འཁྲུངས་རབས་གསོལ་འདེབས་མུཀྟི་ཀའི་དོ་ཤལ་གྱི་འགྲེལ་པ་རིག་འཛིན་མཁའ་འགྲོ་དགྱེས་པའི་མགུལ་རྒྱན་པདྨ་རཱ་གའི་ཕྲེང་བ།

From Dudjom Wiki
Revision as of 23:26, 9 November 2026 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TNR-SUNGBUM-01-OM-006
Wylie title 'khrungs rabs gsol 'debs muk+ti ka'i do shal gyi 'grel pa rig 'dzin mkha' 'gro dgyes pa'i mgul rgyan pad+ma rA ga'i phreng ba
Location phrin las nor bu'i gsung 'bum
Volume 1, Text 6, Pages 53-510 (Folios 1a1 to 229a5)
Author ཕྲིན་ལས་ནོར་བུ་
Citation Thinley Norbu. 'khrungs rabs gsol 'debs muk+ti ka'i do shal gyi 'grel pa rig 'dzin mkha' 'gro dgyes pa'i mgul rgyan pad+ma rA ga'i phreng ba. In Phrin las nor bu'i gsung 'bum, Vol. 1.
Side notes Recto: sku phreng 'grel pa   Verso: gter gsar
More details More details
Source Author(s) (Dudjom Rinpoche)
Genre Commentaries - 'grel pa  ·  Past Life Narratives - skye rabs - 'khrungs rabs  ·  Supplications - gsol 'debs
Colophon

དེ་ལྟར་འཁྲུངས་རབ་གསོལ་འདེབས་ཀྱི་འགྲེལ་པ་རིག་འཛིན་མཁའ་འགྲོ་དགྱེས་པའི་མགུལ་རྒྱན་པདྨ་རཱ་གའི་དོ་ཤལ་ཞེས་བྱ་བ་འདི་ཡང་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་གསུམ་ལྡན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དངོས་སློབ་རང་དང་གཞོན་པའི་དུས་ནས་རྩེ་གྲོགས་དང་ཆོས་གྲོགས་སུ་གྱུར་པ་ནས་བཟུང་། རྒས་ཤིང་ཁོགས་པའི་བར་དུ་ཕན་ཚུན་ཤིན་ཏུ་བརྩེ་ཞིང་འགྲོགས་པ་སྔགས་འཆང་ཚེ་སྒྲུབ་མཐར་ཕྱིན་ནས་རིན་ཆེན་སྣ་ལྔས་གཙོས་པའི་སྔ་ཕྱིར་གནང་སྐྱེས་གྱ་ནོམ་པ་ལྷ་རེག་སྲིད་དུ་རིང་བས་སྣ་དྲངས་ཏེ་བསྐུལ་མ་གནང་བའི་ངོར་རང་ཉིད་ཐད་མཁས་པའི་ཡོན་ཏན་དང་གྲུབ་པའི་ཉམས་རྟོགས་ཀྱིས་ཕོངས་པས་འབྲི་བར་འོས་པ་མི་འདུག་ཀྱང་རྟེན་འབྲེལ་གྱི་སརྒ་མི་འཆོལ་བའི་སླད་རྒྱལ་བའི་བཀའ་དང་རྩོད་བྲལ་མཁས་པའི་བསྟན་བཅོས་ལོ་རྒྱུས་ཆོས་འབྱུང་སོགས་ལ་ཞིབ་མོའི་བློ་ཡིས་དཔྱད་ཅིང་། རང་རྒྱུད་གཟུ་ལུམ་དང་། རས་ཆོད་ལ་སོགས་མངོན་པའི་ང་རྒྱལ་གྱི་སྤྱི་བརྟོལ་མི་བསྐྱེད་པའི་བག་གཟོན་གང་ཡོང་བྱས་པའི་རིག་པའི་འགྲོས་ཀྱིས་མཚམས་སྦྱར་ཏེ། བྱང་གླིང་སྐྱེ་མེད་དབྱངས་ཀྱི་སྒྲ་ལྡན་གྱི་ཡུལ་ཆེན་ག་ལ་བར་རང་གི་བསྟི་གནས་ཀུན་བཟང་དགའ་ཚལ་དུ་རི་བོའི་ནགས་དང་ནེའུ་གསེང་ཐམས་ཅད་དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། སྔོ་ལྗང་སོགས་ཁ་དོག་སྣ་ཚོགས་པའི་ལོ་འདབ་ཀྱི་མཛེས་པ་དངོམ་ཞིང་། ཕུ་དུད་ཅན་གྱི་ཤིང་འབྲས་གཡུར་དུ་ཟ་བའི་དུས་ས་ཡོས་ཧོར་ཟླ་བརྒྱད་པའི་ཚེས་ཉེར་ལྔ་སྐུ་གསུམ་མཁའ་འགྲོ་ཚོགས་ཀྱི་མཆོད་པའི་སྤྲིན་ཕུང་ལ་སྤྱན་འདྲེན་པའི་དགོང་མོ་དབང་གི་དུས་སུ་ལེགས་པར་གྲུབ་པ་བགྱིས་པའི་གཙང་དག་ཡི་གེའི་རིས་སུ་བཏབ་པ་པོ་ནི་རང་སློབ་འབྲུག་བླ་ཕུན་ཚོགས་རྒྱལ་མཚན་ཏེ། མདོ་སྔགས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།སླར་སྨྲས་པ། དུས་དྲུག་དུས་ཀྱི་དབྱུག་གུས་བསྐུལ་བ་ལས། །རྫོགས་པ་ཆེན་པོའི་ཆོས་རྔ་ཆེན་པོའི་སྒྲ། །སྣང་སྲིད་ཡེ་གྲོལ་གྲགས་སྙན་ལྡིར་བ་ཅན། །ས་གསུམ་སྐྱེ་རྒུའི་རྣ་བས་རྟག་ཐོས་ནས། །མ་རིག་མུན་པ་གཉིད་ལས་རབ་སད་དེ། །ཡེ་ནས་རྣམ་དག་ཆོས་དབྱིངས་གདོད་མའི་གཤིས། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པའི་ཞལ། །རང་རིག་འོད་གསལ་ཉི་མ་མཐོང་བར་ཤོག །ཅེས་པའང་ཕྲིན་ལས་ནོར་བུ་ནས་སྨོན་པའོ།། །།

de ltar 'khrungs rab gsol 'debs kyi 'grel pa rig 'dzin mkha' 'gro dgyes pa'i mgul rgyan pad+ma rA ga'i do shal zhes bya ba 'di yang rigs brgya'i khyab bdag bka' drin gsum ldan gter chen chos kyi rgyal po 'jigs bral ye shes rdo rje'i dngos slob rang dang gzhon pa'i dus nas rtse grogs dang chos grogs su gyur pa nas bzung /_rgas shing khogs pa'i bar du phan tshun shin tu brtse zhing 'grogs pa sngags 'chang tshe sgrub mthar phyin nas rin chen sna lngas gtsos pa'i snga phyir gnang skyes gya nom pa lha reg srid du ring bas sna drangs te bskul ma gnang ba'i ngor rang nyid thad mkhas pa'i yon tan dang grub pa'i nyams rtogs kyis phongs pas 'bri bar 'os pa mi 'dug kyang rten 'brel gyi sarga mi 'chol ba'i slad rgyal ba'i bka' dang rtsod bral mkhas pa'i bstan bcos lo rgyus chos 'byung sogs la zhib mo'i blo yis dpyad cing /_rang rgyud gzu lum dang /_ras chod la sogs mngon pa'i nga rgyal gyi spyi brtol mi bskyed pa'i bag gzon gang yong byas pa'i rig pa'i 'gros kyis mtshams sbyar te/_byang gling skye med dbyangs kyi sgra ldan gyi yul chen ga la bar rang gi bsti gnas kun bzang dga' tshal du ri bo'i nags dang ne'u gseng thams cad dmar po dang /_ser po dang /_sngon po dang /_sngo ljang sogs kha dog sna tshogs pa'i lo 'dab kyi mdzes pa dngom zhing /_phu dud can gyi shing 'bras g.yur du za ba'i dus sa yos hor zla brgyad pa'i tshes nyer lnga sku gsum mkha' 'gro tshogs kyi mchod pa'i sprin phung la spyan 'dren pa'i dgong mo dbang gi dus su legs par grub pa bgyis pa'i gtsang dag yi ge'i ris su btab pa po ni rang slob 'brug bla phun tshogs rgyal mtshan te/_mdo sngags kyi bstan pa spyi dang khyad par gsang chen rdzogs pa chen po'i bstan pa dar zhing rgyas la yun ring du gnas par gyur cig/_//slar smras pa/_dus drug dus kyi dbyug gus bskul ba las/_/rdzogs pa chen po'i chos rnga chen po'i sgra/_/snang srid ye grol grags snyan ldir ba can/_/sa gsum skye rgu'i rna bas rtag thos nas/_/ma rig mun pa gnyid las rab sad de/_/ye nas rnam dag chos dbyings gdod ma'i gshis/_/rang byung kun tu bzang po'i dgongs pa'i zhal/_/rang rig 'od gsal nyi ma mthong bar shog_/ces pa'ang phrin las nor bu nas smon pa'o//_//

[edit]
༄༅། །འཁྲུངས་རབས་གསོལ་འདེབས་མུཀྟི་ཀའི་དོ་ཤལ་གྱི་འགྲེལ་པ་རིག་འཛིན་མཁའ་འགྲོ་དགྱེས་པའི་མགུལ་རྒྱན་པདྨ་རཱ་གའི་ཕྲེང་བ་བཞུགས།

