ཀྱི་དོན་ཏེ།  འདི་དག་ནི་གོང་དུ་དྲངས་པའི་ཚིག་དེའི་རྒྱས་བཤད་ལྟ་བུ་ཡིན་ལ།  སེམས་ལས་གྲོལ་ནས་སངས་རྒྱས་དང་།  འཁྲུལ་ནས་སེམས་ཅན་འབྱུང་བ་ལ་སོགས་པ་རང་བཞིན་གྱིས་མི་དམིགས་པར་རྟོགས་པར་བྱ་སྟེ།  ཚིག་དོན་གཞན་གོ་བདེ་ལ།  རྫོགས་པ་ཆེན་པོའི་ལྟ་བའི་ཚུལ་དང་ཤིན་ཏུ་མཐུན་པ་ཡིན་ནོ།  །ཡང་མ་གཅིག་གི་ཞལ་ནས།  རང་གི་ལུས་ངག་ཡིད་གསུམ་ལ།  །གཅེས་པར་འཛིན་པའི་སྙེམས་ཞུགས་ན།  །དུས་མིན་སྲོག་གི་དབང་པོ་འགག།  མ་ཆགས་མ་ཞེན་འཛིན་བྲལ་ན།  །བདུད་རིགས་བྱེ་བ་དུང་ཕྱུར་གྱིས།  །སྤྲིན་བཞིན་འཐིབས་ཀྱང་བཟློག་པར་འགྱུར།  །ཞེས་གསུངས་པ་ལྟར།  སློང་སོགས་ཅི་བྱུང་ཡང་སྤང་བླང་རེ་དོགས་དགག་སྒྲུབ་འཁུ་འཁྲིགས་སོགས་མི་བྱེད་པར་བཞག་ན།  སློང་རྣམས་རང་སར་གྲོལ་བ་ཆོས་ཉིད་ཡིན་པར་གསུངས་ལ།  དེའང་མ་གཅིག་གིས།  ཚར་ཚད་ཀྱི་ཡོན་ཏན་ཅི་བྱུང་ཡང་རློམ་སེམས་ཀྱིས་ཞེན་འཛིན་མི་བྱེད་ནས་རྨི་ལམ་སྒྱུ་མ་བཞིན་དུ་ཉམས་སུ་བླངས་ཤིང་བདེན་མེད་ཀྱི་ངང་ལ་སྙེམས་རྩ་ཆོད་པར་གྱིས་ཤིག་བུ།  ལར་ཉོན་དང་འདིར་ཚོགས་བུ་སློབ་ཀུན།  །སློང་དང་ཆོ་འཕྲུལ་ཚར་ཚད་རྣམས།  །རང་བློས་བཏགས་པ་ཙམ་སྟེ་ཡེ་ནས་མེད།  །ཡེ་ནས་རང་བཞིན་མེད་པའི་ཆོས་ཉིད་ལ།  །སྤོང་ལེན་གང་བྱུང་དེ་ཉིད་བདུད་ཡིན་པས།  །ཡུལ་ལ་མ་འབྲང་སྙེམས་ཀྱི་ཐག་པ་ཆོད།  །བདག་འཛིན་བདུད་དུ་བདག་མེད་རྟོགས་པ་ཆེ།  །བདག་མེད་ཤེས་ན་བདག་ཏུ་འཛིན་ལས་གྲོལ།  །དེ་ཉིད་ཤེས་ན་གང་དང་གང་གི་བདུད།  །གཅོད་བྱ་གཅོད་བྱེད་ཀྱི་ནི་མིང་ཡང་མེད།  །སྙེམས་བྱའི་བདུད་དང་སྙེམ་བྱེད་ཉིད་ཀྱི་བདུད།  །སྙེམས་བྱེད་ཤེས་ན་སྙེམས་ཀྱི་ཟུག་མི་ཐུབ།  །དེ་ཡི་བདུད་ནི་སྙེམས་སུ་ཐག་བཅད་ནས།  །སྙེམས་ཙམ་སྣང་བ་སྨིག་རྒྱུའི་ཆུ་དང་མཚུངས།  །སྒྱུ་མའི་སྐྱེས་བུས་བདག་དང་གཞན་མི་ཐུབ།  །ཟླ་བ་གཉིས་སྣང་མིག་གི་རྐྱེན་དང་བྲལ།  །ནམ་མཁའ་མི་སྤང་སྤྲིན་ཉིད་ནམ་མཁར་ཤར།  །ཐམས་ཅད་རང་སྣང་རང་གྲོལ་ཡིན་བཞིན་དུ།  །རང་གིས་རང་ལ་བླང་དོར་ག་ལ་སྲིད།  །སྲིད་ན་བླང་བྱ་གང་ཡིན་དོར་བྱ་གང་།  །དེས་ན་གཅེས་འཛིན་དེ་ཉིད་བདུད་ཡིན་པས།  །གང་ལའང་གཅེས་པར་མ་འཛིན་བུ་སློབ་ཀུན།  །གཅེས་འཛིན་གྲོལ་ན་གཅོད་བྱ་གཅོད་བྱེད་མེད།  །ཐར་པའི་ལམ་མཆོག་གང་ཡིན་དངོས་གྲུབ་མཆོག།  སྤང་བྱའི་བདུད་ནི་བསྒྲུབ་པའི་ལྷ་དང་མཚུངས།  །མཚུངས་ཞེས་ཐ་སྙད་ཙམ་སྟེ་ཡེ་ནས་མེད།  །གཅིག་ལ་བསྟན་དུ་མེད་པ་དེ་བཞིན་དུ།  །རང་སྙེམས་ཤེས་ན་རང་སར་གྲོལ་འགྱུར་ན།  །རང་གིས་རང་ལ་ངོ་བོ་བསམ་བརྗོད་བྲལ།  །ཡུལ་དང་ཡུལ་ཅན་གཉིས་འཛིན་རྩད་ནས་ཆོད།  །སྟོང་ཉིད་བདག་མེད་སྤྲོས་དང་བྲལ་བ་ལ།  །མཁའ་ལྟར་དག་པ་ཆོས་ཉིད་ངང་ཉིད་ལ།  །མ་བཅོས་ལྷུག་པར་ཞོག་དང་བུ་སློབ་ཀུན།  །ཅེས་གསུངས་པ་དེ་དག་གནད་བསྡུ་ན།  སྡུད་པ་ལས།  རྒྱུ་རྣམས་བཞི་ཡི་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན།  །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ།  །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་།  །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན།  །ཅེས་གསུངས།  སྟོང་པར་གནས་ཞེས་པ་བཤད་མ་ཐག་པ་ལྟར་སྟོང་ཉིད་ཀྱི་དོན་ལ་བསམ་ཚུལ་དང་།  སེམས་ཅན་ཡོངས་སུ་མི་གཏོང་བ་ནི་སྙིང་རྗེ་སོགས་ཀྱིས་གཞན་དོན་ལ་སེམས་ཤིང་གཅེས་འཛིན་གཅོད་ཚུལ་དང་།  ཇི་སྐད་སྨྲས་བཞིན་བྱེད་པ་རང་གིས་ཇི་ལྟར་དམ་བཅས་པ་བཞིན་གཅོད་ཀྱི་གདམས་ངག་ལ་བརྩོན་པ་མི་འདོར་བ།  བདེ་གཤེགས་བྱིན་རླབས་ཅན་བརྒྱུད་ལྡན་བླ་མ་སངས་རྒྱས་ལ་མོས་གུས་ཐང་ལྷོད་མེད་པས་བྱིན་རླབས་ཞུགས་པར་གྱུར་པའོ།  །བདུན་པ་མ་སློང་བ་སློང་བར་བྱེད་པའི་དམིགས་པ་ལ་གཉིས།  །མ་གཅིག་གི་གསུང་དང་།  གཞུང་ནས་བྱུང་བའོ།  །དང་པོ་ནི།  མ་གཅིག་གི་ཞལ་ནས།  རི་བོ་འདེགས་དང་རྒྱ་མཚོ་རྔུབས།  །གནམ་ས་བསྒྱུར་དང་ཡུམ་ཆེན་བསྒོམ།  །ཞེས་གསུངས་པ་ལྟར།  རི་བོ་པང་འདེགས་མ།  རྒྱ་མཚོ་ཧུབ་འདེབས་མ།  གནམ་ས་གོ་ཟློག་མ།  ཡུམ་ཆེན་གནས་བཤིགས་མ་དང་བཞི་ལས།  དང་པོ་ནི།  རང་ཉིད་ཁྲོས་མའམ་གང་རུང་གི་བསྐྱེད་རིམ་བཟུང་ནས་ལུས་གདོན་གླིང་བཞི་སོགས་གང་ན་གནས་ཀྱང་ཏིང་འཛིན་གྱིས་བཀུག་ནས་རི་བོ་ལ་བསྟིམས་པར་ཕྱག་གཉིས་ཀྱིས་ནམ་མཁའི་མཐོངས་སུ་བཏེགས་ནས་བརྡབ་པས་ལུས་རྡུལ་ཕྲན་བཞིན་སོང་བར་བསམ་ཞིང་།  སེམས་ཆོས་ཉིད་ཀྱི་ངང་དུ་འཇོག་པ་ཡང་ཡང་བྱེད་པ་གལ་ཆེའོ།  །གཉིས་པ་ནི།  བསྐྱེད་རིམ་གོང་བཞིན་བསྒོམ་ནས་རང་གི་ཐུགས་ཀ་ནས་བྱ་ཁྱུང་ཆེན་པོ་གཅིག་གམ་མང་པོ་གང་བདེར་སྤྲུལ་ནས་མཚོ་སོགས་ལ་གདོན་བསྟིམ་པ་གོང་ལྟར་བྱས་ལ་ཆུ་རྣམས་མ་ལུས་པ་འཐུང་བས་སྐམས་རོག་རོག་པོ་གདོན་རྣམས་མ་ལུས་པ་ཟད་པར་བསམ་པ་མང་དུ་བྱའོ།  །གསུམ་པ་ནི།  གདོན་སོགས་གང་ལ་དམིགས་པའི་ས་ཆ་དེ་སྐད་ཅིག་ལ་གནམ་ས་གོ་བཟློག་ལ།  གནམ་ས་རུ་སོང་བའི་ཉི་ཟླ་གཉིས་ཀྱི་སྟེང་ནས་རང་ཉིད་ཁྲོས་མ་སོགས་སུ་བསྐྱེད་པས།  ས་གནམ་དུ་སོང་བའི་རི་བོའི་མགོ་དང་གདོན་གྱི་མགོ་སོགས་ཐུར་དུ་འཕྱང་བ་ལ་ཕྱག་མཚན་བརྒྱབ་ནས་གཏུབ་པས་རྡུལ་བཞིན་སོང་བར་ཡང་ཡང་བསམ།  བཞི་པ་ནི།  དེ་དག་གིས་ཀྱང་སློང་བར་མ་གྱུར་ན།  རང་ཉིད་ཁྲོས་མའི་ཐུགས་ཀ་ནས།  རང་འདྲའི་ཁྲོས་མ་ཆེ་བ་རི་རབ་ཙམ།  ཆུང་བ་རྡུང་ཕྲན་ཙམ་དཔག་ཏུ་མེད་པ་འཕྲོས་པས་གང་ལ་དམིགས་པའི་གནས་དང་གདོན་རྣམས་ཕར་ཐལ་ཚུལ་ཐལ་དྲྭ་ཚགས་སུ་སོང་བར་བསམ།  ཡུམ་ཆེན་མོ་ཁྲོས་མའི་ཕྱག་གིས་ཆོད་པ་ལྟར་བྱའོ།  །དེ་ལྟར་ཉམས་སུ་བླངས་པས་ཕྱི་ནང་གསང་གསུམ་གྱི་སློང་རྣམས་འབྱུང་བར་འགྱུར་རོ།  །གཉིས་པ་གཞུང་ནས་བྱུང་བ་ནི།  སྔར་བཤད་པའི་ཟིལ་གནོན་དག་གིས་མི་སློང་ན།  རང་ཉིད་ཁྲོས་མ་ནག་མོའི་སྐུ་རི་རབ་ཙམ་དུ་བསྒོམ་ལ་རི་རབ་ཟས་སུ་ཟོས།  རྒྱ་མཚོ་ཧུབ་ཀྱིས་བཏུང་ནས་གནས་པའི་ལྷ་འདྲེ་ཐམས་ཅད་གདན་དུ་བཏིང་བར་ཡང་ཡང་བསམ་པས་སློང་།  དེས་ཀྱང་སློང་ཚད་མ་བྱུང་ན་སྣང་སྲིད་ཐམས་ཅད་རང་གི་སྣང་བ་ཆེན་པོས་ཁྱབ་ནས་གནས་པའི་ལྷ་འདྲེ་ཐམས་ཅད་མེ་ལོང་གི་བྱད་བཞིན་བསྡུས་རང་གི་མལ་འོག་ཏུ་མནན་པར་བསམ་ལ་འདུག།  དེས་ཀྱང་མ་སློང་རང་ཉིད་ཁྲོས་མའི་ཕྱག་གཡས་པས་མི་ལྤགས་ཀྱི་གཡང་གཞི་ཀླད་ལ་བསྐོར་ཞིང་ས་ལ་བརྡབ་པས་རི་རབ་ཐམས་ཅད་ཤིག་ཤིག་འགུལ།  རྒྱ་མཚོ་ཆལ་ཆལ་འཁྱོམ།  རྩི་ཤིང་ཐར་གྱིས་གཏོར་ནས་གནས་པའི་ལྷ་འདྲེ་ཐམས་ཅད་འདར་ཕྲི་ལི་ལི་ཐོན་པར་བསམ།  གཡོན་པས་མི་རྐང་གི་གླིང་བུ་ལན་གསུམ་འབུད་པས་སྒྲ་དང་པོས་རི་རབ་བཤིག།  གཉིས་པས་རི་བྲག་ཆུ་མཚོ་ཐམས་ཅད་གཏོར་ཞིང་སྐེམས།  གསུམ་པས་ལྷ་འདྲེ་རྣམས་གཉིད་བཙན་ཐབས་སུ་དཀྲོག་པ་བཞིན་གདན་འོག་ཏུ་འདུས་པར་བསམ་ལ་འདུག་གོ།  །དེས་ཀྱང་མ་སློང་ན་རང་ཉིད་ཁྲོས་མའི་ཕྱག་གཉིས་ཀྱི་ལྷ་འདྲེ་གནས་རྟེན་ཁང་ཁྱིམ་ཐམས་ཅད་མགོ་ཐུར་དུ་བསྟན་པའི་འོག་ཏུ་ཁྲོ་ཆུ་ཁོལ་མ་མེ་འབར་བ་ཁ་ཞེང་ཆེ་བ་གཏིང་ཟབ་པའི་ནང་དུ་ལྷུང་ལ་ཁད་པར་བྱས་པའི་སྟེང་དུ།  རང་ཉིད་ཁྲོས་མ་ནག་མོའི་ཕོ་བྲང་ཆེ་བ་བརྗིད་པ་སྲ་བ་འཐས་པའི་ནང་དུ་མཁའ་འགྲོ་མ་བྱེ་བ་འབུམ་སྡེ་བསྒོམ་ལ་གད་རྒྱངས་དྲག་པོ་བྱའོ།  དེས་ནི་སློང་ཚད་ངེས་པར་འབྱུང་བ་ཡིན་ནོ།  །གལ་ཏེ་ནམ་མཁའ་ལ་སེར་སྤྲིན་དྲག་པོ་འཁྲིགས་བྱུང་ན།  རང་ཉིད་ཁྲོས་མ་ནག་མོའི་སྤྱི་བོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་དཔལ་ཨོ་རྒྱན་པདྨ་བདུད་འདུལ་སྐུ་མདོག་དམར་ནག་ཕྱག་གཡས་རྡོ་རྗེ་ལྕགས་ཕུར་བསྡིགས་ཤིང་གཡོན་པས་ཐོད་ཁྲག་ཐོགས་པ།  པདྨ་འདབ་སྟོང་ཉི་ཟླའི་གདན་ལ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ།  དབུ་སྐྲ་དམར་སེར་གྱི་རྩེ་མོ་སྟེང་ཕྱོགས་མེ་རི་འབར་བའི་ཞིང་དུ་འཁྱིལ་བ།  ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པ།  ཉི་མ་བྱེ་བ་འབུམ་གྱི་འོད་ཕུང་འབར་བ།  ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འཁྲུགས་པའི་ཀློང་ན།  སྨར་སྨིན་དམར་སེར་གློག་འོད་ལྟར་འབར་བ།  ཟ་བེར་དང་ཐང་ཤམ་ཆོས་གོས་ཀླུབས་པ།  སྤྱན་གསུམ་དམར་ཟླུམ་སྐུ་གསུམ་ཀློང་དུ་གཟིགས་པའི་སྐུའི་སྟོད་ཀྱི་ཆ་ལ་སྤྲུལ་སྐུ་བསྐལ་བ་བཟང་པོའི་སངས་རྒྱས་དང་།  སྐེད་པ་བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ཡོངས་སུ་རྫོགས་པ།  སྐུ་སྨད་ཀྱི་ཆ་ལ་མ་དང་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར།  མཐའ་སྐོར་དུ་ཡེ་ཤེས་དང་ལས་ལ་གྲུབ་པའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས་བསྐོར་བར་བསྒོམ།  དེ་ལས་འོད་ཟེར་རབ་ཏུ་འཕྲོས་པས་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ།  །དེ་དག་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་མེ་འོད་ཁྲོ་ཆུང་ལྕགས་སྡིག་སེང་གེ་དཔག་ཏུ་མེད་པ་འཕྲོས་པས་སྤྲིན་གྱིས་གར་ཁྱབ་ཏུ་ཁྱབ་ནས་ཡེ་ཤེས་ཀྱི་མེ་ལྕེའི་འཁོར་ལོ་ཁྲོ་བོ་འབར་བའི་གཞལ་ཡས་ཁང་ལྕགས་སྡིག་གི་འདུ་འཕྲོ་སེང་ཆེན་རལ་པ་བསིགས་ཤིང་ངར་སྒྲས་སྟོང་གསུམ་གཡོ་བ།  སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཟ་ཞིང་བསྲེག་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ།  སྟེང་གི་གནོད་བྱེད་ཐམས་ཅད་རྒྱ་མཚོ་ཆེན་པོའི་གཏིང་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ་འཐུམ་པར་བསམ།  རང་ཉིད་ཁྲོས་མ་ནག་མོའི་ཕྱག་མཐིལ་ཁ་སྦྱོར་བའི་བར་དུ་ཡི་གེ་ཧཱུྃ་དམར་ནག་ཡེ་ཤེས་ཀྱི་མེ་དཔུང་འབར་བར་བསྒོམ།  སྐུ་གསུམ་རྒྱལ་བའི་མཐུ་ནུས་ཐམས་ཅད་གཅིག་ཏུ་འདུས་ཤིང་ཧཱུྃ་ལ་ཐིམ།  ནམ་མཁར་གཏད་ནས་ཁ་ཕྱེས་པའི་ཚེ་ཧཱུྃ་དེ་ནམ་མཁའ་སྐར་མདའ་ལྟར་སོང་ནས་གཅིག་ལས་གྲངས་མེད་པར་གྱུར་ཏེ་སྤྲིན་ཐམས་ཅད་ཧཱུྃ་ཡིག་དམར་ནག་མེ་འབར་བས་གོ་མཚམས་མེད་པར་ཁྱབ་ནས་གནོད་བྱེད་སྡེ་བརྒྱད་ཐམས་ཅད་བསྲེག་ཅིང་བརླག་བྱེད་ཀྱི་ནུས་པ་དང་ལྡན་པར་བསམ།  གདན་གྱི་འོག་ཏུ་བྃ་ལས་རྒྱ་མཚོ་ཆུའི་དཀྱིལ་འཁོར་གྲང་དམྱལ་གྱི་གྲང་ངར་ལས་ལྷག་པ་ཆུའི་རྣམ་པ་ལ་གང་གིས་ཀྱང་མི་འབིགས་པ་འོག་གི་སྡེ་བརྒྱད་ཐམས་ཅད་གནོན་པར་བསྒོམ་མོ།  །ཨོཾ་གུ་རུ་རཀྴ་ཀྲོ་ཏུ་བུདྡྷ་དྷེ་ཝ་ཌཱ་ཀི་ནཱ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨཿཡཿམཿདུཿརུཿཙཿཤཿནཿམཱ་ར་ཡ་བྷྱོ་ནན་ཕཊ༔ ཅེས་བརྗོད།  གཞན་ཡང་ཐོག་སྔགས་ཅུང་ཟད་བཟླས་ཏེ་འཁོར་འདས་འུབ་ཆུབ་ཀྱི་ངང་མཉམ་པར་བཞག་པས་ངེས་པར་གཅོད་དོ།  །ཆོས་ཉིད་དོན་གྱི་གནས་ལུགས་ངེས་པར་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་ནི་འཇིགས་པ་གང་གིས་ཀྱང་མི་ཚུགས་ཏེ།  གདིང་མ་ཐོབ་པ་རྣམས་ཀྱིས་ཀྱང་ངོ་ཤེས་པའི་ངང་དུ་བཞག་ན་ལྷ་འདྲེ་དང་འཇིགས་པ་གཞན་གྱིས་ནི་གླགས་རྙེད་མི་སྲིད་དེ།  གནམ་ལྕགས་ཐོག་གི་འཇིགས་པ་ནི་ལེགས་ཉེས་ཆེ་བས་དམིགས་པ་ལ་གཟབ་པར་བྱའོ།  །དེ་ལས་མི་གཞན་པའི་རེ་དོགས་འཁུ་འཁྲིག་སྲུང་ཟློག་བསྒོམ་བཟླས་བསྐྲད་གཟིར་ཐམས་ཅད་སྤངས་ནས་རོ་སྙོམས་པའི་ངང་དུ་ལྷུག་པར་བཞག་པ་ནི་གནད་ཀྱི་ཡང་སྙིང་ཡིན།  གང་ལ་རེ་བ་སྐྱེས་པ་ནི་འདོད་པའི་ཕྱོགས་ཐམས་ཅད་འཇོམས་པའི་འགོང་པོ་ཡིན་པས་རེ་བ་བཅད།  གང་ལ་དོགས་པ་སྐྱེས་པ་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་འགུགས་པར་བྱེད་པའི་ཕོ་ཉ་ཡིན་པས་དོགས་པ་སྤོངས།  གང་ལ་གནོད་བྱེད་དུ་འཛིན་པ་ནི་བར་ཆད་དོན་གཉེར་དུ་བསྒྲུབ་པ་དང་།  གང་ལའང་ཕན་མེད་དུ་འཛིན་པ་ནི་རྐྱེན་ངན་དངོས་གྲུབ་དང་ལྟས་ངན་གཡང་ལེན་གྱི་མན་ངག་ཟབ་མོ་ཡིན་པས།  ན་ཚ་བདེ་བར་བསྒོམ་པ་དང་རྐྱེན་ངན་གྲོགས་སུ་ལམ་ཁྱེར་བྱས་པ་ནི་དཔེར་ན་ཁ་སྣ་སོགས་སུ་ཚ་ཞིང་ཤིན་ཏུ་མི་བཟོད་པ་ལའང་བདེ་བར་བསྒོམ་ནས་བརྟེན་ན་བདེ་བར་ཤར་ནས་མེད་ཐབས་མེད་པར་འགྱུར་བ་ལྟར།  མི་མཐུན་ཕྱོགས་ཐམས་ཅད་གྲོགས་སུ་ཤར་བར་འགྱུར་རོ།  །དཔེར་ན་སངས་རྒྱས་ལ་ལོག་སྤྱོད་ཀྱི་བདུད་དཔུང་གྲོགས་དང་རྒྱན་དུ་ཆེ་བ་ལྟར།  རྒྱན་དང་གྲོགས་སུ་མེད་ཐབས་མེད་པའང་ཤེས་པ་གནད་དོ།  །འཇིགས་བྲལ་བརྟུལ་ཞུགས་རྟོགས་པས་དབུགས་དབྱུང་ཕྱིར།  །འཇིགས་སུ་རུང་བའི་དབེན་པའི་དུར་ཁྲོད་བསྟེན།  །འཇིགས་ཡུལ་ལྷ་འདྲེ་མགྲོན་དུ་དབང་འདུས་ཕྱིར།  །འཇིགས་མེད་གདིང་ལྡན་རྟོགས་པས་ཟིལ་གནོན་བཏང་།  །བདག་འཛིན་འཁྲུལ་གཟུགས་རཱུ་ཏྲའི་ལུས་ཀྱི་སྟེང་།  །ཡེ་ཤེས་ལྔ་ལྡན་མཁའ་འགྲོའི་བྲོ་ར་འཁྲབ།  །ཚད་མེད་བཞི་དང་བྱང་སེམས་ཕུར་པས་བཏབ།  །བདག་མེད་དབྱིངས་སུ་གཡོ་འགུལ་མེད་པར་བྱས།  །རང་སེམས་འཁྲུལ་སྣང་ཕྱི་རོལ་ལྷ་དང་འདྲེའི།  །སྣ་ཚོགས་ཆོ་འཕྲུལ་དེར་འཛིན་རྣམ་རྟོག་བཅས།  །ཚར་དང་ཆོད་ཚད་རྟོགས་པས་བཅད་བྱས་ན།  །བདུད་བཞིའི་བར་ཆད་ལས་ཀྱང་རྣམ་པར་རྒྱལ།  །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  །བཞི་པ་ཕུང་པོ་གཟན་དུ་བསྐྱུར་བ་འགྱེད་བཞིའི་ཚུལ་ལ་བརྩོན་པ་ལ་ལྔ་།  ཐོག་མར་བླ་མ་བསྒོམ་སྟེ་ཐུགས་ཡིད་བསྲེས་ནས་རང་གི་ཕུང་པོ་མགྲོན་བཞིའི་རིགས་ལ་འགྱེད་དུ་བྱ་བ།  སྡིག་སྒྲིབ་སྦྱོང་ཕྱིར་ནག་འགྱེད་དུ་གཏོང་བ།  ཚོགས་བསགས་ཕྱིར་དཀར་འགྱེད།  དམིགས་པའི་བྱེ་བྲག་ལ་ཁྲ་འགྱེད་ཡི་རིམ་པ།  ཁྱད་པར་བ་དམར་འགྱེད་དུ་བྱ་བའོ།  །དང་པོ་ནི།  འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཀུན་གྱི་འཁྲུལ་གཞི་ནི་ངར་འཛིན་གྱི་ཕུང་པོ་གྲུབ་པས་རྒྱུ་བྱས།  ཉེ་བར་ལེན་པའི་སེམས་ཀྱིས་རྐྱེན་བྱས་ནས་འཁྲུལ་པ་ཡིན་ཏེ།  ཟླ་བ་སྒྲོན་མའི་མདོ་ལས།  