གསུང་ཐོར་སྣ་ཚོགས།

From Dudjom Wiki
Revision as of 21:29, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-03-HUM-013
Wylie title gsung thor sna tshogs
Location phrin las nor bu'i gsung 'bum
Volume 3, Text 13, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Gsung thor sna tshogs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །གསུང་ཐོར་སྣ་ཚོགས་བཞུགས།

༄༅། །གདོ༷ད་ན༷ས་ཏེ་གསར་བྱུང་མ་ཡིན་པ་ཐོག་མ་ཉིད་ནས་གནས་ལུགས་ཀྱི་བཞུགས་ཚུལ་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ༷་པར་ད༷ག་པ་ཆོས་སྐུ་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་དེའི་རང་བཞིན་ནམ་མཁའ་བེམ་སྟོང་ལྟ་བུ་ཕྱང་ཆད་དུ་སོང་བ་ལྟ་བུ་མིན་པར་ཐུགས་རྗེ་ཀུན༷་ལ་ཁྱབ༷་པའི་རི༷ག་པ༷འི་གཤི༷ས་འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་རྒྱས་པ་སྟེ་ཇི་ལྟར་ན། འདི་སྐད་དུ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེ་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཅེས་བཤད་པ་ལྟར། གནས་

ངེས་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཞིང་ཁམས་སུ། དུས་ངེས་པ་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སུ། སྟོན་པ་ངེས་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས། འཁོར་ངེས་པ་རྣམ་པ་འཁོར་གྱི་ཚུལ་དུ་སྣང་ཡང་དོན་ལ་སྟོན་པ་དང་དགོངས་པ་ཐ་མི་དད་པའི་འབྲས་བུའི་སེམས་དཔའ་སེམས་མ་རྣམས་ལ། ཆོས་ངེས་པ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། བསྐྱེད་པ་མ་ཧཱ་ཡོ་ག་ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སོགས་རྣལ་འབྱོར་བླ་ན་མེད་པ་འབྲས་བུའི་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུངས་པ་སྟེ།

དེ་ལྟར་ངེས་པ་ལྔ་ལྡན་གྱི་ཆོས་ལ་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སུ་སྤྱོད་པ། དོན་ངོ་བོ་དབྱེར་མི་ཕྱེད་པའི་བདེ་སྟོང་དང་། རྟགས་ཡབ་ཡུམ་གྱི་རྣམ་པ་ལ་སོགས་ཤེས་བྱའི་སྣང་བརྙན་ཡོད་དགུར་འཆར་བས་ཁ་སྦྱོར། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཇི་ལྟར་འཆར་ཡང་ཟག་བཅས་ཀྱི་ཆོས་སུ་མ་གྲུབ་པས། ཨིནྡྲ་བྷོ་དྷིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་བཤད་པ་ལྟར་རྟག་ཏུ་འཕོ་འགྱུར་བྲལ་བའི་ཟག་པ་མེད་པའི་བདེ་བ་ཆེན་པོ། དེ་དག་ཐམས་ཅད་ཀྱང་སྣང་ལ་སྣང་བ་ལྟར་དུ་རྫས་སུ་རྡུལ་ཕྲ་རབ་ཙམ་དུའང་མ་གྲུབ་པས་རང་བཞིན་མེད་པ། དེ་ལས་ཇི་སྐད་དུ། གསང་བ་སྙིང་པོ་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་པ་ལྟར། ཐུགས་རྗེ་རོལ་པའི་རྩལ་གཞན་སྣང་མ་དག་འགྲོ་བའི་རྣམ་པར་ཤར་བ་རྣམས་ལ་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ། འགྲོ་བ་གང་ལ་གང་འདུལ་གྱི་ཕྲིན་ལས་ཀྱི་མཛད་པ་རྒྱུན་མི་འཆད་པ། ཐུགས་རྗེ་དུས་ལས་ནམ་ཡང་མི་ཡོལ་བས་འགོག་པ་མེད་པ་སྟེ། དེ་ལྟར་རང་བཞིན་མེད་པ་དང་། འགོག་པ་མེད་པ་ཆོས་སྐུའི་ཡོན་ཏན། རྟག་ཏུ་ངེས་པ་ལྔ་ལྡན་གྱི་ཆོས་ལ་ལོངས་སུ་སྤྱོད་པ་དང་། དོན་

རྟགས་ཀྱི་བདེ་སྟོང་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་སྣང་བས་ཁ་སྦྱོར། ཟག་པ་དང་བཅས་པའི་ཁམས་ལ་བརྟེན་ནས་བྱུང་བ་མིན་པར་འོད་གསལ་འདུས་མ་ བྱས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་ངེས་པས་བདེ་བ་ཆེན་པོ་སྟེ་ལོངས་སྐུའི་ཡོན་ཏན། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་། དེའི་ཕྲིན་ལས་འཁོར་བ་ཇི་སྲིད་དུ་སྣང་བས་ རྒྱུན་མི་འཆད་པ་སྤྲུལ་སྐུའི་ཡོན་ཏན་ཏེ། དེ་ལྟར་ངོ་བོ་ཡེ་ནས་དག་པ་རྣམ་ཀུན་མཆོག་ལྡན་གྱི་བདག་ཉིད་དུ་བཞུགས་ཤིང་། དེའི་རང་རྩལ་དུ་གཟུགས་སྐུའི་ཡོན་ཏན་དག་པའི་གདུལ་བྱ་ལ་ ལོངས་སྐུ་དང་། དག་དང་མ་དག་འདྲེས་མའི་གདུལ་བྱ་ལ་སྤྲུལ་པའི་སྐུར་སྣང་བ་སྟེ་སངས་རྒྱས་སྐུ་གསུམ་གནས་སྣང་དག་མཉམ་ཆེན་པོ་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ལ་མངའ་དབང་ བསྒྱུར་བས། དངོས་དང་དངོས་མེད་། ཡིན་པ་དང་མིན་པ། མཚན་མ་དང་མཚན་མ་མ་ཡིན་པ་ལ་སོགས་འཁོར་འདས་ཀྱི་སྣང་བ་རང་མཚ༵ན་སོ་སོར་ཞེན་ཅིང་འཛི༵ན་པའི་འཁྲུལ༵་པ༵འི་ སྦུབ༵ས་ལ༵ས་ར༵བ་ཏུ་གྲོ༵ལ་བ༵། ཆོས་ཉིད་འགྱུར༵་བ་མེ༵ད་པ་རྣམ་ཀུན་མཆོག་ལྡན་ངོ་བོ་ཡེ་དག་གི་བདེ༵ན་དོ༵ན་ལྐོག་གྱུར་དུ་བག་ལ་མ་ཞ་བས་གན༵ས་ལུ༵གས་ལ་ལྷན་སྐྱེས་སུ་ཡོད་པས་བབ་ཀྱིས་

སྣང་ཚུལ་ཐམས་ཅད་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སུ་མངོ༵ན་སུ༵མ་དུ༵་ཡོ༵ངས་སུ་གཟི༵གས་པ། རྒྱལ་བ་རྡོ་རྗེ་འཆང་གིས་དབང་པོ་རྣོན་པོ་རྣམས་ལ་ཐབས་སླ་བ་དང་། ཐབས་ལ་མཁས་པ༑ ཐབས་མང་བ་ལ་སོགས་ཟབ་པ་ལས་ཀྱང་ཆེས་མཆོག་ཏུ་ཟབ་པའི་གསང་སྔགས་ཟབ་མོའི་ཆོས་སྟོན་པའི་སླད་དུ་རང་གི་སྤྲུལ་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་ཤིང་མི་ཡུལ་ན་རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བརྒྱུད་དེ་དར་བར་མཛད་པ་ལས། རིམ་བཞིན་ཨོ་རྒྱན་གཉིས་པ་བོད་ཀྱི་ཡུལ་དུ་སྨྱོས་སྟོན་གསང་བདག་ཕྲིན་ལས་ལྷུན་གྲུབ་ཀྱི་གདུང་གི་རིགས་སུ་བྱོན་པ་ལོ་ཆེན་བཻ་རོ་ཙ་ནའི་རྣམ་པར་འཁྲུལ་པ་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་སུམ་ལྡན་རྡོ༵་རྗེ༵་འཛི༵ན་པ་ཆེན་པོ་རིག་འཛིན་འགྱུར་མེད་རྡོ་རྗེ་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །ཅེས་པ་འདིའང་བོད་ལྗོངས་ལྷོ་ཁ་གྲ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་སློབ་གྲྭ་ལས་ཐོན་པ་རིགས་བྱེད་པ་འགྱུར་མེད་རབ་རྒྱས་མཆོག་ནས་ཕྲན་ལ་བོང་བ་གསེར་དུ་གཟིགས་པའི་དག་སྣང་ཆེན་པོས་རང་གི་བསྟི་གནས་སུ་ཕེབས་ཏེ་ཆོས་འབྲེལ་ཞིག་ངེས་པར་དགོས་ཞེས་བསྐུལ་མ་མཛད་པ་བཞིན་ཧོར་ཟླ་གསུམ་པའི་ཚེས་བཅུ་ལ་ཕྲིན་ལས་ནོར་བུས་མྱུར་སྟབས་སུ་

བྲིས་ཏེ་ཕུལ་བ་དགེ། །། ༈ རྒྱལ་ཀུན་གསུང་གི་དབང་ཕྱུག་པདྨའི་རིགས། །སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ་པའི་སྐུ། །མཁའ་འགྲོ་ མི་བཟད་འབར་བའི་སྤྲིན་འཕྲོ་བ། །མཁའ་འགྲོའི་དབང་ཕྱུག་པདྨ་རྒྱལ་པོས་སྐྱོངས། །དམ་པའི་ལྷ་ཆོས་ནང་ནས་དམ་པའི་ཆོས། །སྡུག་བསྔལ་འཁྲུལ་སྣང་གཤིས་ལ་མི་སྲིད་པ། ། རང་རིག་བདེ་སྟོང་རྡོ་རྗེ་སེམས་དཔའི་ཞལ། །མངོན་སུམ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །སེམས་ཀྱི་གནས་ལུགས་ཅིར་ཡང་མ་གྲུབ་པས། །ངོ་བོ་རྣམ་དག་ཀུན་ཏུ་བཟང་མོའི་ཞིང་། ། དེ་ཡི་རོལ་རྩལ་བདེ་ཆེན་ཡེ་ཤེས་ཏེ། །སྣང་ཚུལ་རྣམ་དག་ཀུན་ཏུ་བཟང་པོའི་སྐུ། །འགྲོ་བ་འདི་ཀུན་གཉིས་སྣང་བག་ཆགས་ཀྱིས། །སེམས་ཉིད་སངས་རྒྱས་ཡིན་པ་མ་ཤེས་པས། ། གནས་ཚུལ་དག་ཀྱང་སྣང་ཚུལ་མ་དག་སྟེ། །རྒྱུ་འབྲས་རྟེན་འབྲེལ་འཁོར་འདས་སོ་སོར་སྣང་། །དེ་ལ་བརྟེན་ནས་དགེ་སྡིག་བླང་དོར་བྱས། །བླང་དོར་ཇི་ཙམ་བྱས་པ་དེ་ཙམ་དུ། །འཁོར་ འདས་རྟོག་ཚོགས་མུ་མཐའ་མེད་པར་འཕེལ། །བདེ་སྡུག་འཁྲུལ་སྣང་རེ་མོས་རྒྱུན་མཐུད་མྱངས། །ཉེས་ཅན་བཙོན་ནས་ལན་བརྒྱར་ཐར་ན་ཡང་། །བྱས་ཉེས་ཡང་ཡང་བསྐྱར་བའི་ཉེར་ལེན་

