དཔེ་བསྐྲུན་གསལ་བཤད།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-021
Wylie title dpe bskrun gsal bshad
Location bdud 'joms rin po che'i gsung thor bu
Volume 1, Text 21, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpe bskrun gsal bshad. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །དཔེ་བསྐྲུན་གསལ་བཤད། ཨོ་རྒྱན་མ་ཧཱ་གུ་རུའི་དོན་གྱི་རྒྱལ་ཚབ་གཏེར་ཆེན་གར་དབང་འགྲོ་འདུལ་གླིང་པའམ་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དཔལ་བཟང་པོ་མཆོག་གི་གསུང་འབུམ་རིན་པོ་ཆེ་གླེགས་བམ་ཉེར་ལྔའི་བདག་ཉིད་ཅན་བདག་སོགས་རྣམས་ཀྱི་བསོད་ནམས་ཀྱི་གོ་སྐལ་དུ་བཞུགས་བཞིན་པ་དེ་ལྟར་ནའང༌། འདིར་དེ་དག་གི་ཁོངས་སུ་མ་ཆུད་པའི་ཆོས་ཚན་ཁག་གཅིག་ལས། ཕལ་ཆེ་བ་ནི་༧སྐྱབས་རྗེ་རང་གི་ཕྱག་སྟར་འཁྲུལ་མེད་ནས་ཞལ་བཤུས་པ་དང༌། ༧སྐྱབས་རྗེའི་མཛད་བྱང་འཁོད་པའི་དཔེ་དང༌། ཐང་ཀའི་རྒྱབ་བྱང༌། འཆམས་ཀྱི་ངེས་བརྗོད་སོགས་དང༌། རྩ་གསུམ་སྒྲུབ་སྐོར། ཞལ་ཤེས་ཟིན་ཐུང་དང་ཆོ་གའི་ཟིན་བྲིས། ༧སྐྱབས་རྗེ་རང་གིས་ནོར་བཅོས་ཞུ་དག་མཛད་པའི་མཆན་བུ་ཅན་གྱི་དཔེ་བཅས་གསུང་ཡིན་ངེས་ཅན་འདི་དག་ཕལ་ཆེ་བ་གཏེར་ཆེན་བླ་མའི་དངོས་སློབ་བླ་མ་རྡོ་རྗེ་རྣམ་རྒྱལ་རིན་པོ་ཆེའི་ཕྱག་དཔེའི་གྲས་སུ་བཞུགས་པ་དག་གང་གི་སྲས་བླ་མ་འཇིགས་མེད་བློ་བདེའི་ཕྱག་བརྒྱུད་ལས་སོན། གཞན་དགོངས་གཏེར་འཇམ་དབྱངས་སྨྲ་སེང་སྒྲུབ་ཐབས་སོགས་ཁ་འཐོར་དུ་བཞུགས་པ་རྣམས་མཆོག་སྤྲུལ་མཐའ་བྲལ་རིན་པོ་ཆེ་ནས་ཕྱོགས་གཅིག་ཏུ་བསྡེབས་གནང་མཛད་པ་དང༌། ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་གསུང་ཁྲོས་མའི་སྨོན་ལམ་གྱི་ས་བཅད་སོགས་མཁས་གྲུབ་གཞན་གྱི་གསུང་འགའ་ཞིག་ཕྱོགས་འདི་ཉིད་ལ་ཉེར་མཁོ་རུ་བསམ་སྟེ་སྟབས་ཀ་གཅིག་ཏུ་བཞུགས་སུ་གསོལ་ནས། ༧རིགས་ཀྱི་བདག་པོ་འཇམ་དཔལ་དབྱངས་དངོས་གཏེར་ཆེན་བླ་མའི་རིགས་དང་ཆོས་ཀྱི་གདུང་འཛིན་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་རྣམ་རོལ་༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་མ་ཕྱི་སྤྱན་བསྟར་ཐོག་འདི་ལྟར་པར་བསྐྲུན་ཆོག་པའི་གནང་བ་ཞུས་པར། ཐུགས་དགྱེས་ཚོར་ཆེན་པོས་བཀའི་གནང་བ་སྤྱི་བོར་སྩལ་སོན་བྱུང་བ་ལྟར་ཐེ་ཝན་གཏོང་ཕོད་ལྷག་བསམ་གྱིས་ཕྱུག་པའི་ཆོས་སྦྱིན་སྤར་བསྐྲུན་ཁང་གིས་སྤར་དུ་བཏབ་པ་བཞིན་འདི་ག་སྔ་འགྱུར་བཤད་སྒྲུབ་འདོད་འཇོ་གླིང་ནས་འཛད་མེད་ཆོས་སྦྱིན་དུ་སྤེལ་བའོ། །འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མའི་ཟབ་མོ་བཀའ་གཏེར་གྱི་རིང་ལུགས་དྲི་མ་མེད་པ་དང་ལྷག་ཏུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཏེར་ཆེན་བདུད་འཇོམས་གླིང་པ་སྐུ་གོང་འོག་གི་ཟབ་ཆོས་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་མི་ནུབ་ཡུན་དུ་གནས་པ་དང༌། སྣོད་བཅུད་མཐའ་དག་བཀྲ་ཤིས་བདེ་ལེགས་ཀྱི་དགའ་སྟོན་བཟང་པོས་དུས་རྟག་ཏུ་འཚོ་བའི་གཞིར་གྱུར་ཅིག། །།