བརྟུལ་བར་གྱུར་པའི་ལུས་འདི་དང་།  །སྲོག་ཀྱང་གཡོ་བ་དབང་མེད་ཅིང་།  །རྨི་ལམ་སྒྱུ་མ་འདྲ་བ་ལ།  །བྱིས་པ་འདི་དག་ཆགས་པས་ན།  །ཤིན་ཏུ་མ་རུང་ལས་བྱས་ཏེ།  །སྡིག་པའི་དབང་དུ་སོང་བ་གང་།  །མི་མཁས་འཆི་བདག་གཞོན་པས་སོ།  །དེ་དག་མི་བཟོད་སེམས་ཅན་དམྱལ་བར་འགྲོ།  །ཞེས་གསུངས་པ་བཞིན་ནོ།  །དེས་ན་སྐྱེས་རབས་ལས་སྟག་མོའི་ལུས་སྦྱིན་སྐབས།  བདག་མེད་འཇིགས་ལ་སྙིང་པོ་མེད་པའི་ལུས།  །སྡུག་བསྔལ་དྲིན་མེད་རྟག་ཏུ་མི་གཙང་བའི།  །ལུས་ཀྱིས་གཞན་ལ་ཕན་ཐོགས་འགྱུར་བ་ལ།  །དགའ་བར་མི་འགྱུར་དེ་ནི་མཁས་མ་ཡིན།  །ཅེས་གསུངས་པ་ལྟར་གཅེས་འཛིན་གྱི་ཕུང་པོ་ཞེན་མེད་དུ་གཞིག་ཕྱིར་ཚོགས་དང་སྟོན་མོར་འགྱེད་པར་བྱ་སྟེ་ཀུན་སློང་ཡང་།  ལུས་ཙམ་གྱིས་ཀྱང་གཞན་ལ་ཕན་ཐོགས་པར།  །ནམ་ཞིག་འགྱུར་ཞེས་བདག་གིས་གང་བསམ་པ།  །སྨོན་ལམ་ལ་ནི་འབྲས་བུ་ཡོད་པར་བྱ།  །བྱང་ཆུབ་མཆོག་ཀྱང་རབ་ཏུ་ཉེ་བར་བྱ།  །འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན།  །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན།  །བདག་ཉིད་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི།  །གཞན་དོན་བསྒྲུབ་ཕྱིར་བདག་གིས་འདི་བརྩམས་སོ།  །ཞེས་དང་།  བྱམས་པའི་སྟོབས་ཀྱི་སྐྱེས་རབས་ལས།  རྙེད་པར་དཀའ་ལ་འཇིགས་པར་སླ་བ་དང་།  །ཆོག་པའི་བདེ་མེད་རབ་ཏུ་ཞི་མེད་པའི།  །སྲིད་པའི་ལོངས་སྤྱོད་བདེ་བ་ང་མི་འདོད།  །ལྷ་དབང་དཔལ་ཡང་འདོད་པ་མ་ཡིན་ན།  །དེ་ལས་གཞན་པ་སྨོས་ཀྱང་ཅི་ཞིག་དགོས།  །བདག་གི་སྡུག་བསྔལ་ཟད་པ་ཙམ་གྱི་ཕྱིར།  །ང་ཡི་ཡིད་ནི་མགུ་བར་གྱུར་མ་ཡིན།  །སྡུག་བསྔལ་མི་ཟད་ནད་ཀྱིས་ཉེན་པ་ཡིས།  །ལུས་ཅན་མགོན་མེད་འདི་རྣམས་ང་བལྟས་ན།  །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི།  །གོ་འཕང་ཐོབ་ཅིང་སྐྱོན་གྱི་དགྲ་བརྟུལ་ནས།  །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི།  །སྲིད་པའི་མཚོ་ལས་སྐྱེ་བོ་འདོན་པར་ཤོག།  ཅེས་གསུངས་པ་ལྟར་རང་དོན་ཡིད་བྱེད་ཀྱི་བློས་མ་ཡིན་པར་བསམ་པ་རྣམ་པར་དག་པས་བཏང་བར་བྱས་ནས།  དེའི་རྗེས་སུ་སེམས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་བཞག་པ་ནི་གཉིས་འཛིན་རྩད་ནས་གཅོད་པའི་ཐབས་ཟབ་མོའོ།  །དེ་ནས་མདུན་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ།  རྣམ་པ་རིག་འཛིན་པདྨ་བདུད་འདུལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ།  སྐུ་གཅེར་བུ་སྟག་ཤམ་དང་ཐོད་པ་ར་རི་སུམ་བརྩེགས་ཀྱི་ཕྲེང་བས་དོ་ཤལ་བྱས་པ།  ཕྱག་གཡས་རྡོ་རྗེ་རྩེ་ལྔས་ཁམས་གསུམ་དབང་དུ་སྡུད་ཅིང་།  གཡོན་པས་ལྕགས་ཕུར་གཟིར་བས་སྲིད་གསུམ་ཟིལ་གྱིས་གནོན་པ།  པདྨ་ཉི་མ་བདུད་བཞིའི་གདན་ལ་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ།  དབུ་སྐྲས་སྐུ་རྒྱབ་ཁེབས་ཤིང་སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ།  ཁྲོ་གཉེར་ཅན་ཞལ་འཛུམ་མདངས་དང་ལྡན་པ།  སྐུ་ལ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ།  ཡེ་ཤེས་ཀྱི་འོད་དང་འཇའ་ཐིག་མེ་དཔུང་གི་ཀློང་ན་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ནམ་ཆུ་ཟླ་ལྟ་བུ།  གསལ་ལ་དེར་འཛིན་བྲལ་བ་སྒྱུ་མའམ་རྨི་ལམ་གྱི་ཡུལ་སྣང་ངོ་ཤེས་པ་ལྟ་བུ།  མཐོང་ངམ་ཐོས་སམ་དྲན་ནམ་རེག་པ་ཙམ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརླབས་པར་ནུས་པའི་བདག་ཉིད་ཅན་དུ་བསྒོམ་ལ།  ཡིད་ཁྱེད་ཤེས་ཀྱི་དད་པ་དྲག་པོས་བློ་སྙིང་བྲང་གསུམ་ལིང་གིས་བཀལ་ནས་གསོལ་བ་གདབ་པར་བྱའོ།  །ཕཊ།  རང་སྣང་རྣམ་དག་སོགས་ནས།  དགོངས་པར་རོལ༔ ཅེས་གསུངས་ཏེ།  རང་སྣང་རྣམ་པར་དག་པ་དོན་གྱི་འོག་མིན་ན།  སྐུ་དང་ཡེ་ཤེས་རབ་ཏུ་རྫོགས་པའི་བདག་ཉིད་བླ་མ་རྗེ་ཉིད་དོན་དམ་པར་གཞི་གནས་རང་བྱུང་གི་ཡེ་ཤེས་འགྱུར་མེད་མི་ཤིགས་པའི་ངོ་བོ་ཐིག་ལེ་ཆེན་པོའི་རང་བཞིན་མངོན་དུ་གྱུར་པའི་སྐུ་སྨིན་བྱེད་དབང་དང་།  གྲོལ་བྱེད་གདམས་པ་རྒྱ་མཚོའི་མཛོད་དུ་ཤར་བ་ལ།  ཕཊ་ཀྱིས་དགོངས་རྒྱུད་བསྐུལ་ནས།  གསོལ་བ་འདེབས་སོ་སྐུ་བཞིའི་བདག་ཉིད་ཀྱི་དཔལ་ཡོན་རྫོགས་པ་ལ།  དད་མོས་གདུང་ཤུགས་དྲག་པོས་ཐུགས་བརྒྱུད་བསྐུལ་བས།  མ་རིག་གཏི་མུག་རྨོངས་པའི་སྒོ་ངའི་རྒྱ་ལྟ་བུར་འཐུམ་ཞིང་དུབ་པའི་སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད་ཡེ་གཞི་ཀ་ནས་དག་པའི་རང་ངོ་སྤྲོས་པ་བྲལ་བའི་ཀློང་ཆེན་པོའི་དགོངས་པར་རོལ་པ་སྟེ་གྲོལ་བར་མཛོད་ཅིག་པར་གསོལ་ནས།  བླ་མའི་ཐུགས་རྣམ་མི་རྟོག་པའི་ཡེ་ཤེས་དང་རང་རིག་དབྱེར་མེད་དུ་འདྲེས་ནས་སྐུ་གསུམ་གྱི་དགོངས་ཀློང་ཡངས་པར་སད་དེ་བདེ་ཆེན་འཕོ་འགྱུར་མེད་པའི་གདིང་ཆེན་ཐོབ་པར་བསམ་ལ།  ཕཊ་དང་པོས་བསྲེ།  གཉིས་པས་སྒྲིབ་པ་དག།  གསུམ་པས་དབང་བཞི་ཡོངས་སུ་རྫོགས་ཏེ་སྐུ་བཞིའི་རྩལ་ཆེན་ཐོབ་པར་བསམ།  འདི་ལྟར་ཐུགས་ཡིད་བསྲེ་བ་ནི་ནད་གདོན་རྐྱེན་ངན་བར་ཆད་ཐམས་ཅད་སེལ་བ་དང་།  མཆོག་ཐུན་གྱི་དངོས་གྲུབ་འབྱུང་བའི་གནད་ཀྱི་ཡང་ཟབ་འདི་ཁོ་ནའོ།  །དེ་ནས་རིག་པ་དབྱིངས་སུ་སྤར་བ་ནམ་མཁའ་སྒོ་འབྱེད་ནི།  ཕཊ༔ རང་ལུས་ཆེ་ཚོ་སོགས་ནས།  ཕྱག་རྒྱར་བཞེངས༔ ཞེས་བརྗོད་པའི་ཚེ།  རང་ལུས་ཆེ་བ་ཚོ་བ་སྣུམ་ལ་བརྗིད་པའི་དབུས་རྩ་དབུ་མ་མཚན་ཉིད་བཞི་ལྡན་སྟོང་གསལ་མདའ་སྙུག་འབྲིང་པོ་ཙམ་ཡར་སྣེ་ཚངས་བུག་ཏུ་ཟུག་ཅིང་།  མར་སྣེ་ལྟེ་འོག་ཏུ་འགགས་པའི་ནང་དུ་སྙིང་གི་ཐད་ན་བླ་ཚེ་བསོད་ནམས་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་བྱ་མ་སར་གྱི་སྒོ་ང་ཙམ་པ་གསལ་འཚེར་སྣུམ་འདྲིལ་དེ་ཉིད་དཔག་ཆེན་གྱི་མདའ་འཕང་པ་ལྟར་སྟེང་གི་ནམ་མཁར་ཐོན་པར་བསམ་ལ།  དབྱིངས་རིག་བསྲེས་ཏེ་ཕཊ་དང་པོས་སྤར།  གཉིས་པས་དབྱིངས་ནས་བཞེངས་།  གསུམ་པས་ཁྲོས་མའི་སྐུར་ལམ་གྱིས་གསལ་ཏེ།  དེའང་དབྱིངས་རིག་བསྲེ་ཞེས་པའང་ནམ་མཁར་བསྲེ་བ་ཙམ་མ་ཡིན་པར་དབྱིངས་སྟོང་པ་ཉིད་གཟུང་འཛིན་དང་བྲལ་བ་ཆོས་ཉིད་ཀྱི་དོན་ལ་གནས་པ་སྟེ།  དེའི་ཚེ་ལུས་སེམས་མ་བཅོས་པར་རིག་པ་ཁྱབ་བརྡལ་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པ་རྫོགས་པ་ཆེན་པོའི་ལྟ་སྒོམ་གྱི་གནད་དང་ལྡན་པར་བྱ་སྟེ།  གཅོད་ཀྱི་རྒྱ་གཞུང་ལས།  དབྱིངས་རིག་འདྲེས་པའི་དུས་དག་ཏུ།  །དངོས་དང་མཚན་མ་དགག་སྒྲུབ་དང་།  །དམིགས་པར་འཛིན་པ་རང་སངས་ཏེ།  །གཟུང་འཛིན་གཉིས་དང་བྲལ་བ་ཡི།  །ཆོས་ཉིད་དོན་ལ་གནས་པའོ།  །དེ་ལྟར་ལུས་སེམས་མ་བཅོས་པར།  །ནམ་མཁའ་སྟོང་པས་གར་ཁྱབ་པ།  །རིག་པ་སོ་མས་ཁྱབ་པ་ནི།  །རྒྱ་བསྐྱེད་ཁྱབ་བརྡལ་ཆེན་པོར་བཞག།  ཅེས་གསུངས་པ་བཞིན་ནོ།  །དེ་ནས།  སྐུ་གསུམ་ལྷུན་གྲུབ་སོགས་ནས།  ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད།  དེ་དག་གི་ཚེ་རང་ལུས་དེ་ཇི་ལྟར་དམིགས་ན།  རང་ལུས་ཆེ་ཚོ་ཞེས་སོགས་གསུངས་པ་ལྟར་ཏེ།  མ་གཅིག་གི་གསུངས་ལས།  རོ་དེ་ཡང་དབུགས་དང་བྲལ་མ་ཐག་པ་དྲོད་མ་ཡལ་བ་གཞོན་ཅིང་ཤ་རྒྱས་པ་ལྤགས་པ་འཇམ་ཞིང་སྲབ་པ།  ཤ་བཀྲག་གསལ་ཞིང་མདངས་དང་ལྡན་པ།  ཆེ་ཞིང་བརྗིད་ལ་ཚོ་ཞིང་སྣུམ་པ།  མཛེས་ཤིང་ཡིད་དུ་འོང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་ཞིག་བསམ།  ཞེས་གསུངས་པ་ལྟར་དམིགས་ཤིང་།  དེ་ཡང་ཤེས་རབ་སྟོང་པའི་དབྱིངས་ལས་གཟུགས་སྐུ་ཐབས་ཀྱི་ཕྱག་རྒྱ་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཕྱག་གཡས་པས་གྲི་གུག་ཚད་ཙམ་གྱིས་ཐོད་པ་སྒར་གྱིས་འཕར་བ་ར་རི་སུམ་བརྩེགས་ཀྱི་ཐོད་སྒྱེད་ཁར་བབས་པ་བྷནྡྷ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ཞིག་ཏུ་གྱུར།  སླར་ཡང་གྲི་གུག་ཚད་པ་ཙམ་གྱིས་ལུས་ཀྱི་ལྤགས་པ་དབང་ཆེན་གསེར་གྱི་ས་གཞི་ཁེབས་ཤིང་ཁྱབ་པར་གྱུར།  མགོ་མེད་པའི་རོ་དེ་བྷནྡྷའི་ནང་དུ་འཕང་བའི་འོག་ནས་མེ་རླུང་འཐབ་པས་ཐོད་པ་དྲོས།  གཟུགས་ཕུང་ལྟེམ་གྱིས་ཞུ་ནས་རབ་ཏུ་ཁོལ་ཞིང་ལུད་པའི་ལྦུ་བ་ཞིང་ལྤགས་ཀྱི་གཞི་ལ་བབས་པས་བཟའ་བ་ཤའི་རི་བོ།  བཏང་བ་ཁྲག་གི་རྒྱ་མཚོ།  བཅའ་བ་རུས་པའི་གྲམ་ཁྲོད།  ལྡག་པ་ཚིལ་དང་ཞུན་གྱི་ཕུང་པོ།  གཞིབ་པ་རྐང་དང་ལྷ་བ་སོགས་གཞན་ཡང་འཁོར་འདས་ཀྱི་མགྲོན་རིགས་སོ་སོ་དང་མཐུན་པའི་འདོད་ཡོན་མི་ཟད་པ་ལོངས་སྤྱོད་རྒྱན་གྱི་འཁོར་ལོས་ནམ་མཁའི་མཐའ་དང་མཉམ་པར་བསམ་ལ་སྔགས་ཀྱིས་བརླབ།  ཕཊ་དང་པོས་སངས་རྒྱས་ཆོས་དང་དགེ་འདུན།  བླ་མ་ཡི་དམ་མཁའ་འགྲོ།  ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སོགས་དཀོན་མཆོག་སྲི་ཞུའི་མགྲོན་དང་།  ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ཕྱོགས་སྐྱོང་བཅུ་འཇིགས་བྱེད་དགུ་རྒྱལ་ཆེན་བཞི་རྒྱུ་སྐར་ཉེར་བརྒྱད་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་དང་།  དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་དང་ལྷ་མིན་མི་སོགས་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས་ཐོས།  གཉིས་པས་གནས་ནས་ཆས།  གསུམ་པས་ནམ་མཁའ་བར་སྣང་ས་གཞི་གང་བར་ཐིབས་ཀྱིས་འདུས་པར་བསམ།  སླར་ཡང་ཕཊ་ཀྱིས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་དཔག་ཏུ་མེད་པས་འགྱེད་ལས་བྱེད་པར་བསམ་ལ།  ཕཊ༔ སངས་རྒྱས་ཆོས་དང་སོགས་ནས།  ལྷུན་གྲུབ་ཤོག༔ ཅེས་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་ཕུལ་བས།  ཕཊ་དང་པོས་ཐོབ།  གཉིས་པས་བདེ་སྟོང་གི་རོས་ཚིམས།  གསུམ་པས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདག་ལ་འཕོས་པར་བསམ།  གནས་མཆོག་ཉེར་བཞི་སོགས་ནས།  ནུས་པར་ཤོག༔ ཅེས་ཕྱི་ཡུལ་གྱི་གནས་མཆོག་ཉེར་བཞི་སོགས་དང་།  ནང་རྡོ་རྗེ་ཕུང་པོའི་བཀོད་པ་ཆ་མཚུངས་སུ་གྱུར་ཅིང་།  དེ་དག་ན་གནས་པའི་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བདེ་སྟོང་ཟག་མེད་ཀྱི་བདུད་རྩིས་གོང་བཞིན་མཆོད་དེ་དཀོན་མཆོག་སྲི་ཞུའི་མགྲོན་དུ་གཏོགས་པ་ཡིན།  ཕཊ་དང་པོས་མཆོད།  གཉིས་པས་ཐོབ།  གསུམ་པས་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ།  ཕཊ༔ ལྷ་བརྒྱད་སོགས་ནས།  བསྐང་གྱུར་ཅིག༔ ཅེས་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་འདོད་ཡོན་ཕུན་སུམ་ཚོགས་པ་རང་རང་གི་ཡིད་དང་མཐུན་པས་ཐུགས་དམ་བསྐང་བར་གྱུར་པར་བསམ།  ཕཊ་དང་པོས་མཆོད།  གཉིས་པས་ཐོབ།  གསུམ་པས་ཟག་མེད་ཀྱིས་བདེ་བས་ཚིམས་པར་བསམ།  དམྱལ་བ་སོགས་ནས།  སངས་རྒྱས་ཤོག༔ ཅེས་རིགས་དྲུག་སྙིང་རྗེའི་ཡུལ་དུ་གྱུར་པའི་མགྲོན་རྣམས་ལ་གང་ལ་གང་མཁོའི་འདོད་ཡོན་བསྔོས་པས།  ཕཊ་དང་པོས་ཐོབ།  གཉིས་པས་ཚིམས།  གསུམ་པས་གྲོལ་བར་བསམ།  སླར་ཡང་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཤ་ཁྲག་ལ་སོགས་པའི་རྣམ་པར་འགྱེད་པ་ནི།  ཐོག་མར་བྱིན་གྱིས་བརླབས་ཤིང་མགྲོན་འབོད་པ།  ཕཊ༔ སྟོང་གསུམ་ཁྱབ་བརྡལ་སོགས་ནས།  ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕཊ་དང་པོས་སྡེ་བརྒྱད་ལྷ་འདྲེས་ཐོས།  གཉིས་པས་ཆས།  གསུམ་པས་འདུས་པར་བསམ།  ཡ་ཀི་སྲིད་རྩེ་སོགས་ཀྱིས་འབོད།  ལྷ་དང་གཤིན་རྗེ་སོགས་སྡེ་བརྒྱད་རྣམས་ལ་རང་རང་གང་འདོད་དུ་སྦྱིན་པས་ཚིམས་པར་བསམ་ལ།  ཕཊ་དང་པོས་ཆེ་རྒུ།  གཉིས་པས་འབྲིང་རྒུ།  གསུམ་པས་ཆུང་རྒུ་མཆོད།  ཕཊ་ཀྱིས་ཚིམས་པར་བསམ།  རྒྱལ་པོ་པེ་དཀར་སོགས་ཀྱིས་རྒྱལ་པོའི་རིགས།  བསེན་མོ་མི་ཟན་སོགས་ཀྱིས་མོ་འདྲེའི་རིགས།  ཀླུ་བདུད་སོགས་ཀྱིས་ཀླུ་རིགས།  ཉོན་མོངས་དུག་ལྔ་སོགས་ཀྱིས་གདོན་རིགས་གཞན་རྣམས་དང་།  གྲི་བཙན་གྲོང་རྒྱུག་སོགས་ཀྱི་ལན་ཆགས་ཀྱི་བདག་པོ་གློ་བུར་ལྷགས་པའི་ལྷ་འདྲེ་ཐམས་ཅད་ལ་གང་འདོད་དུ་སྟེར་མི་ནུས་ན་བདག་ཞན།  སྤྱོད་མི་ནུས་ན་ཁྱེད་རེ་ངན་སྙམ་དུ་ལུས་ལ་གཅེས་འཛིན་དོར་བའི་དཔའ་བསྐྱེད་དེ།  ཕཊ་དང་པོས་ཐོབ།  གཉིས་པས་ཚིམས།  གསུམ་པས་གྲོལ་བར་བསམ།  དེ་ནས་ལྷག་མ།  སྣང་སྲིད་དང་མཉམ་སོགས་ནས།  དྲངས་གྱུར༔ ཅེས་བྱིན་བརླབས་ཤིང་མགྲོན་སྤྱན་དྲངས།  རང་བྱས་སོགས་ནས།  དབང་ཐོབ་ཤོག༔ ཅེས་ཟས་སྨན་སོགས་སྡུག་བསྔལ་ཀུན་སེལ་གྱི་འདོད་ཡོན་བསྔོས་པ།  ཕཊ་དང་པོས་ཐོབ།  གཉིས་པས་ཚིམས།  གསུམ་པས་ཟག་མེད་ཀྱི་བདེ་བ་ཆེན་པོ་སད་པར་བསམ།  སླར་ཡང་འཁོར་གསུམ་ཡོངས་དག་ཆེན་པོའི་བསྔོ་བ་ནི།  ཕཊ༔ ཆོས་ཉིད་སྒྱུ་མ་སོགས་ནས།  ས་ཐོབ་ཤོག༔ བར་གྱི་ཚིག་དོན་ལ་དམིགས་ཤིང་།  ཕཊ༔ སེམས་དང་སེམས་བྱུང་སོགས་ནས།  མེད་པར་ཨ༔ ཞེས་བདག་དང་ཡུལ་སྣང་ཐམས་ཅད་གཉིས་མེད་སྟོང་པ་ཉིད་ཀྱི་ངང་དུ་ཞིག་སྟེ་ཡེ་གཞི་གདོད་མའི་མགོན་པོའི་ལྷུམས་སུ་ཞུགས་པར་བསམ།  དེ་ནི་དུས་དང་རྣམས་པ་ཐམས་ཅད་དུ་ཉམས་སུ་ལེན་པའི་མན་ངག་གཅིག་ཆོག་ཟབ་མོ་ཡིན་ནོ།  །གཉིས་པ་སྡིག་སྒྲིབ་སྦྱོང་ཕྱིར་ནག་འགྱེད་བྱ་བ་ནི།  ཕཊ༔ རང་ལུས་ཚོ་སྣུམ་སོགས་ནས།  ཧ་ཧོ་ཧྲཱིཿཞེས་གསུངས་ཏེ།  མ་རིག་གཉིས་འཛིན་འཁྲུལ་པ་ལས་བྱུང་བའི་རང་ལུས་ཀྱི་ཕུང་པོ་ཆེ་ཞིང་ཚོ་བ་སྣུམ་པ་རི་རབ་དང་མཉམ་པའི་དབུས་སུ་རྩ་དབུ་མ་མཚན་ཉིད་རྫོགས་པའི་ཡར་སྣེ་སྤྱི་བོ།  མར་སྣེ་ལྟེ་འོག་ཏུ་ཟུག་པའི་སྙིང་གི་ཐད་དུ་རླུང་སེམས་གཉིས་སུ་མེད་པའི་ངོ་བོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་བྱ་སྒོང་ཙམ་གསལ་བ་ཕཊ་ཀྱིས་ནམ་མཁར་སྤར་ལ་དབྱིངས་རིག་བསྲེ།  སླར་ཡང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཁྲོས་མ་མཐིང་ནག་རྒྱན་ཆ་ལུགས་རྫོགས་པར་གསལ་བའི་སྐུའི་འོད་ཀྱི་ཁམས་གསུམ་འཁོར་བའི་སེམས་ཅན་ལྷ་འདྲེ་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་ལྷག་མ་མེད་པར་འོད་ནག་གི་རྣམ་པར་བསྡུས་ནས་བེམ་པོར་བསྟིམ་པས།  སྔར་བས་ཀྱང་རྗེ་ཆེར་སོང་ནས་སྟོང་གསུམ་ཀུན་ཏུ་གང་བའི་མི་རོ་མཐོང་ཐོས་མྱོང་ཚོར་ཙམ་གྱིས་ལྷ་འདྲེའི་ཡིད་འཕྲོག་པའི་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པར་བསམ་ལ།  དབྱིངས་ནས་ཡི་གེ་འབྲུ་ལྔ་ཆར་དུ་བབས་པས་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ།  དེ་ནས་མགྲོན་འབོད་པ་ནི།  ཀླུ་གདོན་རྒྱལ་པོ་སོགས་ནས།  གཤེགས་སུ་གསོལ༔ ཅེས་གསུངས་ཏེ།  ས་གཞིའི་ངོས་སུ་འདོད་ཆགས་འཁྲུལ་པའི་རང་གཟུགས་མོ་གདོན་འདྲེ་མོ་བྱའི་གདོང་ཅན་རྐང་ལག་བྱ་སྡེར་འདྲ་བའི་གཡས་བཤའ་གྲི་གཡོན་ནད་རྐྱལ་ཐོགས་པ་མི་ལྤགས་རློན་པས་སྟོད་གཡོགས་བྱས་པ་ཙམ་ལས་གཞན་པའི་ཆས་གོས་བཞོན་པ་བྲལ་བ་རང་འདྲའི་འདྲེ་མོ་དཔག་ཏུ་མེད་པས་བསྐོར་བ།  དེ་སྟེང་ཞེ་སྡང་གདུག་པའི་རང་གཟུགས་ཕོ་གདོན་རྒྱལ་པོ་སྦྲུལ་མགོ་ཅན་གཡས་མཁར་གསིལ་དང་།  གཡོན་ལྷུང་བཟེད་ཐོགས་པ་ཆོས་གོས་རྣམ་གསུམ་དང་བསེ་ཞྭ་གྱོན་པ་སེང་གེ་དཀར་མོ་ལ་ཞོན་པ།  ཨ་ཙ་ར་དང་མོན་པ་སོགས་རུ་འདྲེན་གྱི་བློན་པོ་དང་།  ཆས་སྣ་ཚོགས་པའི་ཕོ་གདོན་རྒྱལ་འགོང་ཚོགས་ཀྱིས་བསྐོར་བ།  དེ་སྟེང་མ་རིག་གཏི་མུག་གི་རང་གཟུགས་ཀླུ་གདོན་རྒྱལ་པོ་ཕག་གི་གདོང་ཅན་རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་གི་གཡས་སྦྲུལ་ཞགས་དང་།  གཡོན་ནད་རྐྱལ་ཐོགས་པ་ཆུ་སྲིན་ལྗང་ཁྲ་ལ་ཞོན་པ།  རང་འདྲའི་གཏི་མུག་ཀླུ་གདོན་གྲངས་མེད་པས་བསྐོར་བ།  དེ་སྟེང་འཁོར་འདས་དབང་མོ་ངོ་བོ་དབྱིངས་ཀྱི་རྗེ་མོ་རྣམ་པ་ནག་མོ་རེ་མ་ཏཱི་གཡས་རལ་གྲི་དང་།  གཡོན་ཐོད་ཁྲག་ཐོགས་པ།  ནད་རྐྱལ་མཆན་དུ་བཅུག་ཅིང་ལྭ་བ་ཁམ་ནག་ཐུར་དུ་སླེབས་པ།  མི་ལྤགས་རློན་པའི་སྟོད་གཡོགས་དང་རེ་ལྡེའི་སྨད་ཤམ་གསོལ་བ།  དུང་གི་མཆེ་བ་གཙིགས་ཤིང་གཡུ་ཡི་སྨིན་མ་འཁྱུགས་པ།  བོང་བུ་གྭ་ཞུར་མིག་གསུམ་སྲིན་ཐོད་ཀྱི་ཡ་ཁས་སྒ་ཡི་སྔ་རུ་མ་ཁས་ཕྱི་རུ་མི་ལྤགས་རློན་པའི་སྒ་ཁེབས།  གློ་ལེན་དང་གོང་སྨད་སྦྲུལ་གྱིས་བྱས་པ།  སྔ་ཤད་དང་ཕྱི་ཤད་དུ་མཚོན་གྱི་གྲུ་གུ་དང་།  ཤྭ་རྡེའུ་ཁྲམ་ཤིང་ནད་རྐྱལ་བཏགས་པ་ལ་ཆིབས་པ།  རང་འདྲའི་བུད་མེད་རལ་པ་བསིགས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ།  ཞེས་བདུད་ཆས་བགོས་པ་ཟིན་བྲིས་སུ་བྲིས་པ་ལྟར་གཞུང་གི་འདོན་ཆ་དང་ཡང་མཐུན་ལ།  ཡང་ན་མ་གཅིག་སྲིད་པའི་རྒྱལ་མོ་གཡས་རལ་གྲི་དང་ནད་རྐྱལ།  གཡོན་བཤའ་གྲི་དང་ཞགས་པ་ཐོགས་པ།  དེའི་འོག་ན་ཀླུ་གདོན་དུར་ཕག་གི་མགོ་ཅན་ས་ཕག་ནག་པོ་ལ་ཞོན་པ་གཡས་སྟྭ་རེ་དང་གཡོན་ཞགས་པ།  དེའི་འོག་ན་ཕོ་གདོན་རྒྱལ་པོ་རྟའི་མགོ་ཅན་རྟ་ནག་ལ་ཞོན་པ།  ལག་ན་གསེག་ཤངས་དང་མི་མགོ་རློན་པ་འཛིན་པ།  ས་གཞི་ན་མོ་གདོན་འདྲེ་མོ་རེ་བའི་དར་དང་ཞགས་པ་འཛིན་པ་བྱ་ནག་ལ་ཞོན་པ་ཞེས་ཀྱང་ཞལ་སྔ་ནས་ཐོས།  དེ་ནས་སྤྱན་འདྲེན་དུས་སུ།  རྐང་གླིང་ངམ་ཕཊ་དང་པོས་ཐོས།  གཉིས་པས་ཆས།  གསུམ་པས་ཐིབས་ཀྱིས་འདུས་པར་བསམ་པ་གོང་འོག་ཀུན་གྱི་སྤྱན་འདྲེན་ལ་འགྲེས།  དེ་ནས་ལྟ་བའི་རྒྱང་གླུ་ནི།  འཁོར་འདས་རོ་སྙོམས་སོགས་ནས།  ཐབས་སུ་གཏོང་༔ ཞེས་གསུངས་ཏེ།  མ་དག་འཁོར་བའི་སྣང་སེམས་མཐའ་དག་ཀ་དག་ཕྱོགས་ཡན་ཆེན་པོར་བཟང་ངན་རོ་སྙོམས་པའི་གནས་ལུགས་མངོན་དུ་རིག་པའི་འཇིགས་མེད་གདིང་དང་ལྡན་པའི་རྣལ་འབྱོར་པ་ངས།  འཁོར་བ་ཐོག་མེད་དུས་ནས་ད་ལྟའི་བར་དུ་གཅེས་པར་བསྐྱང་པའི་ང་མེད་པ་ལ་ངར་འཛིན་ཅིང་།  འཁྲུལ་པ་ལས་སྣང་བའི་ཕུང་པོ་འདི་ཚེ་རབས་སྔོན་མ་རྣམས་སུ་དོན་མེད་པར་གྱུར་པ་ལས།  དེ་རིང་རང་གཞན་གྱི་ཚོགས་གཉིས་རླབས་ཆེན་རྫོགས་པའི་ཆེད་དུ་སྔོན་གྱི་རྒྱལ་བ་རྣམས་ཀྱི་མཛད་པ་ལྟར་སྦྱིན་པ་ཆེན་པོའི་ཐབས་སུ་གཏོང་སྟེ།  ཉེ་བ་འཁོར་གྱིས་ཞུས་པའི་མོད་ལས།  དེ་ལ་གཏོང་བ་ནི་རྒྱལ་སྲིད་གཏོང་བའོ།  །གཏོང་བ་ཆེན་པོ་ནི་བུ་དང་བུ་མོ་གཏོང་བའོ།  །ཤིན་ཏུ་གཏོང་བ་ནི་མགོ་དང་རྐང་པ་དང་མིག་དང་ལྤགས་པ་དང་རྐང་ཡོངས་སུ་གཏོང་པའོ།  །ཞེས་གསུངས་པ་ལྟར་ཤིན་ཏུ་གཏོང་བ་ཆེན་པོ་ལུས་གཏོང་བ་ལ་ཞུགས་པའི་ཐབས་ཀྱི་ཚུལ་ལུས་གཏོང་བར་བྱའོ།  །ཞེས་པའོ།  །དེ་ནས།  སྦྱིན་ཡུལ་མ་རིག་སོགས་ནས།  ཧབ་ཐོབ་རོལ༔ ཞེས་གསུངས་ཏེ།  སྦྱིན་པའི་ཡུལ་མ་རིག་འཁྲུལ་པའི་དབང་དུ་གྱུར་བའི་ལྷ་འདྲེ་ནི་གོང་དུ་སྨོས་པ་དེ་དག་འཁོར་བཅས་ལ།  དུར་ཁྲོད་མི་རོ་བམ་གྱི་ཚོགས་མཆོད་འབུལ་བས་རྗེས་ཤུལ་ལྷག་མ་མེད་པར་ཧབ་ཐོབ་སྟེ་ཧབ་སྒྲ་དང་ཧུབ་སྒྲ་ཁམ་ཆོད་སྤར་ཆོད་བྱས་ནས་རོལ་པར་བསམ་ལ།  ཕཊ་དང་པོས་མཆོད།  གཉིས་པས་ཐོབ།  གསུམ་པས་བདེ་སྟོང་གི་རོས་ཚིམས་ནས་ཚོགས་རྫོགས་སྒྲིབ་པ་དག་པར་བསམ།  དེ་ནས།  དེ་ལྟར་སྦྱིན་ཡུལ་སོགས་ནས།  ཡལ༔ ཞེས་གསུངས་ཏེ།  དེ་ལྟར་སྦྱིན་ཡུལ་ལྷ་འདྲེ་ཐམས་ཅད་ཀྱིས་རོལ་པས་སོལ་ཕུང་ལྟར་ནག་པོར་གྱུར་ནས་འཁོར་རྣམས་ཆུང་རིམ་རྣམས་ཆེ་རིམ་གྱིས་ཟོས།  མཐར་རང་རང་གི་གཙོ་བོ་གསུམ་གྱིས་ཟོས།  རྒྱལ་པོས་མོ་འདྲེ་ཟོས།  ཀླུ་གདོན་གྱིས་རྒྱལ་པོ་ཟོས།  ས་བདག་རྒྱལ་པོ་དེ་ཡང་ནག་མོ་ཆེན་མོས་ཁྱུར་མིད་བཏང་།  རང་གི་འཁོར་དང་དཔུང་བཅས་ཟོས་ནས་ཆོས་སྐུའི་ཀློང་དུ་ཡལ་བར་བསམ་ལ།  ཕཊ་དང་པོ་དམིགས་མེད་དུ་བཞག།  གཉིས་པས་མངོན་དུ་བྱས།  གསུམ་པས་གདིང་ཐོབ་ནས་གྲོལ་བར་བསམ།  འདི་ནི་ལྷ་འདྲེ་ཨར་ལ་གཏད་པའི་དམིགས་པ་སྟེ་འདི་མ་བྱས་ཀྱང་ཆོག་ལ་ལྷག་མགྲོན་ནི་མེད་དོ།  །དེ་ནས་ལྟ་བའི་ཀློང་དུ་བཞག་པ་ནི།  བདག་དང་ཡུལ་སྣང་སོགས་ནས།  མཉམ་པར་བརྡལ༔ ཞེས་བདག་དང་ཡུལ་སྣང་ཐམས་ཅད་དཔེར་ན་རྨི་ལམ་དབྱིངས་སུ་སད་པ་ལྟར་ཡེ་གཞི་གདོད་མའི་རིག་པ་དོན་གྱི་ཧེ་རུ་ཀའི་གནས་ལུགས་ཀྱི་ངང་དུ་འདུས་ནས།  ལྷ་དང་འདྲེ་སངས་རྒྱས་སེམས་ཅན་བདག་དང་ཡུལ་གནོད་བྱ་གནོད་བྱེད་ཐམས་ཅད་ཕྱོགས་མེད་ཀ་དག་ལྷུན་འབྱམས་ཆེན་པོའི་ངང་དུ་མ་བཅོས་རང་བྱུང་གི་ཡེ་ཤེས་ཇི་ལྟ་བ་དེ་བཞིན་ཉིད་དུ་སྙོམས་པར་བརྡལ་བའོ།  །ཕཊ་དང་པོས་རྩལ་སྤྲུལ་སྐུའི་དབྱིངས་སུ་བསྲེ།  གཉིས་པས་གདངས་ལོངས་སྐུའི་གདིང་ཐོབ།  གསུམ་པས་ངོ་བོ་ཆོས་སྐུའི་དགོངས་པ་མངོན་དུ་བྱས་པར་བསམ།  ནག་འགྱེད་ཀྱི་རྣམ་གྲངས་གཞན་ཡང་ཆོས་ཉིད་ནམ་མཁའི་ཀློང་མཛོད་སྐོར་གྱི་ནག་འགྱེད་སྒྲིབ་པ་ཀུན་སེལ་ལས་བྱུང་བ་ལྟར་ཁུ་བར་འགྱེད་པ་ནི།  ཕཊ་ཅེས་རྣམ་ཤེས་སྤར་ཏེ་སྟེང་ཕྱོགས་ཁྲུ་བདུན་མཚམས་སུ་གནས་པའི་འོད་ཀྱི་ཕུང་པོ་ཆེན་པོ་འོག་གི་ས་གཞིར་ཕོག་པས་བྷནྡྷ་སྟོང་གསུམ་དང་མཉམ་པ་ཞིག་ཏུ་གྱུར་པ་ལས།  སྟེང་གི་ནམ་མཁར་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་སྐུ་ལས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས།  རང་ཐ་མལ་དུ་གནས་པའི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་བག་ཆགས་དང་བཅས་པ།  ལྟག་པར་ལྷ་མིན་གྱི་ས་བོན་སུ་སེར་པོ་བག་ཆགས་དང་བཅས་པ།  སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ་བག་ཆགས་དང་བཅས་པ།  ལྟེ་བར་དུད་འགྲོའི་ས་བོན་ཏྲི་སྔོན་པོ་བག་ཆགས་དང་བཅས་པ།  གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ་བག་ཆགས་དང་བཅས་པ།  རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿནག་པོ་བག་ཆགས་དང་བཅས་པ་ཐམས་ཅད་ནག་ནུར་གྱིས་བབས།  ནད་རྣམས་རྣག་ཁྲག།  གདོན་རྣམས་འབུ་སྲིན།  སྡིག་སྒྲིབ་དུད་སོལ་གྱི་ཁུ་བའི་རྣམ་པར་བྷནྡྷར་བབས་པས་གང་བར་བསམ།  དབྱིངས་ནས་འབྲུ་གསུམ་ཆར་ལྟར་བབས་པས་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩི་རོ་ནུས་ཕུན་སུམ་ཚོགས་པ་ཁ་དོག་ནག་ལ་ཁོལ་ཞིང་ཕྱུར་བ་མགྲོན་རྣམས་ཀྱིས་རོལ་པར་དམིགས།  མགྲོན་གོང་ལྟར་སོ་སོར་གསལ་མི་དགོས།  དེའི་འཕྲོར་ཧྲིལ་པོར་འགྱེད་པའང་གཞུང་དུ་གསལ་བ་ལྟར་རོ།  །གསུམ་པ་ཚོགས་རྫོགས་ཕྱིར་དཀར་འགྱེད་བྱ་བ་ནི།  ཕཊ༔ ངར་འཛིན་བག་ཆགས་སོགས་ནས།  རྒྱན་དུ་སྤེལ༔ ཞེས་གསུངས་ཏེ།  ང་རུ་འཛིན་པའི་བག་ཆགས་འཐས་པ་ལས་བྱུང་བའི་སྒྱུ་ལུས་ཀྱི་ཕུང་པོའི་དབུས་སུ་རྩ་དབུ་མ་གོང་ལྟར་གསལ་བ་ནས།  དྭངས་མའི་ཤེས་རིག་གདོད་མའི་གཞི་དབྱིངས་ཆེན་པོ་རུ་འཕོས་པ་ལས།  ཆོས་ཉིད་ཀྱི་དབྱིངས་ལས་ཡེ་ཤེས་ཀྱི་སྒྱུ་འཕྲུལ་དུ་ལངས་པ་རང་ཉིད་མཁའ་འགྲོ་དཀར་གསལ་སྐུ་ལས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་དག་པར་བྱེད་པ།  ཕྱག་གཡས་སྤུ་གྲི་རེག་གཅོད་རལ་གྲི་ནམ་མཁའ་ལ་འཕྱར་བ་བེམ་པོར་ཚད་པ་ཙམ་གྱིས་ཐར་གྱིས་ཞིག།  གཡོན་པས་རླུང་གི་བ་དན་གཡབ་པས་ཤ་ཁྲག་རྡུལ་ཕྲན་དུ་གྱུར་ནས་ཕྱོགས་མཚམས་ཀུན་ཏུ་གཏོར་བས་སྟོང་གསུམ་ཐམས་ཅད།  ཕྱི་འབྱུང་སྣང་བའི་ཡུལ་དང་གཉིས་མེད་འདྲེས།  སླར་ཡང་སྐད་ཅིག་གིས་ས་གཞི་ཐམས་ཅད་ཐུད་ཀྱི་ས་གཞི།  རི་ཐམས་ཅད་མར་གྱི་རི་བོ།  མངར་གསུམ་གྱི་བྲག་རི།  འོ་མའི་ཆུ་ཀླུང་།  ཞོའི་མཚོ་སོགས་གཞན་འཕྲུལ་ལྷའི་བཀོད་པ་འཕྲུལ་པ་བཞིན་དུ་སྣང་སྲིད་འདོད་ཡོན་དཀར་མཆོད་ཀྱི་སྤྲིན་དུ་གྱུར་པ་ལ།  དབྱིངས་ནས་འབྲུ་གསུམ་ཆར་དུ་བབས་པས་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ་བོ།  །ཨེ་མ༔ སངས་རྒྱས་སོགས་ནས།  ང་ལ་འདུ༔ ཞེས་སངས་རྒྱས་དང་སེམས་ཅན་སྣོད་བཅུད་དང་འདོད་ཡོན་ལ་སོགས་པ་རང་སེམས་འོད་གསལ་བའི་ཡེ་ཤེས་ཆེན་པོའི་རོལ་རྩལ་ལས་གཞན་དུ་མ་དམིགས་པའི་ཚུལ་དང་།  ཕཊ༔ ང་དབུ་མ་སོགས་ནས།  མངོན་དུ་བྱ༔ ཞེས་རིམ་པ་བཞིན་དབུ་ཕྱག་རྫོགས་གསུམ་གྱི་ལྟ་བའི་གནད་དང་མཐུན་པར།  ཆོས་ཐམས་ཅད་སྟོང་ཉིད་ཆེན་པོའི་རང་བཞིན་དུ་རྟོགས་ནས་བདག་འཛིན་གཅོད་པ་དང་།  ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གྱི་རྒྱས་ཐེབས་ནས་མཆོད་སྦྱིན་གྱི་རོལ་གར་བསྒྱུར་བས་ཡུལ་གྱི་དངོས་ཞེན་གཅོད་པ་དང་།  ཆོས་ཉིད་རིག་པ་རྗེན་པའི་ངང་དུ་རྫོགས་པར་རྟོགས་ནས་འཁོར་གསུམ་རྣམ་དག་གི་ཚུལ་དུ་དབྱིངས་དག་མཉམ་ཆེན་པོ་མངོན་དུ་བྱ་བ་དང་།  གཞི་བདེ་གཤེགས་སོགས་ནས།  བྱང་ཆུབ་བོ༔ ཞེས་གཞི་དབྱིངས་བདེ་གཤེགས་སྙིང་པོའི་རང་མདངས་མཆོག་གསུམ་ལྷ་ནི་དཀོན་མཆོག་སྲི་ཞུའི་མགྲོན་དང་།  ལམ་རིག་རྩལ་གྱི་རོལ་པའམ་བཀོད་པ་མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་དང་།  སེམས་དུག་གསུམ་སོགས་ནས།  ལོངས་སྤྱོད་སྟེར༔ ཞེས་སེམས་དུག་གསུམ་གྱི་དབང་དུ་གྱུར་པའི་ཁམས་གསུམ་འཁོར་བའི་ཡུལ་དུ་གྱུར་པའི་རྩལ་རྣམ་རྟོག་གི་རང་གཟུགས་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ལ་རང་རང་ལ་འོས་པའི་འདོད་ཡོན་སྟེར་པ་དང་།  ཕྱི་གཟུང་བ་སོགས་ནས།  མཆོད་པ་བཞེས༔ ཞེས་ཕྱི་གཟུང་བ་ཡུལ་དུ་འཕྲུལ་པ་ལས་བྱུང་བའི་ལྷ་འདྲེ་ལ་སྣ་ཚོགས་སྣང་བའི་འདོད་ཡོན་དང་།  ནང་འཛིན་པ་སེམས་ཀྱི་འཁྲུལ་རྟོག་ལས་བྱུང་བའི་ལྷ་འདྲེ་ལ་མེད་བཞིན་སྣང་བའི་འདོད་ཡོན་དང་།  བར་གཟུང་འཛིན་འབྲེལ་བའི་ལྷ་འདྲེ་ལ་འཁྲུལ་འཁོར་ལུགས་སུ་འབྱུང་བའི་ཆོས་རྣམས་སྟེར་ཞེས་པ་སྟེ།  འདི་དག་ཀུན་རྫོབ་མཆོད་སྦྱིན་གྱི་ཚུལ་དུ་སྦྱར་བ་དང་།  དོན་དམ་འཁྲུལ་གྲོལ་གྱི་རྣམ་བཞག་ལམ་གྱི་ཚུལ་དང་སྦྱར་བ་གཉིས་ཀྱི་སྒོ་ནས་ཤེས་དགོས་ཀྱི་ཚིག་གི་འབྲུ་ནོན་ཙམ་གྱིས་གོ་དཀའ་བས་རེ་ཞིག་དེ་ཙམ་མོ།  །དེ་ནས་ཡུལ་ཁམས་གསུམ་སོགས་ནས།  དག་མཉམ་ཨ་ལ་ལ༔ ཞེས་བདེན་མེད་གནས་ལུགས་ཀྱི་ངང་དུ་བཞག་གོ།  །བཞི་པ་ཁྲ་འགྱེད་ལ།  ཕཊ༔ རང་ལུས་ལང་ཚོ་སོགས་ནས།  ཧ་ཧོ་ཧྲཱིཿཞེས་གསུངས་ཏེ།  རང་ལུས་ཆེ་བ་གནམ་ས་གང་བ་ཙམ་པ་ལང་ཚོའི་དཔལ་ཡོན་ཕུན་སུམ་ཚོགས་པའི་དབུས་སུ།  རྩ་ཨ་ཝ་དྷུ་ཏི་ཤེལ་གྱི་སྦུ་གུ་ལྟ་བུའི་སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རྣམས་ཤེས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་གསལ་གདབ།  དེ་ཉིད་སྐར་མདའ་ཆད་པ་ལྟར་སྟེང་གི་ནམ་མཁར་སྤར།  དབྱིངས་ལས་ཁྲོས་མ་ནག་མོར་གསལ་བའི་ཕྱག་གཡས་གྲི་གུག་རང་ལུས་ལ་ཚད་ཙམ་གྱི་ཚེ་རབས་ཀྱི་ལུས་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ་ཐིམ།  ཡང་གྲི་གུག་ཚད་པས་ཞིང་ལྤགས་འཇིག་རྟེན་རབ་འབྱམས་ཀྱི་ས་གཞི་དང་མཉམ་པར་བརྡལ་བའི་སྟེང་དུ་ཤ་བཙོས་པ་དང་རྗེན་ཤའི་རི་བོ།  ཁུ་ཞག་དང་ཁྲག་དྲོན་མོ་རླངས་པ་འཕྱོ་བ་རྣམས་ཀྱི་རྒྱ་མཚོ་འཁྱིལ་བ་གཡས་ཀྱི་ཕྱོགས་སུ་དང་།  གཡོན་གྱི་ཕྱོགས་སུ་རྐང་ཀླད་དང་ལྷ་བ་ཚིལ་རྣམས་ཀྱི་བྲག་རི།  མདུན་དུ་བྷནྡྷ་ཤ་ལྔ་བདུད་རྩི་ལྔས་གང་བ་ཐོད་སྒྱེད་གསུམ་གྱི་སྟེང་དུ་བཙུགས་པའི་འོག་ནས་རླུང་གཡོས།  མེ་སྦར་བས་བདུད་རྩི་ཁོལ་ཞིང་ལུད་པའི་ངད་རླངས་ལ་ཕྱི་ཉེར་སྤྱོད་བདུན་དང་།  ནང་འདོད་ཡོན་ལྔ་།  གསང་བ་སྨན་རཀ་གཏོར་གསུམ་ཐོགས་པའི་ལྷ་མོ་དུ་མ་དང་།  རིག་མ་བཅུ་དྲུག།  གཞན་ཡང་འཕན་གདུགས་རྒྱལ་མཚན།  བཀྲ་ཤིས་རྟགས་བརྒྱད།  རྒྱལ་སྲིད་སྣ་བདུན་སོགས་མཆོད་རྫས་དཔག་ཏུ་མེད་པས་ནམ་མཁའ་བར་སྣང་ཐམས་ཅད་གང་།  ས་གཞིའི་ཕྱེད་ཆ་ཙམ་དུ་ཤར་དུ་དངུལ་གྱི་རི་དང་ཐང་།  ལྷོ་གསེར་གྱི་རི་དང་ཐང་།  ནུབ་ཟངས་ཀྱི་རི་དང་ཐང་།  བྱང་དུ་ནོར་བུ་དང་མུ་མེན་མུ་ཏིག་གཡུ་ལྕགས་ལ་སོགས་པའི་རི་དང་ཐང་།  བར་མཚམས་སུ་འོ་མ་དང་ཞོ་ཡི་རྒྱ་མཚོ།  