གྱིས། །སླར་ཡང་བཙོན་རར་ལན་བརྒྱར་ཚུད་པ་བཞིན། །བདེ་སྡུག་འཁྲུལ་སྣང་རེ་མོས་རྒྱུན་མཐུད་མྱངས། །དེས་ན་ད་ནི་བླང་དོར་ཉེས་ཆད་ལས། །ཚེ་འདི་ཉིད་ལ་ཐར་བར་མ་བྱས་ན། །དལ་འབྱོར་མི་ལུས་ཐོབ་པ་ཆུད་གཟོན་པས། །ཚེ་འདི་ཉིད་ལ་གཏན་སྲིད་ཟིན་པར་སྨོན། །དེ་ཡི་ཐབས་ནི་རྨད་དུ་བྱུང་བའི་ཆོས། །རྒྱུ་འབྲས་སྔ་ཕྱིར་དབྱེར་མེད་འབྲས་བུའི་ཆོས། །འཁོར་འདས་བཟང་ངན་དབྱེར་མེད་མཉམ་པའི་ཆོས། །བྱར་མེད་ངང་ལ་གཏན་སྲིད་ཟིན་པར་སྨིན། །རང་རིག་སྟོང་ཆེན་རྡོ་རྗེ་སེམས་དཔའ་ལ། །སྦྱང་བྱའི་སྒྲིབ་པ་བཙལ་ཀྱང་མ་རྙེད་པས། །དག་པ་གཉིས་ལྡན་བླ་མ་ཆོས་སྐུའི་ཞལ། །འབྲལ་མེད་རང་ལ་གནས་པ་ངོ་ཤེས་ཤོག །རང་རིག་སྟོང་པའི་རང་གདངས་འགག་མེད་རྩལ། །ཅིར་ཡང་འཆར་ཞིང་གང་དུའང་ཁྱབ་གདལ་བས། །ཚོགས་ཆེན་ཡེ་རྫོགས་ཀུན་བཟང་མཆོད་པའི་སྤྲིན། །གནས་སྣང་དག་མཉམ་ཤེས་པས་རྫོགས་བགྱིའོ། །སྲིད་ཞི་མཉམ་ཉིད་རྫོགས་པ་ཆེན་པོའི་ཆོས། །རང་སྣང་རིས་མེད་གཞལ་ཡས་ཁང་ཆེན་དུ། །གསར་རྙིང་གྲུབ་མཐའི་ཆགས་སྡང་ཟུག་རྔུའི་ཚིག །གསུང་གི་དབང་ཕྱུག་ཉིད་དུ་དག་གྱུར་ཏེ། །གནས་ལུགས་ཡེ་སངས་རྒྱས་པའི་ཡོན་ཏན་སྟོབས། །སྣང་ལུགས་

མཉམ་པ་ཆེན་པོར་གདལ་བའི་ཞིང་། །མཉམ་པ་མིན་པའི་འགྲོ་ལ་སྟོན་པར་ཤོག །ཅེས་ཕྲིན་ལས་ནོར་བུ་ནས་དབང་ཕྱུག་ལགས་ཀྱི་བསྐུལ་ངོར་བྲིས་ཏེ་ཕུལ་བའོ།། །། ༈ རྒྱུ་ཕ་རོལ་ ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་སྐབས་སུ་སངས་རྒྱས་ཀྱི་སྐུ་ཡི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་བསྡུ་ན་ཆོས་སྐུ་དང་གཟུགས་སྐུ་གཉིས་སུ་ འདུ་བར་གསུངས། གཟུགས་སྐུ་དེ་ལ་གདུལ་བྱ་དག་པ་ལ། གནས་ངེས་པ་འོག་མིན་གྱི་ཞིང་ཁམས་སུ། སྟོན་པ་ངེས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་། ཤེས་བྱའི་ ཡོན་ཏན་ཐམས་ཅད་གཉིས་སུ་མེད་པའི་ཚུལ་དུ་གཟིགས་པ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པས། འཁོར་ངེས་པ་ས་བཅུའི་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ སེམས་མ་རྣམས་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་དག་པའི་གདུལ་བྱའི་སྣང་བས་བསྡུས་པའི་གཟུགས་ཀྱི་སྐུ་དང་། དག་དང་མ་དག་པའི་གདུལ་བྱ་རྣམ་པ་སྣ་ཚོགས་ལ་སྐུ་ཡི་རྣམ་པའང་གང་ལ་གང་འདུལ་དེ་དང་དེར་སྤྲུལ་ཏེ་ཐེག་པ་ཆེ་ཆུང་གི་ཆོས་ཅི་རིགས་པ་གསུངས་པའི་སྒོ་ནས་འཁོར་བ་མ་སྟོང་གི་བར་

དུ་གདུལ་བྱའི་དོན་མཛད་པ་ལས། གང་གི་ཚེ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འཇིག་རྟེན་འདི་ཉིད་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས་མྱ་ངན་ལས་འདའ་བར་བཞེད་པ་ན་འཁོར་རྣམས་མྱ་ངན་ཆེན་པོས་གདུངས་ཏེ། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་གསོལ་བས་སངས་རྒྱས་ཀྱིས། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་དགོངས་པ་ངེས་པར་ལུང་བསྟན་པའི་མདོ་ལས་ལུང་བསྟན་པ་བཞིན། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱུང་ཞིང་། དེ་ཡང་གནས་དུས་ཕྱོགས་མཚམས་ཀུན་ལས་འདས་པ་འོག་མིན་ཆེན་པོའི་ཞིང་ཁམས་སུ་སྟོན་པ་རྡོ་རྗེ་འཆང་གིས་དབང་ཡུལ་དག་པའི་འབྲས་བུའི་སེམས་དཔའ་སེམས་མ་རྣམས་ལ་བསྐྱེད་པ་མཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་ལ་སོགས་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགོངས་པ་བརྡའི་སྒོ་ནས་བསྐོར་ཞིང་། དེ་ལས་རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་

བརྒྱུད་དེ་ཛམ་བུའི་གླིང་འདི་ཉིད་དུ་གདུལ་བྱ་དབང་པོ་རྣོན་པོ་རྣམས་ཀྱི་ངོ་སྐལ་དུ་བྱོན། ཁྱད་པར་དུ། ཉོན་མོངས་རྒྱུད་དྲག་ནུས་མཐུ་ཞན། །ལས་ཀྱིས་ཚེ་ཐུང་ བཀའ་དོན་སྟོར། །བསྟན་སྙིང་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་བསྒྲུབ་ཚུལ་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་འབྱུང་བ་ལྟར་གསང་ཆེན་རྫོགས་པ་ཆེན་པོ་ཨ་ ཏི་ཡོ་གའི་བསྟན་པ་བྱུང་ཞིང་། བརྒྱུད་པ་གསུམ་གྱི་བསྟན་པའི་བབས་ཚུལ་གྱི་འབྱུང་གནས་རིག་པ་འཛིན་པའི་ཚོགས་མང་དུ་བྱོན་པ་ལས། གང་གི་ཚེ་རྒྱ་གར་གྱི་ཡུལ་སེར་སྐྱའི་གྲོང་ཁྱེར་ན་ རྒྱལ་པོ་ཨིནྡྲ་བྷོ་དྷི་ཆུང་བ་ཞེས་མ་བྱོན་རྒྱལ་བ་བྱམས་པའི་སྤྲུལ་པ་ཞིག་བྱོན། དེ་ལ་མཆོད་གནས་པཎྜི་ཏ་ལྔ༵་བརྒྱ༵འི་གཙུག༵་རྒྱན༵་པཎ་ཆེན་དྲི་མེད་བཤེས་གཉེན་ནམ་བི༵་མ༵་ལ༵་མི༵་ཏྲ༵་ཞེས་འཇའ་ ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཞིག་བཞུགས། དེ་དང་དུས་མཉམ་ཙམ་ན་རྒྱལ་བ་ཀུན་གྱི་མཁྱེན་རབ་ཡེ་ཤེས་ཀྱི་ཕུང་པོ་འཇམ་དཔལ་རྡོ་རྗེ་རྣོན་པོའི་སྤྲུལ་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་ བཙན་གྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། མཁན་ཆེན་བྷོ་དྷི་སཏྭ་དུས་མཉམ་དུ་བི་མ་ལ་མི་ཏྲ་སོགས་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་