༄༅། །ཨོཾ་སྭསྟི་ཤྲཱི་བི་ཛ་ཡནྟུ། རང་སྣང་རྣམ་དག་ཆོས་སྐུའི་ཁབ་ན་ཟག་མེད་ཡོན་ཏན་ལྷུན་མཐོའི་ཁྲི་ལ་རྟག་ཏུ་གཡོ་བ་མེད་བཞུགས་ཤིང་། །དག་དང་མ་དག་གདུལ་བྱའི་གྲོང་ན་གང་འདུལ་སྐུ་ཡི་བཀོད་པའི་ཕོ་ཉ་དུས་ལས་ཡོལ་བ་མེད་བཀྱེས་ཏེ། །བཀའ་རྟགས་ཕྱག་རྒྱ་རྣམ་བཞིའི་ཆབ་ཤོག་ས་གསུམ་སྐྱེ་རྒུའི་རྣ་བར་བསྒྲགས་ནས་གཏན་བདེའི་བཅའ་ཁྲིམས་བཙན་བགྱིས་པ། །སྲིད་ན་མཉམ་མེད་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཉི་མའི་།གཉེན་ཁྱོད་ལགས་ཕྱིར་དངོས་པོ་ཀུན་གྱིས་བསྟི་སྟང་བགྱིད། །མཚན་མའི་རླབས་ཕྲེང་ཀུན་ནས་ཞི་བ་ཀུན་བཟང་ལྷ་ཡི་རྫིང་རིང་གང་དུ་སྐུ་དང་ཡེ་ཤེས་རྒྱ་མཚོའི་དཔལ། །ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་རང་གདངས་ཕྱིར་གསལ་རང་བཞིན་སྤྲུལ་སྐུའི་ཞིང་ན་མི་ཟད་རྒྱན་འཁོར་ལྔ་ཡི་སྤྲིན། །རྣམ་པར་དཀྲིགས་ལས་ཐུགས་རྗེའི་ཆར་གྱིས་འགྲོ་བའི་ལས་ཉོན་ཚ་གདུང་བཅིལ་བ་པད་འབྱུང་མཚན་གྱི་དབྱར་རྔའི་སྒྲ། །བདག་སོགས་མདོངས་ཅན་གདུལ་བྱའི་ཚོགས་ཀྱིས་ཐོས་འཛིན་བཅུད་དུ་ལོན་པའི་མོད་ལ་དད་གསུམ་ཟློས་གར་ཅིར་ཡང་རྩེན། །གཟུང་འཛིན་ལས་སྐྱེས་སྲིད་པའི་རུ་དྲ་གཉིས་མེད་ཡེ་ཤེས་ཆེན་པོའི་དབྱིངས་སུ་བདག་མེད་རྟོགས་པས་བསྒྲལ་བའི་ཁྲ༵ག །ཆོས་ཉིད་ངང་གིས་ཁྲོས་པའི་ཞལ་དུ་འཁོར་བའི་གཡུལ་ངོ་ཕམ་པའི་སྟོན་མོར་འཐུངས་པས་ཆེས་བཟི་འཆོལ་བའི་སྐུ། །བདུད་བཞིའི་སྡེ་ཀུན་འཇོ༵མས་པའི་རྣམ་པ་ཤིན་ཏུ་འབར་བ་ཆེན་པོའི་ཟིལ་གྱིས་སྟོང་ཁམས་མ་ལུས་འགེངས་བྱེད་པ། །རྡོ༵་རྗེ༵འི་མཚོན་ཆ་གདེངས་པ་ཅན་དངོས་མི་ཡི་གཟུགས་སུ་རྣམ་པར་རོལ་པ་གྲུབ་པའི་དབང་ཕྱུག་མཆོག་དེར་འདུད། །སྲིད་ཞིའི་ཆོས་ལ་ཞེན་པའི་འཇི༵གས་ཚོགས་མ་ལུས་ཡོངས་བྲ༵ལ་རྣམ་ཀུན་མཆོག་ལྡན་ཕྱག་རྒྱའི་བཞིན་ལ་རྗེས་ཆགས་པའི། །རྡུལ་བྲལ་ཡེ༵་ཤེ༵ས་མཆོག་གི་ཕུང་པོ་བདེ་བ་ཆེན་པོའི་ལང་ཚོར་རྒྱས་པའི་ཞབས་སེན་ཡིད་བཞིན་དབང་གི་རྒྱལ། །རིག་འཛིན་གྲུབ་པ་ཡོངས་ཀྱི་ཐོར་ཚུགས་མཐོན་པོར་བཅིངས་པའི་གཙུག་ན་མཛེས་པ་འཕུར་འགྲོའི་སློབ་དཔོན་ཨོ་རྒྱན་རྗེ། །རྡོ༵་རྗེ༵་བླ་མའི་ཟོལ་དུ་བྱོན་གང་སྐྱབས་ཀྱི་མཆོག་ཏུ་སྙིང་ནས་བསྟེན་ནོ་བྱང་ཆུབ་བར་དུ་དགོངས་ཤིག་ཀྱེ། །གང་ནའང་མི་གནས་རྒྱལ་བའི་གསུང་། །གསང་བ་བསམ་གྱིས་མི་ཁྱབ་པ། །གང་ལས་རྣམ་པ་ཐམས་ཅད་པར། །གསུངས་པའི་གསུང་གིས་ཤིས་པ་སྩོལ། །འདིར་གང་ཞིག་གླེང་བར་བྱ་བ་ནི། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཙམ་དད་པའི་ཀུ་ཤའི་རྩེ་མོས་བཅུས་ཏེ་སྐལ་ལྡན་གདུལ་བྱའི་རྣ་བའི་པདྨོའི་གསོས་སུ་སྨིན་པར་བྱ་བ་སྟེ། དེ་ལ་སྤྱིར་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་སྨོས་པ་དང་། དེ་ལས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་སྨོས་ཀྱིས་མི་ལང་བ་ལས་ཅུང་ཟད་བཀོད་པ་དང་། བྱེ་བྲག་ཏུ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཡེ་ཤེས་རྡོ་རྗེའི་རྣམ་པར་ཐར་པ་མདོར་བསྡུས་ཙམ་བཀོད་པ་སྟེ་ས་བཅད་གསུམ་དུ་བསྡུས་ཏེ་བསྟན་པར་བྱའོ། །དེ་ཡང་དང་པོ་ནི་དཀོན་མཆོག་བརྩེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ༑ ༑སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་ལྟར་རྒྱ་ཆད་ཕྱོགས་ལྷུང་གནས་དུས་མཐའ་དབུས་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ནི་མཐར་ཐུག་གི་བགྲོད་བྱ་དམ་པ་སངས་རྒྱས་ཆོས་ཀྱི་སྐུ་ཡི་གནས་ཏེ་ཡང་དག་དོན་གྱི་འོག་མིན་ཞེས་གསུངས་ཏེ་ཀུན་བྱེད་རྒྱལ་པོ་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་སོ། །འོག་མིན་ཞེས་པའི་སྒྲ་དོན་ནི་ཨ་ཀ་ནིཥྛ་ཞེས་པའི་སྒྲ་ལས་དམན་པར་མ་གྱུར་པའམ་འོག་ཏུ་མ་གྱུར་པ་གོང་དུ་གྱུར་པའམ་བླ་ན་མེད་པའི་དོན་ནོ། །དེ་ཡང་ཆོས་སྐུ་རང་གི་ངོ་བོ་ལ་མཚན་མར་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པས་མཚན་ཉིད་ཅིར་ཡང་བཞག་ཏུ་མེད་ཀྱང་། ནམ་མཁའི་ཡོན་ཏན་གོ་འབྱེད་པས་འབྱུང་བ་གཞན་ཀུན་གྱི་འཆར་གཞི་བྱེད་པའམ། དྲི་མ་དང་བྲལ་བའི་མེ་ལོང་གཟུགས་བརྙན་ཀུན་གྱི་འཆར་གཞི་བྱེད་པ་བཞིན་དུ་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་སྐུ་གཉིས་ཀྱི་རྟེན་ནམ་འཆར་གཞི་བྱེད་པའི་ཆ་ནས་ཆོས་སྐུའི་མཚན་ཉིད་དུ་བཞག་པར་མཛད་དོ། །དེ་ཡང་ཀུན་མཁྱེན་གྱིས། གནས་ཆོས་སྐུའི་ཞིང་ན། སྟོན་པ་རང་ཤེས་རིག་པའི་རྒྱལ་པོ། འཁོར་ཡེ་ཤེས་རྒྱ་མཚོ། དུས་ཆོས་ཉིད་འཕོ་འགྱུར་མེད་པ། ཆོས་རྫོགས་པ་ཆེན་པོ་ཞེས་མིང་ཚིག་ཡི་གེའི་བྱ་རྩོལ་ལས་འདས་པའི་བརྗོད་པ་དང་བྲལ་བ་སྟེ་གཉིས་མེད་ཀྱི་གཞི་གདོད་མའི་གནས་ལུགས་ལ་གདགས་པ་ཙམ་ལས་ཕུན་སུམ་ཚོགས་པ་ལྔ་རང་མཚན་པ་གང་ཡང་འཆད་དུ་མེད་པ་ཆོས་སྐུའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །ལོངས་སྐུའི་འོག་མིན་གྱི་མཚན་ཉིད་ནི་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་རང་གདངས་འོད་དང་འོད་ལས་གྲུབ་པའི་གནས་ངེས་པ་ཞིང་དང་གཞལ་ཡས་ཁང་དང་། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་རྒྱལ་བ་རིགས་ལྔ་ཡབ་ཡུམ་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པ་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི་འབྱོར་པ་དམ་པ་ལ་རྟག་པ་རྒྱུན་གྱི་འཁོར་ལོར་མངའ་དབང་བསྒྱུར་བས་ན་དབང་ཕྱུག་ཆེན་པོའི་གནས་ཞེས་གསུངས་སོ། །དུས་ངེས་པ་ཕུན་སུམ་ཚོགས་པ་འདས་དང་མ་འོངས་ད་ལྟ་སྟེ་དུས་གསུམ་ལས་འདས་པ་ཀ་དག་མཉམ་པ་ཉིད་ཀྱི་དུས་སོ། །སྟོན་པ་ངེས་པ་དཔལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་མཆོག་ཏུ་ཕུན་སུམ་ཚོགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ཡོན་ཏན་གྱི་དཔལ་ཡོན་ནམ་ཞི་བའི་ཚུལ་དགུ་དང་ཁྲོ་བོའི་གར་གྱི་ཉམས་དགུ་དང་ལྡན་པའི་རྣམ་པ་རང་ཤར་བའོ། །དེ་ཡང་། ཀུན་མཁྱེན་ཆེན་པོས། ལོངས་སྐུའི་འོག་མིན་ཆོས་སྐུའི་དབྱིངས་ལས་ཡེ་ཤེས་ཆེན་པོའི་སྣང་བར་རང་བྱུང་བ་འོད་ཀྱི་གཞལ་ཡས་ཁང་དང་གཙོ་འཁོར་དུ་སྣང་བ། ཡེ་ཤེས་ལྔའི་རིགས་སུ་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་ཆེན་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །དེའང་གཙང་མའི་གནས་སྤངས་ཞེས་པནི་དེ་ལས་འདས་པ་སྟེ། འཇིག་རྟེན་གྱི་སྣང་བ་ལས་འཕགས་པ་ཡིན་གྱི་དེ་ཡི་ཡ་རོལ་ན་ཡོད་པའི་ངེས་པ་མེད་དེ། སངས་རྒྱས་གང་ན་བཞུགས་པའི་རང་སྣང་ཡིན་པའི་ཕྱིར་རོ། །དེའང་བཟང་པོ་སྤྱོད་པ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པས། རྡུལ་ཕྲ་རབ་ཀྱི་ནང་ནའང་མི་བཞུགས་ཞེས་མི་བསམ་ཞིང་། དེ་ནའང་ལྷུན་སྟུག་པོ་བཀོད་པའི་ཞིང་སྣང་བར་མ་འགགས་སོ། །དེས་ན་གནས་ཀྱི་ཕྱོགས་བློས་ཕྱོགས་ཆར་ཆད་པ་ཞིག་ཏུ་བཙལ་མི་དགོས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཡོན་ཏན་གྱི་ཁྱད་པར་གང་དུ་སྣང་བ་དེ་ཉིད་རྒྱལ་བའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གནས་དེ་ཉིད་འོག་མིན་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་ཉིད་ཀྱི་རོལ་པ་ལས་གཞན་གྱི་ལོངས་སྤྱོད་མ་ཡིན་པའི་ཕྱིར་རོ། །དེ་ན་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས། མི་བསྐྱོད་པ་རྡོ་རྗེའི་རིགས། རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རིགས། འོད་དཔག་མེད་པདྨའི་རིགས། དོན་ཡོད་གྲུབ་པ་ལས་ཀྱི་རིགས་ཏེ། སོ་སོའི་དཀྱིལ་འཁོར་ཚོམ་བུ་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་རང་སྣང་བ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་སྣང་བའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་ཡང་གཅིག་ཏུ་མ་གྲུབ་སྟེ་སྣ་ཚོགས་སུ་སྣང་ཞིང་། དུ་མར་མ་གྲུབ་སྟེ་ལོངས་སྐུ་དེ་ཉིད་གཅིག་གི་རང་སྣང་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཞིང་དང་སྐུ་དང་ཡེ་ཤེས་སུ་སྣང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་སྤྱི་གཟུགས་ཏེ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ལ། སངས་རྒྱས་ལོངས་སྐུ་རྣམས་སྤྱི་མཐུན་པའི་སྣང་བའོ། །དེ་ན་སྣང་བའི་གཙོ་འཁོར་དེ་དག་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པའི་མཛོད་ཡིན་ཏེ། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་ངང་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འཁོར་ངེས་པ་ཕུན་སུམ་ཚོགས་པ་རྒྱལ་ཚབ་རིགས་ལྔ་འབྲས་བུའི་སེམས་དཔའ་སེམས་མ་དང་བཅས་པའི་ཚོགས་སོ། །ཆོས་ངེས་པ་ཕུན་སུམ་ཚོགས་པ་རྫོགས་པ་ཆེན་པོ་སྣང་སྲིད་ཡེ་སངས་རྒྱས་པའི་དོན་དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཆེད་དུ་གླེང་ངོ་ཞེས་པ་ལྟར་སྟོན་འཁོར་དགོངས་པ་གཉིས་སུ་མེད་པའི་ཚུལ་གྱིས་གསུངས་སོ། །དེ་ཡང་། ལོངས་སྐུའི་ཞིང་ཁམས་དང་། གཞལ་ཡས་ཁང་དང་། རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་བཤད་པ་འགྲེལ་ཊིཀ་རྣམས་ལས་ཤིན་ཏུ་གསལ་བར་གསུངས་པ་དང་། ཕྲན་གྱིས་སྦྱར་བའི་འབྲུག་ཐིམ་ཕུར་བཞེངས་པའི་མཆོད་རྟེན་ཆེན་མོའི་དཀར་ཆག་ལས་ཀྱང་གསལ་ཞིང་དམིགས་པ་ལ་དགའ་བས་དཔེ་མཚོན་བྲིས་འབུར་རྣམས་ལ་མཇལ་བས་ཀྱང་རྟོགས་སླ་བ་དང་། བྲིས་འབུར་རྣམས་ལས་རྟོགས་སུ་དཀའ་བའི་ཐེག་པ་ཐུན་མོང་ལས་གསུངས་པའི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའི་མཚན་དཔེ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ཀྱི་དགོངས་པ་ལྟར་སྨྲོས་པ་ལ། ཐུན་མོང་ལུགས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། ཕྱག་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ། ཞབས་མཐིལ་རུས་སྤལ་གྱི་ལྟོ་བ་འདྲ་བ། ཕྱག་ཞབས་ཀྱི་སོར་མོ་དྲྭ་བས་འབྲེལ་པ་བྱ་ངང་པ་འདྲ་བ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། ཞབས་མཐིལ་གཉིས། ཕྱག་མཐིལ་གཉིས། ཕྲག་པ་གཉིས། ལྟག་པ་དང་བདུན་པོ་ཀྱོང་མེད་པར་མཐོ་བ།སོར་མོ་རིང་བ། རྟིང་པ་ཡངས་པ། མི་བྱིངས་ལས་སྐུ་ཁྲུ་བདུན་གྱིས་ཆེ་ཞིང་དྲང་བ། པུས་མོའི་ལྷ་ང་ལོང་བུ་རྣམས་མི་འབུར་བ། སྐུའི་བ་སྤུ་རྣམས་རྩེ་མོ་གྱེན་དུ་ཕྱོགས་པ། བྱིན་པ་ཨེ་ན་ཡའི་བྱིན་པ་འདྲ་བ། ཕྱག་པུས་མོར་སླེབ་པས་རིང་བ། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། ལྤགས་པ་གསེར་གྱི་མདོག་ལྟར་སྣུམ་པ། ལྤགས་པ་འཇམ་པ། བ་སྤུ་ཐམས་ཅད་རེ་རེ་ནས་གཡས་སུ་འཁྱིལ་བ། ཞལ་གྱི་སྨིན་མཚམས་སུ་མཉེན་འཇམ་དཀར་བའི་མཛོད་སྤུས་བརྒྱན་པ། རོ་སྟོད་སེང་གེ་འདྲ་བ། དཔུང་མགོ་གཉིས་རྒྱས་ཤིང་ཟླུམ་པ། ཐལ་གོང་རྒྱས་པ་སྟེ་སྐུ་སྟོད་ཕྲག་ཚིགས་ནས་མཇིང་ཚིགས་བར་གྱི་ཆ་ཤས་རྒྱས་པ། ཟས་རོ་མི་ཞིམ་པ་བཞེས་ཀྱང་རོ་མཆོག་ཏུ་འགྱུར་བ། སྐུའི་རིང་ཐུང་དང་འདོམ་སྙོམས་པ་ཤིང་ནྱ་གྲོ་དྷ་འདྲ་བ། གཙུག་ཏོར་གཡས་འཁྱིལ་སོར་བཞི་པ་དབུའི་སྟེང་དུ་ཡོད་པ། ལྗགས་རིང་བ། གསུང་ཚངས་དབྱངས་འདྲ་བ། འགྲམ་པ་ཟླུམ་པ། ཚེམས་དཀར་བ། ཚེམས་ཆེ་ཆུང་སྙོམས་པ། ཚེམས་ཐག་བཟང་བ། ཚེམས་བཞི་བཅུ་ཐམ་པ་ཚང་བ། སྤྱན་འབྲས་མཐོན་མཐིང་འདྲ་བ། སྤྱན་གྱི་རྫི་མ་ཁྱུ་མཆོག་གི་རྫི་མ་འདྲ་བ་རྣམས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་དང་། སེན་མོའི་མདོག་སྣུམ་པ་དང་། སེན་མོ་ལ་ཤང་གཤོང་མེད་པས་མཐོ་བ་དང་། སོར་མོ་རྣམས་དབྱིབས་ཟླུམ་པ་དང་།སོར་མོ་རྣམས་ཤ་རྒྱས་པ་དང་། སོར་མོ་རྣམས་རྩེ་མོ་བྱིན་གྱིས་ཕྲ་བ་དང་། ལུས་ཀྱི་རྩ་ཡེ་མི་མངོན་པ་དང་། རྩ་ལ་མདུད་པ་མེད་པ་དང་། ཞབས་ཀྱི་མཁྲིག་མའི་ནང་གི་ལོང་བུ་ཆུང་མི་མངོན་པ་དང་། ཞབས་རིང་ཐུང་མེད་པས་མཉམ་པ་དང་། སེང་གེའི་སྟབས་སུ་བརྗིད་པར་གཤེགས་པ་དང་། གླང་པོ་ཆེའི་སྟབས་སུ་ཐད་ཀར་གཤེགས་པ་དང་། བྱ་ངང་པའི་སྟབས་སུ་ནམ་མཁར་གཤེགས་པ་དང་། སེམས་ཅན་གྱི་སྣ་འབྲེལ་པས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཡས་ཕྱོགས་སུ་ཟློག་ཅིང་གཤེགས་པ་དང་། ལྟ་ན་སྡུག་ཅིང་མཛེས་པར་གཤེགས་པ་དང་། མི་གཡོ་བར་དྲང་པོར་གཤེགས་པ་དང་། ཤ་རྒྱས་ཤིང་འགྱིང་ལེགས་པས་སྐུ་འཁྲིལ་བགས་ཆགས་པ་དང་། གཙང་ཞིང་དག་པས་བྱི་དོར་བྱས་པ་འདྲ་བ་དང་། རིང་ཐུང་དང་སྦོམ་ཕྲ་སོགས་ཐད་ཀར་མ་འཆོལ་ནས་གྲིམ་པར་འཚམས་པ་དང་། སྐུ་རྣམ་པར་དག་པས་གཙང་བ་དང་།སྐུ་རེག་བྱ་འཇམ་པ་དང་། སྐུ་དྲི་མས་རྣམ་པར་དག་པ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡོངས་སུ་རྫོགས་པ་ཚང་བ་དང་། སྐུའི་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་ཁྱད་པར་བཟང་བ་དང་། གོམ་པ་ཆེ་ཆུང་མེད་པས་སྙོམས་པ་དང་། སྤྱན་གཉིས་ར་རི་སོགས་མེད་པས་རྣམ་པར་དག་པ་དང་། སྐུ་ཤིན་ཏུ་འཇམ་ཞིང་མཉེན་པས་གཞོན་ཤ་ཅན་ཉིད་དང་། སྐུའི་ཤ་ཞུམ་པ་མེད་པ་དང་། སྐུའི་ཤ་ཤིན་ཏུ་རྒྱས་པ་དང་། ཤ་མི་ལྷོད་པས་སྐུ་ཤིན་ཏུ་གྲིམ་པ་དང་། ཡན་ལག་དང་ཉིང་ལག་གི་ལྷུ་ཚིག་རྣམས་རིང་ཐུང་དང་སྦོམ་ཕྲ་འཚམས་པས་ཤིན་ཏུ་རྣམ་པར་འབྱེད་པ་དང་། གཟིགས་པ་གློ་བུར་གྱི་དྲི་མས་རབ་རིབ་མེད་ཅིང་རྣམ་པར་དག་པ་དང་། དཀུ་སྟེ་ལྟེ་བའི་འོག་ཕྱོགས་ཀྱི་སྐེད་སྐབས་འཚམས་པས་དབྱིབས་ཟླུམ་པ་དང་། སྐེད་སྐབས་ཕྱེད་པས་དཀུ་སྐབས་ཕྱེ་བ་དང་། སྐེད་པ་ཧ་ཅང་མི་རིང་བས་དཀུ་མ་རྙོང་བ་དང་། ལྟོ་བ་མཐོ་དམན་མེད་པས་ཕྱལ་ཕྱུང་ངེ་བ་དང་། ལྟེ་བ་གཏིང་ཟབ་ཅིང་རིང་བ་དང་། ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་དང་། སྤྱོད་ལམ་ཀུན་ནས་ལྟ་ན་སྡུག་ཅིང་མཛེས་པ་དང་། སྒོ་གསུམ་ཀུན་ཏུ་སྤྱོད་པར་བརྩོན་པ་དང་། སྐུ་ལ་རྨེ་བ་དང་ཁ་དོག་གནག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་། ཕྱག་གི་རི་མོ་ལ་འོད་ཀྱི་མདངས་གསལ་བར་ཡོད་པ་དང་། ཕྱག་གི་རི་མོ་རྒྱང་རིང་པོ་ནས་གསལ་བས་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་དཀྱུས་ཧ་ཅང་མི་རིང་ཞིང་འཚམས་པ་དང་། ཞལ་མཆུ་ནི་བིམ་པའི་ཤིང་འབྲས་ལྟར་དམར་ཞིང་དྭངས་པ་དང་། ལྗགས་བདེ་ཞིང་མཉེན་པ་དང་། ལྗགས་པད་འདབ་ལྟར་སྲབ་པ་དང་། ལྗགས་དམར་བ་དང་། གསུང་འབྲུག་གི་སྒྲ་ལྟར་ཟབ་པ་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་། མཆེ་བ་དབྱིབས་ཟླུམ་པ་དང་། མཆེ་བ་རྩེ་རྣོ་བ་དང་། མཆེ་བ་མདོག་དཀར་བ་དང་།མཆེ་བ་རིང་ཐུང་མཉམ་པ་དང་། མཆེ་བ་རྩ་བ་ནས་རྩེ་མོར་བྱིན་གྱིས་ཕྲ་བ་དང་། ཤངས་ཀྱི་གཟེངས་མཐོ་ཞིང་དོད་པ་དང་། ཤངས་སྣབ་སོགས་ཀྱིས་མཆོག་ཏུ་དག་པས་གཙང་བ་དང་།སྤྱན་དཀྱུས་རིང་ཞིང་ཡངས་པ་དང་། ཡས་མན་གྱི་རྫི་མ་སྟུག་པ་དང་། སྤྱན་པདྨའི་འདབ་མ་རངས་པ་སྟེ་རྫོགས་པ་དང་། སྨིན་མ་གཡས་གཡོན་འབྲེལ་བས་སྨིན་ཚུགས་རིང་བ་དང་། སྨིན་མ་རེག་བྱ་འཇམ་པ་དང་། སྨིན་མ་མདོག་སྣུམ་པ་དང་། སྨིན་མའི་སྤུ་རིང་ཐུང་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་པ་དང་། སྙན་རིང་ཐུང་དང་ཆེ་ཆུང་མཉམ་པ་དང་། སྙན་གྱི་དབང་པོ་སྒྲ་ལ་འཇུག་པའི་བྱེད་པ་མཉམ་པ་དང་། དཔྲལ་བའི་སྐྲ་མཚམས་ལེགས་པར་འབྱེད་པ་སྟེ་ཕྱེས་པ་དང་། དཔྲལ་བ་དབྱེས་ཏེ་རྒྱ་ཁྱོན་ཆེ་བ་དང་།དབུ་གདུགས་ལྟར་ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་རྡོ་བུང་བ་ལྟར་ཁ་དོག་གནག་པ་དང་། བར་མཚམས་མེད་པས་དབུ་སྐྲ་སྟུག་པ་དང་། དབུ་སྐྲ་རེག་བྱ་འཇམ་པ་དང་། དབུ་སྐྲ་ཕན་ཚུན་མ་འཛིངས་པ་དང་། དབུ་སྐྲ་མི་གཤོར་བ་སྟེ་གྱེན་དུ་བརྫེས་པ་དང་། དབུ་སྐྲ་དྲི་ཞིམ་པས་སྐྱེ་བོ་ཐམས་ཅད་ཡིད་འཕྲོག་པ་དང་། ཕྱག་ཞབས་ཀྱི་མཐེ་བོང་ལ་རྡོ་རྗེའི་རི་མོ་ལྟ་བུ་དཔལ་བེའུ་དང་། མཐིལ་ལ་རི་མོ་གྲུ་བཞི་པ་བཀྲ་ཤིས་དང་། སྲིན་ལག་ལ་རི་མོ་བདུན་གཡས་སུ་འཁྱིལ་བ་གཡུང་དྲུང་གིས་བརྒྱན་པ་རྣམས་སོ། །འདི་དག་སངས་རྒྱས་རྣམས་ཀྱི་ནང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་གཞན་ལ་གོ་བར་བྱེད་པའི་ཕྱིའི་དཔེ་ལྟ་བུའི་ཆ་བྱད་ཡིན་པས་ན་དཔེ་བྱད་དོ། །ཐུན་མོང་མ་ཡིན་པ་གསང་སྔགས་བླ་མེད་ལུགས་ཀྱི་མཚན་དཔེ་ནི་གཙོ་བོ་སྟོན་པ་རིགས་ལྔའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་དང་། དེ་དག་གི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། སེམས་དཔའ་བཅུ་དྲུག་པོ་རེ་རེ་ལའང་ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་རང་རྟགས་རིགས་ལྔ་ལྔས་དབུ་རྒྱན་གྱི་རིགས་ལྔ་བརྒྱད་ཅུའོ། །དེ་ཡང་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པས། ཡུམ་བཅུ་དྲུག་ལ་དབུ་རྒྱན་མེད་དེ་ཆོས་དབྱིངས་མཚོན་པའི་ཕྱིར་རོ། །དེ་དག་མཚན་དཔེར་འཇོག་པ་ནི་འཁོར་ཕུན་སུམ་ཚོགས་པས་གཙོ་བོའི་རང་བཞིན་ཡང་མཛེས་ཤིང་ཕུན་སུམ་ཚོགས་པ་སྟེ་མེ་ཏོག་གི་ཟེའུ་