མར་དང་ཐུད་ཀྱི་རི་བོ།  མངར་གསུམ་བཅུད་ཀྱི་བྲག་རི།  རི་རབ་བས་དཔངས་མཐོ་བ།  རྒྱ་མཚོ་བས་གཏིང་ཟབ་པ།  ཉི་རྡུལ་བས་གྲངས་མང་བ།  དེའི་ཕྱི་རོལ་ཏུ་འབྲུ་རིགས་རྣམ་པ་སྣ་ཚོགས།  དེ་བཞིན་དུ་སྨན་སྣ།  ཟས་སྣ།  གསེར་དངུལ་ཟངས་ལྕགས།  ཀ་ཆ།  དཀོར་ཆ།  ཟ་འོག་དར་རས་ཕྲུག་གོས་མཛེས་འཇམ་སྲབ་ཡང་རེག་ན་བདེ་བ།  གོ་མཚོན་སྣ་ཚོགས།  གཅན་གཟན་སོགས་ཀྱི་པགས་རིགས་སྣ་ཚོགས།  རིན་པོ་ཆེའི་ཁང་བཟང་དང་རང་བཞིན་གྱི་ཁང་ཁྱིམ།  སྦྲ་གུར་ས་ཕུག་བྲག་ཕུག་གནས་མལ་སྟན་ཁྲི་མལ་ཆ།  མཛའ་བའི་གྲོགས་དང་འཇིགས་པའི་སྐྱོབ།  འཁོར་གཡོག་སྲིད་སྡེ།  རི་དྭགས་གཡུང་དྭགས་ཆུ་གནས་ཀླུ་རིགས།  དར་ཚོན་བལ་ཚོན།  སྨན་ལྗོངས་ནེའུ་སེང་།  སྐྱེད་མོས་ཚལ་དང་བྱ་རིགས་སོགས་མིག་གི་ཡུལ་དུ་གཟུགས་མཛེས་པ་སྣ་ཚོགས།  རྣ་བའི་ཡུལ་དུ་སྒྲ་སྙན་པ།  སྣའི་ཡུལ་དུ་དྲི་ཞིམ་པ།  ལྕེའི་ཡུལ་དུ་རོ་མངར་བ།  ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་སྣ་ཚོགས་སོགས་འདོད་རྒུའི་ལོངས་སྤྱོད་མ་ཚང་བ་མེད་པ་འབྱུང་བར་བསམ།  དབྱིངས་ནས་རྒྱལ་བ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འོད་ཟེར་དཀར་པོ།  གསུང་གི་བྱིན་རླབས་འོད་ཟེར་དམར་པོ།  ཐུགས་ཀྱི་བྱིན་རླབས་འོད་ཟེར་མཐིང་ནག་གི་ཆར་བབས་པས་སྐུ་གསུང་ཐུགས་ཀྱི་བདུད་རྩིར་བསམ་ལ།  ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿབརྗོད།  གཏན་གྱི་མགོན་པོ་སོགས་ནས།  ཐོབ་གྱུར་ཅིག༔ ཅེས་མགྲོན་སྤྱན་དྲངས་ནས།  རང་གི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་གྲངས་མེད་པ་འཕྲོས་ནས་དཀོན་མཆོག་སྲི་ཞུའི་མགྲོན་ལ་ཉེར་སྤྱོད་འདོད་ཡོན་སོགས་གོང་དུ་བཤད་པའི་མཆོད་རྫས་ནམ་མཁའི་ཁམས་བཀང་ནས་ཕུལ་བ་དང་།  མགོན་པོ་ཡོན་ཏན་གྱི་མགྲོན་ལའང་དཀར་གསུམ་མངར་གསུམ་སོགས་གང་ལ་གང་མཁོའི་ལོངས་སྤྱོད་གཙང་མ་དང་།  རིགས་དྲུག་སྙིང་རྗེ་དང་བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་ཤ་གསར་པ་ཁྲག་དྲོན་མོ་དཀར་གསུམ་མངར་གསུམ་སོགས་གང་བ་གང་མཁོའི་འདོད་ཡོན་ཐོབ་པར་བསམ་ནས།  དམིགས་པ་མ་ཟིན་བར་དུ་ཕཊ་བརྗོད།  ཡིད་མ་ཆེས་བར་དུ་ཕཊ་བརྗོད།  བློ་མ་ཐུབ་བར་དུ་ཕཊ་བརྗོད།  ཡས་མགྲོན་རྣམས་ལ་མཆོད་པས་ཐུགས་བདེ་སྟོང་གི་རོས་ཚིམས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་དག་ནས་སངས་རྒྱས་པར་བསམ།  མས་མགྲོན་རྣམས་ལ་སྦྱིན་པས་ངོམས་ཤིང་ཚིམས་ནས་སོ་སོར་གང་འདོད་པའི་ཡོན་ཏན་དང་ལྡན་ནས་སངས་རྒྱས་པར་བསམ།  ལྷག་མ་ཉལ་ཉིལ་བྱིན་གྱིས་བརླབས་ནས་ལྷག་མགྲོན་རྣམས་ལ་ཕུལ་བས་ཁས་ཞན་པ་རྣམས་ཁས་དྲག་ཅིང་།  དབང་ཆུང་བ་རྣམས་དབང་ཆེ་བ་དང་།  བང་བུལ་བ་རྣམས་མྱུར་མགྱོགས་རྩལ་ཤུགས་དང་ལྡན།  འོན་ལོང་ལྐུགས་པ་རྣམས་ཡུལ་ཀུན་ཐོས་ཤིང་མཐོང་ལ་སྨྲ་མཁས་ཤེས་རབ་ཀྱི་དབང་པོ་དང་ལྡན་པར་བསམ་མོ།  །དེ་ནས།  དགེ་འདིས་འགྲོ་ཀུན་སོགས་ནས།  མཉམ་བརྡལ་ཀླས༔ ཞེས་དགེ་བ་བསྔོ་ཞིང་དམིགས་མེད་ཀྱི་ངང་དུ་བཞག།  དེ་ནི་གཞུང་ནས་བསྟན་པ་ལྟར་ཕྱི་ལུས་ཀྱི་ཁྲ་འགྱེད་ཡིན་ལ།  གཞན་ཡང་རིན་པོ་ཆེའི་རི་བོའི་དམིགས་པ།  ཡིད་བཞིན་ནོར་བུའི་དམིགས་པ།  དཔག་བསམ་ལྗོན་ཤིང་གི་དམིགས་པའམ་འགྱེད་ལུགས་དང་གསུམ་ལས།  དང་པོ་ནི།  རང་ལུས་འདི་ཉིད་སྐད་ཅིག་གིས་རྩེ་མོ་གསེར།  དེ་འོག་དངུལ།  དེ་འོག་ཟངས་སོགས་རིན་པོ་ཆེའི་རང་བཞིན་གྱི་རི་བོ་ཉིད་ལ།  ཁམས་དཀར་དམར་གྱི་ཆ་ཉི་ཟླའི་འོད་ཕོག་པས་མགྲོན་བཞིའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གང་འདོད་འབྱུང་བས་ཚོགས་རྫོགས་སྒྲིབ་པ་དག་པར་བསམ།  འདིར་གཉིས་པ་ཡིད་བཞིན་ནོར་བུའི་དམིགས་པ་ཆད་འདུག་པས་འོག་གི་རིན་པོ་ཆེ་རི་བོའི་དམིགས་པ་ཉིད་ཡིད་བཞིན་ནོར་བུར་བསྒྱུར་ཏེ་འདིར་བླངས་ན་སྙམ་པས་དཔྱད།  གསུམ་པ་ནི།  རང་ལུས་དཔག་བསམ་གྱི་ལྗོན་ཤིང་དུ་གསལ་ཏེ་དེ་ལ་ངོ་བོ་བྱང་ཆུབ་ཀྱི་སེམས་ལ་རྣམ་པ་རླུང་དང་བསིར་བུས་བསྐྱོད་པ་ལས་མགྲོན་རྣམས་ཀྱི་དབང་པོའི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་དགོས་འདོད་སྣ་ཚོགས་ཀྱི་མཆོད་སྤྲིན་ནམ་མཁའ་མཉམ་པར་ཕུལ་བས།  ཡས་མགྲོན་ཐམས་ཅད་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་ནས་རང་བཞིན་གྱི་ཚོགས་རྫོགས་སྒྲིབ་པ་དག།  མས་མགྲོན་རྣམས་དགའ་མགུ་ཡི་རང་ནས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་བསམ།  ཡང་རིན་པོ་ཆེ་རི་བོའི་དམིགས་པ་ནི།  རང་གི་ལུས་རིན་པོ་ཆེའི་རི་བོར་གྱུར་ནས་དེའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྣང་བ་གནས་སུ་འགྱུར་ནས་གཉིད་སྐྲོག་པ་ལྟར་སྡུག་བསྔལ་ལས་སད་པར་བྱས་ནས་དགའ་ལྡན་རྣམ་པར་རྒྱལ་བའི་ལྷའི་ལོངས་སྤྱོད་ཀྱི་དཔལ་ལྟ་བུ་ལ་དབང་འབྱོར་ཐོབ་པར་བསམ་པའང་ཞལ་སྔ་ནས་ཐོས།  ལྔ་པ་དམར་འགྱེད་ནི།  ཕཊ༔ འབྱུང་བ་སྙིགས་མར་སོགས་ནས།  ཧ་ཧོ་ཧྲཱིཿཞེས་གསུངས་ཏེ།  འབྱུང་བ་སྙིགས་མར་ཤ་ཁྲག་གདོས་བཅས་ཀྱི་རྣམ་པར་ལས་ཀྱིས་འཐས་པའི་སྒྱུ་མའི་ཕུང་པོའི་དབུས་སུ་སྔར་བཞིན་བསྒོམ་པའི་རྩ་དབུ་མའི་ལམ་ནས་དྭངས་མའི་ཤེས་རིག་འོད་ལྔའི་ཐིག་ལེར་གྱུར་པ།  ཕཊ་དང་པོས་སྤར།  གཉིས་པས་དབྱིངས་རིག་བསྲེ།  གསུམ་པས་དེའི་ངང་ལས་ཁྲོས་མའི་རྣམ་པར་བཞེངས་ནས་ཕྱག་གཡས་གྲི་གུག་ཚད་པ་ཙམ་གྱིས་སྟོང་གསུམ་གང་བའི་ལུས་ཉིད་ཐར་གྱིས་ཞིག་ནས་བཟའ་བ་ཤའི་རི་བོ་སོགས་ནས།  རྐང་ཚིལ་ལྷ་བ་མར་ཁུའི་རྒྱ་མཚོ་འཁྱིལ་བའི་ལྦུ་བ་ངད་རླངས་ལས་འདོད་ཡོན་ལྔའི་ལོངས་སྤྱོད་སྤྲིན་ཕུང་ལྟར་འཁྲིགས་པ་ལ།  དབྱིངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡི་གེ་གསུམ་གྱི་ཆར་བབས་པས་ཤ་ཁྲག་གི་ཕུང་པོ་དེ་ཉིད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རང་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབས་པར་གྱུར།  མགྲོན་འབོད་པ།  རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་ཆོས་ཉིད་མི་འགྱུར་བའི་ངོ་བོ་ལས་ཡེ་ཤེས་མཁའ་འགྲོ་བཅུ་གཅིག་ལ་སྒྱུ་འཕྲུལ་རོལ་པ་རྩལ་རྫོགས་ཀྱི་ཚུལ་དུ་མཁའ་འགྲོ་མ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེས་བསྐོར་བ་དང་བཅས་པ་སྤྱན་དྲངས༔ དེ་ནས།  མ་ཡེ་ཤེས་དབྱིངས་ལས་སོགས་ནས།  དབྱིངས་སུ་སོལ།  ཅེས་མཁའ་འགྲོ་ཚན་བཅུ་རང་རང་གི་འཁོར་ཚོགས་འབུམ་སྡེ་ལྷ་འདྲེ་དང་བཅས་པ་ལ་འགྱེད་དམིགས་བྱ་བ་ངོ་བོ་མཁའ་འགྲོ་གཙོ་བཅུ།  རྩལ་འབུམ་ཕྲག་མཁའ་འགྲོ།  གདངས་སྣང་སྲིད་ལྷ་འདྲེ།  ཡང་ན་སྒྱུ་ཡེ་ཤེས་མཁའ་འགྲོ།  འཕྲུལ་འབུམ་ཕྲག་མཁའ་འགྲོ།  རོལ་པ་སྣང་སྲིད་ལྷ་འདྲེ་སྟེ་དེ་དག་རིམ་པ་བཞིན་ནམ་མཁའ་བར་སྣང་ས་གཞིའི་ཁམས་སུ་གསལ་གདབ་སྟེ།  དེ་ཡང་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་རྒྱལ་བ་ཀུན་གྱི་ཡུམ་དུ་གྱུར་པས་མ་དང་།  དེ་ལྟར་སྟོང་ཉིད་ཡེ་ཤེས་ཀྱི་དབྱིངས་ལས་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་སྟོན་པས་གར་བསྒྱུར་མ།  དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་སྤྲུལ་པ་བྱེ་བ་འབུམ་སྡེ་སྣང་སྲིད་ལྷ་འདྲེ་དང་བཅས་པས་ཉོན་མོངས་པ་གཏི་མུག་དང་དེར་བྱུང་གི་ནད་གདོན་སྡིག་སྒྲིབ་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པར་རོལ་པས་བདེ་སྟོང་གི་རོས་ཚིམས།  མཐར་ཕྱི་རྩལ་སྣང་སྲིད་ལྷ་འདྲེ་འབུམ་ཕྲག་མཁའ་འགྲོར་ཐིམ།  དེ་སངས་རྒྱས་མཁའ་འགྲོར་ཐིམ།  དེ་ཡང་ཆོས་ཀྱི་དབྱིངས་སུ་བསྡུས།  དེ་བཞིན་དུ་རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ་ཉོན་མོངས་པ་ཞེ་སྡང་དང་དེར་བྱུང་།  རིན་ཆེན་མཁའ་འགྲོ་དང་ང་རྒྱལ།  པདྨ་མཁའ་འགྲོ་དང་འདོད་ཆགས།  ལས་ཀྱི་མཁའ་འགྲོ་དང་ཕྲག་དོག།  མཚམས་ཀྱི་མཁའ་འགྲོ་དང་བརྒྱད་ཁྲི་བཞི་སྟོང་།  སྟེང་ཕྱོགས་མཁའ་འགྲོ་དང་དུག་གསུམ།  འོག་གི་མཁའ་འགྲོ་དང་གཟུང་འཛིན།  ཤ་ཟ་མཁའ་འགྲོ་དང་མ་རིག་པ་རྣམས་སྦྱར་ཏེ་ཤེས་པར་བྱའོ།  །དེ་དག་གི་སྐབས་སུ་ཕཊ་དང་པོས་གཙོ་མོ་དང་།  གཉིས་པས་བྱེ་བ་འབུམ་སྡེ།  གསུམ་པས་སྣང་སྲིད་ལྷ་འདྲེ།  དེ་ནས།  མ་ཡེ་ཤེས་དབྱིངས་ཀྱི་སོགས་ནས།  ངོ་བོར་བྱང་ཆུབ་བོ༔ ཞེས་ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་གདབ་ལ་གནས་ལུགས་ཀྱི་ངང་ལ་བཞག་གོ།  །དག་སྣང་དམར་འགྱེད་ལའང་དེས་འགྲེས་ཏེ།  དབུས་ཀྱི་མཁའ་འགྲོ་གྲི་ཐོད་འཛིན་པ།  ཕྱོགས་བཅུའི་མཁའ་འགྲོ་གཡས་རང་རྟགས་དང་གཡོན་ཐོད་ཁྲག་ཐོགས་པ་སྟེ།  དེ་ལྟར་ཕྱོགས་བཅུའི་མཁའ་འགྲོ་དང་འཁོར་གྱི་མཁའ་འགྲོ་ལྷ་འདྲེ་དང་བཅས་པ་དུས་གཅིག་ཏུ་གསལ་བཏབ་ལ་མཉམ་དུ་འགྱེད།  ཕཊ་དང་པོས་མཆོད་པ་སོགས་ཀྱིས་རིམ་པས་འགྱེད་པ་དང་།  ཡང་ན་ཕཊ་དང་པོས་ཡེ་ཤེས་མཁའ་འགྲོ།  གཉིས་པས་འཁོར་གྱི་མཁའ་འགྲོ།  གསུམ་པས་སྣང་སྲིད་ལྷ་འདྲེ་ལ་མཆོད།  མཐར་བསྡུ་རིམ་ལྷན་ཅིག་ཏུ་བྱེད།  ཡང་ན་བེམ་རིག་ཕྲལ་ཏེ་འགྱེད་སོ་སོར་གཏོང་བ་སོགས་བྱས་ན་བཟང་།  དེ་གཉིས་གང་བྱས་ཀྱང་འདྲ་བར་ཞལ་རྒྱུན་ཡིན།  ཡང་ནད་པ་ལ་རེ་རེ་བཞིན་བེམ་རིག་ཕྲལ་ན་བཟང་།  རེ་རེ་བཞིན་བསྡུ་རིམ་བྱེད།  དེ་དག་ནི་སྤེལ་མར་འགྱེད་པ་སྟེ།  ཧྲིལ་པོར་འགྱེད་ན།  རང་ལུས་ཆེ་ཚོ་སྣུམ་བརྗིད་རི་རབ་ཙམ་ལས་རྣམ་ཤེས་སྤར་ཏེ་ས་ལ་འགྱེལ་མ་ཐག་ཏུ་མེ་ལས་མེ་སྟག་ཆད་པ་བཞིན་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་རོ་ཡིས་གང་བར་བསམ་ལ།  མགྲོན་འབོད་དང་འགྱེད་པ་སྔར་བཞིན་ནོ།  །རྣལ་འཕྲུལ་མ་ངེས་ཞེས་པའི་དོན་སྐུ་ཞི་བ་དང་དྲག་པོ་རྒན་པ་དང་གཞོན་པ་སོགས་ཀྱི་རྣམ་འགྱུར་དང་།  སྐུ་མདོག་དཀར་སེར་དམར་ལྗང་མཐིང་ནག་ཕྱེད་མ་ལ་སོགས་པ་དང་།  རྒྱན་ཆ་ལུགས་མ་ངེས་པར་སྤྲུལ་ནས་ཆོས་སྟོན་པ་དང་།  ཞིང་ཁམས་སུ་བཞུགས་པ་དང་།  དུར་ཁྲོད་ཀྱི་བདག་མོ་བྱེད་པ་སོགས་གང་དང་གང་ལ་དེ་དང་དེར་མཐུན་གྱི་འགྲོ་དོན་རྒྱུན་མི་ཆད་པར་བྱེད་པའི་དོན་དུ་གསུངས་སོ།  །གཉན་སའི་དམར་འགྱེད་ལ།  སྐྱབས་སེམས་ནས་ལུས་བསྐྱེད་སྤར་ཆོག་སྦྱངས་སྤེལ་བྱས་པ་རོ་གྲངས་མེད་པས་འཇིག་རྟེན་ཐམས་ཅད་གང་བར་བསམ་ལ།  མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩིར་བརླབས་ནས་ཕུལ་བས་ཐམས་ཅད་ཀྱིས་ཁམ་ཆོད་སྤར་ཆོད་གྲི་ཆོད་བྱས་ནས་ལྷག་མེད་དུ་རོལ་པར་བསམ་ལ་བསྡུ།  དམིགས་བསལ་ནད་པ་ལ་བྱེད་ན།  རང་དང་ནད་པའི་རྣམ་ཤེས་གཉིས་མེད་དུ་བསྲེས་ནས་སྤར།  དབྱིངས་ནས་ཁྲོས་མར་ལྡང་ནས་འགྱེད་ལས་བྱའོ།  །དགྲ་ལ་དམིགས་ན་མཁའ་འགྲོ་བཅུ་འགྱེད་རེ་རེ་བཞིན་དགྲ་བོའི་ཡུལ་དུ་ཆས།  དགྲ་བོ་འཁོར་བཅས་སྣང་སྲིད་ལྷ་འདྲེ་རྣམས་ཀྱིས་རོལ་པར་བསམ་པར་བྱའོ།  །འགྱེད་བཞི་འདི་དག་ལས་ནངས་པར་དཀར་འགྱེད།  ཉིན་གུང་ཁྲ་འགྱེད།  དགོང་མོ་དམར་འགྱེད།  ཐོ་རངས་ནག་འགྱེད་དེ་དུས་བཞིར་སྦྱར་ནས་རྟག་ཏུ་མརྩོན་པར་བྱའོ།  །སྟོང་ཉིད་ལྟ་དང་གཞན་ཕན་ཀུན་སློང་གིས།  །གཅེས་འཛིན་ཕུང་པོ་གཟན་དུ་བསྐྱུར་བ་ཡིས།  ཚོགས་བསགས་སྒྲིབ་སྦྱོང་དང་འབྲེལ་བདག་འཛིན་འདུལ།  །ཡུམ་ཆེན་དགོངས་ཀློང་མངོན་བྱེད་ཚུལ་འདི་རྨད།  །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  །ལྔ་པ་གཉན་སའི་དམ་ཚིག་ནི།  སྤྱིར་ནི་རྒྱ་གཞུང་ལས།  བྱང་ཆུབ་སེམས་དཔའི་བསླབ་བྱ་ནི།  །སྲོག་གི་ཕྱིར་ཡང་སྤང་མི་བྱ།  །བསླབ་པ་བསྲུང་ལ་བརྩོན་པར་བྱ།  །སྲོག་གཅོད་ལ་སོགས་མི་དགེ་བཅུ།  །བདག་སྤང་གཞན་ཡང་དེ་ལ་བསྐུལ།  །སྲོག་གཅོད་སྤང་བ་དེ་དག་གི།  མཐུན་འགྱུར་ལེགས་པར་བརྗོད་པར་བྱ།  །མི་དགེ་བཅུ་པོ་སྤང་ཙམ་གྱིས།  །ཕ་རོལ་ཕྱིན་པ་དྲུག་ལ་ནི།  །བདག་སྤྱོད་གཞན་ཡང་དེ་ལ་བསྐུལ།  །ཕ་རོལ་ཕྱིན་པ་དྲུག་པོ་ཡི།  །མཐུན་འགྱུར་ལེགས་པར་བརྗོད་པར་བྱ།  །ཞེས་གསུངས་ཏེ།  མཐུན་འགྱུར་ཞེས་པ་ནི་གཞན་དེ་ལྟར་སྤྱོད་པའི་ཡོན་ཏན་བརྗོད་ཅིང་མི་སྤྱོད་པ་དག་ཀྱང་བསྐུལ་བར་བྱེད་པའོ།  །གཞན་ཡང་མི་ཕོད་མི་ནས་སྣང་ཡུལ་ལ།  །འཁྲི་བ་ཟས་དང་ནོར་ལ་བཅད།  །ཞེན་པ་འཁོར་དང་གཉེན་ལ་ལྡོག།  ཅེས་སོགས་མ་གཅིག་གི་གསུངས་པ་ལས་འབྱུང་བའི་དམ་ཚིག་མཐའ་དག་དང་།  ཁྱད་པར་ལུས་ངག་གི་སྤྱོད་པ་ཞིབ་དགོས་ཚུལ་ཡང་ཡང་གསུངས་པ་རྣམས་ལ་བླང་དོར་ནན་ཏན་དུ་བྱེད་ཅིང་།  ཁྲོས་མའི་དབང་བསྐུར་ཐོབ་ནས་ནི་སྔགས་ཀྱི་དམ་ཚིག་རྩ་བ་དང་ཡན་ལག་མཐའ་དག་མིག་དང་སྙིང་ལ་གཅེས་པར་བསྲུང་བ་ལ་བརྩོན་པར་བྱའོ།  །བྱེ་བྲག་ཏུ་གཉན་སར་འགྲོ་བའི་དུས་དེར།  མཚན་མོ་མེ་མི་འབུད།  མར་མེ་དང་གསལ་སྒྲོན་མི་སྤར་།  རྐང་རྗེན་དུ་མི་འགྲོ།  དྲག་སྔགས་མི་བཟླ།  དྲག་པོའི་བསྐྱེད་བསྒོམ་མི་བྱ།  བཤང་གཅི་དང་དྲི་ཆུ་ཕྱོགས་གཅིག་ལས་མི་འདོར།  ཀྭིའི་མི་བཏབ།  ལྷམ་སྔས་སུ་བཅུག།  ཞྭ་རྟེན་མར་བཞག།  གཞོགས་གཡས་སར་ཕབ།  བརླ་དང་དཔུང་པ་གདན་དུ་བཏིང་།  ལག་མཐིལ་མགོ་སྟན་བྱ།  ལྟད་མོ་དང་འདུ་འཛི་སྤང་བ་ལག་ལེན་ནོ།  །དེ་དག་གི་ཚུལ་ལྷ་འདྲེར་ཚིག་ལོག་གིས་གསུངས་པ།  གཅོད་ཡུལ་མཁའ་འགྲོའི་གར་མཁན་ལས་སོགས་ནས།  རྟ་བདུན་བཞོན་པ་མཆོག་ཏུ་བསྔགས༔ ས་མ་ཡ་ཨྠིྀ༔ ཞེས་གསུངས་ཏེ།  དེ་དོན་མཆན་བུར་གསལ་བ་ལྟར་རོ།  །ཕྱག་ལེན་གྱི་རིམ་པ་ལ་འགྱེད་ཆེན་བཞི་སོང་བའི་མཚམས་སུའམ་རྗེས་ལ་གཉན་ཁྲོད་དུ་ཞག་དགུར་ངེས་པར་འགྲོ་དགོས།  ཁྲིད་ཞུ་ཞོར་ཡིན་ཀྱང་ཆོག།  དེ་དུས་སྔ་ནོན་སོགས་གཉན་ཁྲོད་ཀྱི་འགྲོས་ཚང་བར་བྱ།  གཅོད་ཁྲིད་ཞུས་ནས་ཡང་ན་ཞག་བརྒྱར་མཚམས་ལ་འདུག་པའམ།  