ཆེན་པོར་སྤྱན་དྲངས་ཏེ། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་ལ་སོགས་པ་དང་ལྷན་ཅིག་ཐུན་མོང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ བསྐོར་བར་བསྐུལ་ཏེ། བོད་ཡུལ་མུན་པའི་གླིང་དུ་བཤད་སྒྲུབ་ཆོས་ཀྱི་སྣང་བ་གསར་དུ་འཆར་བར་མཛད་དོ། །དེ་ལྟ་བུའི་དགོངས་བརྡ་སྙན་བརྒྱུད་གསུམ་གྱི་བསྟན་པའི་ཆུ་མགོ་རིག་འཛིན་ ཆེན་པོ་དེ་དག་རང་སྣང་ཤིན་ཏུ་རྣམ་པར་དག་པ་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ལ་མངའ་དབང་བསྒྱུར་བ་ལས་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་བཞིན་དུ་རང་སྣང་ཐུགས་རྗེ་རོལ་པའི་ཡོན་ ཏན་གྱི་རྩལ་འོག་མིན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་སངས་རྒྱས་རིགས་ལྔའི་སྐུ་དང་ཡེ་ཤེས་ཞིང་ཁམས་རྡུལ་བྲལ་ཆོས་ཀྱི་དབྱིངས་དང་མཉམ་པར་མཐའ་ཀླས་པར་བཀོད་པ་ལས། གཞན་སྣང་ཐུགས་རྗེའི་རོལ་རྩལ་ཅིར་ཡང་མ་འགགས་པར་འཆར་བ་ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་ཡིན་ཕྱིར་སླར༷་ཡ༷ང་འགྲོ་བ་མི་ཡི་སྲིད༷་པ༷་བཟུང༷་བ༷འི་ཚུལ༷་བསྟན༷་ཅིང༷་། འདུལ་བ་ རྣམ་པ་བཞིའི་སྒོ་ནས་ཕྲིན་ལས་དུས་ལས་མི་ཡོལ་བར་མཛད་པ་ཡིན་ལ། དེ་ཡང་ཚུལ་བསྟན་ཅིང་ཞེས་རང་ངོར་ངོ་བོ་ཀ་དག་སྟོང་པ་ཆེན་པོའི་ཡེ་ཤེས་སྤྲོས་པ་ཀུན་ལས་ཡོངས་སུ་འདས་པ་

གནས་ཚུལ་དང་སྣང་ཚུལ་དག་མཉམ་ཆེན་པོའི་དགོངས་པ་ལས་མ་གཡོས་པར་བཞུགས་ཤིང་། དེའི་ཐུགས་རྗེའི་རོལ་པའི་རྩལ་གནས་ཚུལ་དང་སྣང་ཚུལ་མི་མཐུན་པའི་འགྲོ་བ་གང་ལ་ཡེ་ཤེས་སྒྱུ་མའི་སྐུ་ཡི་རྣམ་པ་དེ་ལ་དེར་མཐུན་དུ་བསྟན་ཅིང་། གསུང་གི་ཆོས་ཀྱང་གང་ལ་གང་གིས་འདུལ་བ་དེ་ལ་དེ་བཞིན་དུ་མ་འགགས་པར་སྟོན་པ་ལས་རྟག་བརྟན་ཐེར་ཟུག་ཏུ་འཛིན་དུ་རུང་བའི་ཆོས་གང་ཡང་མ་གསུངས་ཤིང་། དེ་བཞིན་དུ་མཛད་པ་ཕྲིན་ལས་ཀྱང་འགྲོ་བ་རྣམས་ཀྱི་མོས་པའི་རྗེས་སུ་འགྲོ་བ་ཁོ་ན་ལས་སྒྲིབ་བྲལ་ཡེ་ཤེས་ཀྱི་དགོངས་པ་ལ་རིས་སུ་ཆད་པ་འགའ་ཡང་མེད་པས་ཐམས་ཅད་ནས་ཐམས་ཅད་དུ་ཡེ་ཤེས་སྒྱུ་མའི་རོལ་རྩེད་འབའ་ཞིག་ཡིན་པས་འགྲོ་བའི་སྣང་བ་དང་མཐུན་པའི་ཕན་པ་སྒྲུབ་པའི་ཚུལ་བསྟན་པའོ། །སྙིང་པོའི་བསྟན་པ་ནི། ཕྱི་རོལ་པའི་བསྟན་པ་ལ་ལྟོས་ན་ཉན་རང་གི་ཐེག་པ་སྙིང་པོ་ཡིན་ལ། ཉན་རང་གི་བསྟན་པ་ལ་གཞིག་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་བསྟན་པའི་སྙིང་པོ་ཡིན་ལ། ཕ་རོལ་ཏུ་ཕྱིན་པའི་བསྟན་པ་ལ་གཞིག་ན་ཚུལ་བཞིས་འཕགས་པ་སྔགས་ཀྱི་ཐེག་པ་བསྟན་པའི་སྙིང་པོ་ཡིན་ལ་སྔགས་ལའང་ཕྱི་རྒྱུད་སྡེ་གསུམ་ལ་གཞིག་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་

བསྟན་པའི་སྙིང་པོ་ཡིན་ལ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ། རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག ལུང་རྫོགས་པ་ཨ་ནུ་ཡོ་ག མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ། མདོར་ན་རྒྱུ་དང་འབྲས་བུའི་ཐེག་པ་སྤྱི་དང་བྱེ་བྲག་ནང་རྒྱུད་ཡོ་ག་སྡེ་གསུམ། ཁྱད་པར་རྫོགས་པ་ཆེན་པོ་སྟེ་སྙིང༵་པོ༵འི་བསྟན༵་པ༵་རླབས་ཆེན་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱི་སྒོ་ནས་སྤེལ༵་བ་ལ༵་རྒྱུ༵་སྐར་རྣམས་ཀྱིས་ཟླ༵་བ་ཉ་གང་བ་ལ་འགྲན་ཟླ༵་དང་བྲ༵ལ་བ༵་བཞིན་དུ་མཁས་དང་གྲུབ་པའི་བསྟན་འཛིན་གྱི་སྐྱེས་བུའི་དབུས་ན་འགྲན་ཟླ་དང་བྲལ་བ་པ༵དྨ༵་ནོར༵་བུ༵འི་ཞ༵བས་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་པདྨའི་དོན་སངས་རྒྱས་ཀྱི་རིགས་ལ་སྦྱར་ན། རིགས་ལྔ་རེ་རེ་ལ་རིགས་ལྔ་རེའི་སྐུ་དང་ཡེ་ཤེས་ཚང་བར་སྦྱར་བས། སངས་རྒྱས་ཀྱི་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་དང་། བརྒྱ་སྟོང་ཁྲི་འབུམ་བྱེ་བ་གྲངས་མེད་ལ་སོགས་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་ཚད་མེད་པའི་དབྱིངས་སུ་འཇུག་པ་དང་། དེ་དག་བསྡུ་ན་རིགས་ལྔར་འདུ་བ་སྟེ། སྐུ་དེ་བཞིན་གཤེགས་པའི་རིགས། གསུང་པདྨའི་རིགས། ཐུགས་རྡོ་རྗེའི་རིགས། ཡོན་ཏན་རིན་པོ་ཆེའི་རིགས། ཕྲིན་ལས་དོན་ཡོད་གྲུབ་པའི་རིགས་སུ་འདུས། ཆོས་སྐུའི་དབྱིངས་སུ་ཆོས་སྐུ་འོད་དཔག་མེད། ལོངས་སྐུའི་དབྱིངས་སུ་

ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། སྤྲུལ་སྐུའི་ཞིང་ཁམས་སུ་པདྨ་འབྱུང་གནས་ཏེ་སྐུ་གསུམ་དུ་འདུས། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་ ཞིང་ཁམས་ཚད་མེད་པ་ནི་ཡོན་ཏན་ཏེ་རིན་པོ་ཆེའི་རིགས་ཡིད་བཞིན་གྱི་ནོར་བུ་ལྟ་བུ། དེ་ལྟ་བུའི་བླ་མའི་ཞབས་ལ་གསོལ་བ་འདེབས་སོ། །དེ་ལྟར་གསོལ་བ་བཏབ་ནས་འདོད་དོན་གང་ཞུ་ན་ མཆོག་དང་ཐུན་མོང་གི་དངོས་གྲུབ་ཞུ་བ་སྟེ་ཐུན་མོང་གི་དངོས་གྲུབ་ལས་ཆེན་བརྒྱད་དང་བཅུ་གཉིས་ལ་སོགས་པ་དང་། ཞི་རྒྱས་དབང་དྲག་སྟེ་ཕྲིན་ལས་བཞི། མཆོག་གི་དངོས་གྲུབ་རྒྱུ་ དང་འབྲས་བུའི་ཐེག་པ་ཆེན་པོ་སྤྱི་ལྟ་བུ་སྐུ་བཞི་ཡེ་ཤེས་ལྔའམ། སྔགས་བླ་མེད་ལྟར་ན་ཁ་སྦྱོར་ཡན་ལག་བདུན་ལྡན་མངོན་དུ་བྱེད་པ་ཡིན་པས། དེ་ལྟར་དེ་བཞིན་དུ་འགྲུབ་པའི་འདོད་དོན་ གསོལ་བའོ།། །། ༈ ཡབ་རྗེའི་ཞལ་སློབ་བླ་མ་ཀུན་བཟང་དབང་འདུས་སམ་འབྲུག་ཤར་ཕྱོགས་པས་ཆུང་དུས་གཅེས་མིང་ཡོངས་གྲགས་སུ་མཚམས་པ་སྙིང་ཁུ་ལགས་ ཞེས་འབོད་པ་དང་། ད་ལམ་ཁོང་དང་ལྷན་ཅིག་སློབ་དཔོན་ཡེ་ཤེས་དོན་གྲུབ། མཚམས་པ་བསོད་ནམས་ཏེ་ཁོངས་གསུམ་ཨ་རིའི་ཞིང་ཆེན་ནིའུ་ཡོག་ཏུ་རང་གི་བསྟི་གནས་ཀུན་བཟང་