འབྲུ་དང་འདབ་མས་མེ་ཏོག་གི་བཀོད་པ་མཛེས་པར་བྱེད་པ་ལྟ་བུའོ་ཞེས་གསུངས་སོ། །འདིར་ལོངས་སྐུ་ཞི་བ་ལྷུན་གྱིས་གྲུབ་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་རང་རྩལ་ཁྲོ་བོ་རོལ་པའི་དཀྱིལ་འཁོར་གྱི་རྣམ་བཤད་མདོ་ཙམ་སྤྲོས་པའི་སྐབས་སུ་བབས་ཀྱང་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་གཞུང་རྣམས་ལས་རྒྱས་པར་གསལ་བས་འདིར་མ་སྤྲོས་སོ། །སྤྲུལ་སྐུའི་འོག་མིན་ལ་རང་བཞིན་སྤྲུལ་སྐུའི་འོག་མིན་གྱི་མཚན་ཉིད་ནི། དབུས་སུ་སྟུག་པོ་བཀོད་པ། ཤར་ན་མངོན་པར་དགའ་བ། ལྷོ་ན་དཔལ་ལྡན་བརྩེགས་པ། ནུབ་ན་པདྨ་བརྩེགས་པའམ་བདེ་བ་ཅན། བྱང་ན་ལས་རབ་རྫོགས་པ་སྟེ་ཞིང་ཁམས་ལྔར་སྣང་བ་ལ་དབུས་ན་རྣམ་པར་སྣང་མཛད། ཤར་ན་རྡོ་རྗེ་སེམས་དཔའམ་མི་བསྐྱོད་པ། ལྷོ་ན་རིན་ཆེན་འབྱུང་ལྡན། ནུབ་ན་སྣང་བ་མཐའ་ཡས། བྱང་ན་དོན་ཡོད་གྲུབ་པ་སྟེ་སྟོན་པ་རིགས་ལྔས་འཁོར་ས་བཅུའི་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའི་ཆོས་གསུང་གི་སྒྲ་ཚིག་གིས་མ་ཡིན་པར་ཞལ་དང་ལྗགས་ལས་འོད་ཟེར་འཕྲོས་པའི་རྩེ་ལས་རང་སྣང་ཞིང་། སྟོན་པའི་སྐུ་དྲི་མ་མེད་པའི་མེ་ལོང་ལྟ་བུའི་སྐུ་ལ་འཁོར་གྱིས་མཇལ་བ་ཙམ་གྱིས་འཁོར་དེ་དག་གི་སྒྲིབ་པ་ལྷག་མ་གང་ཡོད་པ་རྣམས་སྟོན་པའི་སྐུ་ལ་ལྷམ་མེར་ཤར་བ་ལས་རྟོགས་ཏེ་སྒྲིབ་པ་མ་ལུས་པ་བྱང་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །སྤྲུལ་སྐུའི་གཙང་མ་རིས་ཀྱི་འོག་མིན་གྱི་མཚན་ཉིད་ནི་དྭངས་མ་འོད་ཀྱི་རང་བཞིན་ལས་གྲུབ་པའི་གནས་དང་། གཞལ་ཡས་ཁང་ལ་སོགས་པ་རྒྱན་དང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་བརྒྱན་པ་དེར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པའི་ལོངས་སྐུའི་ཡོན་ཏན་དང་མཐུན་པའི་སངས་རྒྱས་ཀྱི་སྐུར་བསྟན་ནས་འཁོར་ལྷ་དང་གྲུབ་པ་དང་རིགས་སྔགས་འཆང་བའི་དབང་པོ་ཚད་མེད་པ་ལ་ཀྲི་ཡ་ཨུ་པ་ཡོ་ག་ལ་སོགས་ཐེག་པ་དུ་མས་འདུལ་བར་སྟོན་ཏོ། །དེ་ལྟ་བུའི་སངས་རྒྱས་སྐུ་གསུམ་གྱི་ཡོན་ཏན་ཕྱོགས་བཅུ་དུས་གསུམ་ཀུན་ཏུ་དུས་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་རེ་ཞིག་འཇིག་རྟེན་འདི་ཉིད་དུ་ཐུགས་རྗེ་ཡས་སྤྲུལ་གྱི་སྤྲུལ་པས་དོན་མཛད་ཚུལ་ནི། བསྐལ་པ་མང་པོའི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པའི་ཚེ་བདག་ཅག་གི་སྟོན་པ་འདི་ཉིད་རྫ་མཁན་གྱི་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་ནས་གདུགས་དང་མཆིལ་ལྷྭམ་མགྲོན་བུ་ལྔ་བརྒྱ་བཅས་མེ་ཏོག་གི་ཚུལ་དུ་ཕུལ་ནས། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་འགྲུབ་པར་ཤོག །ཅེས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེ་ནས་གྲངས་མེད་དང་པོ་ལ་རྣམ་འདྲེན་ཡུལ་འཁོར་སྐྱོང་ལ་སོགས་པ་སངས་རྒྱས་ལྔ་ཁྲི་ལྔ་སྟོང་གི་བདག་རྐྱེན་ལ་བརྟེན་ནས་ཚོགས་གཉིས་ཀྱི་དཔུང་སྟོབས་བསྐྱེད་དེ་ཚོགས་ལམ་དང་སྦྱོར་ལམ་མངོན་དུ་མཛད། གྲངས་མེད་གཉིས་པ་ལ་རྣམ་འདྲེན་ལེགས་མཛད་ལ་སོགས་པ་སངས་རྒྱས་དྲུག་ཁྲི་དྲུག་སྟོང་མཆོད་དེ་ས་དང་པོ་ནས་བདུན་པའི་བར་དུ་རྫོགས་པར་མཛད། གྲངས་མེད་གསུམ་པ་ལ་རྣམ་འདྲེན་མར་མེ་མཛད་ནས་འོད་སྲུང་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལས་དགེ་བའི་ཚོགས་བསྐྱེད་ཅིང་དག་པ་ས་གསུམ་མངོན་དུ་མཛད་པ་སྟེ་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ལ་འཕགས་པ་གནས་བརྟན་སྡེ་པའི་གཞུང་ལ་སོགས་ཉན་ཐོས་པ་རྣམས་ཀྱི་འདོད་ཚུལ་ལྟར་ན་འོ་སྐོལ་གྱི་རྣམ་འདྲེན་བཞི་པ་འདི་ཉིད་སོ་སོའི་སྐྱེ་བོ་སྲིད་པ་མཐའ་མ་པ་དབང་པོ་རྣོན་པོ་ཅན་ཞིག་འཚང་རྒྱ་བར་འདོད་པ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་གཞུང་ལ་སོགས་པ་ལས་ཐོག་མར་འོག་མིན་དུ་སངས་རྒྱས་ནས་གདོད་ཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་པར་འདོད་པ་སྟེ་ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡིས། །འོག་མིན་གནས་མཆོག་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་བཤད་དོ། །དོན་སྙིང་པོར་བསྡུ་ན། སྔ་འགྱུར་བའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ལས། འདིར་ངེས་དོན་གྱི་སྙིང་པོ་བླ་ན་མེད་པའི་ཚུལ་ལྟར་ན།འོ་སྐོལ་གྱི་སྟོན་པ་འདི་ཐོག་མ་མེད་པའི་དུས་ནས་གཞི་གདོད་མའི་དབྱིངས་སུ་རང་རིག་པའི་ཡེ་ཤེས་གྲོལ་བས་མངོན་པར་བྱང་ཆུབ་སྟེ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་སྤྲུལ་པ་སྐུའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས། གདུལ་བྱ་རྣམས་སོ་སོའི་སྐལ་བ་དང་འཚམས་པར་བྱང་ཆུབ་གསུམ་ལ་འགོད་པའི་ཕྲིན་ལས་ཚད་མེད་པས་འདུལ་བར་མཛད་པ་སྟེ། ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔོན་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱིའི་དུས་ཀུན་ཏུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་ཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་བསྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆང་ཞིང་། །དཔག་མེད་འགྲོ་བའི་དོན་མཛད་དོ། །ཞེས་དང་། རྩ་རྒྱུད་གསང་བ་སྙིང་པོ་ལས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཐོན་ནས་ཀྱང་ལས་ཀྱི་དབང་གིས་སྤེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་གསུངས་ཤིང་། དེ་ལྟར་གསང་སྔགས་ཀྱི་རྒྱུད་རྣམས་སུ་གསུངས་པར་མ་ཟད་ཟབ་མོའི་མདོ་སྡེ་རྣམས་ལས་ཀྱང་ཚུལ་མཐུན་པར་འབྱུང་སྟེ། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་དང་། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་གདུལ་བྱ་དང་མཐུན་པར་འཇུག་པ་སྤྲུལ་པའི་སྐུ་དེ་ལའང་དབྱེ་ན།མདོ་སྡེ་རྒྱན་ལས། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་ཉིད་ལ་གནས། །བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་པས་བརྟན་གཡོ་སྣ་ཚོགས་པའི་སྣང་བརྙན་དུ་འཆར་བས་དཔག་ཏུ་མེད་ཀྱང་གཙོ་ཆེ་བའི་ངོས་ནས་བསྡུས་ན། བཟོ་དང་། སྐྱེ་བ་དང་། མཆོག་གི་སྤྲུལ་པ་གསུམ་དུ་གསུངས་པ་ལས། མཆོག་གི་སྤྲུལ་པའི་སྐུ་ཆེན་པོའི་མཛད་པ་སྟོན་ཚུལ་གྱི་དབང་དུ་བྱས་ན། སྒྱུ་འཕྲུལ་རྩ་རྒྱུད་དུ་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་པར་གསུངས་ཏེ། ལྷུམས་སུ་འཇུག་པ་ནས་མྱ་ངན་ལས་འདའ་བའི་བར་སྟོན་པ་སྐུ་བསོད་ནམས་ཆེན་པོས་འདུལ་བ་དང་། ཆོས་ཀྱི་ཕུང་པོ་མཐའ་ཡས་པ་སྟོན་པ་ནི་གསུང་རིག་པས་འདུལ་བ་དང་། མངོན་པར་ཤེས་པ་དྲུག་གིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པས་དོན་མཛད་པ་ནི་ཐུགས་མངོན་སུམ་པས་འདུལ་བ་དང་། སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་གྱི་རྣམ་པ་དེ་དང་དེར་སྟོན་པ་ནི་ཡོན་ཏན་དང་ཕྲིན་ལས་ཀྱི་མཛད་པ་སྟེ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བའོ། །དེ་ལས་སྐུ་བསོད་ནམས་ཆེན་པོས་འདུལ་བའི་མཛད་པ་ལ་སྟོན་པ་སྤྲུལ་པའི་སྐུའི་མཛད་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་གྲངས་སོགས་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་ཅིང་ཐེག་ཆེན་གྱི་མདོ་སྡེ་རྣམས་སུའང་མང་ཉུང་ཅི་རིགས་འབྱུང་བ་འགལ་བར་མི་འདུ་ལ། འདིར་གཙོ་ཆེ་བ་ཛམ་བུའི་གླིང་འདིར་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པའི་དབང་དུ་བྱས་ན། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་པས། བདག་ཅག་གི་སྟོན་པ་འདི་དགའ་ལྡན་ལྷའི་གནས་རིས་བཟང་པོ་ན་ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ནས། ལྷ་རྣམས་ལ་ཆོས་སྟོན་ཅིང་དེ་རྣམས་དང