ཡང་ན་གཉན་ཁྲོད་བརྒྱ་རྩར་འགྲིམ་དགོས།  དེའི་གཉན་ཁྲོད་དང་ཆུ་མིག་གར་སླེབས་ཏུ་བརྒྱ་རྩ་བཏང་བས་ཆོག།  ཞག་དགུ་འགྲོ་བ་དེ་ནི་ཕྱག་ལེན་མི་བརྗེད་པའི་ཕྱིར་ཡིན།  རབ་ན་ཐོག་མར་བསྙེན་མཚམས་ལ་འདུག་སྟེ།  བསྙེན་གྲངས་སོང་ནས་གཉན་ཁྲོད་བརྒྱ་རྩར་འགྲོ།  དེའང་རབ་ན་གཉན་ཁྲོད་རེ་རེ་བཞིན་ཚོགས་མཆོད་དང་།  ཐ་ནའང་ཞག་བཅུའི་མཚམས་སུ་བྱ།  རྗེས་སུ་ཁ་སྐོང་ཕྱིར་སྦྱིན་སྲེག་འབུམ་ཐེར་བྱ།  །གཞན་དག་གི་ཕྱག་ལེན་ལྟར་རྡེའུ་བཙོན་དུ་བཟུང་ནའང་ཆོག་ཀྱང་།  དེ་ལྟར་ན་ཕྱི་ནོན་གྱི་དམིགས་པ་མེད་ཅིང་སློང་མོ་སོགས་ལ་འགྲོ་མི་ཆོག་པས་མ་བཟུང་ན་ཆོག།  ཕྱི་ནོན་རྗེས་སྔ་ནོན་མ་འཕང་བར་གཞན་གྱི་ཁྱིམ་དུ་འགྲོ་བའང་ཆོག་ཅིང་།  གཞན་ལ་ལུས་སྦྱིན་སོགས་བཏང་ཡང་ཆོགགཉན་ས་ནས་གཞན་ལ་འདོན་མི་རུང་།  རབ་ན་གཉན་ཁྲོད་རེ་ལ་ཚར་སློང་མ་འོང་བར་སྡོད་དགོས།  འོན་ཏེ་ཞགས་བདུན་ལས་ལྷག་པར་མི་འདུགདེས་སློང་དང་ཚར་ཚད་འོང་ལ།  མ་འོངས་ཀྱང་དེ་ཕན་ཅི་ཡང་མེད།  དེ་མིན་ཁས་ལེན་མི་ཆག་ཙམ་ཕྱིར་ཡིན་ན་སློང་ཚད་སོགས་བྱུང་མ་བྱུང་གང་ཡིན་ཀྱང་ཞག་རེ་འདུག་ནས་འགྲོ་བ་ཡིན།  གཉན་ཁྲོད་བརྒྱ་རྩ་བརྒྱད་མ་རྫོགས་ཀྱི་བར་དུ་གཞན་དུ་འགྲོ་བ་སོགས་མ་བྱས་ན་བཟང་།  འདི་དག་ཞལ་རྒྱུན་ཡིན་པས་བྲིས་པ་ཡིན།  གཉན་སར་འཇིགས་སྐྲག་ཅི་བྱུང་ཡང་བྲོས་པ་དང་།  གསོལ་འདེབས།  སྐྱབས་འཚོལ་གང་ཡང་མི་བྱ་བ་གནད་ཡིན་ཏེ།  གལ་ཏེ་བྲོས་ནའང་སླར་ཡང་གནས་དེར་མ་ཆོད་ཀྱི་བར་འདུག་དགོས།  ལན་དགུར་བྲོས་ཕན་ཆད་གཉན་ལོག་ཡིན་པས་གཞན་དུ་ཡང་འགྲོ་མི་རུང་།  དེ་ཡང་འོང་བར་མི་བྱའོ།  །གནས་དེར་ལན་དགུར་ལོག་མཚམས་ཆོད་ཀྱང་ཆོག་པ་ཡིན།  སློང་ཚད་ཀྱི་རྗེས་སུ་ཚར་ཚད་འོང་བས་དེ་བྱུང་ཕན་ཆད་གནས་འཕོ་བ་ལས་དེར་སྡོད་མི་རུང་།  ཚར་ཚད་ནི་དངོས་ཉམས་རྨི་ལམ་གང་རུང་ལ་མི་མང་པོས་ཕྱག་འཚལ་བ།  མཆོད་པ་ཕུལ་བ།  ཟས་ནོར་ཕུལ་བ།  སྐྱབས་འཚོལ་བ།  བཀའ་ཉན་པ།  ཁས་ལེན་པ།  བསྟོད་ཅིང་བསྔགས་པ་བརྗོད་པ།  རོལ་མོ་མང་པོ་སྒྲོགས་པ།  ཉི་ཟླ་ཤར་བ།  མེ་ཏོག་སྣ་ཚོགས་སྐྱེས་པ།  སྟོན་མོ་བྱེད་པ་སོགས་མདོར་ན་ཅི་བྱུང་ཅི་ཤར་ཅི་སྣང་ཡང་སེམས་བདེ་ལ་ཉམས་རྟོགས་སྐྱེ་བ་ལུས་ངག་ཡིད་གསུམ་ཐམས་ཅད་བདེ་ལྷང་ངེ་ཡོད་ན།  བཟང་ངན་ཅི་བྱུང་ཡང་ཚར་ཚད་ཡིན་པས་གནས་འཕོ་རན་པའི་རྟགས་ཡིན།  བཟང་པོ་ལྟར་ཤར་ཡང་སེམས་ལ་རེ་དོགས་འཁུ་འཁྲིག་དགའ་སྡུག་འཇིགས་སྐྲག་ལ་སོགས་ལུས་ངག་ཡིད་གསུམ་མི་བདེ་དུང་ངེ་ཡོད་ན་ནི།  ཚར་ཚད་འདྲ་ཡང་སློང་ཚད་དུ་ངེས་པས་ཅི་བྱུང་ཡང་བཟང་ངན་མེད་པར་རོ་སྙོམས་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན།  དང་པོའི་ཆོད་ཚད་ནི་སྐྱེ་འགྲོའི་མགོ་དང་ཡན་ལག་དོན་སྙིང་བཅད་ནས་རང་ལ་སྟེར་བ།  རྒྱན་དང་ལོངས་སྤྱོད་དཀོར་གནས་འབུལ་ཞིང་།  རྩྭ་དང་བྲག་ཕུག་གདུག་པ་ཅན་རྣམས་བཅོམ།  མཚོ་སྐེམས་པ་ཉམ་ཐག་པའི་སེམས་ཅན་མང་པོ་ལ་སྟོབས་དང་བདེ་བ་སྟེར་བ་འབྱུང་བ་རྣམས་ཡིན་པས་འུར་རྡོའི་གང་ཚུན་ཆད་ལ་གནས་སྤོ།  ཐ་མའི་ཆོད་ཚད་ནི་ལྷ་འདྲེ་རྣམས་ཀྱི་བྲན་དུ་ཁས་ལེན་ནམ་མནའ་ཐོ་བྱས་པ།  སྲོག་སྙིང་ཕུལ་བ།  སྐྱེ་འགྲོ་མང་པོའི་གཙུག་རྒྱན་དུ་བསྔགས་པ།  ཁྲི་རུ་མངའ་གསོལ་ནས་མི་དཔོན་བླ་ཆེན་རྣམས་ཀྱིས་དབང་ཞུས་ཏེ་འཁོར་འབངས་སུ་ཁས་ལེན་པ།  གོ་དང་གོ་ཁྲབ་གྱོན་ནས་ཁྲི་ཆེན་དུ་འཁོད་དེ་སྡེ་ཆེན་གྱི་རྗེ་དཔོན་དུ་འགྱུར་བ།  དམག་དཔུང་ཆེན་པོ་དང་།  འགྲོགས་ནས་ཡུལ་མང་ཁ་ལོ་བསྒྱུར་བ།  འབྲུག་སེང་སྟག་གཟིག་འབྲོང་གཡག་བྱ་རིགས་སོགས་སྐྱེ་འགྲོ་བཞོན་པ་འདུལ་བར་བཀོལ་བ།  ཉི་ཟླ་གདན་དུ་བཏིང་བ།  ཀུན་ལས་མཐོ་བའི་རི་ཆེན་གྱི་རྩེ་རུ་འདུག་པ།  ས་དང་ཡུལ་མང་པོ་ལ་དབང་བསྒྱུར་བ་རྣམས་ངེས་པས་སླན་ཆད་ལུང་པ་དེ་རུ་གཉན་ས་མི་གཅོད་པ་ལག་ལེན་ནོ།  །དཔེར་ན་འབངས་སུ་གྱུར་ནས་ཡང་ཡང་བཅོམ་དྲག་ན་རྗེའི་སྲོག་ལ་བདོ་བ་ལས་འོས་མེད་པ་ལྟ་བུར་ཤེས་པར་བྱའོ།  །དྲུག་པ་ཕྱི་ནོན་རྗེས་གཅོད་ཀྱི་དམིགས་པ་ཇི་ལྟར་བྱ་བ་ནི།  ཕྱི་མ་ཕྱི་རུ་མ་ནོན་ན།  །ནོར་ངན་ཤོར་བའི་རྗེས་སྙོགས་འདྲ།  །ཞེས་པ་ལྟར་ཡིན་པས།  ཕྱི་རྗེས་གཅོད་ལ་ཁུར་པོ་བཅིངས་ཏེ་འགྲོ་ཆས་བྱས་མཐར།  རང་གི་གདན་ཚབ་ཏུ་སྐུ་གསུང་ཐུགས་རྟེན་བཞག་ནས་རབ་གནས་བྱ།  བཀྲ་ཤིས་བརྗོད།  དེ་ལ་ལྷ་འདྲེ་ཐམས་ཅད་ཀྱིས་ཕྱག་བསྐོར་མཆོད་གནས་བྱེད་པར་བསམ།  ཆོས་ཀྱི་སྦྱིན་པ་བྱ།  དེ་ནས་ཁུར་པོ་ཁུར་ནས།  རང་ལུས་ཤ་ཁྲག་གི་ཕུང་པོ་ཐར་གྱིས་ཞིག་ནས་ཤའི་རི་བོ།  ཁྲག་གི་རྒྱ་མཚོ།  རྐང་ཚིལ་ལྷ་བ་འདོད་ཡོན་སྣ་ཚོགས་ཀྱི་ལྦུ་རླངས་འཁྲིགས་པ་ཟད་མི་ཤེས་པའི་རང་བཞིན་ཅན་དུ་གྱུར་པ་ལས་གནས་དེའི་ལྷ་འདྲེ་རྣམས་ཀྱིས་ལོངས་སྤྱོད་པར་བསམ་ལ།  ཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ་ཕཊ་ཕཊ།  གོམ་པ་བདུན་འདོར་ནས་ཁུར་པོ་ཕབ་སྟེ།  ཀྭིའི་ཀྭིའི་ཡུལ་འདིའི་ལྷ་མཐུ་བོ་ཆེ།  ཀླུ་མཐུ་བོ་ཆེ།  གཞི་བདག་མཐུ་བོ་ཆེ་ཁྱེད་རྣམས་ཉོན་ཅིག།  ངའི་གནས་འདི་ན་སྔར་མེད་ཀྱི་ལྷ་འདྲེ་སླར་མ་བཙུད།  འདིར་གནས་ཀྱི་ལྷ་འདྲེ་ཕྱིར་མ་བཏང་ཞིགགཏད་དོ།  །གཉེར་རོ།  །བཅོལ་ལོ།  །མཐུ་དང་ནུས་པ་ཅི་འདུག་བལྟའོ།  །རེམ་རེམ།  ཞེས་བརྗོད་ཁུར་པོ་ཁུར་ནས།  ཕཊ།  རང་གི་རིག་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྡེ་ལྔ་རུ་གྱུར་ནས་ཕྱོགས་བཞི་དབུས་ལྔ་རུ་གཤེགས་པར་བསམ་ལ་མིག་རྒྱང་ཙམ་དུ་ཕྱིན་ཏེ་ཁུར་པོ་ཕབ་ཐོ་བརྩེགས་ཏེ།  དེ་ཉིད་ཡེ་ཤེས་ཀྱི་བྱ་ཁྱུང་དམར་ནག་ནམ་མཁའ་བར་སྣང་ས་གཞི་གང་བ་མེ་འབར་བས་རང་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ།  ཨཻ།  ཡེ་ཤེས་ཀྱི་བྱ་ཁྱུང་རྒྱལ་པོ་མཐུ་དང་ནུས་སྟོབས་ཀྱི་བདག་པོ་ཁྱེད་དགོངས་སུ་གསོལ།  ལྷ་མཐུ་བོ་ཆེ།  ཀླུ་མཐུ་བོ་ཆེ།  གཉན་དང་ཟོ་དོར་མཐུ་བོ་ཆེ།  ཁྱེད་རྣམས་དགོངས་སུ་གསོལ།  ངའི་རྗེས་སུ་ལྷ་འདྲེ་བདུད་བགེགས་ཐམས་ཅད་མ་བཏང་ཞིག།  མཚམས་ཆོད་ཅིག།  ཁྱེད་རྣམས་མཐུ་དང་ནུས་རྩལ་མ་ཆུང་རེམ་རེམ།  ས་མ་ཡ།  ཤ་ཁྲག་གི་རི་དང་རྒྱ་མཚོས་སྣང་སྲིད་ཁེངས་པར་བསམ་ལ་ཕཊ་སྒྲ་དགུ་བརྗོད།  ཡང་ན་ཐོ་བསྐྱེད་སོགས་ཀྱི་འདོན་དམིགས་ལོགས་སུ་ཡོད་པ་ལྟར་བྱའོ།  །དེ་ནས་གཉན་ས་གཞན་ལ་འགྲོ་ན་ཟིལ་གནོན་གོང་ལྟར་བཏང་།  གཞན་ཡུལ་ངེས་མེད་དུ་འགྲོ་ན་རང་བཞིན་དུ་འགྲོ།  རང་ཁྱིམ་དུ་འགྲོ་ན་རང་གི་རིག་པ་སྟེང་ཕྱོགས་འོག་མིན་གྱི་ཞིང་དུ་ཐིམ་པར་བསམ་ལ་ཕཊ་བརྗོད།  སླར་ཡང་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་དར་སྐུད་ལྟ་བུར་རང་གི་སྦྲ་ཁང་གི་སྟེང་དུ་ཟུག་པ་ནས་རིག་པ་ཐིག་ལེ་དཀར་པོ་ཉུང་འབྲུ་ཙམ་པར་གྱུར་ནས་འོད་ཟེར་གྱི་ཁོང་གསེང་ནས་བརྒྱུད་དེ་ཧྲི་ལི་ལི་འདྲིལ་བར་བསམ་ལ་འགྲོ་བ་ནི་ཕྱི་གནོན་རྗེས་གཅོད་ཟབ་མོའོ།  །གང་ལྟར་ཡང་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས།  འཁོར་བ་རྣམ་རྟོག་གི་གྲོང་ཁྱེར་ན།  །འཇིག་རྟེན་ཆོས་བརྒྱད་ཀྱི་རོ་ལངས་མཁན།  །དུར་ཁྲོད་འཇིགས་རུང་ཞིག་དེ་ན་གདའ།  །ཁྱེད་རོ་སྙོམས་ཞིག་མཛད་ན་དེ་རུ་མཛོད།  །ཅེས་གསུངས་པ་ལྟར་ལག་ལེན་དུ་ཐེབས་པ་ཞིག་བྱུང་ན།  དེ་ལས་ལྷག་པའི་གཉན་ས་ཆོད་པ་མི་དགོས་སོ།  །གནས་ཀྱི་ཁྱད་པར་འཇིགས་པའི་དུར་ཁྲོད་འགྲིམ།  །ཉམས་ལེན་ཁྱད་པར་ཕུང་པོ་གཟན་དུ་བསྐྱུར།  །གདུལ་བྱའི་ཁྱད་པར་ལྷ་འདྲེ་རྗེས་འཛིན་པ།  །ཤེས་བྱའི་ཁྱད་པར་བདག་མེད་རྟོགས་བྱེད་ཡིན།  །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  །གསུམ་པ་ཡི་དམ་ཁྲོས་མའི་བསྐྱེད་རིམ་གྱི་དམིགས་ཁྲིད་ཀྱི་ཁ་བསྐང་བ་ལ།  ཐོག་མར་སྐྱབས་སུ་འགྲོ་བའི་སྐབས།  ཚོགས་ཞིང་ཀུན་ཏུ་བཟང་མོ་རྒྱན་མེད་མཉམ་བཞག་གི་ཕྱག་རྒྱ་ཅན་གྱི་གཡས་སུ་རྡོ་རྗེ་རྣལ་འབྱོར་མ་གྲི་ཐོད་བཞེངས་སྟབས་ཅན།  གཡོན་དུ་ཁྲོས་མ་ནག་མོ་གྲི་ཐོད་གར་སྟབས་ཅན།  འཁོར་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ།  ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ།  སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟེ།  སྐུ་གསུམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ།  མདུན་དུ་བདག་སོགས་སེམས་ཅན་ཐམས་ཅད་འཁོད་པས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ཞིང་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཕུལ་ལ།  ཁྱེད་རྣམས་ཀྱིས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་གསོལ་བ་འདེབས།  སེམས་བསྐྱེད་སྐབས།  ཚོགས་ཞིང་རྣམས་དཔང་པོར་གསོལ་ནས།  མདུན་དུ་སྡུག་བསྔལ་དྲག་པོས་མནར་བའི་སེམས་ཅན་མཐའ་དག་དམིགས་ནས།  དེ་དག་བླ་ན་མེད་པའི་གོ་འཕང་ལ་འགོད་པར་བགྱིའོ།  །དེའི་ཆེད་དུ་བདག་གིས་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་གོ་འཕང་མངོན་སུམ་དུ་བསྒྲུབ་པར་བགྱིའོ་སྙམ་དུ་སེམས་བསྐྱེད།  ཡན་ལག་བདུན་པ་ཕུལ་ནས་མཁའ་འགྲོ་རྣམས་འོད་ཕུང་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་བདག་ལ་ཐིམ་ནས་སྒོ་གསུམ་བྱིན་གྱིས་བརླབས་པར་བསམ།  བགེགས་སྐྲོད་པ་དང་བསྲུང་འཁོར་བསྒོམ་པ་གཉིས་མི་དགོས།  བྱིན་འབེབས་སྐབས།  རང་གི་སྙིང་ག་ནས་འོད་འཕྲོས།  དད་མོས་དྲག་པོའི་ཤུགས་ཀྱིས་མཆོག་གསུམ་སྐུ་གསུམ་རྩ་གསུམ་གྱི་ལྷ་ཚོགས་རྣམས་ཞིང་དང་བཅས་པ་སྤྱན་དྲངས།  ཞིང་ཁམས་རྣམ་པར་དག་པ་གནས་ལ་ཐིམ།  གཞལ་ཡས་ཁང་ཁང་ཁྱིམ་ལ་ཐིམ།  ལྷ་ཚོགས་རྣམས་སྒྲུབ་པ་པོ་ལ་ཐིམ།  འགའ་ཞིག་སྒྲུབ་རྫས་ལ་ཐིམ་པར་དམིགས།  མཆོད་རྫས་བྱིན་བརླབ་ལ།  སྣང་སྲིད་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཇའ་ཡལ་བ་ལྟར་གྱུར་པ་ལས།  སྐད་ཅིག་དེ་ཉིད་ལ་དྭངས་གསལ་རྙོགས་མ་དང་བྲལ་བའི་ཡེ་ཤེས་ཀྱི་རང་གདངས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་མཆོད་རྫས་དངོས་པོ་ཡར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཉེས་པར་བྱེད་པ།  མར་སེམས་ཅན་གྱི་གནས་རིས་ཐམས་ཅད་ལ་ཁྱབ་ནས་སྡུག་བསྔལ་སྦྱོང་བར་བྱེད་པ་ཞིག་ཏུ་དམིགས།  ལྷ་བསྐྱེད་སྐབས།  མ་དག་པའི་སྣང་བ་ཐམས་ཅད་ལས་ཀྱི་བསྐལ་པས་དབྱིངས་སུ་བཤིགས་ནས་ཆོས་ཉིད་མངོན་དུ་བྱས་ཏེ་དག་པ་ཡེ་ཤེས་ཀྱི་ལྷ་སྣང་ཚུལ་ལ་བཀོད་པའི་ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན།  ནང་གཡོ་བ་བཅུད་ཀྱི་སེམས་ཅན།  བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པའམ།  འཇའ་ཚོན་ནམ་མཁར་ཐིམ་པ་བཞིན་གནས་ལུགས་སྟོང་ཉིད་ཆེན་པོའི་ངང་དུ་མཉམ་པར་བརྡལ་བར་བསམ་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་མངོན་དུ་བྱེད་པ་ཡིན་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན།  དེའི་ངང་ལས་ཀུན་ཁྱབ་ཀུན་གཟིགས་དྭངས་གསལ་རྙོགས་མ་བྲལ་བའི་ཡེ་ཤེས་མངོན་དུ་བྱེད་པ་ནི་བདེ་གཤེགས་སྙིང་པོའི་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་ཅིང་སྣང་བར་བྱེད་པར་ཀུན་སྣང་གི་ཏིང་ངེ་འཛིན།  དེ་ནས་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་གི་རྣམ་པར་གྱུར་པར་བསམ་པ་ནི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན་རྒྱུའི་ཏིང་ངེ་འཛིན་ཡིན།  དེ་ཡང་ཧཱུྃ་དེ་ལས་འོད་འཕྲོས་རང་སྣང་དོན་གྱི་འོག་མིན་ཆེན་པོ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར་པར་བསམ།  གཅོད་ཀྱི་ཆོ་ག་ལ་དེ་ཙམ་གྱིས་ཆོག་ལ།  ཡི་དམ་དུ་བྱེད་ན་ལྷའི་གཞལ་ཡས་ཁང་བསྒོམ་དགོས་ཞེས་ཞལ་སྔ་ནས་གསུངས།  དེའི་དབུས་སུ་པདྨ་ཉི་མའི་གདན་ལ་སྟེང་གི་ནམ་མཁའི་ཧཱུྃ་ཡིག་བབས་པ་དེ་ལས་འོད་འཕྲོས།  སྐུ་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་སུ་ཕོག།  དེ་དག་གི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས།  མར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སྦྱངས།  ཚེ་བསོད་དཔལ་འབྱོར་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ།  རིག་པའི་ངོ་བོ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་མ་གཅིག་ཁྲོས་མ་ནག་མོ་ལྷ་བསྐྱེད་ཀྱི་གཞུང་ལྟར་གསལ།  དེའི་སྐུའི་དབྱིངས་སུ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་བསྐྱེད།  ཡེ་ཤེས་སྒྱུ་མར་རོལ་པའི་རང་མདངས་ལས་ཉི་མ་དང་འོད་ཟེར་བཞིན་འཁོར་གྱི་ལྷ་ཚོགས་རྣམས་བསྐྱེད་པ་སྟེ།  ཉི་མ་ལྟ་བུ་ཁྲོས་མ་ལ་ཉི་འོད་ལྟ་བུའི་ཡེ་ཤེས་ལྔའི་རང་མདངས་ལས་ཉི་ཟེར་ལྟ་བུ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་སྡེ་ལྔའི་མཁའ་འགྲོ་སྤྲུལ་པ་ཡང་སྤྲུལ་རང་རང་གི་ལས་མདོག་དང་།  རང་རྟགས་ཀྱི་གྲི་གུག་ཐོད་ཁྲག་འཛིན་ཅིང་གར་སྟབས་ཅན།  མཚམས་བཞིར་སྙིང་རྗེ་སོགས་ཚད་མེད་བཞིའི་རང་གདངས་ཀྱི་མཁའ་འགྲོ་རང་འདྲའི་འཁོར་གྱིས་བསྐོར་བ་དང།  དེ་དག་གི་ཉིང་སྤྲུལ་གྱི་མཁའ་འགྲོ་མ་ཤར་དུ་ཞི་བའི་ལས་མཛད་དཀར་མོ་སྦྲུལ་གདོང་ལྕགས་སྤྱང་སྔོན་མོར་ཞོན་པ།  གཡས་རྡོ་རྗེ་འབར་བས་གཉིས་སྣང་གཅོད་པར་བྱེད་ཅིང་།  ལྷོ་ན་རྒྱས་པའི་ལས་མཛད་སེར་མོ་སེང་གདོང་བོང་སེར་ལ་ཞོན་པ་ཕྱག་མཚན་གཞུང་ལྟར།  ནུབ་ཏུ་དབང་གི་ལས་མཛད་དམར་མོ་བྱ་རྒོད་གདོང་ཅན་བྱ་རྒོད་ཞོན་པ།  གཡས་པས་ལོག་པའི་སྙིང་ཁྲག་འདྲེན་པའི་ཟངས་སྦུག་དཔེར་ན་རྔ་བརྡུང་ལྟ་བུ་འོག་ཅུང་ཟད་གུག་པ།  