དགའ་ཚལ་ལ་བལྟ་བསྐོར་དུ་ཕེབས་སྐབས་དམ་པའི་ཆོས་ཀྱི་དྲི་བ་འགའ་རེ་བགྲོ་གླེང་བྱུང་བ་ལས། འབྲུག་ཤར་ནུབ་སོགས་སུ་ལྷ་ཁང་གསར་བཞེངས་ཀྱི་ནང་རྟེན་དུ་གཏེར་ཆེན་བདུད་འདུལ་ རྡོ་རྗེའི་གཏེར་ཁ་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་ཡབ་ཡུམ་ཅན་གྱི་སྐུ་བརྙན་རེ་བཞེངས་ཡོད་པ་དེ་ལ་སྐྱེ་བོ་འགའ་རེས་སྤྱན་རས་གཟིགས་ཡབ་ཡུམ་མཉམ་སྦྱོར་ཅན་གཞན་དུ་མ་མཐོང་ སྙམ་སྟེ་རྣམ་རྟོག་འཆར་མཁན་འདྲ་འདུག་པས་དེ་དག་གི་རྟོག་ངན་སེལ་ཐབས་ཇི་ལྟར་བྱ་བ་འགབ་བམ་ཞེས་དྲི་རྨེད་གནང་བ་ལ་ལན་གྱི་སྙིང་པོ་མདོར་བསྡུས་ཙམ་ཞུ་ན། རང་ཅག་རྣམས་ཀྱི་ ཤེས་གསལ་བཞིན་འཇིག་རྟེན་པ་ལྷ་ལ་ཡིད་ཆེས་ཡོད་པ་དང་མེད་པའི་མི་རིགས་གཉིས་སུ་འདུ་ཞིང་། ཡིད་ཆེས་མེད་མཁན་ཆད་ལྟ་བ་རྣམས་ལ་ནི་ལྷ་དང་ཞིང་ཁམས་ལྟ་ཞོག །ཚེ་ཕྱི་མ་ལའང་ ཡིད་ཆེས་མེད་པས། ཚེ་འདིའི་སྣང་བ་ཡུད་ཙམ་པ་ཁོ་ན་ལས་ཆོས་གཏམ་བྱ་བའི་ཡུལ་དུ་མ་གྱུར་པས་དེ་དག་ལ་སྙིང་རྗེ་བསྐྱེད་ནས་སྨོན་ལམ་བཏབ་པ་ཁོ་ན་ལས་རེ་ཞིག་བྱ་ཐབས་གཞན་མེད། ལྷ་ལ་ཡིད་ཆེས་ཡོད་པའི་ཕྱི་རོལ་པ་ལའང་ལྟ་བ་འདྲ་མི་འདྲ་བ་ཤིན་ཏུ་མང་། རང་རང་གི་ལྷ་ཡི་ངོས་འཛིན་ལུགས་དང་ཡིད་ཆེས་བྱེད་ལུགས་འདྲ་མི་འདྲ་ཡོད་པའང་ཁོང་ཚོས་མཆོད་པ་འདྲ་

མི་འདྲ་བ་དང་གསོལ་འདེབས་སྨོན་ལམ་འདྲ་མི་འདྲ་བ་ཡོད་པ་རང་རེ་རྣམས་ཀྱིས་མཐོང་ཆོས་སུ་གྱུར་པ་དེ་ཡིན། ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་ པའང་ཉན་རང་གི་ལྟ་གྲུབ་དམ་པོར་འཛིན་པ་རྣམས་ནས་ཐེག་པ་ཆེན་པོ་ཁས་མི་ལེན་པ་དང་། ཐེག་པ་ཆེན་པོ་ལས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་ལ་ཕྱོགས་གཅིག་ཏུ་ཞེན་པ་རྣམས་ནས་ འབྲས་བུ་སྔགས་ཀྱི་ཐེག་པ་བློར་མ་ཤོང་བ་སོགས་གདུལ་བྱ་རང་རང་གི་ཁམས་སམ་དབང་པོ་རབ་འབྲིང་ཐ་གསུམ་བྱུང་ཞིང་། དེའི་ཕྱིར་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པའི་སངས་རྒྱས་ རྣམ་པ་ཐམས་ཅད་མཁྱེན་པ་དེས་གདུལ་བྱ་རང་རང་གི་མོས་པ་དང་འཚམས་པའི་ཆོས་སོ་སོར་གསུངས་དགོས་པའི་རྒྱུ་མཚན་དེ་བྱུང་བ་ཡིན། དེ་བཞིན་དུ་འབྲས་བུ་སྔགས་ཀྱི་ཐེག་པ་ལའང་ བྲམ་ཟེ་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པ་ལ་བྱ་རྒྱུད། དཔེར་ན་སྤྱན་རས་གཟིགས་ལ་བརྟེན་ནས་སྨྱུང་གནས་དང་སྒྲོལ་ཆོག་ལྟ་བུ་ལྷ་ཡབ་རྐྱང་ངམ་ཡུམ་རྐྱང་། ཁྲུས་དང་གཙང་སྦྲ་ལ་ བརྟེན་ཏེ་ངོ་ཚ་དང་ཁྲེལ་ཡོད་ལ་གནས་པ་ལ་སྤྱོད་རྒྱུད། རྒྱལ་རིགས་ཡོན་ཏན་དང་འབྱོར་པས་ཡུལ་འཁོར་སྐྱོང་བ་ལ་རྣལ་འབྱོར་རྒྱུད། དམངས་རིགས་གཙང་བཙོག་ཆུང་ཞིང་། ཉོན་

མོངས་རགས་པར་སྤྱོད་པ་ལ་བླ་མེད་ཀྱི་རྒྱུད་དང་། གང་ཟག་གི་བློ་རིགས་མི་འདྲ་བ་བཞི་ལ་དགོངས་ནས་དབང་པོ་ཐ་མ་ལ་བྱ་བའི་རྒྱུད། དབང་པོ་འབྲིང་ལ་སྤྱོད་པའི་རྒྱུད། དབང་པོ་རབ་ལ་རྣལ་འབྱོར་གྱི་རྒྱུད། དབང་པོ་ཡང་རབ་ལ་བླ་མེད་ཀྱི་རྒྱུད་གསུངས་སོ། །དུས་ལ་ལྟོས་ནས་ཀྱང་བཞིར་གསུངས་ཏེ། བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་སུ་བྱ་རྒྱུད། སུམ་ལྡན་གྱི་དུས་སུ་སྤྱོད་རྒྱུད། གཉིས་ལྡན་གྱི་དུས་སུ་རྣལ་འབྱོར་གྱི་རྒྱུད། རྩོད་ལྡན་ལ་བླ་ན་མེད་པའི་རྒྱུད་གསུངས་སོ། །འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལ་དགོངས་ནས་ཀྱང་རྒྱུད་སྡེ་བཞིར་གསུངས་ཏེ། བསྐལ་བ་དང་པོ་རྫོགས་ལྡན་གྱི་དུསསུ་ཉོན་མོངས་པ་ཤས་ཆུང་བས་བལྟས་པས་ཚིམ་པ་ལ་བྱ་རྒྱུད་གསུངས་ཏེ། རྡོ་རྗེ་གཙུག་ཏོར་ལས། དཀར་པོའི་རས་ལ་བརྟག་བྱ་ཞིང་། །དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །མོ་ཡང་ཕོ་ལ་བལྟ་བ་དང་། །ཕོ་ཡང་མོ་ལ་བལྟ་བ་བྲི། །ཞེས་གསུངས། སུམ་ལྡན་དུས་སུ་བགད་པས་ཚིམ་པའི་འདོད་ཆགས་བྱུང་སྟེ་དེའི་དོན་དུ་སྤྱོད་པའི་རྒྱུད་གསུངས་ཏེ། རྣམ་སྣང་མངོན་བྱང་ལས། མགོན་པོ་རལ་པའི་ཐོར་ཚུགས་ཅན། །དེ་ཡི་གཡོན་ཕྱོགས་ལྷ་མོ་ནི། །ཅུང་ཟད་མིག་ནི་འཛུམ་བཅས་བྲི། །ཞེས་སོ། །གཉིས་

ལྡན་གྱི་དུས་སུ་རེག་ཅིང་ཚིམ་པའི་འདོད་ཆགས་ཅན་ལ་རྣལ་འབྱོར་གྱི་རྒྱུད་གསུངས་ཏེ། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། ། དཔུང་པ་ཡིད་ཙམ་བསྡམས་པར་བཞག །ཅེས་གསུངས་སོ། །དེ་ནས་ཡོ་གའི་ལྷ་རྣམས་ཕྱག་རྒྱ་འབྲེལ་བར་བྱུང་ངོ་། །རྩོད་ལྡན་གྱི་དུས་སུ་དབང་པོ་གཉིས་སྦྱོར་གྱི་གདུལ་བྱ་འདོད་ཆགས་ ཅན་འདུལ་བའི་དོན་དུ་བླ་མེད་རྒྱུད་གསུངས་ཏེ། གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་རྣམ་པར་བརྟག །ཅེས་དང་། བདེ་མཆོག་གི་རྒྱུད་ལས། མཚན་མ་གཉིས་ལ་སྔགས་བྱས་ཏེ། །སྔགས་པས་མཁའ་འགྲོ་མ་ལ་སྦྱོར། །ཞེས་གསུངས་སོ། །དེ་བཞིན་དུ་གཙང་སྦྲ་ཆོས་སུ་སྨྲ་བ་ཚངས་པ་འདུལ་བའི་དོན་དུ་བྱ་རྒྱུད། ཁྱབ་འཇུག་ལ་ སོགས་འཚེ་བ་ཆོས་སུ་སྨྲ་བ་འདུལ་བའི་དོན་དུ་སྤྱོད་རྒྱུད། ང་རྒྱལ་ཅན་བརྒྱ་བྱིན་རྗེས་སུ་འཛིན་པའི་སླད་དུ་རྣལ་འབྱོར་རྒྱུད་གསུངས་ཤིང་། འདོད་ཆགས་ཆོས་སུ་སྨྲ་བ་དབང་ཕྱུག་འདུལ་ བའི་སླད་དུ་བླ་མེད་ཀྱི་རྒྱུད་གསུངས་ཏེ། གསང་འདས་ལས། བུད་མེད་གཟུགས་དང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་ལན་གསུམ་དུ། །

དབེན་པར་མཆོད་པ་རབ་ཏུ་བརྩམས། །ཅེས་གསུངས་སོ། །བྱ་རྒྱུད་ཀྱི་ངེས་ཚིག་ནི། ཀྲི་ཡ་སྟེ་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པས་བྱ་རྒྱུད། དེའི་གཞི་ལམ་དང་འབྲས་བུ་ནི། ཀུན་བྱེད་ལས། ཀྲི་ཡས་བདག་དང་ལྷ་གཉིས་རྗེ་འབངས་ཚུལ། །མི་ཚེ་བཅུ་དྲུག་འབད་པས་གྲོལ་བ་ཐོབ། །ཅེས་གསུངས་པ་ལྟར་རོ། །སྤྱོད་པའི་རྒྱུད་ཀྱི་ངེས་ཚིག་ནི། ཨུ་པ་ཡ་སྟེ་སྤྱོད་པ་ཀྲི་ཡ་དང་མཐུན་ཞིང་། སྒོམ་པ་ཡོ་ག་དང་མཐུན་པས་གཉིས་བཅས་ཀྱི་ཐེག་པ་ཞེས་བྱའོ། །གཞི་ལམ་འབྲས་བུ་ནི། ཀུན་བྱེད་ལ། ཨུ་པ་བདག་དང་ལྷ་གཉིས་མཉམ་པར་མཐོང་། །གྲོགས་པོའི་ཚུལ་གྱི་དངོས་གྲུབ་སྟེར་འདོད་པ། །མི་ཚེ་བདུན་ན་གྲོལ་བའི་དངོས་གྲུབ་ཐོབ། །ཅེས་གསུངས་པར་ལྟར་རོ། །ཡོ་གའམ་རྣལ་འབྱོར་གྱི་རྒྱུད་ལ། ངེས་ཚིག་ནི་ཡོ་ག་སྟེ། སེམས་གཙོ་ལ་ལྟ་སྤྱོད་གཉིས་གྲོགས་སུ་འདོད་པའོ། །གཞི་ལམ་འབྲས་བུ་གསུམ་ནི། ཀུན་བྱེད་ལས། གཞི་ངོ་བོ་ཉིད་མེད་པའི་ཤེས་རབ་དང་། བདག་ལྷར་གསལ་བ་ལ་ཡེ་ཤེས་ཆུ་ལ་ཆུ་བཞག་པ་ལྟར་གནས་པར་བྱེད་པ་དང་། ལམ་དེ་ལྟར་སྒོམ་ཞིང་གཙང་སྦྲ་ཀུན་སྤྱོད་གྲོགས་སུ་བསྟེན་ནས་མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་སར་གྲོལ་བར་འདོད་དེ། ཀུན་བྱེད་ལས། མི་ཚེ་གསུམ་ན་