་ཐབས་གཅིག་གོ། །ཞེས་གསུངས་པའི་ཚུལ་ལས་དོན་བསྡུས་ཏེ་སྨོས་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་ལྷའི་གནས་སུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་བཟུང་སྟེ་ཆོས་ཀྱི་ཁྲི་ལས་ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པའི་སྐབས་ན་ལྷའི་རོལ་མོའི་སྒྲ་ལས། བསོད་ནམས་བརྒྱ་ཡི་ཚོགས་མང་དྲན་སྟོབས་ལྡན། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་སྔོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐབས་དེ་བཞིན་གཤེགས་པས་ཇི་ལྟར་ལུང་བསྟན་པའི་རོལ་མོའི་སྒྲ་ལས་རང་བྱུང་བས། ཉིད་ཀྱི་རྒྱལ་ཚབ་ཏུ་བྱམས་པ་བསྐོས་ནས། །གླིང་ཛམ་གླིང་ལས་ཀྱི་ས་པ་ལ་གཟིགས་པ། དུས་སྐྱོ་ཤས་ཆེ་ཞིང་ལོག་ལྟ་ཆུང་བ་ཆོས་བསྟན་པ་དོན་དང་ལྡན་པ་ཚེ་ལོ་བརྒྱ་པའི་དུས་སུ་གཟིགས་པ།སངས་རྒྱས་ལ་རིགས་ཀྱི་སྙེམས་པ་གཏན་ནས་མི་མངའ་ཡང་སྐྱེ་བོ་རྣམས་རིགས་ལ་མངོན་པར་ཞེན་པའི་ཤུགས་ཀྱིས་དེའི་ཚེ་རྒྱལ་རིགས་ལ་མཆོག་ཏུ་འཛིན་པས་རིགས་བུ་རམ་ཤིང་པའི་རིགས་ལ་གཟིགས་པ། ཡབ་དང་ཡུམ་ལ་གཟིགས་པ་ནི་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་ཡབ་དང་ཡུམ་དུ་གྱུར་པ་ཡབ་རྒྱལ་པོ་ཟས་གཙང་དང་། ཡུམ་སྒྱུ་མ་ལྷ་མཛེས་ལ་གཟིགས་པ་སྟེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ། བྲམ་ཟེའི་རིགས་བྱེད་ལས་བསྔགས་པ་ལྟར་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གས་ཉ་བའི་བཅོ་ལྔ་ལ་ཡུམ་གསོ་སྦྱོང་ལ་གནས་པའི་སྐབས་སུ་གློ་གཡས་པ་ནས་ལྷུམས་སུ་ཞུགས་སོ། །ས་བཅུ་མཚོན་པའི་རྟགས་སུ་ཟླ་བ་བཅུ་ལྷུམས་སུ་བཞུགས་པའི་མཐར་ལུམྦིའི་ནི་ཡི་ཚལ་དུ་ཡུམ་གྱི་རྩིབས་ལོགས་གཡས་པ་ནས་གནོད་པ་མེད་པར་འཁྲུངས་སོ། །འཁྲུངས་མ་ཐག་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞིའི་ལམ་ལ་ཐུགས་ཕྱོགས་པ་སྟོན་པའི་ཕྱིར་ཕྱོགས་བཞིར་གོམ་པ་བདུན་བདུན་དོར་བ་དང་། གོམ་པ་གང་དུ་དོར་བའི་ཤུལ་ན་མེ་ཏོག་པདྨ་རེ་སྐྱེས་ཤིང་། ས་ཆེན་པོ་འདིའང་རབ་ཏུ་གཡོས། འོད་ཟེར་གྱི་སྣང་བ་ཆེན་པོས་ཁྱབ། ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ནོ། །ཞེས་པ་ལ་སོགས་གསུངས་པ་ན་ལྷ་རྣམས་ཀྱིས་གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམས་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །ཡང་དེའི་ཚེ་མ་ག་དྷ་རུ་རྒྱལ་པོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལར་རྒྱལ་པོ་ཨ་ནཱནྡ་ཚངས་སྦྱིན་གྱི་བུ་གསལ་རྒྱལ། གྲོང་ཁྱེར་རྡོ་འཇོག་ཏུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་། བཻ་ཤ་ལིའི་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་པ་སྟེ་ཁམས་ཀྱི་རྒྱལ་ཕྲན་བཞི་ལ་བུ་བཞི་བཙས། གཅུང་དགའ་བོ་ལ་སོགས་པ་ཤཱཀྱ་གཞོན་ནུ་ལྔ་བརྒྱ། གྲགས་འཛིན་མ་སོགས་བུ་མོ་བརྒྱད་བརྒྱ། འདུན་པ་སོགས་བྲན་འཁོར་ལྔ་བརྒྱ། ཅང་ཤེས་བསྔགས་ལྡན་ལ་སོགས་པ་རྟ་མཆོག་ལྔ་བརྒྱ་ཡང་བཙས། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་། སྐྱེད་ཚལ་ལྔ་བརྒྱ། གཏེར་ལྔ་བརྒྱ་ཡང་བྱུང་བས་རྒྱལ་པོ་ཟས་གཙང་གི་དོན་ཐམས་ཅད་འབད་རྩོལ་མ་དགོས་པར་གྲུབ་པས་སྲས་ཀྱི་མཚན་ལ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཞེས་དང་། ཤཱཀྱ་གཞོན་ནུ་རྣམས་ཐུབ་པ་ལྟར་སྣང་བས་ཤཱཀྱ་ཐུབ་པ་ཞེས་ཀྱང་བཏགས་སོ། །དེ་ནས་བྲམ་ཟེ་མཚན་མཁན་ལ་བསྟན་པས་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བར་ལུང་བསྟན། དེའི་ཚེ་རི་རབ་ཀྱི་ངོས་ལ་དྲང་སྲོང་མདོག་ནག་གམ་ཉོན་མོངས་མེད་ཅེས་བྱ་བ་ཞིག་གནས་པས་མངོན་ཤེས་ཀྱིས་ལྟས་ཁྱད་པར་ཅན་རྣམས་མཐོང་ནས་རྒྱལ་པོའི་ཕོ་བྲང་དུ་རྫུ་འཕྲུལ་གྱིས་བརྟོལ་ཏེ་རྒྱལ་བུའི་མཚན་མ་བརྟག་པ་ན་སྔར་མཚན་མཁན་གཞན་གྱི་རྟོག་པ་འཁྲུལ་པ་སྟེ། རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །ཉེས་ལས་རྣམ་པར་རྒྱལ་བའི་མཆོག་འདི་ནི། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་འགྱུར། །ཞེས་བཤད་དོ། །བཙས་ནས་ཞག་བདུན་ན་ཡུམ་ཚེའི་དུས་བྱས། སྐྱེ་རྒུའི་བདག་མོ་ལ་སོགས་པའི་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་སྐྱེད་བསྲིངས། །དེ་ནས་ཀུན་གྱི་བཤེས་གཉེན་དང་། སྲིན་བུ་གོ་ཆ་ལ་སོགས་པའི་དྲུང་དུ་ཕྱིན་ཏེ་ཡི་གེ་དང་། འཕོང་དང་། སྒྱུ་རྩལ་སོགས་ལ་སྦྱངས་པ་སོགས་བཟོ་རིགས་ཀྱི་གནས་ལ་མཐར་ཕྱིན་པར་བྱས། ལྷས་བྱིན་དང་གཅུང་དགའ་བོ་ལ་སོགས་པ་རྣམས་དང་ཉག་ཕྲན་གྱི་སྦྱོར་བས་ཏཱ་ལའི་ལྗོན་པ་དང་། ལྕགས་ཀྱི་ཕ་གུ་དང་སླ་ང་རྣམས་བདུན་བདུན་བརྩེགས་པ་བྱང་ཆུབ་སེམས་དཔས་ཐམས་ཅད་ཐལ་མར་ཕུག་པ་དང་། གཞན་ཡང་གླང་པོའི་གཉའ་བ་ལ་ཞོན་པ་དང་། ཆུ་ཀླུང་ཆེན་པོར་ངང་པ་ལྟར་རྐྱལ་བ་ལ་སོགས་བྱང་ཆུབ་སེམས་དཔའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་གནས་ཐམས་ཅད་ལ་སུས་ཀྱང་འགྲན་ནུས་པར་མ་གྱུར་ཏོ། །ས་འཚོ་མ་དང་། གྲགས་འཛིན་མ་དང་། རི་དྭགས་སྐྱེས་ཏེ་རང་རང་ལ་འཁོར་ཉི་ཁྲིའི་ཚོགས་དང་བཅས་བཙུན་མོའི་མཆོག་དྲུག་ཁྲི་ཁབ་ཏུ་བཞེས་ནས་འདོད་ཡོན་གྱི་སྣང་བ་ལ་སྒྱུ་མ་ལྟ་བུར་ལོངས་སྤྱད་པ་སྟེ་ཀུན་མཁྱེན་འཇིགས་མེད་གླིང་པས། འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །ཡབ་གཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཞེས་ཇི་ལྟར་བསྔགས་པར་མཛད་པ་བཞིན་བཙུན་མོའི་འཁོར་ལ་དགྱེས་པར་རོལ་པ་དང་། རེ་ཞིག་ཚེ་སྔོན་གྱི་སྨོན་ལམ་གྱི་མཐུ་སད་དེ་སིལ་སྙན་གྱི་སྒྲ་ལས་ངེས་པར་འབྱུང་བར་བསྐུལ་བ་ལས། འདུན་པས་ཤིང་རྟའི་ཁ་ལོ་བསྒྱུར་ཏེ་གྲོང་ཁྱེར་གྱི་ཕྱོགས་བཞིར་སྐྱོ་སངས་ལ་གཤེགས་པ་ན་མི་ཡི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞིའི་རང་མཚང་མངོན་དུ་གཟིགས་ནས་ཤིན་ཏུ་ཐུགས་དབྱུང་སྟེ་རྒྱལ་སྲིད་ལས་ངེས་པར་འབྱུང་བ་ལ་དམ་བཅས། ཡབ་ཡུམ་གྱིས་མ་གནང་བའི་མཐའ་བསལ་ཏེ་ཆིབས་བསྔགས་ལྡན་གྱི་སྟེང་ལ་བཅིབས་ཏེ་རྒྱལ་པོ་ཆེན་པོ་སྡེ་བཞིའི་སྲི་ཞུ་དང་བཅས་ཏེ་ནམ་མཁའི་དབྱིངས་ནས་གཤེགས་སོ། །དེ་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་གཤེགས་ཏེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་ཅིང་། ཤ་ནའི་གོས་དང་དུར་སྨྲིག་བརྗེས་ནས་གསོལ་ཏེ་ཁྱིམ་པའི་རྟགས་དོར། རིང་འཕུར་དང་། ལྷག་སྤྱོད་གཉིས་ལས་ཅི་ཡང་མེད་པ་དང་སྲིད་རྩེའི་ཏིང་ངེ་འཛིན་མངོན་དུ་མཛད། རྒྱལ་པོ་ཟས་གཙང་གིས་གཞོན་ནུ་རིམ་གྲོ་བ་མེད་པར་འཁྱམས་པ་ཐོས་ནས་རིམ་གྲོ་བྱེད་པ་སུམ་བརྒྱ་བཏང་།ཤཱཀྱ་ལེགས་པ་རབས་སད་ཀྱིས་ཀྱང་དེ་བཞིན་དུ་ཐོས་ནས་རིམ་གྲོ་བྱེད་པ་ཉིས་བརྒྱ་སྟེ་ལྔ་བརྒྱ་བཏང་བར་བརྒྱ་ཕྲག་རེ་རེ་ནས་ཀུན་ཤེས་ཀཽ་ཌི་ནྱ། རྟ་ཐུལ། བཟང་ལྡན། རླངས་པ། མིང་ཆེན་ཏེ་རིམ་གྲོ་བ་མི་ལྔ་བཞག་སྟེ་གཞན་རྣམས་ཕྱིར་སློག་པས་གོང་གི་མི་ལྔ་ལ་ལྔ་སྡེ་བཟང་པོ་ཞེས་སྟོན་པའི་འཁོར་གྱི་ཐོག་མར་བྱུང་བའོ། །དེ་ནས་སྟོན་འཁོར་དྲུག་པོ་ཆུ་ཀླུང་ཆེན་པོ་ནི་རཉྫ་ནའི་འགྲམ་དུ་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ་དང་། ལོ་བར་མ་གཉིས་ལ་ཆུ་ཐིག་པ་རེ། ལོ་ཐ་མ་གཉིས་ལ་ཅི་ཡང་མ་གསོལ་བར་དཀའ་ཐུབ་ཀྱི་ཏིང་ངེ་འཛིན་ལོ་དྲུག་བསྟེན་ནོ། །དེའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་སེམས་མ་རྣམས་དང་། ལྷ་རྣམས་ཀྱིས་འགྲོ་བའི་དོན་དུ་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་སྙིང་པོར་རབ་ཏུ་བསྐུལ་ལོ། །དེར་ངལ་ཞིང་དུབ་པའི་མཐའ་བསལ་བའི་ཕྱིར་རགས་པའི་ཁ་ཟས་ཅུང་ཟད་གསོལ་བ་ལྔ་སྡེ་བཟང་པོ་མི་མོས་པར་གྱུར་ཏེ་ཝཱ་རཱ་ཎ་སཱིར་སོང་ངོ་། །དེ་ནས་མ་ག་དྷ་རྡོ་རྗེ་གདན་དུ་བཞུད་པའི་ལམ་ན་བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་ཉིང་ཁུར་བསྲིངས་པ་སྦྲང་རྩིའི་སྙིང་པོ་ཅན་གྱིས་བསྙེན་བཀུར་བའི་མོད་ལ་སྐུ་ལུས་གསེར་གྱི་གཏན་པ་ཕྱིས་པ་བཞིན་དུ་གྱུར་ཅིང་། དེ་ནས་རྩྭ་ཚོང་བཀྲ་ཤིས་ལྡན་ལས་རྩྭ་ཕྱག་གང་བཞེས་ནས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ལས་རང་བྱུང་བའི་རྡོ་རྗེ་གདན་དུ་བྱོན། བྱང་ཆུབ་ཤིང་གི་གྲིབ་བསིལ་གྱི་འོག་ཏུ་རྩྭའི་གདིང་བ་བཏིང་བའི་སྟེང་སྐྱིལ་མོ་ཀྲུང་བཅས་ཏེ། སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་བ་མཛད་དེ། སྲོད་ཀྱི་ཆ་ལ་བདུད་སྡེ་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བདུད་ཀྱི་གནས་ཐམས་ཅད་དཀྲོགས་ཏེ་སྤ་བཀོང་བར་བྱས་ཤིང་། དགའ་རབ་དབང་ཕྱུག་ལ་བསྐལ་པ་མང་པོར་ཚོགས་བསགས་པའི་འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱེད་པ་དུས་ལ་བབ་པའི་བདེན་པ་ས་ཡི་ལྷ་མོ་བརྟན་མ་དཔང་པོར་བཅོལ་ནས་བདར་བ་ན་བདུད་སྡིག་ཅན་ཤིན་ཏུ་སྐྱེངས་ནས་རང་གི་གནས་སུ་སོང་སྟེ་བདུད་དམག་བྱེ་བ་དུང་ཕྱུར་དག་སྦྲན་ནས་གཡུལ་བཤམས་པ་ན་ཐུགས་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་རྩུབ་མོའི་མཚོན་ཆ་རྣམས་འཇམ་མཉེན་མེ་ཏོག་གི་ཆར་དུ་བབ་པའི་ལན་ལྡོན། དམོད་པའི་སྒྲ་སྐད་རྣམས་བསྟོད་དབྱངས་ཀྱི་སྒྲ་སྐད་དུ་གྱུར་པས་བདུད་སྡིག་ཅན་གྱི་གདུག་པའི་གཡུལ་གྱི་བརྟུལ་ཞུགས་རྨིང་ནས་ཕམ་པར་གྱུར་པ་ན། སླར་ཡང་རང་གི་བུ་མོ་བདུན་ཤིན་ཏུ་ཆགས་པའི་རྣམ་འགྱུར་དང་ལྡན་པའི་མཛེས་མའི་ཆ་བྱད་དུ་བསྒྱུར་ནས་བསླུ་བར་བརྩམས་པའི་ཚེ་ལྟ་ན་ཤིན་ཏུ་མི་སྡུག་པའི་རྒན་མོ་བདུན་དུ་བྱིན་གྱིས་བརླབས་པས་དེ་དག་ཤིན་ཏུ་འགྱོད་དེ་བཟོད་པར་གསོལ་བས་ཆགས་མེད་སྙིང་རྗེ་ཆེན་པོས་སོར་ཆུད་པར་མཛད་དོ། །དེ་ནས་མངོན་པར་བྱང་ཆུབ་པའི་དུས་ལ་བབས་ཏེ། གུང་གི་ཆ་ལ་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཉམས་འོག་ཏུ་བཙུད། ཐོ་རངས་ལྷའི་མིག་དང་ཟག་པ་ཟད་པའི་མངོན་ཤེས་བསྐྱེད་དེ་བདེན་བཞི་མཐར་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ན། ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་ཤིང་། གཟུང་འཛིན་དག་བྱའི་ཁམས་རྣམས་མ་ལུས་པ་གཉིས་སུ་མེད་པའི་དབུ་མ་འོད་གསལ་ཆོས་སྐུའི་དབྱིངས་སུ་དག་པས་འཇིག་རྟེན་ན་ཟླ་བ་སྒྲ་གཅན་གྱིས་བཟུང་བ་དང་། སྒྲ་གཅན་འཛིན་དང་ཀུན་དགའ་བོ་ཡང་བཙས་སོ། །སངས་རྒྱས་ནས་ཞག་བདུན་ཕྲག་བདུན་པ་ལ་ཚོང་དཔོན་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ཕུལ་བ་ལ་བརྟེན་ནས་རྒྱལ་ཆེན་བཞིས་རིན་པོ་ཆེ་ནས་རྡོ་བའི་བར་གྱི་ལྷུང་བཟེད་ཕུལ་བས་རབ་ཏུ་བྱུང་བའི་རྟགས་སུ་རྡོ་བའི་ལྷུང་བཟེད་བཞེས་ནས་ཤིས་པ་བརྗོད་པ་གསུངས། དམ་ཆོས་བདུད་རྩི་ཟབ་མོ་རྟོག་ཅིང་དཔྱོད་པའི་རྟོག་གེའི་སྤྱོད་ཡུལ་དུ་མ་གྱུར་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་གཞོལ་བའི་ཚུལ་བསྟན་པ་ན། ཚངས་པས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ནས་དེ་བཞིན་གཤེགས་པའི་དྲུང་དུ་འོངས་ཏེ་ཙནྡན་གྱི་ཕྱེ་མས་གཏོར་ནས། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པའི་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་རབ་ཏུ་འབུད་དུ་གསོལ། །ཞེས་གསོལ་ཞིང་། ཚངས་པས་སྦྲན་པ་བཞིན་དུ་བརྒྱ་བྱིན་ཀྱང་འོང་ནས་དུང་དཀར་པོ་གཡས་སུ་འཁྱིལ་བ་དང་། ནོར་བུ་རིན་པོ་ཆེ་དང་བཅས་པ་ཕུལ་ནས། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་ཞུས་པས་མ་གནང་། དེ་བཞིན་གཤེགས་པས་ཚངས་པས་ཡང་ཡང་བསྐུལ་ན་ཚོགས་ཆེན་པོ་རྫོགས་པར་དགོངས་པ་ན་སླར་ཡང་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཚིགས་སུ་བཅད་པས་བསྐུལ་བ་ན། འཁོར་ལོ་བཞེས་ཏེ་བཀའ་སྩལ་པ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་ཚེ་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་པའི་མོད་ལ། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་ཐོས་ཏེ་ལྷ་རྣམས་རང་རང་ལ་མངའ་བའི་མཆོད་པའི་ཚོགས་དང་བཅས་ཏེ་ལྷགས་སོ། །དེར་ཆོས་ཀྱི་སྣོད་དུ་གྱུར་པ་ནི་རིང་འཕུར་དང་ལྷག་སྤྱོད་དུ་དགོངས་ཀྱང་གཉིས་ཀ་འཚོ་བའི་འདུ་བྱེད་ལས་ཐལ། སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ལྔ་སྡེ་བཟང་པོ་ལ་གཟིགས་ཏེ་ཝཱ་རཱ་ཎ་སཱིར་བྱོན་པ་ན་ལྔ་སྡེས་དགེ་སྦྱོང་གཽའུ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་ཞེས་སུན་ཕྱུང་ནས་མི་འདུད་པའི་ཁྲིམས་བཅས། ལམ་དུ་བབ་བཅོལ་དུ་སྨྲ་བ་བྲམ་ཟེ་ཉེ་བར་འཚོ་དང་མཇལ་ཏེ་དེ་ན་རེ། གཽ་ཏ་མ་ཁྱོད་ཀྱིས་སུ་ལ་ཚངས་པར་སྤྱད་ཅེས་རྨེད་པས། དེ་བཞིན་གཤེགས་པས། ང་ལ་མཁན་པོ་སུ་ཡང་མེད། །ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་བུར་ཟག་པ་ཟད་པ་ཡིན། །ཞེས་པ་ལ་སོགས་པའི་དྲི་ལན་རྣམ་པ་གསུམ་བསྩལ་ནས་ཝཱ་རཱ་ཎ་སཱིར་བྱོན་པ་ན། ཉི་མའི་འོད་ཀྱིས་རྒྱུ་སྐར་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ་ལྔ་སྡེ་བཟང་པོ་ནས་སྟོན་པ་ལ་མི་འདུད་པའི་ཁྲིམས་སུ་བཅས་པ་ཐམས་ཅད་རང་ཞིག་ཏུ་སོང་སྟེ། ཚེ་དང་ལྡན་པ་གོ་ཏ་མ་དབང་པོ་ནི་གསལ་ལ་པགས་པ་ཡོངས་སུ་དག་ན་ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ། ཞེས་སྤྱོད་ཡུལ་མཉམ་པར་བལྟ་བ་ལ། སྟོན་པས་ཁྱོད་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་མ་ཟེར་ཅིག །ཡུན་རིང་པོར་མི་བདེ་བར་འགྱུར་ཏ་རེ། ངས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ་ཞེས་རྨོངས་པའི་གནས་གང་ཡིན་པ་ཐམས་ཅད་བསལ། ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་བྱུང་བའི་འདས་པའི་སངས་རྒྱས་གསུམ་གྱི་ཁྲི་ལ་གུས་པར་བཏུད་དེ་བཞི་པའི་སྟེང་དུ་ལྷམ་མེར་བཞུགས་པའི་མོད་ལ་གཞན་རྣམས་སྣང་བ་མེད་པར་གྱུར། ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་ཟློས་པ་རྣམ་པ་བཅུ་གཉིས་སུ་བསྐོར་བས་ལྔ་སྡེ་བཟང་པོ་རང་བྱུང་གི་བསྙེན་པར་རྫོགས་ཏེ། འཇིག་རྟེན་ན་གདུགས་ཟླ་མེད་པའི་དགེ་སློང་གི་དགེ་འདུན་ཆེན་པོར་གྱུར་ཅིང་། འཁོར་ཐམས་ཅད་ཀྱིས་བདེན་པ་མཐོང་། དེའང་འདུལ་བའི་འདུལ་བ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་བཅས་པ་དང་རང་བཞིན་གྱི་རྣམ་པར་བཞག་པ་རྣམས་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་གྱི་རྣམ་པར་བཞག་པ་རྣམས་དང་། འདུལ་བའི་མངོན་པ་ཤེས་རབ་ཀྱི་བསླབ་པ་རྒྱ་ཆེར་བཤད་པ་ལ་སོགས་པ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། ཤཱ་རིའི་བུ་དང་མཽ་གལ་གྱི་བུ་ལ་སོགས་དགྲ་བཅོམ་པ་ལྔ་སྟོང་ཙམ་དང་། སྐྱེ་རྒུའི་བདག་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། མགོན་མེད་ཟས་སྦྱིན་དང་དགེ་བསྙེན་མ་ས་ག་ལ་སོགས་དགེ་བསྙེན་ཕོ་མོའི་ཚོགས་དང་། བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ལྡན། དྲྭ་བ་སྦྱིན་ལ་སོགས་ས་ཆེན་པོ་ལ་གནས་པའི་ཐུན་མོང་མ་ཡིན་པའི་འཁོར་རབ་ཏུ་མང་པོ་རྣམས་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ཡང་མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་ཚོམས་རྣམ་པར་བཞག་པ་དང་། མདོ་སྡེའི་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བའི་ཏིང་ངེ་འཛིན་དང་། མདོ་སྡེའི་མངོན་པ་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཇི་སྙེད་པ་གསུངས་སོ། །ལྷ་དང་ཀླུ་ལ་སོགས་པའི་གནས་ངེས་པ་མེད་པ་རྣམས་སུ་དགེ་སློང་ཕ་མ་དང་དགེ་ཚུལ་ཕ་མ་སྟེ་ཐུན་མོང་གི་འཁོར་རྣམ་པ་བཞི་དང་། ལྷ་དང་ཀླུ་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ལ་མངོན