བྱང་ན་དྲག་པོའི་ལས་མཛད་ལྗང་མོ་དྲེད་གདོང་འཕར་བ་དམར་པོ་ལ་ཞོན་པ།  གཡོན་སྐྱེ་འགྲོའི་དབུགས་ལེན་པའི་སྦྲུལ་ཞགས་ཐོགས་པ།  གནས་ཡུལ་དུར་ཁྲོད་ཀྱི་བདག་པོ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་ཁྲོམ་ཚོགས་པ་བཞིན་དུ་བསྐོར་ནས་བཞུགས་པ་དེ་དག་གིས་བཞུགས་ཡུལ་ཀྱང་དེ་དང་དེ་མངོན་དུ་བསམ།  དེ་དག་གི་སྐུ་དང་ཡེ་ཤེས་ཀྱི་གཟི་བྱིན་གྱིས་གནོད་བྱེད་ལྷ་འདྲེ་དང་སྦྱིན་བདག་ཁམས་གསུམ་སེམས་ཅན་མཐའ་དག་ལན་ཚྭ་ཆུར་ཞུ་བ་བཞིན་ཐུགས་འོད་གསལ་ཆེན་པོར་འདྲེས་ནས་རྫོགས་པ་ཆེན་པོར་འུབ་ཏུ་འདུས།  དེ་ཡང་ཉི་མ་དང་འོད་དང་འོད་ཟེར་རྣམས་ཉི་མ་གཅིག་གི་རོལ་པ་བཞིན།  གཙོ་འཁོར་དེ་དག་རོལ་པ་གཅིག་ལས་མ་འདས་པར་ཤེས་དགོས་སོ།  །དེ་ནས་ཆོས་སྲུང་བསྐྱེད་ཚུལ་ལ།  ཤར་ཕྱོགས་འོ་མའི་རྒྱ་མཚོ་ཆེ་ཞིང་གཏིང་ཟབ་པ་ན།  ས་བདག་ཀླུ་གཉན་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཀླུ་རྒྱལ་མི་མགོན་དཀར་པོ་དར་དཀར་པོའི་ཐོར་ཅོག་སྦྲུལ་མགོ་དགུས་བརྒྱན་པ།  རོ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ།  ཀླུ་རིགས་ལྔ་གཉན་རིགས་ལྔ་ས་བདག་རིགས་ལྔའི་མཚོན་བྱེད་མདུན་ན་དཀར་སེར་དམར་ལྗང་གི་ཁ་དོག་རིམ་པར་བསྒྲིགས་པ་ལྟ་བུ།  འོག་ཕྱོགས་ས་བདག་ཀླུ་གཉན་ཐམས་ཅད་འདུས་པའི་བདག་ཉིད་དུ་བསམ་ལ་དབང་བསྒྱུར་ཞིང་དེ་ཐམས་ཅད་སྦྲུལ་འཇུག།  ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ན་གཤིན་རྗེ་ཡ་མ་རཱ་ཙ་སྐུ་མདོག་མཐིང་ནག་ཤིན་ཏུ་འཇིགས་སུ་རུང་བ་ཤ་ལ་དགའ་ཞིང་གསོད་ལ་རྔམས་པ།  གཡས་ན་གསོད་བྱེད་ཐོ་བ་སོགས་གཞུང་ལྟར་དང་།  གཟིག་པགས་རིལ་པོ་མདུང་མ་རུ་གྱོན་པ་མ་ཧེའི་སྟེང་ན་རོལ་སྟབས་ཅན།  གཤིན་རྗེ་ཞེ་སྡང་རྟ་མགོ་ཅན་དང་།  གཏི་མུག་ཕག་མགོ་ཅན་སོགས་གསོད་གཅོད་ཀྱི་ལས་ལ་རྔམས་པའི་བཀའི་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ།  ནུབ་ཕྱོགས་ཟངས་མཁར་རྩེ་མོ་དགུང་ལ་བསྙེགས་ཤིང་མེ་འབར་བར་བཙན་རྒྱལ་མི་དམར་རྟ་དམར་ཅན་འཇིགས་སུ་རུང་བ།  ལག་གཡས་ན་བཙན་མདུང་བ་དན་ལས་གློགས་ཞགས་འཕྲོ་བ།  གཡོན་ན་བཙན་ཞགས་ཐོགས་པ་ལྭ་བ་དམར་པོ་ཅན།  སྐེད་ལ་མདའ་གཞུ་ཤང་ལང་རལ་པ་དམར་སེར་གྱེན་དུ་བརྫེས་པ།  སྐེད་ལ་གྭའུའི་ནང་དུ་བཙན་འཁོར་སུམ་བརྒྱ་དྲུག་ཅུ་སྦས་ཚུལ་དུ་འཆང་བ།  བྱ་དམར་ཀླད་ན་ལྡིང་ཞིང་།  མི་དམར་མངོན་དུ་འགྲོ་བ།  ཁྱི་དམར་རྗེས་སུ་འབྲང་བ་སྟེ་འདི་སྐྱ་གཅིག་གི་ཚུལ་དུ་བསྒོམ།  ཡུམ་མེད་ན་བང་བུལ་ཞིང་འཇིག་རྟེན་ན་ཕོ་ཁ་མོས་བསྒྱུར།  མོ་གཤེད་དུ་ཕོ་ཆེ་ཟེར་བ་ལྟར།  ཡུམ་ཡོད་ན་ལས་ལ་མྱུར་བ་ཡིན་པས།  འདིའི་ཡུམ་སྲོག་ལེན་དམར་མོ་རྟ་དམར་ལ་ཆིབས་པ་དང་།  གཤིན་རྗེ་ལ་ཡུམ་ཙ་མུན་ཏྲི་དང་།  ཀླུ་ལ་ཡུམ་དུང་ཞལ་དཀར་མོ་ཡོད་པར་གསུངས།  བྱང་ཕྱོགས་ཁྲག་མཚོ་དམར་པོ་རླ་རླབས་དགུང་ལ་འཕྱོ་བར་མེ་ལྕེ་དམར་པོ་གནམ་དུ་མཆེད་པའི་དཀྱིལ།  ནད་རྐྱལ་མཆན་དུ་བཅུག་པ་སྐུ་མདོག་ཕྱག་མཚན་སྤྱི་འགྲོའི་གཞུང་ལྟར་དང་།  དེ་ལ་མ་ཡམ་གྱི་དམག་ཚོགས་འབུམ་གྱིས་བསྐོར་བ།  དེ་དག་ཀྱང་གོང་བཤད་བཞིན་རང་རང་གཙོ་རྣམས་ངོ་བོ་དང་།  འཁོར་རྣམས་རང་རྩལ་སྒྱུ་འཕྲུལ་ལྟ་བུ་སྟེ་གནད་དུ་དྲིལ་ན་ལྷ་ཚོགས་དང་འཁོར་འདས་ཐམས་ཅད་འོད་གསལ་ཆེན་པོའི་དགོངས་ཀློང་དུ་རོ་གཅིག་ཏུ་འདྲེས་པར་ཡིད་ལ་བྱེད་དགོས་གསུངས།  དེས་ན་འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོ།  བཀའ་སྲུང་དམ་ཅན་རྒྱ་མཚོ།  སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་དེ་ཐམས་ཅད་ཀྱི་ངོ་བོ་མ་གཅིག་ཁྲོས་མ་ནག་མོ།  དེ་ཡང་སྐུ་སྤྲུལ་སྐུའི་དཀྱིལ་འཁོར་རྒྱ་མཚོ།  གསུང་ལོངས་སྐུའི་དཀྱིལ་འཁོར་རྒྱ་མཚོ།  ཐུགས་ཆོས་སྐུའི་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཅན་དུ་མོས་ལ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དཀྱིལ་འཁོར་རྒྱ་མཚོ་མཐའ་དག་ཀྱང་འོད་རང་མདངས་ཀྱི་རྣམ་པར་སྤྱན་དྲངས་ནས་ཐིམ་པར་བསམ་ཞིང་།  རིགས་དྲུག་གི་ཡུལ་རྣམས་ཀྱང་སྡུག་བསྔལ་སྦྱངས་ནས་འོད་ཀྱི་རྣམ་པར་ཐིམ་པས་འཁོར་འདས་རོ་གཅིག་ཏུ་གྱུར་པར་མོས་པ་འདི་ཡར་དག་པ་སངས་རྒྱས་དང་།  མར་མ་དག་འཁོར་བ་སྟེ་འཁོར་འདས་ཐམས་ཅད་ངོ་བོ་དང་རང་རྩལ་སྒྱུ་འཕྲུལ་གྱི་ཚུལ་དུ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་མན་ངག་བླ་ན་མེད་པ་ཡིན།  སྤྱན་འདྲེན་བརྗོད་པས་ཀྱང་དབྱིངས་ནས་དེ་ལྟར་སྤྱན་དྲངས་པ་སྐུ་གསུངས་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པ་བརྟན་བཞུགས་ཀྱི་གོ་དོན་དང་།  དེ་ཡང་དང་པོ་དབྱིངས་ན་ཡོད་པ་སྤྱན་དྲངས་པ་ལྟ་བུར་བྱེད་ནའང་།  དོན་ལ་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པ་ལ་ངོ་བོ་ཀ་ནས་དག་པ་ཆོས་ཉིད་གཅིག་གི་རོལ་པར་ཤེས་དགོས།  ཕྱག་འཚལ་བའང་།  ཡེ་ནས་རང་རིག་ངོ་བོ་སྐྱེ་མེད་།  རང་བཞིན་འགགས་མེད།  ཐུགས་རྗེ་ཕྱོགས་མེད་ཀྱི་མཁའ་འགྲོ་མའི་བདག་ཉིད་དུ་རྟོགས་པ་རབ་ལྟ་བ་མཇལ་བའི་ཕྱག་ལ།  དེའི་བརྡ་ཙམ་དུ་རང་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དེའི་ཚེ་ནའང་རང་གི་གནས་གསུམ་དུ་ཐལ་མོ་སྦྱར་བ་རིམ་པ་བཞིན་རྒྱལ་བའི་སྐུ་གསུང་ཐུགས་ལ་མཉེས་པར་བྱས།  བདག་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་པའི་མོས་པ་བྱ་བ་དང་།  རང་ཉིད་ལྷའི་ཐུགས་ཀ་ནས་འོད་འཕྲོས་པ།  བདག་ཉིད་ཕྱག་འཚལ་བ་པོའི་རྣམ་པར་སྣང་བ་ལ་ཕོག་པས་དེའི་ཚེ་བསོད་དཔལ་འབྱོར་གོང་འཕེལ་དུ་གྱུར་པར་མོས་པའང་མན་ངག་གི་གནད་གཅིག་ཡིན།  མཆོད་པའི་སྐབས།  འདོད་ཡོན་ཕྱི་མཆོད་སོགས་ཁམས་གསུམ་ཕྱི་ནང་གསང་བའི་མཆོད་རྫས་ཀྱི་རྣམ་པར་རང་བྱུང་རང་ཤར་དུ་མོས་པ།  འདོད་ཡོན་ལྔའང་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རང་བྱུང་རང་ཤར་གྱི་ཚུལ་དུ་མིག་གི་ཤེས་པ་རང་གི་རྒྱན་དུ་གྱུར་པ་སོགས་རྩལ་འདོད་ཡོན་ལྔའི་སྣང་བ་ཐམས་ཅད་ཀྱང་ངོ་བོ་སེམས་ཀྱི་རྒྱན་དུ་གྱུར་པར་ཤེས་ན་རང་སེམས་མཁའ་འགྲོ་མ་ཡིན་པས་དེའི་རྒྱན་དུ་ཤར་བའི་མཆོད་སྤྲིན་དུ་གྱུར་པའི་གོ་དོན་སློང་ལ།  མདོར་ན་སྣང་ཡུལ་ཐམས་ཅད་ཡུལ་མེད་སྟོང་པ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ་གསལ་བ་སྣོད།  སྲིད་པ་བཅུད་ཀྱི་ལོངས་སྤྱོད་ཀྱི་ཆོས་རྣམས་ཕྱི་ནང་གསང་བའི་མཆོད་སྤྲིན་དུ་དག་པར་མོས་པ་སྣང་སྲིད་གཞིར་བཞེངས་ཀྱི་མཆོད་པ་ཡིན་ལ།  ཁྱད་པར་དངོས་འབྱོར་གྱི་མཆོད་རྫས་ཐམས་ཅད་ངོ་བོ་སྟོང་པར་བཤིག་ནས་སླར་ཡང་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ་ལམ་ཤུགས་ལས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་རྣམ་པར་ཤར་བར་མོས་པ་དང་།  ནང་གི་སེམས་ཕྱིའི་ནམ་མཁའ།  ནང་འབྱུང་བའི་དྭངས་མ།  ཕྱི་འབྱུང་བའི་སྙིགས་མ་སོགས་ཕྱི་ནང་གི་འབྱུང་བ་རྣམས་ཀྱང་གཉིས་མེད་ཟུང་འབྲེལ་གྱི་ཚུལ་དུ།  གཏི་མུག་མི་ཤ།  ཞེ་སྡང་གླང་པོ།  ང་རྒྱལ་རྟ།  འདོད་ཆགས་རྨ་བྱ།  ཕྲག་དོག་ཁྱི་ཤ་དང་།  བདེ་སྟོང་བླ་མེད་ཀྱི་རྫས་འདུས་པ་ལས་བྱུང་བའི་བདུད་རྩི་ལྔ་རྣམས་ངོ་བོ་བདེ་སྟོང་བླ་ན་མེད་པ་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩི་ལ།  རྣམ་པ་མཆོད་རྫས་སུ་བྱིན་གྱིས་བརླབས་པ་གཞུང་ཚིག་གིས་བསྟན་པ་བཞིན་ཤེས་པར་བྱ་ལ།  ཁྱད་པར་གཅོད་ཀྱི་སྒོས་ཆོས།  རང་ལུས་སྟོང་ཉིད་དུ་བཤིག་ཅིང་སྟོང་བའི་དབྱིངས་ལས་རྣམ་པ་ཤ་ཁྲག་ལ།  ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་བས་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་མཆོད་པར་མོས་པ་བྱ་དགོས།  བསྟོད་པ་ལ།  ཕྱག་འཚལ་གྱི་སྐབས་ལྟར་ལུས་ཞིང་རྡུལ་དུ་སྤྲུལ་ནས་ལུས་མཛེས་པའི་གར།  ངག་སྙན་པའི་དབྱངས་ཀྱིས་བསྟོད་ཅིང་།  ཡིད་ཀྱིས་བརྗོད་བྱའི་ཡོན་ཏན་རྣམས་དྲན་བཞིན་པས་བསྟོད་པ་ན།  བསྟོད་ཡུལ་དཀྱིལ་འཁོར་ལྷ་ཚོགས་དང་།  ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་མཐུ་ནུས་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་ནས་སྒྲུབ་པའི་སྣོད་དུ་མི་རུང་བར་བྱེད་པའི་འཁོར་འདས་ཀྱི་སྣང་ཞེན་རེ་དོགས་ཐམས་ཅད་རང་བཞིན་ཆོས་སྐུའི་དབྱིངས་སུ་དག་ནས།  འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་གཅིག་གི་ཀློང་དུ་རྫོགས་པའི་དོན་ལ་ངེས་ཤེས་བསྐྱེད་པས་བསྟོད་པ་བླ་ན་མེད་པར་འགྱུར་ཏེ།  རིག་པ་ཁྲོས་མའི་རྣལ་པར་གྱུར་པ་དེའི་མཁའ་ཀློང་དུ་དེ་ལྟར་རྫོགས་པ་ལས་ལྷག་པའི་ཡོན་ཏན་མེད་པས་སོ།  །ཛཔྲ་དམིགས་སྐབས།  ཕཊ་ལན་གསུམ་བརྗོད་པས།  གོང་བཤད་ལྟར་གཙོ་འཁོར་ཐམས་ཅད་ཁྲོས་མའི་སྒྱུ་འཕྲུལ་གྱི་རོལ་པ་ཡིན་པས་དེ་དག་ངོ་བོ་གཅིག་པ་བཞིན།  སྔགས་ཐམས་ཅད་ཀྱང་ཁྲོས་མ་ནག་མོའི་ངོ་བོ་ཡིན་པས་ལྷ་སྔགས་དབྱེར་མེད་ཀྱི་རོལ་པ་ཐམས་ཅད་ཁྲོས་མ་ལ་ཚང་བ་དེའི་ངང་མངོན་དུ་གྱུར་ཅིང་ཤེས་པར་བྱས་ནས།  རང་ཉིད་ཁྲོས་མ་སྐུ་གསུམ་མཁའ་འགྲོའི་སྐུ་ཡི་དབྱིངས་ཡིན་པས་སྤྲུལ་སྐུ་ལྟར་བསྐྱེད།  དེའི་ཐུགས་ཀར་འོད་སྨུག་ནག་སྙིང་གི་དབྱིབས་འདྲ་བ་མཆོང་གུར་ཕུབ་པ་ལྟ་བུའི་ནང་དུ་ལོངས་སྐུ་རྡོ་རྗེ་ཕག་མོ་སྤྱི་བོར་ཕག་ཞལ་སོགས་སྤྱི་ལྟར་དང་།  དེའི་ཐུགས་ཀར་ཡེ་ཤེས་ཀྱི་འོད་དང་ཐིག་ལེའི་ཀློང་དུ་ཆོས་སྐུ་ཀུན་ཏུ་བཟང་མོ་གཅེར་བུ་རྒྱན་མེད་པ།  དེའི་ཐུགས་ཀར་ཉི་གདན་སྲན་མ་ཕྱེད་བཀས་ཙམ་གྱི་སྟེང་དུ་ཐུགས་སྲོག་ཧཱུྃ་ཡིག་མཐིང་ནག་སྤུས་བྲིས་པ་ལྟ་བུའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ།  དེའང་མར་མེ་ལས་འོད་དང་ཉི་མ་ལས་ཟེར་བཞིན་དུ་ཡེ་ཤེས་ཀྱི་རང་མདངས་སུ་ཤེས་པས།  མི་ཤེས་རྨོངས་པའི་སྒྲིབ་པ་ཐམས་ཅད་མུན་ཁང་ལ་སྒྲོན་མེ་བཏེགས་པ་བཞིན་སངས་ཀྱིས་དག་ནས་དགོངས་ཀློང་རོ་གཅིག་ཏུ་གདིང་ཐོབ་པའི་ངང་ནས་བཟླ།  དེའང་ཟ་ཉལ་འགྲོ་འདུག་གང་གི་ཚེ་ནའང་ལྷའི་རྣམ་པར་གསལ་ཁ་མ་ཐོན་ཀྱང་ལྷ་ཡིན་གྱི་ཤེས་པ་གོ་མ་འགགས་པ་གལ་ཆེ་སྟེ་ལྷའི་ང་རྒྱལ་མེད་ན་ཇི་ལྟར་བྱས་ཀྱང་མི་འགྲུབ་པས།  ད་ཕན་མི་ཡིན་གྱི་ཤེས་པ་བག་ཉལ་རྒྱུན་མི་ཆད་དུ་ཡོད་པ་དེ།  ད་ཚུན་ལྷ་ཡིན་གྱི་ཤེས་པར་གོ་འཕོ་དགོས་པ་ཡིན།  དེའང་ངོ་བོ་རིག་པའི་རྩལ་དུ་སྣང་བ་ཙམ་ལས་མེད་པས་སྟོང་པ།  རང་བཞིན་ལྷའི་རྣམ་པར།  ཐུགས་རྗེས་འཁོར་འདས་ཐམས་ཅད་མ་བསྒྲལ་ཤུགས་ཀྱིས་དེའི་རོལ་པར་ཡོངས་སུ་རྫོགས་པའི་དོན་ཤེས་པར་བྱས་ནས།  ཤེས་པ་གཞན་དུ་མ་ཡེངས་མི་ཚིག་གིས་བར་མ་ཆོད་སྟན་གྱི་དྲོད་མ་ཡལ་བར་བྱ།  བསྙེན་པའི་སྐབས་འདིར་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་ནུས་པ་ཐམས་ཅད་རང་ཁྲོས་མར་གསལ་བའི་སྐུ་གསུང་ཐུགས་ལ་བསྟིམ་པ་དང་།  སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོའི་ཚོགས་ཐམས་ཅད་རང་ལ་བསྟིམ་པ་སོགས་དམིགས་པ་སྤྱན་འདྲེན་གྱི་སྐབས་ལྟར་བྱས་ན་ལྷའི་བྱིན་རླབས་ཁ་གསོས་ལྟ་བུར་གྱུར་ནས་ནུས་པ་ཇེ་འཕེལ་དུ་བྱེད་པ་ཡིན།  སྒྲུབ་པའི་སྐབས་འཁོར་འདས་ཐམས་ཅད་ཀྱི་སྲོག་ཡིག་ཐམས་ཅད་གནས་གྱུར་ནས་ཧཱུྃ་དང་།  སྔགས་ཐམས་ཅད་བཛྲ་ཀྲོ་དྷིའི་རྣམ་པར་བསྡུས།  ལྷ་དང་རིག་པ་སྔགས་ཐམས་ཅད་ངོ་བོ་དབྱེར་མེད་དུ་གྱུར།  འཁོར་འདས་ཀྱི་སྲོག་སྙིང་ཐམས་ཅད་ཧཱུྃ་ཡིག་ལ་འདུས་པས་དེ་དག་གི་མཐུ་ནུས་ཡོན་ཏན་སྲོག་ཡིག་གཅིག་ལ་དྲིལ།  དེ་ལས་འོད་ཟེར་འཕྲོས།  རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་རང་གི་ཐུགས་སྲོག་ལ་ཐིམ་པར་བསམ།  ལས་སྦྱོར་གྱི་སྐབས།  སྔ་དྲོ་ཁྲོས་མ་དཀར་མོ་སྔགས་ཕྲེང་དཀར་པོ་ལས་འོད་འཕྲོས།  རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་འོད་ཕུང་དཀར་པོའི་རྣམ་པར་བསྡུས།  ཁམས་གསུམ་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་བསལ་ནས་རྨི་ལམ་དབྱིངས་སུ་སད་པ་བཞིན་ཆོས་ཉིད་འཁྲུལ་མི་ཤེས་པའི་ས་རུ་བསྒྲལ།  ཚུལ་འདུས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས་པ་དང་།  དེ་བཞིན་དུ་ཉིན་གུང་སེར་པོས་རྒྱས་པའི་ལས་དང་།  དགོང་མོ་དམར་པོས་དབང་གི་ལས་དང་།  སྲོད་ལ་ཁྲོས་མ་ལྗང་ནག་འོད་ཟེར་དྲི་ངན་མཚོན་ཐུན་མེ་དཔུང་གི་རྣམ་པས་གནོད་བྱེད་ཐམས་ཅད་དམར་ཉིལ་གྱིས་བཏང་།  ཁྲོ་མོ་དང་ལྕགས་སྡིག་དཔག་དུ་མེད་པས་ཧབ་ཧབ་ཟོས།  སྤུ་གྲི་རེག་གཅོད་ཀྱི་རླུང་གིས་གཏོར།  མེ་དཔུང་འབར་བས་བསྲེགས་ནས་བདེ་སྟོང་ཡེ་ཤེས་ཆེན་པོའི་རོལ་པར་བསྒྲལ་བར་བསམ།  འཇུག་ལྷར་སྣང་འོད་གསལ་གྱི་དབྱིངས་སུ་བསྡུ་ཞིང་དེ་ལས་རྗེས་ཐོབ་ཀྱི་ལྷ་སྐུར་ལྡང་བ་སོགས་བྱའོ།  །སྔ་སོར་གཏེར་ཆེན་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས་བདག་གིས་དངོས་སུ་ཐོབ་ནས་ཟིན་བྲིས་བཏབ་པ་ལས་ཞལ་བཤུས་པ་ཡིན་པས་བྱིན་རླབས་ཆེ་ཞིང་ཡིད་ཆེས་པའི་གནས་ཡིན་ནོ།  །དབྱིངས་ཀྱི་སྒྱུ་འཕྲུལ་འཁོར་དང་མྱང་འདས་ཆོས།  །རོ་གཅིག་དབྱིངས་ཡུམ་རྒྱལ་བའི་དཀྱིལ་འཁོར་དུ།  །ཡོངས་ཤེས་གཞི་གནས་ལྷུན་གྲུབ་ལྷའི་དཀྱིལ་འཁོར།  །ཚུལ་བཞིན་མངོན་དུ་གྱུར་བྱེད་ཐབས་མཆོག་ཡིན།  །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  །བཞི་པ་གོལ་ཤོར་གྱི་འཕྲང་བསལ་བ་ནི།  མ་གཅིག་གི་ཞལ་ནས།  ཚེ་འདིར་སངས་རྒྱས་བསྒྲུབ་པ་ལ།  །རང་གི་སྟོང་ཉིད་མི་གཅོད་པར།  །ལྷ་ཡི་སྟེང་དུ་ཁྱེར་བ་དེས།  །རྐྱེན་ཟློག་རིམ་གྲོའི་གཅོད་དུ་གོལ།  །ཅེས་རང་གི་སྣང་བ་ཐམས་ཅད་སྟོང་ཉིད་དུ་ཤེས་པའི་སྒོ་ནས་བདག་འཛིན་མི་གཅོད་པར་ཡོན་བདག་སོགས་ཀྱི་རྐྱེན་སེལ་འདྲེ་གདོན་བསྐྲད་པའི་ཆོས་སུ་བྱེད་པ་གཅོད་རིམ་གྲོར་གོལ་བ་དང་།  མ་འདྲེས་ཡོངས་སུ་རྫོགས་པ་ཡི།  །གོ་བ་ནང་ནས་མ་སྐྱེས་པར།  །རང་དང་འདྲེ་དང་གཉན་ས་གསུམ།  །སོ་སོར་རྟོག་པས་འཁྲུལ་པར་གོལ།  །ཅེས་སྟོང་ཉིད་གཅིག་གི་ངང་ལས་ཀུན་རྫོབ་སྣང་བའི་ཆོས་ཀུན་མ་འདྲེས་ཡོངས་སུ་རྫོགས་པར་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་སྣང་བར་མ་ཤེས།  རང་དང་འདྲེ་སོགས་སོ་སོར་བདེན་པར་བཟུང་བ་གཅོད་འཁྲུལ་པར་གོལ་བ་དང་།  གདམས་པའི་གནད་ནི་མ་ཟིན་པར།  །བ་གླང་ཁམས་ལ་བརྟེན་ནས་སུ།  ལྷོག་པ་ལ་སོགས་འགོས་ནད་ལ།  །གཅོད་བྱས་མ་གོལ་ཀྱང་ནས་གོལ།  །དཔེར་ན་ལོང་བས་དབྱུག་འཐབ་བཞིན།  །ཞེས་གདམས་པའི་གནད་ནི་མ་རྟོགས་པར་བ་གླང་ཁམས་ཏེ་རང་གར་སྙིང་སྤོབ་བསྐྱེད་ནས་འགོས་ནད་སོགས་ལ་མི་འཛེམ་པར་མ་གོལ་སྙམ་ནས་བྱས་ཀྱང་གཅོད་ཐོ་ཅོར་གོལ་བ་དང་།  དེ་ལ་གནོད་པའི་བསམ་པ་ཡིས།  །གཅོད་བྱས་རང་གི་ནད་སོས་ཀྱང་།  །དཔེར་ན་སྐྱེ་བོ་མི་ནག་པས།  །རང་གི་བུ་བསད་ཤ་ཟོས་བཞིན།  ཅེས་འདྲེ་གདོན་སོགས་གནོད་པར་བྱེད་པར་བཟུང་ནས།  དེ་ལ་གནོད་པའི་བསམ་པས་ནད་སོས་ཀྱང་རང་གི་བུ་བསད་དེ་ཤ་ཟོས་པ་ལྟ་བུར་གྱུར་པ་གཅོད་ཤན་པར་གོལ་བ་དང་།  གཞན་ཡང་གནས་ལུགས་དོན་བསྒོམ་པའི།  །བྱིན་རླབས་ནུས་པའི་རྟགས་བྱུང་ཚེ།  །གྲོང་ཡུལ་འགྲིམས་ཤིང་བྱིན་རླབས་བྱེད།  །ཉམས་མྱོང་འཆད་ཅིག་དྲག་སྔགས་འདེབས།  །བྱིན་རླབས་དྲེགས་སུ་ཤོར་བའོ།  །ཞེས་དང་།  སྐྱེ་མེད་ཡུམ་གྱི་དོན་བསྒོམ་པའི།  །སྣང་བ་སྟོང་པའི་ཉམས་སྐྱེ་ཚེ།  །ལས་འབྲས་དགེ་སྡིག་ཁྱད་བསད་ནས།  །བླ་མ་རྗེ་ལ་རློམ་སེམས་སྐྱེ།  །ཐོ་ཅོའི་སྤྱོད་པ་སྣ་ཚོགས་བྱེད།  །ཉམས་མེད་ཁེངས་པའི་ཨ་ལྡེར་འཆའ།  །ནག་པོ་ཁ་སྡོམ་བདུད་དུ་ཤོར།  །ཅེས་བླ་མའི་ནོར་རྫས་སོགས་ལ་རློམ་སེམས་དང་།  ཐོ་ཅོའི་སྤྱོད་པ་སྣ་ཚོགས་བྱེད་ལ་དམ་སྡོམ་ཉམས་པ་མེད་སྐད་དུ་ཨ་ལྡེར་འཆའ་བ་ལྟེ་ཁས་ལེན་པ་ནི།  ཁ་ནས་སྡོམ་ལྡན་དུ་སྨྲ་ཡང་དོན་ལ་མི་དགེ་བའི་ལས་སྒྲུབ་ནག་པོ་ཁ་འབྱམས་བདུད་ཀྱི་དབང་དུ་ཤོར་བ་སྟེ།  དེ་སོགས་གོལ་ཤོར་གྱི་ཚུལ་རྣམས་ལེགས་པར་ཤེས་པར་བྱས་ནས་དེའི་དབང་དུ་མི་གཏོང་ཞིང་།  ཡང་མ་གཅིག་གི་ཞལ་ནས།  ནག་པོ་དགུ་ཕྲུགས་ཞེས་པ་ཡི།  གཅོད་མཁན་བྱ་བ་འདི་འདྲ་བྱུང་།  །གཉན་ཁྲོད་གྲོང་ནག་རྟག་ཏུ་འགྲིམ།  །གྲོགས་པོ་ནག་མོ་ཉམས་དང་འགྲོགས།  །ཉམས་ལེན་འདྲེ་ནག་བརྡུང་ལ་བྱེད།  །བཟའ་བ་ལོག་འཚོའི་དཀོར་ནག་ཟ།  །དམིགས་པ་དུག་འབྱེད་ནག་པོ་གཏོང་།  །ལུས་ལ་ཁྱི་ལྤགས་ནག་པོ་གྱོན།  །མགོ་ལ་དོམ་ནག་པགས་པ་བཞག།  མི་རྐང་རྭ་ནག་ཁ་ཅན་འབུད།  །ཕཊ་སྒྲ་ཏིར་ཏིར་ཁྱི་ནག་སྐྲོག།  སུ་ཞིག་མཐོང་ན་མི་འཇིགས་སམ།  །ཀུན་ཕུང་དུག་གི་སྡོང་པོ་ཡིན།  །ང་ཡི་བསྟན་པའི་དགྲར་གྱུར་པ།  །དེ་འདྲ་སྙིགས་དུས་ས་སྟེང་ཁྱབ་པར་འོང་།  །ཞེས་གསུངས་པ་ལྟ་བུའི་ཕྱིན་ཅི་ལོག་གི་བྱེད་སྤྱོད་རྣམས་སྤང་བར་བྱའོ།  །ལྔ་པ་ན་ཚ་བདེ་སྡུག་སོགས་གང་བྱུང་ལམ་དུ་ཁྱེར་བ་ནི།  དངུལ་ཆུ་ཐོགས་མེད་རིན་པོ་ཆེས།  བདག་ཞེན་སྒྱུ་ལུས་ཀྱི་ཕུང་པོ་འདི།  །ན་ན་ན་སྟེ་ན་བས་དགའ།  །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན།  །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་།  །སྒྲིབ་གཉིས་སྦྱོང་བའི་ཆེད་དུ་ཡིན།  །ན་བ་མེད་ན་མེད་དེ་དགའ།  །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ།  །མི་ལུས་དོན་ཅན་བྱེད་པ་ཡང་།  །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན།  །འབྱོར་པ་མེད་ན་མེད་དེ་དགའ།  །བསྲུང་བྲེལ་གྱི་བྱ་བ་དེ་ལ་མེད།  །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ།  །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས།  །འབྱོར་པ་ཡོད་ན་ཡོད་དེ་དགའ།  །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག།  འཕྲལ་ཕུགས་ཀྱི་བདེ་བ་ཇི་སྙེད་པ།  །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས།  །མྱུར་དུ་ཤི་ན་ཤི་བས་དགའ།  །རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་།  །མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པས།  །མ་ནོར་གྱི་ལམ་དུ་ཚུད་པར་ངེས།  །ཡུན་དུ་གསོན་ན་གསོན་པས་དགའ།  །ཉམས་མྱོང་གི་ལོ་ཐོག་སྐྱེ་བ་ལ།  །གདམས་ངག་གི་རླན་དྲོད་མ་ཡལ་བར།  །ཡུན་དུ་བསྟེན་པས་སྨིན་པར་འགྱུར།  །གང་ཡིན་ཀྱང་དགའ་བ་བསྒོམ་ཤིག་ཨང་།  །ཞེས་གསུངས་པ་ལྟར་བཟང་ངན་ཅི་བྱུང་ཡང་ཉམས་ལེན་གྱི་གྲོགས་སུ་ཁྱེར་བར་བྱའོ།  །དྲུག་པ་གཞན་དོན་ཕྲིན་ལས་སྒྲུབ་ཚུལ་དང་མན་ངག་འཐོར་བུས་མཐའ་བརྒྱན་པ་ནི།  རྒྱ་གཞུང་ལས།  སེམས་ཅན་གཞན་ལ་ཕན་འདོགས་ན།  །སྙིང་རྗེ་སྔོན་དུ་འགྲོ་བ་ཡིས།  །བདག་དང་ན་ས་གདོན་དང་ནད།  །ཐམས་ཅད་སྟོང་པར་ཤེས་བྱས་ལ།  །ཕྱག་བབས་བྱ་ཞིང་སྟོང་ཉིད་བསྒོམ།  །ཞེས་དང་།  མ་གཅིག་གི་ཞལ་ནས།  སྲིའུ་ནད་པ་ཞོ་ཆང་དང་།  །ཐོག་སེར་བསྲུང་དང་ཕྱུགས་ནད་གཅོད།  །ནད་ལ་གཅོད་དང་གདོན་ལ་གཅོད།  །རོ་ལ་གཅོད་དང་བྱད་ལ་གཅོད།  །མཐའ་གཏད་གཟེར་བུ་ལ་སོགས་པར།  །ཞེས་སྲིའུ་གསོ་བ་སོགས་ཀྱི་མན་ངག་གི་ཚུལ་གསལ་བར་གསུངས་ལ།  དམ་པའི་གསུངས་ལས་བྱུང་བའི་ལྕགས་དྲྭའི་སྐོར་སོགས་མང་དུ་ཡོད་ཀྱང་གནད་བསྡུ་ན།  བྱམས་སྙིང་རྗེ་སྟོང་ཉིད་རྟོགས་པའི་ཉམས་ལེན་གྱི་ངང་ནས་སྲིའུ་ནད་པ་སོགས་ཀྱི་རྣམ་ཤེས་དབྱིངས་སུ་བསྲེ་ཞིང་།  ཕུང་པོ་མགྲོན་དུ་འགྱེད་པ་སོགས་གང་ལ་གང་འཚམས་པའི་གཅོད་ལུགས་ཀྱི་གདམས་པ་རྣམས་ལ་བརྩོན་པའི་སྒོ་ནས་གཅོད་པར་བྱ་སྟེ།  གལ་ཆེ་བ་ཐོག་དམིགས་ཀྱི་རིམ་པ་མ་གཅིག་གི་གསུང་དང་།  གཅོད་གཞུང་གང་ཡིན་ནས་མང་དུ་བྱུང་མོད།  སྐབས་འདིར་ཞལ་གསུངས་གཉན་དམིགས་མདོར་བསྡུས་ལས་བྱུང་བ་ལྟར་ན།  རང་གི་སྤྱི་གཙུག་ཏུ་སྐུ་གསུམ་མཁའ་འགྲོ་རྣམས་རིམ་པར་བསྐྱེད་ནས་དེ་སྟེང་པད་མ་འབྱུང་གནས་དང་།  ཕྱག་ན་རྡོ་རྗེ་སྐུ་ཆེ་བ་རི་རབ་ཙམ་གྱི་དབུ་འོག་མིན་གྱི་གནས་སུ་སླེབས་པ།  སྐུ་ཡིས་སྣང་སྲིད་ཁྱབ་པར་བསྒོམ།  གནས་ཐམས་ཅད་ནས་སེང་གེ་ལྕགས་སྡིག་བྱ་ཁྱུང་རིགས་ལྔ་མཚོན་ཐུན་སྣ་ཚོགས་སྐར་ལྟར་འཁྲུགས་ཤིང་རླུང་ལྟར་འཚུབས་པས་སྤྲིན་གྱི་ནང་ཐམས་ཅད་ཁྱབ།  ཧཱུྃ་དམར་མེ་འབར་གྱི་སྤྲིན་མེའི་རང་བཞིན་བསྒོམ་སྟེ་སྟེང་གི་ནམ་མཁའ་ལ་འབྲུག་དང་།  ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་སྐད་ཅིག་ཀྱང་རྒྱུ་བའི་གནས་མེད་པར་རྒྱུ་བ་རྣམས་ཀྱང་སྦུར་མ་རླུང་གིས་གཏོར་བ་ལྟར་དཔག་ཚད་གསུམ་གྱི་ཕ་མཐར་བསྐྲད་པར་བསམ།  འོག་ཐམས་ཅད་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་ས་གཞི་ཡངས་པ།  བར་སྣང་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཁྱབ་པར་བསྒོམ་ལ།  ནི་ནཱ་ག་ཛ་མུན་ཏྲི་ཨཱཿཞེས་བཟླའོ།  །ཐོར་བུའི་དམིགས་པ་ཁྲིད་ཡིག་གཞུང་ནས་བྱུང་བ་ལ།  གལ་ཏེ་གཉན་སའི་ལྷ་འདྲེ་བྱིང་ཆེ་དྲག་པ་རྣལ་འབྱོར་བྱིང་ཆུང་བས་སློང་མི་ནུས་པའམ།  རྣལ་འབྱོར་པ་ལྟ་གདིང་མཐོ་བ་ལྷ་འདྲེ་བྱིང་ཆུང་བས་སློང་མི་ནུས་པ་གང་ལྟར་ཡང་མཐའ་གཏད་ཀྱི་དམིགས་སྤྱོད་ཟབ་མོས་འབྱེད་པར་འགྱུར།  རང་གི་མགུལ་དུ་ཐག་པ་བཏགས་ནས་སྣེ་རྟེན་གཉན་པོ་ལ་བཏགས་པའམ།  ཡང་ན་ཕར་ལྷ་འདྲེ་ལ་འཕང་སྟེ་ངག་ནས་ཀྱང་འདི་ལྟར་བརྗོད།  ཀྭིའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་འདིར་ཤོག་འདིར་འདས་ཤིགལན་གསུམ་བརྗོད་ནས་དམིགས་པ་འདི་ལྟར་བྱ།  རང་གི་གནས་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གནས་དེའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་ཉ་མོ་ལྕགས་ཀྱུས་འཐེན་པ་ལྟར་མདུན་དུ་བཀུག་ནས་བྲོས་ཐར་གབ་ཡུལ་མེད་པར་བསམ།  ཡང་སེམས་ལ་སྙེམས་ཐག་བཅད་དེ་ངག་ནས་ཀྱང་།  གནས་འདིའི་ལྷ་འདྲེ་དྲག་རྩལ་ཅན་ཁྱེད་རྣམས་ལ་ངས་བཅོལ་ལས་ནི།  རབ་ན་ང་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས་ཤིག།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་ཤི་མིན་གསོན་མིན་ཅིག་གྱིས་ཤིགརྣ་བ་མ་འོན་ན་ཉོན།  མིག་མ་ལོང་ན་ལྟོས།  ཞ་བོ་མིན་ན་ཤོགཤི་བོ་མིན་ན་མགྱོགས།  རོ་མིན་ན་ལོངས་།  ཞེས་གསུམ་རེ་བརྗོད་དེ་ཉལ་ལོ།  །ཕན་མེད་ནད་ཀྱིས་གདུང་ནས་ཅིས་ཀྱང་མི་ཕན་ན།  ཡང་ཤིན་ཏུ་གཉན་སའི་གནས་ཞིག་ཏུ་ཕྱིན་ནས་སྐྲ་དང་སེན་མོ་ལུས་དྲེག་ལ་སོགས་པ་བསྲེག་ཅིང་ཐབ་གཞོབ་ཆེན་པོ་བྱས་ཏེ།  ཀྭིའི་གནས་འདིའི་ལྷ་འདྲེ་མཐུ་བོ་ཆེ་ཁྱེད་རྣམས་ཀྱི་རྣ་བ་མ་འོན་ན་ཉོན།  མིག་མ་ལོང་ན་ལྟོས།  རྐང་ལག་མ་ཞ་ན་འདིར་ཤོག།  སྣ་མ་འཚུབས་ན་དྲི་ངན་འདི་ལ་སྣོམས།  ཁ་མ་འཐམ་ན་ཟོ།  རོ་མིན་ན་ལོངས།  ཤི་བོ་མིན་ན་མ་ཕྱི།  བརྒྱལ་མེད་ན་མགྱོགས་པར་ཤོག།  ལན་གསུམ་བརྗོད།  ང་ནི་མི་ཤོར་ནད་ཀྱི་ཐེབས་ནས་ཟླ་ཞག་གྲངས་མང་།  ཕན་ཐབས་བྱས་ཀྱང་ཅིས་ཀྱང་མ་ཕན།  ཡུལ་མི་ཁྱིམ་མཚེས་དག་གིས་ནི་ཤི་སྨོན་བྱེད་ཀྱིན་འདུགསྤུན་ཟླ་བཟའ་མི་རྣམས་ཀྱིས་ཀྱང་ཤི་ན་ཅི་མ་རུང་ཟེར།  མི་ང་རང་ལ་ཡང་ད་ལྟ་ཤི་ན་དེ་ལས་དགའ་བ་ཚེ་རབས་ཐམས་ཅད་ན་མེད།  རབ་ན་ང་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོང་ཞིག།  འབྲིང་ན་ད་ལྟ་ཉིད་དུ་དབུགས་མེད་དུ་ཐོངས།  ཐ་ནའང་སང་གི་ནམ་ལངས་ཚུན་ཆད་ལ་སོད།  ཅེས་ཟེར་ཞིང་མགུལ་ཐག་གི་སྣེ་རྟེན་གཉན་པོ་ལ་བཏགས་ནས་ཕཊ་བརྒྱབ།  ཀྭི་བཏབ།  ཐུན་ཐུང་རེ་ལ་ཉལ།  ཡང་སྔར་ལྟར་འབོད་བཅོལ་བྱ།  བཟང་ངན་འཇིགས་སྐྲག་ཅི་བྱུང་ཡང་སྙེམས་ཐག་རྦད་ཀྱིས་བཅད་ལ་ཤི་དགའ་བསྒོམ།  ནུབ་མོ་རྟགས་བྱུང་ན་ནངས་པར་དཀར་འགྱེད།  ཉིན་གུང་ཁྲ་འགྱེད།  དགོངས་མོ་དམར་འགྱེད།  ཐོ་རངས་ནག་འགྱེད་རྣམས་བྱ།  རྗེས་སུ་ཕྱི་ནོན་བྱ་བ་ལག་ལེན་ནོ།  །དེ་ནི་མཐའ་གཏད་ཟབ་མོ་མཐར་ཐུག་གོ།  ལམ་ཟབ་མོ་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ལ་ནད་བྱུང་ཚེ་དུས་ལྔར་ཉམས་ལེན་གྱི་དམིགས་པ་གནད་དུ་བསྣུན་པར་བྱའོ།  །སྔ་དྲོ་འཁོར་འདས་ཡོངས་ཀྱི་དབང་མོ་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་ཞེ་སྡང་འཇོམས་མཛད་མཁའ་འགྲོ་དཀར་མོ་སྦྲུལ་གྱི་གདོང་པ་ཅན།  ཉིན་གུང་ང་རྒྱལ་འཇོམས་མཛད་སེར་མོ་རྟའི་གདོང་པ་ཅན།  དགོང་མོ་འདོད་ཆགས་འཇོམས་མཛད་དམར་མོ་བྱ་རྒོད་ཀྱི་གདོང་པ་ཅན།  སྲོད་དུ་ཕྲག་དོག་འཇོམས་མཛད་ལྗང་མོ་ཁྱིའི་གདོང་པ་ཅན།  ཐོ་རངས་གཏི་མུག་འཇོམས་མཛད་ནག་མོ་ཕག་གི་གདོང་པ་ཅན།  བར་སྐབས་ལྕགས་སྡིག་དང་།  བར་སྐབས་སུ་བྱ་ཁྱུང་དཔག་ཏུ་མེད་པར་རྣམས་རེས་མོས་སུ་བྱུང་ནས་ནད་ན་ས་དང་བཅས་པ་ཇུར་མིད་དུ་ཟོས་ནས་རྗེས་ཤུལ་ཙམ་ཡང་མེད་པར་ཡང་ཡང་བསམ་པའི་མཐར་ལུས་སྦྱིན་ཡང་གྲངས་དང་དཔག་མཐར་ཐམས་ཅད་དམིགས་མེད་ངང་དུ་མཉམ་པར་གཞག་པས་ངེས་པར་སེལ་བ་ཡིན།  རིམས་ཡམས་འགོ་ནད་ཐམས་ཅད་ལ་རང་ལུས་ཀེང་རུས་སྐམ་པོ་ཤ་མེད་པ་བུ་ག་དགུ་ནས་བཙན་དུག་གི་ངད་རླངས་དང་རྡོ་རྗེ་མེ་འབར་བ་ཞིག་ཏུ་བསྒོམ་སྟེ།  ང་ལ་ཤ་མེད་པས་རུས་པ་ལ་ནད་འཇུག་པའི་ཡུལ་མེད་པ་འདི་ཕུང་ཚབ་ཆེ་བ་ཡིན།  ང་ལ་སྒྲིབ་པ་སྦྱོང་བ་དང་ལན་ཆགས་བྱང་བའི་ཕྱིར་ནད་ངན་འདི་བྱུང་ན་ཅི་མ་རུང་སྙམ་ནས་རེ་བའི་ཚུལ་དུ་སྡོད་པས་སེལ།  ནད་ཀྱི་ཁྲོད་དུ་ཤ་ཁྲག་སྤང་བར་བྱ་བ་ཡིན།  ཤི་སྐྲ་གསོན་སྐྲ་ཕྱུག་དར་མའི་རྔ་མ་རྣམས་བརྒྱད་བསྒྲིལ་གྱི་འུར་རྡོ་ལ་སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་བསམ།  །རྡོ་འཕང་བ་ཙམ་གྱིས་བདག་སྣང་གཉིས་འཛིན་གྱི་ལྷ་འདྲེ་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་འཇིགས་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ་ལ།  རྩ་སྔགས་ཁྲི་བཏབ་ལ་བཅང་།  གྲི་ལྕགས་ཀྱི་གྲི་གུག་ལ་མཁའ་འགྲོ་འབུམ་གྱི་མཐུ་ནུས་རྫོགས་པར་བསམ་ལ་བཅང་།  ཟབ་ཆོས་ཉམས་སུ་ལེན་པའི་རྣལ་འབྱོར་པ་རྣམས་ལ་ཆོམ་རྐུན་གྱི་འཇིགས་པ་བྱུང་ན།  དང་པོ་ཤིན་ཏུ་གཉན་པའི་གནས་ཤིག་ཏུ་ཕྱིན་ནས་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་གོང་ལྟར་བོས་ཏེ།  ང་ནི་དགྲ་ཡིས་བཅོམ་སྟེ་ཉམ་ཐག་ཏུ་ལུས་ཐལ།  ད་ནི་མུ་གེ་དང་ལྷག་པས་ཤི་བ་ལས་ཐར་ཐབས་ནི་མེད།  དེ་བས་ད་ལྟ་ཉིད་དུ་རབ་ན་དམྱལ་བ་མནར་མེད་དུ་འཕོང་།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་སང་གི་ནམ་ལངས་ཚུན་ཆད་དུ་དབུགས་མེད་དུ་ཐོང་།  ཞེས་བརྗོད་ནས་མགུལ་ཐག་གཉན་ས་ལ་བཏགས་ནས་ཉལ།  དེ་ལྟར་བྱས་ཀྱང་ཕྱིར་མི་སྟེར་ན་གཉན་སར་ཕྱིན་ཏེ་དགྲ་བོའི་ཁྱིམ་དུ་དམིགས་ལ།  བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདུས་པའི་ངོ་བོ་སྤྲེའུ་དམར་ནག་ལག་སྤྲེལ་གྱི་སྟེང་དུ་མི་རོ་བཀལ་ནས་དགྲ་བོའི་ཕུགས་སུ་མཆོང་རྒྱུག་བྱེད་པར་བསམ་ལ་ཟན་གྱིས་ཀྱང་བཅོས་ལ་བཞག།  ཀྭིའི་བཀའ་སྣང་སྲིད་ཀྱི་ལྷ་འདྲེ་ཁྱེད་རྣམས་ཀྱིས་ངའི་དགྲ་བོ་ལ་སྤྲེལ་དམར་ལག་སྤྲེལ་རོ་ཐོགས་ཀྱི་གཟུགས་ད་ལྟ་ཉིད་དུ་སྟོན་ཅིག།  མིན་ན་ང་ད་ལྟ་ཉིད་དུ་སོད་ཅིག།  དེ་མིན་ན་བསྐལ་པ་ངས་བཤིག་རྒྱུ་མིན་རེ་ཞེས་ཟེར་ནས་ཉལ།  དེ་ལྟར་བྱས་ཀྱང་རྟགས་མ་བྱུང་ན་ལུས་དམར་འགྱེད་བྱས་ལ།  སྣང་སྲིད་ལྷ་འདྲེའི་དམག་དཔུང་བསྐྱེད།  །སྡང་བའི་དགྲ་ལ་དྲག་ཏུ་རྒྱུག།  ལྟས་ངན་གློ་བུར་ཡེ་འདྲོག་ཐོངས།  །རྗེས་ཤུལ་ཙམ་ཡང་མེད་པར་རློག།  ཅེས་མཁའ་འགྲོའི་བཅུ་འགྱེད་ཀྱི་རེ་རེ་བཞིན་དུ་སྦྱར་ཏེ་ཕྱོགས་མཚམས་སྟེང་འོག་གི་མཁའ་འགྲོ་མ་རྣམས་ལ་བཀའ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་དང་བཅས་པས་བསྐོར་ནས་ཆོ་སྒྲ་འུར་སྒྲ་རྒྱོབ་སོད་ཀྱི་སྒྲ་དང་བཅས་ཏེ་སོང་བར་ཡང་ཡང་བསམ།  ཡང་ན་ལ་རྩེ་གཉན་པོ་གཏོར།  རླུང་རྟ་གདན་དུ་བཏིང་།  གོས་ཕྱི་ནང་བསྒྱུར།  སྙེམས་ཐག་བཅད་ནས།  ཀྭིའི་འདིར་གནས་ལྷ་འདྲེ་ཟོ་དོར་གཉན་པོ་ཁྱེད་ཅག་གིས་མིག་མ་ལོང་ན་ལྟོས།  རྣ་བ་མ་འོན་ན་ཉོན།  ཞ་བོ་མིན་ན་ཤོགཤི་བོ་མིན་ན་མགྱོགས།  རོ་མིན་ན་ལོངས།  ང་ནི་དགྲ་བོས་བཅོམ།  ཉེས་པ་ནི་མ་བྱས།  ལན་ཆགས་ནི་མེད།  མ་ཉེས་པ་ལ་དགྲ་བྱུང་ནས་བཅོལ་བ་ཡིན།  ད་ནི་མུ་གེས་ཤི་བ་ལས་ད་ལྟ་ཤི་ན་དགའ།  རབ་ན་ང་ད་ལྟ་ཉིད་དུ་དམྱལ་བ་མནར་མེད་དུ་འཕོངས།  འབྲིང་ན་ད་ལྟ་ཉིད་དུ་སོད།  ཐ་ནའང་ནངས་པར་ནམ་ལངས་ཚུན་ཆད་དུ་སོད་ཅིག།  ཡང་ན་དགྲ་དེ་མ་ཐོགས་མ་འགྱང་བར་སོད་ལ་དོན་སྙིང་མངོན་སུམ་དུ་ང་ལ་སྤྲོད་ཅིག་སྨྲ་ཞིང་ཉལ།  ཟིལ་གནོན་ཡང་ཡང་བྱ།  ཡང་ན་རང་ལུས་ཤ་ཁྲག་གི་ཕུང་པོ་སྟོན་འགྱེད་བྱས་མཐར་ལྤགས་པའི་དབུས་དགྲ་བོའི་མི་ནོར་འཁོར་བཅས་བསྒོམ།  མཐར་ཤ་ཁྲག་རུས་པའི་ཕུང་པོ་ནམ་མཁའ་མཛོད་དུ་དམིགས་ནས་བྱིན་གྱིས་བརླབ།  ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཐམས་ཅད་དེ་ལ་ཉི་རྡུལ་བཞིན་དུ་འདུས་པར་བསམ་ལ།  ཕཊ་སྒྲ་རྐང་གླིང་ཌཱ་དྲིལ་གྱིས་སྒྲས་མགྲོན་འབོད་བྱས་མཐར།  རང་ཉིད་ཁྲོས་མའི་ཕྱག་གཡས་པས་གཡང་གཞི་མཐའ་ནས་བསྡུས་ཏེ།  ལྷ་སྲིན་སྡེ་བརྒྱད་ཤ་ཁྲག་དགྲ་བོའི་མི་ནོར་དང་བཅས་པ་འུབ་ཀྱིས་བསྡུས་ཏེ་ཐུམ་བུར་བྱས་པ།  སྦྲུལ་དང་རྒྱུ་མས་ཁ་བསྡམས་ནས་ཀླད་ལ་བསྐོར་ཞིང་འོག་ཏུ་འཕང་བས་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་ལྷུང་ནས་དགྲ་བོ་མ་ཟད་བར་དུ་བྲོས་ཤིང་ཐར་ཡུལ་ཐམས་ཅད་དང་བྲལ་བར་བསམ་པས་ངེས་པར་ཐུབ།  དགྲ་སྒྱེད་དང་འཕྲད་ན་དགྲ་བོའི་མི་ནོར་འཁོར་དང་བཅས་པ་རྫོགས་པར་བསམ་ལ་སྒྱེད་པུའི་འོག་ཏུ་འཕེན་ཚུལ་བྱས་ཚེ་འཆི་བདག་ལས་གཤིན་ནག་པོའི་ཁ་རུ་སོང་བར་བསམ་པས་ཀྱང་ཐུབ།  གཞན་ཡང་ཚོགས་ལྷག་དང་གཏོར་མ་ལ་ཡང་དགྲ་བོའི་མི་ནོར་འཁོར་བཅས་ཡོངས་རྫོགས་སུ་བསྒོམ་སྟེ་མགྲོན་གྱི་ཞལ་དུ་བསྟབ་པས་ཀྱང་ཐུབ་བོ།  །དེ་དག་གང་ལ་ཡང་རང་ཉིད་ཁྲོས་མའི་ང་རྒྱལ་དང་མ་བྲལ་བ་གནད་དུ་གཅེས་སོ།  །ཟིལ་གནོན་བསྒྱུར་བ་ཁ་དཔག་པ་ལ་མཁས་པར་བྱ་བ་ཡང་གནད་དོ།  །མདོར་ན་སྣང་བ་ཐམས་ཅད་རང་སྣང་དུ་ཐག་ཆོད་པའི་གདིང་ངེས་པར་རྙེད་པ་ནི་རབ་ཏུ་ཆོད་པའི་ཚད་དོ།  །རིག་པ་རང་ལ་རང་གདིང་ཐོབ་ནས་བློ་དང་ཡིད་དཔྱོད་ང་རྒྱལ་བརྟན་པ་ཙམ་མ་ཡིན་པར།  འཁོར་འདས་འུབ་ཆུབ་ཏུ་ངེས་པར་གོ་མྱོང་རྟོགས་གསུམ་དང་ལྡན་པ་ཞིག་བྱུང་ན་རྩད་ནས་ཆོད་པའི་ཚད་དུ་གདོན་ནི་ཟའོ།  ཕྱིན་ཅི་ལོག་གི་གོལ་ས་ལེགས་བསལ་ཞིང་།  །སྐྱིད་སྡུག་ཅི་བྱུང་ལམ་གྱི་གྲོགས་སུ་ཁྱེར།  །གང་དགོས་ལས་སྒྲུབ་དམིགས་པའི་གནད་དང་བཅས།  །བརྒྱུད་ལྡན་དམ་པའི་གདམས་པ་འཁྲུལ་མེད་ལགས།  །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  །གསུམ་པ་དེའི་ཡན་ལག་གི་བསླབ་བྱ་ཡོངས་གཏད་ཀྱི་ཚུལ་དུ་གདམས་པ་ལ།  གདམས་པ་འདི་སྐལ་ལྡན་གདུལ་བྱའི་ཕ་ཕོག་ཏུ་གནང་ཚུལ།  གྲུབ་པའི་དབང་ཕྱུག་སོགས་ནས།  སངས་རྒྱས་འཐོབ༔ ཅེས་པས་བསྟན།  འགལ་རྐྱེན་གཉེན་གྲོགས་སོགས་ཀྱི་ཚང་ནས་འདོན་ཅིང་དེ་ལ་མ་ཆགས་པར་གདམས་པ།  ང་ཡི་བརྒྱུད་འཛིན་སོགས་ནས།  བུ་གཅིག་ཡིན༔ ཅེས་པས་བསྟན།  མཐུན་རྐྱེན་རྣམ་འབྱོར་སྤྱོད་པའི་མཐའ་བཞི་གནད་དུ་བཟུང་བའི་སྒོ་ནས་བློ་སྣ་བསྟུང་དགོས་པར་གདམས་པ།  ཚེ་གཅིག་བློ་སྣ་སོགས་ནས།  སྐལ་ལྡན་བུ༔ ཞེས་པས་བསྟན།  བརྡ་རྟགས་ཡོན་ཏན་གྱི་སྒོ་ནས་ཆས་གོས་ཀྱི་རིམ་པ་ཇི་ལྟར་བརྟེན་ཚུལ་གདམས་པ།  རལ་པ་མ་བཅོས་སོགས།  རི་ལ་སྙོགས༔ ཞེས་པས་བསྟན།  གལ་ཆེན་སྤོང་བདུན་རྣལ་འབྱོར་དམ་པའི་ལམ་དུ་གདམས་པ།  གྲུབ་རྟགས་མངོན་དུ་སོགས།  དམ་པའི་ལམ༔ ཞེས་པས་བསྟན་ཏེ།  དེ་ལྟར་ཇི་ལྟར་གདམས་པའི་ཚུལ་ལས་མི་འདའ་བར་བསླབ་པར་བྱ་སྟེ།  བདུད་གཅོད་ཟབ་མོའི་ལས་གྱི་ཡན་ལག་མཆོག་ཏུ་གྱུར་པ་གྲུབ་ཆེན་ས་ར་ཧ་པས་བརྩེ་བས་རྗེས་སུ་གདམས་པའི་མན་ངག་ཁྱད་པར་བ་ཡིན་པའི་ཕྱིར་རོ།  །བཞི་པ་ཉམས་སུ་བླངས་པའི་གྲུབ་འབྲས་བསྟན་པ་ནི།  ཡུམ་དོན་བདུད་གཅོད་མཆོག་གི་ཆོས་འདི་ཚུལ་བཞིན་ཉམས་སུ་བླང་ན།  ཚེ་འདིའི་ཞེན་སྣང་གི་འཁྲི་བ་ཆོད་ཅིང་ནད་གདོན་རྐྱེན་ངན་རང་སར་གྲོལ་ནས་རང་རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཐོལ་བྱུང་དུ་སྐྱེ་བ་དང་།  བརྟུལ་ཞུགས་རྣལ་འབྱོར་གྱི་རྟོགས་པའི་གདིང་རྙེད་པ་དང་།  གཞན་གདུལ་བྱ་མ་རུངས་པའི་ཤེས་རྒྱུད་ཆོས་ལ་བཀོལ་ཞིང་སྨིན་གྲོལ་དུ་བྱེད་ནུས་པ་དང་།  རང་གཞན་ཐམས་ཅད་བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བ་དང་།  ཁྱད་པར་འོད་གསལ་ཐེག་པ་མཆོག་གི་ཉམས་ལེན་གྱི་གནད་ལ་གོམས་པར་བྱས་ན།  སྙིགས་དུས་ཀྱི་ཚེ་ཐུང་འདིར་རྒྱལ་ཡུམ་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་ནས་ཐོག་མའི་སངས་རྒྱས་དཔལ་ལྡན་གྲུབ་པའི་དབང་ཕྱུག་མཆོག་དང་གཉིས་སུ་མེད་པར་འཚང་རྒྱ་བར་འགྱུར་བ་སྟེ།  དེ་ལྟར་རྣམ་འབྱོར་ལམ་གྱི་རིམ༔ ཚུལ་བཞིན་བསྟེན་པའི་སྐལ་ལྡན་བུ༔ སངས་རྒྱས་ང་དང་གཉིས་སུ་མེད༔ ཚེ་གཅིག་སངས་རྒྱས་མ་ཐོབ་ན༔ བརྒྱུད་འཛིན་སྐལ་ལྡན་ངས་བསླུས་སོ༔ ཞེས་གསུངས་པ་ནི།  ཚད་མའི་ལུང་གིས་བསྟན་དོན་བསླུ་བ་མེད་པའི་རྡོ་རྗེའི་ཚིག་སྟེ།  མདོར་ན་སྲིད་ཞིའི་ལེགས་ཚོགས་མ་ལུས་པ་འབྱུང་བར།  སྡུད་པ་ལས།  སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་།  །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ།  །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་།  །ཞེས་པ་ལྟར་རོ།  །དེས་ན་དེ་ཉིད་ལས།  སེམས་ཅན་ཀུན་གྱི་ཡོན་ཏན་མཆོག་ཏུ་འགྲོ་བ་དང་།  །སངས་རྒྱས་ཡེ་ཤེས་མཆོག་ཏུ་རྨད་དུ་བྱུང་བ་དང་།  ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་སྦྱིན་འདོད་གང་།  །ཕན་མཛད་རྣམས་ཀྱིས་གནས་མཆོག་འདི་ལ་བསྟེན་པར་གྱིས།  །ཞེས་བདེ་བར་གཤེགས་པ་མཆོག་གི་བདག་ཅག་ལ་གདམས་ངག་ཏུ་གནང་བ་དོན་ལྡན་དུ་བྱའོ།  །དེ་ལྟ་བུའི་ཚུལ་ལ་གཅིག་ཏུ་ཡིད་ཆེས་བརྟན་པའི་སྒོ་ནས་བྱིན་རླབས་ཉེ་བརྒྱུད་ཀྱི་མན་ངག་ཟབ་མོའི་ཁྲིད་ཡིག་ལེགས་པར་གསལ་བར་བྱས་པ་འདིས་ཀྱང་དུས་ངན་སྙིགས་མའི་སྐྱོན་ཚོགས་མཐའ་དག་ཞི་བ་དང་།  རྒྱལ་བསྟན་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ཏེ་འགྲོ་བ་ཀུན་གྱི་བདེ་སྐྱིད་གོང་འཕེལ་དུ་གྱུར་ནས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་དགེ་མཚན་ཀུན་ཏུ་གསལ་བར་འགྱུར་པར་གདོན་མི་ཟའོ།  །སླར་ཡང་སྨྲས་པ།  གང་ཞིག་ངག་བརྗོད་རྟོག་བསམ་ལས་འདས་སོ་སོར་རང་རིག་ཡེ་ཤེས་མཆོག་གི་ཚུལ།  །སྐྱེ་དང་འགགས་མེད་ནམ་མཁའི་རང་བཞིན་འཕགས་ཚོགས་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན།  །དུས་གསུམ་རྒྱལ་ཀུན་བསྐྱེད་པའི་ས་བོན་གཅིག་གྱུར་ཐབས་མཆོག་བྱང་ཆུབ་སེམས་ཀྱི་གྲོགས་དང་བཅས།  །བྱང་ཆུབ་སྤྱོད་པའི་རྗེས་བསླབ་སྒྲིབ་ཀུན་གཅོད་ལ་དམ་ཆོས་བདུད་གཅོད་ཅེས་སུ་གྲགས།  །སྐྱེས་མཆོག་དམ་པའི་ཀླུ་དབང་ལས་བྱུང་བདག་བློའི་གསེར་ལྡན་ཁྱོན་དུ་ཡོངས་འཁྱིལ་བ།  །རྣམ་དག་ལུང་རིག་རིན་ཆེན་གཏེར་གྱུར་དོན་ཟབ་ཡན་ལག་བརྒྱད་ཀྱི་རོ་བཅུད་ལྡན།  །ལྷག་བསམ་དགའ་བ་བརྒྱ་པའི་མཐུས་བསྒྲུབ་སྨིན་གྲོལ་འཆི་མེད་སྲོག་འཚོའི་དཔལ་སྦྱིན་པའི།  །ལེགས་བཤད་བདུད་རྩིའི་རོལ་མཚོ་ལེགས་པར་གྲུབ་ཀྱི་སྐལ་ལྡན་སྐྱེ་བོས་དགའ་སྟོན་མཛོད།  །སངས་རྒྱས་ཀུན་བདག་གཏེར་ཆེན་བླ་མ་དེའི།  །རྡོ་རྗེ་ལུང་གིས་གནང་བ་ཐོབ་པ་དང་།  །དགོངས་བརྒྱུད་སྙིང་ལ་འཕོས་པའི་རྟེན་འབྱུང་གིས།  །འདི་བྱས་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཡིན།  །སྔོན་རབས་དམ་པའི་གདམས་བཅུད་མིག་སྨན་ལ།  །ཆགས་སྡང་གཏམ་གྱི་དུག་ངད་བསྲེས་བསྲེས་ནས།  །ཕྱོགས་འཛིན་རྨོངས་པའི་རབ་རིབ་སླར་བསྐྱེད་བཞིན།  །བློ་གྲོས་མིག་བཟང་འབྱེད་རློམ་བདུད་ཀྱི་ལས།  །རིང་བརྒྱུད་ཡེ་ཤེས་མཁའ་འགྲོའི་གསུང་གི་དོན།  །ཉེ་བརྒྱུད་གྲུབ་པའི་ཁྱུ་མཆོག་ས་ར་ཧའི།  །ཐུགས་བཅུད་ཆུ་བོ་གཅིག་འདྲེས་ཟབ་ཁྲིད་འདི།  །བརྒྱུད་གསུམ་རིག་འཛིན་ཡོངས་ཀྱི་དགོངས་པའི་མཐིལ།  །ལྟས་ངན་གཡང་ལེན་བདུད་ཀྱི་གཅོད་ཡུལ་ནི།  །ཞེ་སྡང་གདུག་པའི་ཡིད་ཅན་འདྲེ་གདོན་ཀྱང་།  །ཐབས་ཀྱིས་རྗེས་བཟུང་བྱང་ཆུབ་ལ་འགོད་པའི།  །སྙིང་རྗེའི་ཆོས་ཡིན་དྲག་ཤུལ་ལས་མ་ཡིན།  །རྙེད་བཀུར་དོན་གཉེར་ཕུང་བྱེད་བྱུར་སེམས་ཀྱིས།  །ཟོག་པོའི་འཆོལ་སྤྱོད་བརྟུལ་ཞུགས་སྤྱོད་པར་རློམ།  །འདྲེ་འདུལ་བསྲུང་སྐྱོབ་གོལ་སའི་གཡང་འཕྱན་པའི།  །མི་ནག་གཅོད་སྔགས་ཕོ་མོའི་གོ་འཕང་མཐོ།  །དེ་ལྟ་ནའང་ཡང་དག་ལྟར་སྣང་གི།  །རྣམ་དབྱེ་བདག་འདྲས་འབྱེད་པ་མི་འཚལ་ཡང་།  །མ་གཅིག་ཡེ་ཤེས་མཁའ་འགྲོའི་བཀའ་ལུང་དང་།  །བསྟུན་ན་ཚུལ་དང་ཚུལ་མིན་ཅིས་མི་རྟོགས།  །འཁོར་འདས་མཉམ་ཉིད་བཟང་ངན་རོ་སྙོམས་པ།  །མ་བཅོས་གནས་ལུགས་མངོན་དུ་འགྱུར་བྱེད་དོ།  །གཅེས་འཛིན་ཕུང་པོ་གཟན་དུ་བསྐྱུར་བྱས་ནས།  །རྒྱལ་སྲས་སྤྱོད་པ་ཕ་མཐར་ཕྱིན་བྱེད་ཡིན།  །སྟོང་ཉིད་རྟོགས་པས་སྲིད་རྩ་བདག་འཛིན་དང་།  སྙིང་རྗེ་ཆེན་པོས་བདག་གཅེས་འཁྲི་བ་གཅོད།  །ལྷར་སྣང་གོམས་པས་ཐ་མལ་སྣང་ཞེན་དང་།  གཉུག་མའི་དོན་རིག་གཟུང་འཛིན་ཀུན་རྟོག་གཅོད།  །དེ་ལས་གཞན་དུ་ལྷ་མཆོད་འདྲེ་བརྡུང་དུ།  །ཚེ་འདིའི་ལག་ཆར་ཁྱེར་བའི་གཅོད་ལོག་གིས།  །འཆིང་བྱེད་རྙེད་བཀུར་གྲགས་སྙན་སྒྲུབ་པ་ནི།  །ཡང་དག་ལམ་གྱི་ཚུལ་ལས་རྣམ་པར་གོལ།  །གྲུབ་བརྒྱའི་མེས་པོའི་བཀའ་ལུང་རྡོ་རྗེའི་ཚིག།  དཔའ་བོ་མཁའ་འགྲོ་བྱེ་བའི་སྙིང་གི་ཏིག།  རྣམ་གསལ་ལེགས་བཤད་ཚིག་གི་མཆོད་སྤྲིན་འདིས།  །གནས་གསུམ་མཁའ་འགྲོ་དགྱེས་པའི་གར་མཛོད་ཅིག།  དུག་གསུམ་རྣམ་རྟོག་དགྲ་གཤེད་དཔུང་དང་བཅས།  །དྲག་ཤུལ་ཉམས་ཀྱིས་འདུལ་བ་གཤིན་བཙན་ཀླུ།  །སྣང་སྲིད་སྟོང་པའི་དབྱིངས་བསྒྱུར་རེ་མ་ཏཱི།  །སྲོག་བདག་བཀའ་སྲུང་རྣམ་བཞིས་ཆོས་འདི་སྲུངས།  །བདག་ཀྱང་སྐྱེས་ཐོབ་བློ་གྲོས་མི་ལྡན་ཀྱང་།  །སྐྱེ་སྔོན་ལེ་ལོའི་རྒྱུ་མཐུན་མ་སྨད་པས།  །ངན་ཞེན་བྱ་བས་གཡེང་བའི་འདུ་བྱེད་ཉིད།  །སྟོབས་བཙན་འདི་ཙམ་འབྲི་ལའང་ཡུན་རིང་ཐོགས།  །འོན་ཀྱང་བློ་བརྩོན་སྙིང་སྟོབས་ཆེ་ལྡན་པའི།  །རྣལ་འབྱོར་སྔགས་སྐྱེས་ཟུང་གིས་ཡང་དང་ཡང་།  །བསྐུལ་བས་བཏང་སྙོམས་སྡོད་པའི་རང་དབང་བྲལ།  །བརྩོན་པ་བསྐྱེད་དེ་འདི་བརྩམ་མཐའ་རུ་ཕྱིན།  །བདག་བློ་ཐོག་མེད་དུས་ཀྱི་རྨོངས་པ་ཡི།  །དབང་གྱུར་མ་རྟོགས་ལོག་པར་བཤད་པའི་སྐྱོན།  །ཅི་མཆིས་དཔང་གྱུར་ལྷ་དང་བླ་མ་དང་།  གཟུར་གནས་སྨྲ་དབང་མཁས་པའི་དྲུང་དུ་འཆགས།  །དགེ་བ་འདི་ཡིས་བསོད་ནམས་ཡེ་ཤེས་ཚོགས།  །རབ་རྫོགས་ས་ལམ་ཡོན་ཏན་མཐར་ཕྱིན་ནས།  །རྣམ་འདྲེན་རྒྱལ་བའི་གོ་འཕང་མྱུར་ཐོབ་སྟེ།  །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག།  ཅེས་ཉེ་བརྒྱུད་གཅོད་ཀྱི་ཁྲིད་ཡིག་གསལ་བར་བཀོད་པ་ལེགས་བཤད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི་རྒྱལ་བ་ཀུན་གྱི་ངོ་བོ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱི་ཟབ་ཆོས་མཐའ་དག་གི་བདག་པོར་མངའ་གསོལ་ཞིང་།  འདི་ཉིད་ཀྱི་བཤད་པ་འབྲི་བར་བཀས་གནང་བ་དང་།  ཐོས་བསམ་སྒོམ་པའི་ཡོན་ཏན་མཆོག་མངའ་རྣལ་འབྱོར་གྱི་དབང་ཕྱུག་རྨ་ཐོག་པའི་རྣམ་འཕྲུལ་དུ་ལུང་གིས་བསྔགས་པ་རང་སློབ་རེ་ཀོང་བླ་མ་དགེ་འདུན་གྱིས་སྔ་མོ་ནས་ནན་ཏན་ཆེན་པོས་བསྐུལ་བ་དང་།  དེ་རྗེས་ཕུར་ཐོགས་རིགས་སྔགས་འཆང་བ་ཀུན་བཟང་པདྨ་ཆོས་འཛིན་དང་།  མགྲོན་ལུང་པ་དད་དམ་ལྡན་པ་རྡོ་རྗེ་སྨན་རྒྱལ་ནས་རྗེ་རྟ་ནག་པའི་ཚད་མའི་མཐའ་དཔྱོད་ཆེན་པོའི་དཔེ་ཆ་འབྱོར་བས་གཡར་དམ་བཅས་པ་དང་།  དཔྱོད་ལྡན་དམ་པ་ཤེས་རབ་ནས་ཀྱང་དངུལ་ཊཾ་ལ་སོགས་པ་དང་བཅས།  གཏེར་ཆེན་རིན་པོ་ཆེའི་རིགས་སྲས་མཁྱེན་དང་བརྩེ་བའི་དབང་ཕྱུག་རིན་པོ་ཆེ་མཆོག་ནས་དྲི་མེད་ལྷ་རྫས་བཅས་བཀས་བསྐུལ་བ་དང་།  ཉེ་ཆར་རྡོ་རྗེའི་ལུང་ཟིན་གྱི་སྐྱེས་མཆོག་ཕུར་ཐོགས་པ་རྡོ་རྗེ་རྣམ་པར་རྒྱལ་བས་དངུལ་སྲང་གང་གི་མཎྜལ་དང་།  དད་དམ་ཤེས་རབ་མཆོག་ལྡན་རི་ཁྲོད་པ་ཀུན་དགའ་ནས་ཀྱང་དངུལ་ཞོ་ལྔ་བཅས་བསྐུལ་པའི་ངོར།  བླ་མ་སངས་རྒྱས་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཤིང་གསར་རྙིང་རིས་མེད་ཀྱི་གྲུབ་མཐའི་ཟབ་གནད་ཤེས་པ་སྐྱེས་མིང་པ་པདྨ་ལུང་རྟོགས་རྒྱ་མཚོས་བྲིས་པའི་ཡི་གེ་པ་ནི་བསྐུལ་བ་པོའི་གཙོ་བོ་རྣམ་པར་རྒྱལ་བ་སྟེ།  དགེ་བས་རྒྱལ་བསྟན་སྤྱི་དང་དམ་ཆོས་བདུད་གཅོད་མཆོག་གི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།  །།  ༈  པདྨའི་རིང་ལུགས་སྔ་གྱུར་རྫོགས་པ་ཆེ།  །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་།  །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།  །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།  དགེའོ།  །དགེའོ།  །དགེའོ།  །སརྦ་བི་ཛ་ཡནྟུ།།  །།