གྲོལ་བར་འདོད། །ཅེས་གསུངས་པ་ལྟར་རོ། །གསང་སྔགས་ནང་པ་ལས་རྣལ་འབྱོར་ཕ་རྒྱུད་ཀྱི་ངེས་ཚིག་ནི། མ་ཧཱ་ཡོ་གའི་སྒྲ་ལས། ཐབས་ཀྱི་རྣལ་འབྱོར་བསྐྱེད་པ་དང་རླུང་གཙོ་བོར་སྟོན་པས་གྲོལ་བར་བཤད་དོ། །གཞི་ནི་ཡེ་ནས་དག་པའི་ལྷའི་དཀྱིལ་འཁོར་རླུང་གི་བྱེད་པའོ། །ལམ་ནི་དེ་དག་སྒོམ་པའོ། །འབྲས་བུ་ནི་ཚེ་འདི་ཉིད་ལ་གྲོལ་བར་འདོད་པ་སྟེ། ཡེ་ཤེས་རོལ་པ་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གི་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པའི། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་གསུངས་པ་ལྟར་རོ། །ཤེས་རབ་མའི་རྒྱུད་ཀྱི་ངེས་ཚིག་ནི། ཨ་ནུ་ཡོ་ག་སྟེ། ཤེས་རབ་རྫོགས་པའི་རིམ་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འདོད་པའོ། །གཞི་ནི་ཡེ་ནས་དག་པ་ལྷའི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིསསུ་མེད་པའོ། །ལམ་དེ་ཉིད་སྒོམ་པའོ། །འབྲས་བུ་ཚེ་འདིར་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་སྟེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་མཚན་ཉིད་ནི། དབྱིངས་དང་ཡེ་ཤེས་གཉིསམེད་པར། །བདེ་བ་ཆེན་པོ་སུ་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟར་ར། །གཉིས་སུ་

མེད་པའི་རྒྱུད་ཨ་ཏི་ཡོ་ག་ལ། ངེས་ཚིག་ནི་ཨ་ཏིའི་སྒྲ་ལས། སྐྱེ་བ་མེད་པའམ་གཉིས་སུ་མེད་པའི་བདེན་པ་གཅིག་པུ་ཀུན་གྱི་སྙིང་པོ་ལ་འཇུག་པས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ པའི་དོན་ནོ། །གཞི་ནི་དེའི་ཕྱིར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སང་རྒྱས་པའི་རང་བཞིན་ནོ། །ལམ་བསྐྱེད་རྫོགས་གཉིས་སོ་སོར་གཉིས་སུ་དབྱེར་ཕྱེ་བ་མེད་པས་བླང་བ་ དང་དོར་བ་མེད་པ་རེ་དོགས་ལས་འདས་པར་བྱེད་པའོ། །འབྲས་བུ་ལྷུན་རྫོགས་ཀྱི་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་མཐར་ཕྱིན་པར་བྱེད་པ་སྟེ་ཐེག་པ་འདིར་ཐམས་ཅད་རྫོགས་པ་སྟེ། ལེ་ལག་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །རྣམ་པར་ཐར་པ་བསམ་ཡས་མ་ ལུས་འདུས། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཡབ་ཡུམ་མཉམ་སྦྱོར་ཅན་གྱི་འདྲ་སྐུ་ལ་ལོག་རྟོག་མི་འཇུག་པའི་སླད་དུ་རྒྱུད་སྡེའི་དོན་ལ་མཁས་ཤིང་གྲུབ་པ་བརྙེས་པའི་འཕགས་ པའི་གང་ཟག་རྣམས་ཀྱི་ལུང་དང་། རང་ལ་ཉམས་རྟོགས་མི་ལྡན་ཡང་གོ་བ་དང་བསྟུན་པའི་རིག་པའི་འགྲོས་ཀྱིས་བློ་ལ་གང་ཤར་གང་བབ་མྱུར་སྟབས་སུ་བྲིས་ཏེ་ཕུལ་བ་ཡིན། དོན་སྙིང་

བསྡུས་ཏེ་ཞུས་ན་འཇིག་རྟེན་ལས་འདས་པའི་ལྷ་ཞིག་ཡིན་ཕན་ཆད་ཐུགས་རྗེ་མ་འགགས་པའི་རོལ་རྩལ་རྣམ་པ་གང་དུའང་འཆར་བས་སངས་རྒྱས་རྣམ་པར་སྣང་མཛད་ཅེས་གསུངས་པའི་དོན་ཡང་དེ་ཡིན་པས། འཇིག་རྟེན་པའི་ལྷ་དང་དངོས་པོ་ལྟ་བུ་ལྷ་རང་རྒྱུད་རྫས་སུ་གྲུབ་པ། རིལ་པོར་གྲུབ་པ། དངོས་པོར་གྲུབ་པ་སོགས་སྐུ་གཟུགས་གང་ཞིག་འཆར་བ་དེ་ལས་བསྒྱུར་དུ་མི་བཏུབ་པར་འདོད་པ་ནི་ལོག་རྟོག་ཡིན། རྙིང་མའི་བཀའ་གཏེར་གྱི་ལྷ་ཙམ་མ་ཟད། བདེ་མཆོག་གསང་འདུས། འཇིགས་བྱེད། དུས་འཁོར་ལ་སོགས་གསར་མའི་རྒྱུད་སྡེའི་ལྷ་མང་པོ་ཡབ་ཡུམ་མཉམ་པར་སྦྱོར་བ་སྒྲུབ་ཐབས་མངོན་རྟོགས་བསྐྱེད་ཆོག་དག་གི་དོན་ལ་མཇལ་བས་ཤེས། གང་དག་མཚན་མ་དང་བཅས་པའི་བསྐྱེད་རྫོགས་ཀྱི་དོན་ཧ་མ་གོ་བའམ། ཆགས་སྡང་ཕྱོགས་རིས་ཀྱི་གཏམ་འཆལ་གང་ཐོད་ཐོད་དུ་བཤད་པ་ཡིན་ན་དེ་དག་རྒྱ་གར་རྒྱ་ནག །བོད་དང་བལ་ཡུལ་ལ་སོགས་པའི་ལྷ་ཁང་དག་ཏུ་མཇལ་བར་སོང་ལ་བྲིས་འབུར་དག་ལ་ལྷ་ཡབ་ཡུམ་མཉམ་སྦྱོར་བྱེད་པ་ཨེ་འདུག་ལེགས་པར་ལྟོས་ཤིག་གསུངས། རྒྱུད་སྡེའི་དགོངས་པ་ཡེ་ཤེས་ཀྱི་ལྷ་ནི་ཐུགས་རྗེ་མ་འགགས་པའི་རོལ་རྩལ་ཅིར་ཡང་

འཆར་བ་ཡིན་པས་ཕྱི་རོལ་རྟག་པར་ལྟ་བའི་གྲུབ་མཐའ་ལ་ལ་ནས་འདོད་པ་བཞིན་རྟག་བརྟན་ཐེར་ཟུག་བསྒྱུར་དུ་མི་གཏུབས་པའི་དངོས་པོ་རང་མཚན་པ་མ་ཡིན་ཅིང་། དཔེར་ན་འོད་དཔག་མེད་མདོ་ལུགས་སུ་ཆོས་གོས་རྣམ་གསུམ་གསོལ་བའི་སངས་རྒྱས་ཆགས་བྲལ་གྱི་རྣམ་པ་དང་། སྔགས་བླ་མེད་དུ་ཆགས་ཅན་གྱི་རྣམ་པས་ཡུམ་གོས་དཀར་མོ་ལ་འཁྲིལ་བ་དང་། དེ་བཞིན་དུ་འོད་དཔག་མེད་ཁྲོ་བོའི་སྐུར་བཞེངས་པ་རྟ་མགྲིན་ཡུམ་རྡོ་རྗེ་ཕག་མོ་དང་མཉམ་པར་སྦྱོར་བ། སྤྱན་རས་གཟིགས་ཤིན་ཏུ་ཞི་བའི་ཉམས་དང་ལྡན་པ་ཤིན་ཏུ་ཆགས་པའི་ཉམས་དང་ལྡན་པ་དབང་ཕྱུག་ཆེན་པོའི་སྐུར་བཞེངས་ནས་ཡུམ་ཨུ་མ་ལ་བརྩེ་བ་སོགས་ཡིན་པས་ལྷ་ཡབ་ཡུམ་གང་གི་དོན་དུ་སྣང་བ་གོང་དུ་རྒྱུད་སྡེ་བཞིའི་དགོངས་པ་ལུང་དྲངས་པ་ལྟར་ཡིན་པས་དེ་ལུགས་ཐུགས་ལ་བཞག་པར་ཞུ། མདོར་ན་སྐྱབས་རྗེ་རིན་པོ་ཆེ་ནས། ཀུན་ཤེས་གཅིག་རྡུགས་མི་བྱེད་པར་གཅིག་ཤེས་ཀུན་གྲོལ་བྱ་དགོས་ཞེས་ཡང་ཡང་གསུངས་པ་བཞིན་རྫོགས་པ་ཆེན་པོ་རང་སྣང་རིས་མེད་པའི་དགོངས་པ་ལ་འབྱོར་བར་བྱེད་པ་ལས་ལྷག་པའི་གྲུབ་མཐའ་འཛིན་མ་དགོས། ཞེས་ཕྲིན་ལས་ནོར་བུས་སུག་བྲིས་སུ་བགྱིས་ཏེ་ཕུལ་བ་དགེ། །། ༈ སྤྱིར་མ་ཧཱ་

