ཞལ་གདམས་སྐོར་ཐོར་བུ།

From Dudjom Wiki
Revision as of 21:12, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-006
Wylie title zhal gdams skor thor bu
Location bdud 'joms rin po che'i gsung thor bu
Volume 1, Text 6, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zhal gdams skor thor bu. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །ཞལ་གདམས་སྐོར་ཐོར་བུ་བཞུགས།།

ལྟ་བ་ཇི་ལྟར་མཐོ་བཞིན་རྒྱུ་འབྲས་ཞིབ། །ཉམས་རྟོགས་གོང་དུ་འཕེལ་བཞིན་ཐོ་ཅོ་ཆུང༌། །རང་རྒྱུད་ཇི་ལྟར་འདུལ་བཞིན་དག་སྣང་ཆེ། །ཡོན་ཏན་ཇི་ཙམ་སྐྱེས་བཞིན་དམན་ས་ཟིན། །བླ་མ་ཡུན་རིང་བསྟེན་བཞིན་མོས་གུས་འཕེལ། །ཐོས་བསམ་རྒྱ་ཆེ་བཞིན་དུ་ཁེངས་སེམས་མེད། །རྙེད་བཀུར་གྲགས་འདོད་ཆུང་དུ་གང་སོང་བ། །འདི་འདྲ་གྲུབ་རྟགས་ཀུན་གྱི་མཆོག་གྱུར་ཡིན། །ལམ་རྟགས་ཡོན་ཏན་འདི་བཞིན་མི་ལྡན་ན། །ཐོས་པ་ཇི་ཙམ་ཆེ་བཞིན་ང་རྒྱལ་ཆེ། །སྒྲུབ་ཡུན་ཇི་ལྟར་རིང་བཞིན་སྡུག་ཡུས་འཕེལ། །ཡི་དམ་ལྷ་ཞལ་མཐོང་ཡང་བཟང་འཕྲུལ་ཙམ། །མངོན་ཤེས་ཐོགས་མེད་ཡོད་ཀྱང་མོ་མ་འདྲ། །རྫུ་འཕྲུལ་སྣ་ཚོགས་སྟོན་ཡང་མིག་འཕྲུལ་མཚུངས། །འགྲོ་དོན་ཟེར་ཡང་རྙེད་གྲགས་སྒྲུབ་ཐབས་ཏེ། །ལྷ་བུའི་བདུད་ཀྱིས་ཆོས་པ་བསླུས་པ་མང༌། །ཟག་བཅས་ཡོན་ཏན་ཕྲན་བུ་སྐྱེས་པ་ལ། །ངར་འཛིན་ཁེངས་སེམས་རང་མཐོང་ཆེར་སྐྱེས་ཏེ། །གེགས་ལ་གེགས་སུ་མ་ཤེས་འཁྲུལ་རྗེས་འབྲང༌། །ཆོས་པའི་ཕུང་ས་ཐམས་ཅད་འདི་ན་གདའ། །ཤོར་ས་གོལ་ས་ཆེ་ཤོས་འདི་འདྲས་བྱེད། །རྐྱེན་ངན་བར་ཆད་ཐམས་ཅད་འདི་ལས་འབྱུང༌། །དེ་ཕྱིར་ངར་འཛིན་འདུལ་ཐབས་གལ་ཆེའོ། །༧སྐྱབས་རྗེ་བདུད་འཇོམས་འགྲོ་འདུལ་གླིང་པའི་གསུང་འཁྲུལ་མེད་ཡིན་ཞེས་བླ་མ་རྣམ་གྲོལ་བཟང་པོས་གནང་བ་དགེ། །། ༈ །སྣང་སྲིད་ཐམས་ཅད་རང་སེམས་གཅིག་པུའི་འཕྲུལ། །སེམས་ཉིད་ཡེ་ནས་སྟོང་ཉིད་སྤྲོས་པ་བྲལ། །སྤྲོས་བྲལ་རང་བྱུང་རིག་པ་རྗེན་པ་འདི། །རང་བབས་ལྷུག་པར་བཞག་པ་སྒོམ་གྱི་གནད། །རྣམ་རྟོག་གང་ཤར་ཆུ་ལ་རི་མོ་བཞིན། །ཤར་གྲོལ་དུས་གཅིག་འཛིན་མེད་བློ་འདས་གཤིས། །གུ་ཡངས་བློ་བདེའི་རྒྱལ་ས་སྐྱོང་མཛོད་ཅིག །དེ་སྐད་ཛྙཱ་ནས་ཐོལ་བྱུང་གཏམ་དུ་བྲིས།། །། ༈ །ཨ་ཧོ་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྟོང་ཉིད་ཆེན་པོ་ནམ་མཁའི་རོལ་པ་སྟེ། །ནམ་མཁའ་རྣམ་པར་དག་པ་རང་རིག་པ། །སྤྲོས་བྲལ་ཆོས་སྐུར་ཤེས་པ་ལྟ་བ་དང༌། །དེ་ཡི་ངང་ལ་མི་གཡེང་མི་འཛིན་པར། །རང་བབ་བཞག་པ་སྒོམ་པའི་གནད་གཅིག་པུ། །སྤྱོད་ལམ་ཆོས་དང་མཐུན་པ་སྤྱོད་པ་ཡིན། །དེ་ལ་ཉམས་ལེན་རྩེ་གཅིག་བརྩོན་མཛོད་དང༌། །འབྲས་བུ་མངོན་དུ་འགྱུར་ལ་ཐེ་ཚོམ་མེད། །ཅེས་པའང་དཀོན་མཆོག་ཚུལ་ཁྲིམས་ཀྱི་ངོར་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ །འདྲ་པར་འདི་ལ་ལྟད་མོ་ལྟོས། །དེ་ནས་རང་གིས་རང་ལ་ལྟོས། །དེ་ནས་བལྟ་མཁན་ཁོ་ལ་ལྟོས། །དེ་ཉིད་མཐོང་ན་ཕོ་རབ་ཡིན། །སྒྲུབ་གནས་ཁྱད་པར་ཅན་དེར་སྒྲུབ་ལ་གཞོལ་བའི་སྐལ་བཟང་ཐོབ་པ་ལ་ནི་ཤིན་ཏུ་འཚེང་བས་རྣམ་ཀུན་ཁམས་བསྟུན་བརྩོན་པ་མི་ལྷོད་རན་པའི་སྒོ་ནས་མཐའ་དོན་བྱས་བྱས་སྒྲུབ་སྒྲུབ་ཀྱི་རྣམ་གྲངས་མང་པོ་ངོམས་རྒྱུ་མེད་ཀྱང་གཅིག་ཤེས་ཀུན་གྲོལ་གུ་ཡངས་བློ་བདེའི་ངང་ནས་གཡོ་མེད་རང་གདེང་ཐོབ་པ་ཞིག་ལ་ནན་ཏན་ཡོད་པ་མཛོད། བདུད་འཇོམས་རྒད་པོས་ ཟླ་བ་༢ ཚེས་༨ ལ། ༈ །མན་ངག་ཞལ་གསུང་ཟིན་ཐོ་བཞུགས། རྟ་མགྲིན་གྱི་ཞབས་མནན་གདོན་ཕོ་མོ། ཡབ་ཡུམ་གཉིས་ཀ་སྐུ་མདོག་དམར་པོ། རྟ་ཕག་གི་མགོས་སྤྱི་གཙུག་མཚན་པ། གཉིས་ཀའི་ཕྱག་མཚན་གྲི་ཐོད། གུར་དྲག་གི་ཞབས་གཡས་ཀྱིས་རྒྱལ་པོ་ཁ་བུབ་དང༌། གཡོན་གྱིས་བསེན་མོ་གན་རྐྱལ་དུ་བརྫིས་པ། སེང་གདོང་མ་མི་རོའི་གདན་ལ་གར་སྟབས་ཀྱིས་བཞེངས་པ། ཕྱག་གཡས་སུ་ཟླ་བ་དང༌། གཡོན་དུ་ཉི་མ་བཟུང་ནས་ཆ་ལང་རྡེབ་པ་ཡིན། རྟ་སྔགས་རིང་ཐུང་གཉིས་ཀ་གཏེར་ཁ་རྣམས་སུ་བྱུང་ཞིང༌། སྔགས་རིང་གི་ཧུ་ལུ་ཧུ་ལུ་ཞེས་པ་འཁོར་སྔགས་གཉིས་གང་བཟླས་ཀྱང་ཁྱད་མེད། དབང་སྡུད་སྔགས་ཤམ་བཟླས་པ་འཇོག་ཁར་ཅི་ནུས་བྱ། དབང་གི་དམིགས་པ་འདི་རང་གི་དོན་འགྲུབ་པ་དང༌། གཞན་ལ་ཕོག་ཐུག་མེད་པ་ཤིན་ཏུ་ལེགས། སྣང་གྲགས་རིག་གསུམ་གསལ་སྟོང་ལྷ་སྔགས་ཡེ་ཤེས་སུ་གསར་བཞག་མ་ཡིན་པར་ཡེ་ནས་ཡིན་པར་བསམ་པའི་ངང་ལ་མ་གཡེང་པ་འདི་གལ་ཆེ། མ་ཎི་ལ་ཧྲཱིཿཡོད་མེད་གཉིས་ཀ་གཏེར་ཁ་རྣམས་སུ་ཡོད། གཏེར་ཁ་འགའ་རེ་ཡིག་བདུན་ཅེས་གསལ་བར་གསུངས། ཧྲཱིཿནི་ས་བོན་བརྗོད་པ་ཡིན། རང་ལ་གནོད་པའི་རྒྱལ་གདོན་ཐམས་ཅད་རང་གི་དུག་ལྔའི་རྩལ་ཕྱི་རོལ་དུ་ཤར་བ་ཡིན། དུག་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡེ་ནས་ཡིན་པར་རྟོགས་ནས་ཡེ་ཤེས་ལྔའི་ངོར་གནོད་བྱ་གནོད་བྱེད་གནོད་པ་ཅི་ཡང་མ་གྲུབ་པས་གནོད་བྱེད་ཐམས་ཅད་རང་སར་ཞི་གསུངས། མེ་སྦྲུལ་ཟླ་༡༡ཚེས་ལ་རྩ་གསུམ་རྣལ་འབྱོར་ལུང་སྩལ་མཇུག་ཏུ་དོགས་གཅོད་ཞུས་པའི་བཀའ་ལན་དུ་ཞལ་ནས་ཐོས་པ་མ་བཅོས་པར་བཀོད་པའོ།། །། ༈ མཚོ་སྐྱེས་ཐུགས་ཐིག་གི་བསྙེན་པའི་ཚད་འབུམ་ཕྲག་བཞི། ཚེ་སྒྲུབ་ལ་ངེས་མེད། རྡོར་སེམས་བསྙེན་ཚད་ལ་གུ་རུ་བཛྲ་འབུམ་བཞི། ཡིག་བརྒྱ་མ་མཐའ་འབུམ་གཅིག ཚེས་བཅུའི་ཚོགས་གཏོང་སྐབས་བསྙེན་པའི་གཞུག་ལེའུ་བདུན་མ་བསམ་ལྷུན་བར་འདོན། འཚོགས་གྲོལ། ཞལ་རྒྱུན་ཡིན།། །། ༈ ཁྲོས་མའི་ཐུན་བཞིའི་བཅད་ཚུལ་ལ། ཐོར་ཐུན་ལ་ནག་འགྱེད་ཀྱིས་ཚུགས། དཀར་འགྱེད་ཀྱིས་གྲོལ། བསང༌། ཞོག་ཐུན་སྔོན་འགྲོས་ཚུགས། ཁྲ་འགྱེད་ཀྱིས་གྲོལ། ཆུ་གཏོར། དགོང་ཐུན་གནད་ཐིག་གིས་ཚུགས། གསོལ་ཀས་གྲོལ། བསུར། སྲོད་ཐུན་དམར་འགྱེད་ཀྱིས་ཚུགས། ལུས་སྦྱིན་གཟུང་འཁྲུལ་མས་གྲོལ་བའམ། འཕོ་བ་སྦྱངས་ཚེ་དེའི་ལུས་སྦྱིན་གྱིས་གྲོལ་ལོ། །ཅེས་པ་འདི་ཡང་མཚུངས་མེད་འཁོར་ལོའི་མགོན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་རྒྱུན་འཁྲུལ་མེད་ཡིན་ནོ།། །།