ཡོ་ག་དང་ཨ་ནུ་ཡོ་ག་ལ་སོགས་སྔགས་བླ་མེད་ཀྱི་གཞུང་རྣམས་ལས་རང་ལུས་ཐ་མལ་དུ་མི་བལྟ་བར་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་གྱི་ལྷ་ཞི་བ་དང་ ཁྲོ་བོ་ལ་སོགས་གང་ཞིག་བསྒྲུབ་པ་དེ་དང་དེའི་ལྷ་དང་གཞལ་ཡས་ཁང་དང་ཞིང་ཁམས་དང་བཅས་པའི་རྣམ་པ་འབའ་ཞིག་བསྒོམ་པ་ནི་ལུས་ལྷ་ཡི་དཀྱིལ་འཁོར། སྒྲ་གྲགས་ཚད་ཐམས་ཅད་ ཐ་མལ་དུ་མི་བལྟ་བར་ལྷ་གང་ཞིག་བསྒྲུབ་པ་དེ་དག་དེའི་སྔགས་སུ་གྲགས་པར་བསམ་པ་ནི་ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཐ་མལ་རྣམ་རྟོག་གི་རྗེས་སུ་རྒྱུན་མཐུད་མ་འབྲངས་པར་ ཆོས་ཉིད་མ་བཅོས་གཉུག་མའི་གནས་ལུགས་ངང་ལ་བདེ་ལུགས་སུ་འཇོག་པ་སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་གསུམ་གྱི་སྣང་བ་ལས་མི་གཡེལ་བར་བྱ་བ་གཞིར་བཞག་པའི་ སྟེང་། བྱེ་བྲག་ཕུར་པའི་སྒྲུབ་ཐབས་རྣམས་སུ་གསུངས་པའི་དཀྱིལ་འཁོར་གསུམ་ནི། བདག་ཉིད་རྩ་བའི་དཀྱིལ་འཁོར་ཞེས་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། ཀཱི་ལ་རིགས་ལྔ་ཡབ་ཡུམ། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཞེས་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་འོད་ཀྱི་གོང་བུ་མཁའ་གསང་ལས་འཕྲོས་པས་ཕྱོགས་

བཞི་དང་མཚམས་བཞི། སྟེང་འོག་གཉིས་ཏེ་ཕྱོགས་བཅུའི་སྣང་བ་ཐམས་ཅད་ཁྲོ་བཅུ་ཡབ་ཡུམ་དང་། འཁོར་ཟ་གསོད་ཉི་ཤུ་སྒོ་མ་བཞི་དང་ཕུར་སྲུང་དམ་ཅན་བཅུ་དྲུག་དང་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་དང་བཅས་པ་གསལ་བ། མཚན་མ་རྫས་ཀྱི་དཀྱིལ་འཁོར་ཞེས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་དབལ་དུ་སྣང་ཞིང་། ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཐོགས་རྡུགས་མེད་པར་སྒྲུབ་པ་སྲས་མཆོག་གི་ཕུར་པ་སྟེ་དཀྱིལ་འཁོར་རྣམ་གསུམ་མོ། །སྲས་མཆོག་ཉེར་གཅིག་བསྡུ་ན་ཕྲིན་ལས་བཞི་འགྲུབ་པའི་རྟགས་སུ་ལས་བཞིའི་ཕུར་པ་ལ་འདུ་ཞིང་། དེ་ཡང་ཞི་བའི་ལས་སྒྲུབ་པ་ལ་དངུལ་ལམ་ཤིང་སོགས་ཁ་དོག་དཀར་པོ་དང་ལྡན་ཞིང་དབལ་ཟླུམ་པོ་ཞི་བའི་སྔགས་གཞུང་ལས་བཤད་པ་བཟླ་བ་ནས་ཡུལ་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་ལ་བཏབ་སྟེ་དེ་དག་རྨེག་མེད་དུ་ཞི་བར་བྱེད་པའོ། །རྒྱས་པའི་ཕུར་པ་ལ་སྐུ་རྒྱུ་གསེར་སོགས་ཁ་དོག་སེར་པོ་དང་ལྡན་པའི་དབལ་གྲུ་བཞི་རྩེ་མོ་རྣོ་ངར་དང་ལྡན་པ་ལ་རྒྱས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་བཟླ་བཞིན་པ་ནས་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་དང་ཡོན་ཏན་ལ་སོགས་པ་འབྱོར་པ་དྲུག་ལ་སོགས་པ་མཐུན་རྐྱེན་དགེ་བའི་ཚོགས་གང་ཞིག་བསྒྲུབ་པར་འདོད་པ་དེ་ལ་

བཏབ་སྟེ་རྒྱས་པའི་ལས་བསྒྲུབ། དབང་གི་ཕུར་པ་ཟངས་སོགས་ཀྱི་རྒྱུ་ལས་གྲུབ་པ་ཁ་དོག་དམར་པོ་ཅན། དབལ་ཟླུམ་པོ་ཅན་ལ་དབང་གི་སྔགས་ཀྱིས་བྱིན་ གྱིས་བརླབས་ཏེ་མི་དང་མི་མིན་གྱི་སྐྱེ་འགྲོ་གང་ཞིག་དབང་དུ་བྱ་བར་འདོད་པའི་ཡུལ་ལ་འདེབས་པ། དྲག་པོའི་ཕྲིན་ལས་བསྒྲུབ་པ་ལ་རྒྱུ་ལྕགས་སོགས་ལས་གྲུབ་ཅིང་ཁ་དོག་ནག་པོར་གྱུར་ པའི་ཕུར་པ་དབྱིབས་གྲུ་གསུམ་པའི་དབལ་ཅན་ཉམས་པ་བདུན་དང་ཞིང་བཅུ་ལ་སོགས་པའི་སྙིང་རྗེའི་ཡུལ་དུ་གྱུར་པ་ལ་ཚེ་ལུང་དང་ཁྲུས་ལུང་གནས་ལུང་སྟེ་ལུང་གསུམ་གྱི་མན་ངག་ཟབ་མོ་ ལ་བརྟེན་ནས་གདབ་སྟེ་ལས་ངན་གྱི་རྒྱུན་གཅོད་པར་བྱེད་པའོ། །སྲས་མཆོག་གི་ཕུར་པ་ཟེར་བའི་དོན་གཙོ་བོ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ལས་སྤྲུལ་པའི་སྲས་ཡིན་ལ། འཁོར་གྱི་རྣམ་ པར་བསྟན་ཡང་འཁོར་གྱི་ནང་ནས་གདབ་པའི་ལས་ཐམས་ཅད་བྱེད་པས་མཆོག་སྟེ་སྲས་མཆོག་ཟེར། སྲས་མཆོག་ཕུར་པ་བསྡུ་ན་རིགས་བཞིར་བསྡུ་བ་དང་། དེ་ཡང་བསྡུ་ན་ལས་ཕུར་ལ་ འདུ་བའོ། །གཙོ་ཕུར་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་དེ་དབུས་སུ་བཞུགས་སུ་གསོལ། སྲས་མཆོག་གི་དོན་པོ་ལས་ཕུར་ནི་སློབ་དཔོན་གྱི་མདུན་ན་འཇོག་སྟེ་གདབ་ལས་བྱ་བའོ། །གཙོ་

ཕུར་དང་ལས་ཕུར་གཉིས་ཀ་ལ་བྱུག་བདུག་བྲབ་གསུམ་མཆོད་རྫས་བྱིན་རླབས་ཀྱི་མཇུག་ཏུ་བྱ་དགོས་པར་གསུངས། ༈ ཕྱག་རྒྱ་རྣམ་བཞི་ནི། འདུས་བྱས་མི་རྟག་པ། ཟག་པ་དང་བཅས་ པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ། ཐེག་པ་ཐུན་མོང་ནས་བསམ་དགོས་པའི་སངས་རྒྱས་ཀྱི་གསུང་བཀའ་རྟགས་ ཕྱག་རྒྱ་རྣམ་བཞི། ལྕགས་ཀྱུའི་ཕྱག་རྒྱ། ཞགས་པའི་ཕྱག་རྒྱ། ལྕགས་སྒྲོག་གི་ཕྱག་རྒྱ། དྲིལ་བུའི་ཕྱག་རྒྱ་སྟེ་ཞི་རྒྱས་དབང་དྲག་སྟེ་ཕྲིན་ལས་བཞིའི་ཕྱག་རྒྱ། རྣལ་འབྱོར་རྒྱུད་ཀྱི་སྒོམ་ པའི་ཕྱག་རྒྱ་བཞི་ནི། དམ༵་ཚི༵ག་གི་ཕྱག༵་རྒྱ༵འམ་ས་མ་ཡ་མུ་དྲ་ཞེས་རྡོ་རྗེའི་ཐ་ཚིག་སྟེ་རྒྱུད་སྡེ་གང་དུ་ལྷ་གང་ཞིག་བསྒྲུབ་པར་བྱ་བ་དེ་དང་དེ་དག་སོ་སོའི་དམ་ཚིག་སྤྱི་དང་། ཁྱད་པར་རྒྱུད་སྡེ་ སོ་སོའི་ཐུན་མོང་མ་ཡིན་པའི་གསང་སྔགས་མཆོད་པ་ལ་སོགས་པའི་དོན་སྟོན་པའི་ཕྱག་རྒྱ། ལ༵ས་ཀྱི༵་ཕྱག༵་རྒྱ༵འམ་ཀརྨ་མུ་དྲ་ནི། བདག་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབ་པའི་བྱ་བ་སྤྱི་དང་། བདེ་སྟོང་ལམ་དུ་བྱ་བར་བོགས་འདོན་པའི་མཐུན་གྲོགས་སམ་ཕྱག་རྒྱའམ་རིག་མ། ཡེ༵་ཤེ༵ས་ཀྱི༵་ཕྱ༵ག་རྒྱ༵འམ་ཛྙཱ་ན་མུ་དྲ་ནི། ཚོགས་གཉིས་ཡ་གྱལ་ཡེ་ཤེས་ཀྱི་ཚོགས་ཏེ་སྟོང་ཉིད་བྱང་ཆུབ་ཀྱི་

སེམས་ཀྱིས་རྩིས་ཟིན་པའི་འབྲས་བུ་ཡེ་ཤེས་ཆོས་སྐུ་ཐོབ་པར་བྱེད་པའི་ཟག་མེད་ཀྱི་དགེ་ཚོགས། ཕྱ༷ག་རྒྱ༷་ཆེ༷ན་པོ༷འམ་མཧཱ་མུ་དྲ་ནི། ཚོགས་ཀྱི་དངོས་གྲུབ་སྟེ་ མཆོག་ཏུ་མི་འགྱུར་བའི་བདེ་བས་རྒྱས་འདེབས་པའི་གཟུགས་རྣམ་པ་ཐམས་ཅད་པར་འཆར་བ་དེ་ལས་བྲི་བ་དང་གང་བ་མེད་པར་ནམ་མཁའ་ཇི་སྲིད་དུ་རྟག་ཏུ་གནས་ཤིང་ནམ་ཡང་དེ་ལས་ མི་འདའ་བས་ཕྱག་རྒྱ་ཆེན་པོ་ཡིན་ནོ།། །། ༈ མ་དག་པ་སེམས་ཅན་གྱི་སྐབས་སུ་དུག་གསུམ་འཆར། ལམ་ཉམས་སུ་བླངས་པའི་སྐབས་སུ་དུག་གསུམ་པོ་བདེ་གསལ་ མི་རྟོག་པའི་ཉམས་སུ་འཆར། དག་པ་སངས་རྒྱས་ཀྱི་སྐབས་སུ་དུག་གསུམ་པོ་དེ་སྐུ་གསུམ་དུ་འཆར་རོ། །རིག་པའི་གཤིས་ལ་དཀོན་མཆོག་གསུམ་ཇི་ལྟར་ཚང་ཞེ་ན། མ་རིག་པ་སངས་ ཤིང་རིག་པའི་ཡེ་ཤེས་རྒྱས་པས་ན་ས༷ངས་རྒྱས༷། སེམས་ཀྱི་གནས་ལུགས་ཤེས་ཤིང་དུལ་ཐུབ་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་འདུས་པས་དམ༷་ཆོ༷ས། སེམས་རྣམ་པར་དག་ པ་ལ་དགེ། དེའི་ཐོག་ཏུ་འཇོག་པ་ལ་འདུན་ཏེ་དགེ༷་འདུ༷ན་ནོ།། དབུ་མ་པས་སྤྲོས་བྲལ། ཕྱག་རྒྱ་ཆེན་པོས་རྒྱས་འདེབས། རྫོགས་ཆེན་རིག་པ་གཅིག་འདུས་སོ། །༈ བཀའ་འདྲི་ཞུས་

པ། ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །ཞེས་གསུངས་པ་ལྟར་ངེས་པ་རྙེད་རྒྱུ་མི་འདུག་ཅི་ཡང་མིན་ལ་ཅི་ཡང་འཆར་དུ་ཡོད་པ་འདི་ལས་ ལོགས་སུ་བཙལ་བས་རྙེད་རྒྱུ་མེད་པ་ཐག་ཆོད་ཀྱང་། ངེས་པ་རྙེད་རྒྱུ་མི་འདུག་པས་དོགས་སེལ་སྐྱབས་འཇུག་ཞུ། བཀའ་ལན་དུ། གཟུང་འཛིན་ཅན་གྱི་སེམས་ཐ་མལ་པ་མ་ཡིན་པར། འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པ་དྲི་མ་མེད་པའི་རིག་པ་ནམ་མཁའ་ལྟ་བུ་དེ་ལ་ཐ་མལ་གྱི་ཤེས་པ་ཟང་ཀ་མ་ཞེས་གསུངས། དེ་ལྟར་ཐ་མལ་གྱི་ཤེས་པ་དེ་ལས་ལོགས་སུ་ བཙལ་དུ་མེད་པ་དེ་ཐོག་ཏུ་བཙན་ས་ཟིན་པ་ལ་ངེས་པ་རྙེད་དེ་མཉམ་པ་བཞག་པའི་མཐུས། འདི་སྐབས་སུ་མཉམ་པར་བཞག་པའི་མཐུ་ཞེས་པའི་མཉམ་བཞག་དེ་མཉམ་བཞག་དང་རྗེས་ཐོབ་ གཉིས་སུ་དབྱེ་བའི་མཉམ་བཞག་ལྟ་བུ་ལ་གོ་བ་མིན་པར། རིག་པ་ཟང་ཀ་མ་ཐིག་ལེ་ཉག་གཅིག་གི་ངང་དུ་བཞག་པ་ལ་མཉམ་བཞག་ཅེས་གསུངས། རྫོགས་ཆེན་ལུགས་ཀྱི་སྐད་ཅིག་རྣམ་ གསུམ་ནི། དང་པོ་རིག་པ་ངོ་ཤེས་པ། ཤེས་ཐོག་ཏུ་བཞག་པ། བཞག་ཐོག་ཏུ་གྲོལ་བ་ཞེས་གསུངས། གོ་མྱོང་རྟོགས་གསུམ་གྱི་རིམ་པ་དང་བདེ་གསལ་མི་རྟོག་པའི་ཉམས་རྣམས་གང་

ཟག་དབང་པོ་རྣོ་རྟུལ་ཐམས་ཅད་ལ་ལམ་གྱི་སྐབས་སུ་གཅིག་པ་ཡོང་གི་ཡོད་དམ། བཀའ་ལན་དུ། སེམས་བྱུང་གི་ཤེས་རབ་ལ་བརྟེན་ནས་ཆོས་ཉིད་འོལ་ཚོད་ ཀྱིས་ཤེས་པ་ལ་གོ་བ་དང་། བསམ་པའི་སྒོ་ནས་གཏན་ལ་ཕབས་ནས་ཉམས་སུ་མྱོང་བ་ལ་མྱོང་བ། ཉམས་ལ་རྩུབ་ཉམས་དང་འཇམ་ཉམས་ལ་སོགས་པ་ཡོད་ཅིང་། འཇམ་ཉམས་ལའང་ བདེ་གསལ་མི་རྟོག་གསུམ་གྱི་ཉམས། རྟོགས་པའི་རྩིས་མ་ཟིན་པའི་ཤེས་ཉམས་དང་སེམས་ཉམས་གང་ཡིན་ཀྱང་འདྲ་སྟེ་ཁམས་གསུམ་གང་རུང་དུ་སྐྱེ་བའི་ཏིང་ངེ་འཛིན་ཟག་བཅས་སེམས་ ཀྱི་དམིགས་པས་བསྡུས་པ་ཡིན་པའི་ཕྱིར་བདེ་གསལ་མི་རྟོག་པའི་ཉམས་ལམ་ཞུགས་ཀྱི་གང་ཟག་ཐམས་ཅད་ལ་གཅིག་བཞིན་འབྱུང་བའི་ངེས་པ་མེད་དེ། སྔོན་བསགས་ཀྱི་ལས་དང་རྩ་ ཁམས་ལ་སོགས་པའི་ཁྱད་པར་གྱིས་འགའ་ཞིག་ལ་གསུམ་ཀ་འབྱུང་ལ། འགའ་ལ་བདེ་བ་བྱུང་ཡང་གསལ་བ་མི་འབྱུང་། འགའ་ལ་གསལ་བ་བྱུང་ཡང་མི་རྟོག་པ་མི་འབྱུང་བ་སོགས་ཡོད་ དོ། །གང་ལྟར་ཡང་རིག་ངོ་སྐྱོང་བའི་དུས་སུ་ཉམས་གསུམ་ཨེ་ཡོང་གི་རེ་དོགས་ཀྱི་ལྷད་མི་ཞུགས་པར་རིག་པ་ཟང་ཀ་མའི་ངོ་བོ་སྐྱོང་བ་ཁོ་ན་གོལ་ས་མི་འབྱུང་ཞིང་། རྟོགས་པའི་ན་འཕར་

བ་ལ་ཕན་རླབས་ཆེ་བ་འདྲ། རྟོགས་པས་རྩིས་ཟིན་པའི་དུས་ན་བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཇི་ལྟ་བུ་ཞིག་ཤར་ཡང་བདེ་སྟོང་སྤྲུལ་སྐུ། གསལ་སྟོང་ལོངས་སྐུ། རིག་སྟོང་ཆོས་སྐུ་ སྟེ་གསུམ་ལམ་སྣང་དུ་ཤར་ནས་མཐར་འབྲས་བུའི་སྐུ་གསུམ་མངོན་དུ་གྱུར་བའི་ཚེ་ན་གཞི་ལམ་འབྲས་གསུམ་གྱི་ཐ་སྙད་ལས་འདས་པའི་སངས་རྒྱས་འབའ་ཞིག་གི་སྣང་བ་འདྲའོ། །འཁྲུལ་ པ་གཞི་ལ་སངས་ཞེས་པའི་སངས་གཞིའམ་དག་གཞི་དེ་ལ་དྲན་པས་ཟིན་པ་ཡིན་ནམ་དྲན་པས་མ་ཟིན་པ་ཡིན་བཀའ་སྩལ་དུ་གསོལ། བཀའ་ལན་དུ། འཁྲུལ་པ་གཞི་ལ་སངས་པའི་རྗེས་སུ་ འདུས་བྱས་ཀྱི་དྲན་པ་གཏན་ནས་མེད་ཀྱང་། དྲན་སྣང་ཡེ་ཤེས་སུ་འཕོས་པའི་སྟོབས་ཀྱིས་ཆོས་ཉིད་ཀྱི་དྲན་པ་ཡོད་པར་གསུངས་སོ། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །ཞེས་ པའི་དོན་གང་ཡིན་ནམ། བཀའ་ལན་དུ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་མ་འགགས་པའི་འཆར་གཞིའི་ཆ་ཅི་ཡང་འཆར་དུ་རུང་བའི་ཡོན་ཏན་ལ་སྤྲུལ་གཞིའམ་ཐུགས་རྗེའི་རྩལ་ཇི་ལྟ་བ་དང་། དེ་ལས་གདུལ་བྱ་དག་དང་མ་དག་སྣ་ཚོགས་པ་རྗེས་སུ་འཛིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པ་མི་འདྲ་བ་ཇི་སྙེད་པ་སྟོན་པར་མཛད་པའམ་སྣང་བར་མཛད་པ་ལ་ཕྱིར་རྩལ་

ལམ་སྤྲུལ་པའི་སྐུ་ཞེས་གོ་ན་རུང་། འོན་ཀྱང་ཕྱིར་རྩལ་ནང་རྩལ་ལས་བྱུང་བ་ཡིན་པས་ན་གདུལ་བྱའི་དོན་ཡོངས་སུ་རྫོགས་པར་མཛད་པའི་རྗེས་སུ་ཕྱིར་རྩལ་གྱི་ རྣམ་པ་ཐམས་ཅད་ནང་རྩལ་ཐུགས་རྗེ་འཆར་གཞིའི་ཆ་ལ་བསྡུ་བ་ཡིན་ཅིང་། གང་ལྟར་ཡང་ཕྱིར་རྩལ་དང་ནང་རྩལ་གྱི་ཡོན་ཏན་རྟག་ཏུ་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པ་ཡིན་ནོ། ། ཕྱི་ནང་སྣོད་བཅུད་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་རྩལ་སྣང་བཞིན་དུ་བདེན་པར་གྲུབ་པ་རྡུལ་ཙམ་མེད་པ་སྟོང་པ་ཐུགས་རྗེའི་རྩལ་གྱིས་གཟུང་འཛིན་འཁྲུལ་པའི་རྟེན་མི་བྱེད་པ་ཡིན་ ནོ། །ཞེས་གསུངས། ཀུན་མཁྱེན་ཆེན་པོས་རྣམ་རྟོག་ཆོས་སྐུར་འདོད་པའི་ལུགས་ལ་བཀའ་བཀྱོན་མཛད་པ་ནི། རྣམ་རྟོག་རང་མཚན་པ་ཆོས་སྐུར་འདོད་པ་ལ་བཀའ་བཀྱོན་པ་མ་གཏོགས་ རྣམ་རྟོག་ལས་གྲོལ་བའི་རིག་པ་ལ་ཆོས་སྐུར་མི་འདོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །མདོ་སྔགས་ཀྱི་སངས་རྒྱས་ལ་མཐོ་དམན་དང་ཁྱད་པར་ཡོད་དམ། བཀའ་ལན་དུ། མཐར་ ཐུག་སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ལས་ཐ་དད་དུ་འབྱུང་མི་ཤེས་ཀྱང་། གདུལ་བྱའི་མོས་པ་དང་འཚམས་པར་ཐེག་པ་སོ་སོ་ནས་སངས་རྒྱས་མི་འདྲ་བ་འདོད་པ་ནི་ཉན་རང་

གཉིས་དགྲ་བཅོམ་པ་ལ་སངས་རྒྱས་སུ་འདོད་ཅིང་། ཐེག་པ་ཆེན་པོ་ལྟར་ན་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་སུ་འདོད། སྔགས་ལྟར་ན་ངེས་པ་ལྔ་དང་ཁ་སྦྱོར་ཡན་ལག་བདུན་ ལྡན་ལ་སོགས་པའི་ཡོན་ཏན་ཅན་གྱི་སངས་རྒྱས་འདོད། འདི་ལྟར་གང་ཟག་ཐེག་པ་གང་ལ་མོས་པ་དེས་མཐར་ཐུག་གི་སངས་རྒྱས་རང་ལུགས་ལྟར་ཁས་ལེན་པ་ཡིན་ནོ།། །། ༈ ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། རྟག་ཆད་སྒྲིབ་པའི་སྤྲིན་ཚོགས་དང་བྲལ་བའི། །རྒྱལ་བསྟན་རིན་ཆེན་ཉི་མ་གཞོན་ནུའི་དཔལ། །བས༵མ་ཡ༵ས་ཕན་བདེའི་འོད་ཟེར་འཕྲོ་བ་ཅན། །གང་ལ་སྙིང་ ནས་རྗེས༵་སུ་དྲ༵ན་པས་འདུད། །དེ་ཡི་བཀའ་སྲོལ་མདོ་སྔགས་བསྟན་པའི་གཞུང་། །ཚང་ལ་མ་ནོར་ཡོངས་རྫོགས་དར་བའི་ཞིང་། །གངས་ལྗོངས་གནས་ཆེན་ཆོས་འཁོར་རྣམ་གསུམ་གྱི། ། ཡ་གྱལ་དཔལ་གྱི་བསམ་ཡས་ཞེས་སུ་གྲགས། །དེ་ཡི་རིང་ལུགས་བཤ༵ད་སྒྲུབ༵་བསྟན་པ་ལ། །རི་མོར་བགྱིད་ལ་དག༵འ་བའི་བློ་གྲོས་ཀྱི། །དྲི་བསུང་ཐུལ་བའི་འདུས་སྡེ་པདྨོའི་ཚ༵ལ། ། ས་ལ་སྤྱོད་པའི་གནས་འདིར་ཆེར་རྒྱས་ཤིང་། །ནམ་མཁའི་མཐར་ཐུག་ཡིད་ཅན་བྷྲ་མ་ར། །ཤེས་རབ་གསུམ་གྱི་ཟིལ་མངར་དགའ་སྟོན་ལ། །རང་དབང་སྤྱོད་པའི་སྐལ་བཟང་མངོན་ཐོབ་

སྟེ། །སྐུ་གསུམ་གླིང་དུ་འཕུར་ལྡིང་རྩེན་གྱུར་ཅིག །ཅེས་རང་ཉིད་ལ་དུས་ཀུན་བོང་བ་གསེར་དུ་གཟིགས་པའི་བརྩེ་བས་བསྐྱངས་པ་མཁྱེན་ཡངས་བླ་མ་བཟང་པོ་ནས་བསྐུལ་མ་གནང་ངོར་བོད་ལྕགས་རྟ་ལོའི་སྟོན་ཟླ་བརྒྱད་པའི་ཚེས་བཅུ། རེས་གཟའ་སྤེན་པ་དང་རྒྱུ་སྐར་ཆུ་སྟོད་འཕྲད་པའི་འཕྲོད་འབྱོར་མཆོག་ཏུ་དགེ་བའི་སྔ་དྲོའི་ཆར་ཕྲིན་ལས་ནོར་བུས་བྱང་གླིང་ཨ་རིའི་གྲོང་གདལ་ནིའུ་ཡོག་ཆུ་ཆེན་དལ་བར་འབབ་པའི་ཉེ་འགྲམ་རང་གི་བསྟི་གནས་ཁང་ཆུང་ནས་བྲིས་ཏེ་ཕུལ་བ་དགེ། །། ༈ ན་མོ་གུ་རུ། ཆོས་སྐུ་སྣང་བ་མཐའ་བྲལ་སྟོང་པའི་གདངས། །ལོངས་སྐུ་ཐོད་ཕྲེང་སྡེ་ལྔའི་སྐུ་དང་ཞིང་། །སྤྲུལ་སྐུ་པདྨ་ལས་འཁྲུངས་པདྨའི་རིགས། །སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་ འདེབས། །འབྲེལ་བཅས་འགྲོ་བའི་སྒྲིབ་གཉིས་དག་པ་དང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་ཕྱིར། །སྙིགས་འགྲོའི་སྐྱབས་གཅིག་མ་ཧཱ་གུ་རུའི་སྐུ། །བསྐལ་བཟང་ སངས་རྒྱས་སྟོང་གི་གྲངས་ལྡན་དུ། །བཞེངས་པའི་དགེ་བས་བདག་གཞན་ཡིད་ཅན་ཀུན། །བྱང་ཆུབ་བར་དུ་གུ་རུས་རྗེས་བཟུང་ཞིང་། །ཐོས་པས་གྲོལ་བ་རྫོགས་པ་ཆེན་པོའི་ཆོས། ། རྩོལ་བ་མེད་པར་ངང་གིས་ཐོས་གྱུར་ཅིག །ཅེས་ཡབ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་སྤྱི་ཏི་གཡོ་མེད་སྤྲུལ་སྐུ་བསྟན་འཛིན་རྡོ་རྗེའི་བཞེད་སྐོང་དུ་ཕྲིན་ལས་ནོར་བུ་ནས་བྲིས་ཏེ་ཕུལ་བ་དག། །། ༈ གླིང་བཞིའི་འཁོར་ལོས་སྒྱུར་བ་

རྒྱལ་པོའི་མཆོག །རྩིབས་ཀྱི་མུ་ཁྱུད་གང་དེའི་བློན་པོའི་མཆོག །གང་ཞིག་རྒྱ་མཚོའི་རྡུལ་དུ་གྲགས་པའི་སྲས། །རྒྱ་མཚོའི་སྙིང་པོ་མངོན་པར་སངས་རྒྱས་པ། །བཅོམ་ལྡན་རྒྱལ་བ་རིན་ཆེན་སྙིང་པོའི་དྲུང་། །རྩིབས་ཀྱི་མུ་ཁྱུད་དེ་དང་དེ་ཡི་སྲས། །བརྒྱ་ཕྲག་བཅུ་ཡིས་མཆོད་པས་བསྙེན་བཀུར་ཞིང་། །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ། །མངོན་པར་སངས་རྒྱས་སྐལ་བཟང་སངས་རྒྱས་སྟོང་། །བཟོ་ཡི་སྤྲུལ་སྐུ་འབུར་དུ་དོད་པའི་གཟུགས། །རྣམ་འདྲེན་སྟོང་རྩའི་གྲངས་སུ་བཞེངས་བྱས་པའི། །བསོད་ནམས་འདི་ཡིས་འབྲེལ་བཅས་འགྲོ་བ་ཀུན། །དབུ་ཡི་གཙུག་ཏོར་བལྟ་བར་མི་མངོན་ཤིང་། །ངོ་མཚར་མཛོད་སྤུའི་འོད་ཟེར་འཕྲོ་བ་སོགས། །སངས་རྒྱས་སྐུ་ཡི་མཚན་བཟང་སོ་གཉིས་དང་། །ནང་གི་ཡོན་ཏན་ཕྱི་རུ་མངོན་པའི་དཔེ། །དཔེ་བྱད་བརྒྱད་ཅུའི་ཡོན་ཏན་མངོན་གྱུར་པ། །མཐོང་ན་ནམ་ཡང་མི་མཐུན་མེད་པའི་སྐུ། །སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་སྐུ་ཐོབ་ཤོག །ཅེས་ཡབ་རྗེ་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དངོས་སློབ་དགེ་རྩའི་བདག་རྐྱེན་ཡོན་སྦྱོར་མཛད་པོ་སྤྱི་ཏི་འཇིགས་མེད་བསྟན་འཛིན་རྡོ་རྗེ་ནས་བསྐུལ་མ་གནང་བ་བཞིན་ཕྲིན་ལས་ནོར་བུ་ནས་བྲིས་ཏེ་ཕུལ་བ་དགེ། །།