་པའི་འདུལ་བ་ཚེགས་ཆུང་ཞིང་བྱ་སླ་བའི་ཐབས་ཀྱིས་ཉོན་མོངས་པ་འདུལ་བ་དང་། མངོན་པའི་མདོ་སྡེ་དེ་ཁོ་ན་ཉིད་ལ་འཇུག་པ་དང་། མངོན་པའི་མངོན་པ་ཕུང་ཁམས་སྐྱེ་མཆེད་དབང་ཤེས་རྣམས་དང་། བདེ་གཤེགས་སྙིང་པོའི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་རབ་དབྱེ་ཆ་དང་བཅས་པ་གསུངས་སོ། །མདོར་ན་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བར་གྲགས་པའང་བློ་རིམ་གྱིས་པ་རྣམས་ལ་རིམ་པས་ཐོས་པ་དང་། ཅིག་ཅར་བ་རྣམས་ལ་ཅིག་ཅར་དུ་ཐོས་པ། ཚད་མེད་པའི་ཆོས་ཀྱི་རྣམ་གྲངས་དང་། ཐེག་པའི་རིམ་པ། འདུལ་བའི་ཐབས་ཚུལ། དུས་སྔ་ཕྱི་ལ་སོགས་པ་ཐམས་ཅད་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ལས་གསུང་རྣམ་པ་ཐམས་ཅད་པར་འཆར་བ་སྟེ་མདོ་སྡེ་ཡོན་ཏན་བཀོད་པ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམས་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཆོས་ཚུལ་རྒྱ་མཚོ་ཚད་མེད་པས་སྐྱེ་རྒུ་རྣམས་ལམ་གྱི་རྟེན་དང་ལམ་གྱི་འབྲས་བུ་ལ་མངོན་པར་བཀོད་དོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་མཛད་པ་ལ་དགོངས་ནས་གཤེགས་སོ། །དེར་མཐོང་ན་མི་མཐུན་པ་མེད་པའི་སྐུ་དཔལ་གྱི་མགུར་ལས་སྤྲིད་པ་ཞིག་ཐོན་པ་ན་སྐྱེ་དགུའི་བདག་མོས་སངས་རྒྱས་བསྐལ་པ་གྲངས་མེད་གསུམ་དུ་བཞུགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ས་བླ་ནས་འོག་མིན་གྱི་བར་འགྲེམས་པ་བཞིན་དུ་ཐོས་ནས་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་སྨོན་ནོ། །དེར་དེ་བཞིན་གཤེགས་པས་སྐྱེ་རྒུའི་བདག་མོ་ལ་ཁྱོད་ཀྱིས་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག་མི་ཟེར་བར་སྐྱེས་བུ་ལེ་ལོ་ཅན་མང་པོ་ཆོས་བསྒྲུབ་པའི་གེགས་སུ་གྱུར་པའི་རྐྱེན་བྱས་གསུངས་པས། བཟོད་པར་གསོལ་བའི་སླད་དུ་སྐྱེ་རྒུའི་བདག་མོ་དགྲ་བཅོམ་མ་ལྔ་བརྒྱ་དང་བཅས་པ་མྱ་ངན་ལས་འདས་སོ། །དེའི་ཚེ་ཤཱ་རིའི་བུ་དང་མཽ་གལ་གྱི་བུ་དམྱལ་བའི་གནས་བལྟར་བྱོན་པ་ན། མུ་སྟེགས་བྱེད་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ལ་སྤྱོད་བཞིན་མཆིས་པ་ནས། ཁྱེད་གཉིས་མི་ཡུལ་དུ་སླར་བརྟོལ་བ་ན་འུ་ཅག་གི་རྗེས་འཇུག་རྣམས་ལ་འུ་ཅག་གི་གྲུབ་མཐའ་ཤིན་ཏུ་ནོངས་འདུག་པས་སངས་རྒྱས་ཀྱི་རྗེས་སུ་ཞུགས་ཤིག་ཅེས་འཕྲིན་བསྐྱལ་བར་ཅི་གནང་ཞེས་གསོལ་ལོ། །དེ་ལྟར་གསོལ་བ་བཞིན་ཤཱ་རིའི་བུས་བསྐྱང་བས་སྔོན་ལས་ཀྱི་ཤ་འཁོན་མེད་པས་དེ་དག་ནས་མ་ཐོས་སོ། །ཕྱི་ནས་མཽ་གལ་གྱི་བུས་ཁྱོད་ཅག་གི་སློབ་དཔོན་ནི་མནར་མེད་པའི་དམྱལ་བ་ན་ཉམ་ཉེས་པར་གྱུར་ནས་འཕྲིན་འདི་ལྟར་བརྫངས་སོ་ཞེས་སྨྲས་པ་ན། འདི་འུ་ཅག་ལ་དམའ་ཕབ་པ་མ་ཟད་འུ་ཅག་གི་མཁན་པོ་དང་སློབ་དཔོན་ལའང་དམའ་འབེབས་པར་བྱེད་པས་ཆོམས་ཤིག་ཅེས་སྐུ་ལུས་འདམ་བུ་བཅོམ་པ་ལྟར་བརྡུངས་སོ། །དེར་ཤཱ་རིའི་བུས་ཆོས་གོས་ཀྱི་གྲྭར་བསྟུམ་ཏེ་ཁུར་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་བསྐྱལ། མི་འཚོ་བར་ཤེས་ནས་གྲོགས་པོ་འཆི་བ་ཐོས་པར་ཡང་མི་བཟོད་ན། མཐོང་བ་ལྟ་ཅི་སྨོས་ཞེས་དཔལ་ན་ལེནྡྲར་སོང་ནས་དེའི་སྔ་དྲོ་དགྲ་བཅོམ་པ་བརྒྱད་ཁྲི་དང་བཅས་མྱ་ངན་ལས་འདས་སོ། །དེའི་ཕྱི་དྲོ་མཽ་གལ་གྱི་བུ་དགྲ་བཅོམ་པ་བདུན་ཁྲི་དང་བཅས་མྱ་ངན་ལས་འདས་སོ། །གཞན་ཡང་དགྲ་བཅོམ་པ་མང་པོ་བུད་ཤིང་ཟད་པའི་མེ་ལྟར་མྱ་ངན་ལས་འདས་སོ། །དེ་ནས་དེ་བཞིན་གཤེགས་པས་རང་གི་བསྟན་པ་འཁོར་རྣམ་བཞི་དང་བཅས་པ་གནས་བརྟན་འོད་སྲུང་ཆེན་པོ་ལ་གཏད་དེ། སྐུའི་སྟོད་གཡོགས་བསལ་ནས། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག །དེ་བཞིན་གཤེགས་པ་ལ་བལྟ་བ་ནི་རྙེད་པར་དཀའ་བ་སྟེ། ཨུ་དུམ་ཝ་ར་བཞིན་ནོ། །དགེ་སློང་དག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་ངེས་པར་འབྱུང་བའི་རྒྱུས་གདུལ་བྱ་ལེ་ལོ་ཅན་ཆོས་ལ་བསྐུལ་ནས་ཤིང་སཱ་ལ་ཟུང་གཅིག་གི་སར་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་སོ། །དེར་འོད་སྲུང་ཆེན་པོ་ཀླུ་ཡུལ་ནས་བྱོན། གདུང་ལ་གསོལ་བ་བཏབ་པས་ཞུགས་རང་འབར་ཏེ་སྐུ་གདུང་སིལ་བུར་གྱུར། རང་རང་གི་སྐལ་བའི་ཁྱད་པར་དང་འཚམས་པར་སྐུ་གདུང་ཆ་བརྒྱད་དུ་བགོས་པ་མཆོད་རྟེན་གྱི་སྙིང་པོར་བྱས་སོ། །དེ་ལྟར་སྟོན་པའི་བསྟན་པ་གནས་བརྟན་ཆེན་པོ་བཅུ་དྲུག་དང་། འོད་སྲུང་ལ་སོགས་བསྟན་པའི་གཏད་རབས་བདུན་ལ་གཏད། གནས་བརྟན་བཅུ་དྲུག་ནི། སུམ་ཅུ་རྩ་གསུམ་ན་གནས་བརྟན་ལམ་བསྟན་པ། གངས་ཅན་ན་གནས་བརྟན་མི་ཕྱེད་པ། ནུབ་བ་ལང་སྤྱོད་ན་གསེར་ཅན། བྱང་སྒྲ་མི་སྙན་ན་བ་ཀུ་ལ། ཤར་ལུས་འཕགས་ན་བ་ར་དྷཱ་ཛ།ཟངས་གླིང་ན་དུས་ལྡན་ཆེན་པོ། སིངྒ་གླིང་ན་རྡོ་རྗེ་མོའི་བུ། པྲི་ཡངྐུའི་གླིང་ན་སྒྲ་གཅན་འཛིན། ཆུ་བོ་ཡ་མུ་ནའི་གླིང་ན་བཟང་པོ། རི་བི་ཧུ་ལ་ན་སྦེད་བྱེད། ངོས་ཡངས་ཀྱི་རི་ལ་ཀླུའི་སྡེ། ལོ་མ་བདུན་པའི་རི་ལ་ནགས་གནས། བྱ་རྒོད་ཕུང་པོའི་རི་ལ་ལམ་ཕྲན། ཁ་ཆེར་གསེར་བེའུ། ཏི་སེ་ལ་ཡན་ལག་འབྱུང་། དྲང་སྲོང་ཤེལ་ནགས་ལ་མ་ཕམ་པ་སྟེ་རེ་རེའང་དགྲ་བཅོམ་པ་མང་པོས་བསྐོར་ཏེ་བཞུགས་ལ། རྒྱ་ནག་ཏུ་ཐང་སྤྱིའུའི་དུས་དང་། སེ་ཆེན་དང་། གོང་མ་ཡེ་དབང་གི་དུས་མི་ཀུན་གྱིས་མངོན་སུམ་དུ་བྱོན་ཟེར། གཞན་ཕལ་གྱིས་མི་མཐོང་བ་འཇའ་ལུས་པ་ལྟ་བུའོ། །དགའ་བའི་བཞིན་གྱི་རྟོགས་བརྗོད་ལས། གནས་བརྟན་ཆེན་པོ་དེ་དག་གང་དུ་དཀོན་མཆོག་གསུམ་གྱི་གཙུག་ལག་ཁང་གསར་དུ་བྱེད་པ་དེར་སྤྲུལ་པའི་སྐུས་བྱོན་ནས་བྱིན་གྱིས་རློབས་པར་མཛད་ལ། མཐར་ཚེ་ལོ་ཡར་འཕེལ་བའི་མི་རྣམས་ཀྱི་ལོ་དྲུག་བརྒྱ་ཐུབ་པ་ན་དེ་དག་ཡུལ་དབུས་སུ་འདུས་ཏེ་སྐུ་གདུང་རྣམས་ལ་མཆོད་པ་མཛད་དེ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་སོ། །དེ་ལས་གཏད་རབས་བདུན་ནི་རིམ་པ་བཞིན་དུ་བྲམ་ཟེ་ནྱ་གྲོ་དྷའི་ཏོག་གི་བུ་ནྱ་གྲོ་དྷའི་ལྷ་ལ་གསོལ་བ་བཏབ་པ་ལས་སྐྱེས་པས་ནྱ་གྲོ་དྷ་སྐྱེས་སམ། རིགས་ལས་གྲས་ཏེ་འོད་སྲུང་། འོད་སྲུང་གིས་སྟོན་པའི་ཁུ་བོ་བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ལ་གཏད། ཀུན་དགའ་བོས་ཤ་ནའི་གོས་ཅན་ལ་གཏད། དེས་སྤོས་ཚོང་སྦས་པའི་བུ་ཉེར་སྦས་རབ་ཏུ་བྱུང་བ་ལ་གཏད། དེས་འཕགས་པ་དྷི་དྷི་ཀ་ལ་གཏད། དེས་འཕགས་པ་ནག་པོ་ལ་གཏད། དེས་ལེགས་མཐོང་ལ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །སྟོན་པས་གསུངས་པའི་བསྟན་པ་དམ་པའི་ཆོས་རྣམས་ཇི་ལྟར་བསྡུས་པའི་ཚུལ་ལ་དཔེ་གཅིག་ཏུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཆད་ཚུལ་གཉིས་ལས། ཚིག་རྐང་གཅིག་ལྷག་མཆན། ཐེག་པ་ཐུན་མོང་བ་ལ་གྲགས་པ་ལྟར་ན་བཀའ་བསྡུ་རིམ་པ་གསུམ་བྱུང་སྟེ། དེ་ལ་བཀའ་བསྡུ་དང་པོ་ནི། སྟོན་པ་མ་འདས་གོང་ཙམ་དུ་ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མཽ་གལ་གྱི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི། བཅོམ་ལྡན་འདས་དང་ལྷན་ཅིག་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་མྱ་ངན་ལས་འདས་པ་ན། ལྷ་རྣམས་ཀྱིས་དགེ་སློང་དབང་ཡོད་པ་དག་ཀྱང་མྱ་ངན་ལས་འདས་ཏེ་དམ་པའི་ཆོས་ནི་མེ་ཤི་བའི་དུད་པ་ཙམ་དུ་གྱུར། དགེ་སློང་རྣམས་སྡེ་སྣོད་གསུམ་གྱི་སྒྲ་ཡང་མི་སྒྲོག་གོ་ཞེས་འཕྱ་བ་བསལ་བའི་ཕྱིར། གནས་རྒྱལ་པོའི་ཁབ་ཀྱི་ནྱཱ་གྲོ་དྷའི་ཕུག་ཏུ། དུས་སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་དེའི་དབྱར་གནས་ཀྱི་ཚེ། སྤྱིན་བདག་རྒྱལ་པོ་མ་སྐྱེས་དགྲས་བྱས་ཏེ། དགྲ་བཅོམ་པ་ལྔ་བརྒྱ་འདུས་པའི་དབུས་སུ། ཉེ་བ་འཁོར་གྱིས་འདུལ་བ། ཀུན་དགའ་བོས་མདོ་སྡེ། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་མཐའ་དག་བསྡུས་པས། ལྷ་རྣམས་ནི་འཕེལ། ལྷ་མིན་རྣམས་འགྲིབ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བར་གནས་སོ། །ཞེས་ལྷ་རྣམས་ཀྱི་འོག་མིན་གྱི་བར་དུ་གོ་བར་བྱས་ཤིང་ཆེད་དུ་བརྗོད་དོ། །བསྡུ་བ་གཉིས་པ་ནི། བཀའ་བསྡུ་དང་པོ་མཛད་ནས་ལོ་བརྒྱ་དང་བཅུ་འདས་པའི་དུས་སུ། ཡངས་པ་ཅན་དུ་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུག་དང་གདིང་། །གསེར་ལ་རུང་བ་བྱ་བ་སྟེ། །འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་པ་ལྟར་རུང་བ་མ་ཡིན་པའི་གཞི་བཅུ་བྱས་པ་བསལ་བའི་ཕྱིར། ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་མཛད་དེ། གྲགས་པ་སོགས་པ་དགྲ་བཅོམ་པ་བདུན་བརྒྱ་འདུས་པས་མི་རུང་བའི་གཞི་བཅུ་སུན་ཕྱུང་། སྡེ་སྣོད་གསུམ་ཚང་བ་ཚར་གཅིག་ཞལ་འདོན་དུ་མཛད། མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་ཡང་མཛད་དོ། །བསྡུ་བ་གསུམ་པ་ནི། རྒྱལ་པོ་དྷརྨ་ཨ་ཤྭ་ཀའི་ཚ་བོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོའི་སྡེའི་དུས་ནས་བརྩམས་ཏེ། བདུད་ཀྱི་བྱིན་གྱིས་བརླབས་པའི་དགེ་སློང་ལྷ་ཆེན་པོ་དང་། བཟང་པོ་དང་། གནས་བརྟན་ཀླུ་དང་། ཡིད་བརྟན་རྣམས་རིམ་པར་བྱུང་བས། གཞན་ལན་གདབ་དང་མི་ཤེས་པ། །ཡིད་གཉིས་དང་ནི་ཡོངས་སུ་བརྟག །བདག་ཉིད་གསོ་བར་བྱེད་པ་སྟེ། །འདི་ནི་སྟོན་པའི་བསྟན་པ་ཡིན། །ཞེས་པའི་གཞི་ལྔ་བསྒྲགས་ཏེ་ཆོས་ལོག་བསྟན་པས། རྒྱལ་པོ་དཔའ་བོའི་སྡེའི་ཚེ་སྨད། དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ། ཀ་ནིངྐའི་ཚེ་སྟོད་ཡན་ཏེ་རྒྱལ་པོ་བཞིའི་རིང་དགེ་འདུན་རྣམས་རྩོད་པར་གྱུར་ཅིང་། སྟོན་པས་འདུལ་བ་ཡི་གེར་འབྲི་བར་མ་གནང་བས་ཡུན་རིང་པོར་སོང་བ་ན་སོ་ཐར་གྱི་མདོའི་འདོན་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ། ཇི་ལྟར་ན་གནས་བརྟན་ཀླུས་རྩོད་པ་སྤེལ་བའི་རྒྱུས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས། ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བ་གསུམ་གྱེས་ཏེ་རྩ་བའི་སྡེ་པ་བཞིར་གྱེས། དེ་རྗེས་ཡིད་བརྟན་གྱིས་རྩོད་པ་རྒྱ་ཆེར་སྤེལ་བས། སྡེ་པ་བཞི་ཡང་རིམ་གྱིས་བཅོ་བརྒྱད་དུ་གྱེས་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། ཕལ་ཆེན་པ་ལྔ། གཞན་གཉིས་ལས་གསུམ་གསུམ་གྱེས་པར་བཤད། དེ་རྗེས་ཕན་ཚུན་རྩོད་པ་ཅུང་ཟད་ཞི་ནས་སོ་སོར་གནས་པའི་དུས་སུ། རྒྱལ་པོ་ཀ་ནིངྐས་སྦྱིན་བདག་བྱས་ཏེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས། རྒྱལ་པོ་ཀྲི་ཀྲི་ལ་བཀའ་སྩལ་པ། རྒྱལ་པོ་ཁྱོད་ཀྱི་རྨི་ལམ་དུ་མི་བཅོ་བརྒྱད་ཀྱིས་རས་ཡུག་འདྲེན་པ་མཐོང་བ་གང་ཡིན་པ་དེ་ནི་ཤཱཀྱ་ཐུབ་པའི་བསྟན་པ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ། དེའི་རྣམ་པར་གྲོལ་བའི་རས་ནི་ཉམས་པར་མི་འགྱུར་རོ། །ཞེས་པའི་ལུང་དྲངས་ནས་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བའི་སྡེ་སྣོད་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་དུས་དེར་བཀོད་ཅིང་། སྔར་འཁོད་པ་རྣམས་ལའང་དག་ཐེར་བྱས་པ་ནི་བསྡུ་བ་གསུམ་པའི་དོན་ནོ། །འདི་ཉིད་ལུང་ཕྲན་ཚེགས་སུ་མེད་པས་བཞེད་པ་མི་མཐུན་པ་མང་སྟེ། ཁ་ཆེ་བ་རྣམས་ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་དུ་འཕགས་པ་རྩིབས་ལོགས་སོགས་དགྲ་བཅོམ་པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་སོགས་བཙུན་པ་ཆེན་པོ་བཞི་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་ཀྱིས་བསྡུས་ཞེས་འདོད།འཕགས་ཡུལ་པཎྜི་ཏ་ཕལ་མོ་ཆེའི་བཞེད་པ་ཛ་ལནྡྷ་རའི་དགོན་པ་དང་ཀུ་བ་ནའི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་དང་། བཙུན་པ་ཆེན་པོ་ལྔ་སྟོང་ཞིག་གིས་བསྡུས་སོ་ཞེས་འབྱུང་གསུངས། དེང་སང་བོད་དུ་གྲགས་པ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱར་ཉེ་བ་ན། དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱའམ་ཁྲི་དྲུག་སྟོང་འདུས་ནས་བསྡུས་ཟེར། རྟོག་གེ་འབར་བ་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་པའི་བུས་བསྟན་པ་བསྡུས་སོ། །ཞེས་འབྱུང་བ་ལྟར་ན་ལོ་བཞི་བརྒྱའང་བགྲོད་པ་རེ་ལ་ལོར་བྱས་པ་འདྲ་མོད། འོན་ཀྱང་རྒྱལ་པོའི་བྱུང་རབས་དང་སྒྲིག་ན་ཉིས་བརྒྱས་ཉུང་སྐྱོན་ཨེ་ཡོང་སྙམ་པས་ད་དུང་དཔྱད་པ་མཛད་དགོས་རྒྱུར་སྣང་། དེར་མ་ཟད་གནས་ཀྱང་མཉན་ཡོད་དང་། ཛ་ལནྡྷ་རའི་གནས་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བ་དང་། ཁ་ཆེའི་ཡུལ་ཀུ་བ་ནའི་དགོན་པར་ཞེས་མི་འདྲ་བ་མང་དུ་འབྱུང་ངོ་། །ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། རྟོག་གེ་འབར་བ་ལས། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་།བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་པ་ལྟར། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཕྱག་ན་རྡོ་རྗེ་སངས་རྒྱས་སྟོང་གི་བསྟན་པ་སྡུད་པ་པོར་བཤད་པ་དང་།སྔོན་གྱི་རྣམ་མཆན་ལས་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སྭ་བྷཱ་བའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། བྱམས་པས་འདུལ་བ། འཇམ་དཔལ་གྱིས་མདོ་སྡེ། ཕྱག་རྡོར་གྱིས་མངོན་པ་བསྡུས་སོ་ཞེས་གྲགས་ཤིང་། ཡང་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས། ཟབ་མོ་ལྟ་བའི་ཕྱོགས་རྣམས་འཇམ་དབྱངས་དང་། རྒྱ་ཆེན་སྤྱོད་པའི་ཕྱོགས་རྣམས་བྱམས་པས་བསྡུས་སོ་ཞེས་འབྱུང་ངོ་། །དེ་ལ་ཐེག་ཆེན་གྱི་བསྟན་པ་ཇི་ལྟར་དར་ཚུལ་ནི། སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བསྟན་པ་སྐྱོང་བའི་སྐྱེས་བུའང་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་དང་། བླ་མ་གྲགས་པ་སོགས་དགྲ་བཅོམ་པའི་ཚོགས་དང་། འོད་སྲུང་སོགས་བཙུན་པ་ཆེན་པོའི་སྡེ་དང་། རྒྱལ་པོ་ལེགས་རྒྱལ་དགེ་བ་སོགས་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་བསྟན་པ་ལ་བྱ་བ་བྱས་པའི་སློབ་དཔོན་མཁས་བཙུན་བཟང་པོའི་དཔལ་དང་ལྡན་ཅིང་། རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་པ་ཚད་མེད་པ་ཞིག་བྱོན་ནའང་། བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་འབྱེད་པ་པོ་ནི་ཉན་ཐོས་མདོ་སྡེ་པ་རྣམས་ཀྱི་འདོད་པ་ལྟར་ན། བྱེ་བྲག་བཤད་མཛོད་ཆེན་མོ་མཛད་པ་པོ་དགྲ་བཅོམ་པ་རྣམས་ཡིན་པར་བྱེད་དགོས་ལ། ཐེག་པ་ཆེན་པོ་ལྟར་ན། རྒྱལ་ཚབ་བྱམས་པ་མགོན་པོ་དང་། སློབ་དཔོན་ཀླུ་སྒྲུབ་གཉིས་ཏེ། དགོངས་འགྲེལ་མཛད་པ་པོ་གཞན་རྣམས་འདི་དག་གིས་ལམ་སྲོལ་ཕྱེས་ཟིན་པའི་བསྟན་བཅོས་ལ་བརྟེན་ནས་འཇུག་པ་ཡིན་པའི་ཕྱིར་རོ། །དེས་ན་སྟོན་པ་ཉིད་ཀྱིས་ལུང་བསྟན་པ་ལྟར་བྲམ་ཟེ་ཆེན་པོ་ས་ར་ཧའི་སློབ་མ་ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་འབྱེད་པ་པོ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་སྟེ། དེ་ཡང་ལངྐར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་ཟབ་མོ་ལྟ་བའམ་མཐའ་བྲལ་དབུ་མའི་སྲོལ་འབྱེད་དུ་ལུང་བསྟན་པ་ནི་ཀླུ་སྒྲུབ་སྟེ།སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བེ་དར་བྷ་ཡུལ་གྱི་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྒྱལ་པོ་ལ་བསྔོ་བའི་འབྱོར་པ་དང་ལྡན་པ་ཞིག་ལ་བུ་མེད་ནས། ལྷས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་ཡོང་བར་རྨི་ལམ་དུ་ལུང་བསྟན་པ་བཞིན་ཆོས་སྟོན་བྱིན་པས། ཟླ་བ་བཅུ་ན་ཁྱེའུ་ལང་ཚོ་ཕུན་སུམ་ཚོགས་པ་ཞིག་བཙས་ཏེ། ནམ་མཁའ་ནས་ཀླུ་སྒྲུབ་ཅེས་བསྒྲགས་པས་མཚན་དེ་ལྟར་བཏགས། མཚན་མཁན་ལ་བསྟན་པས་མཚན་བཟང་མོད་ཀྱི་ཞག་བདུན་གྱི་ཚེ་ལས་མེད་དོ་ཞེས་ཟེར་བས་ཐབས་མེད་དམ་དྲིས་པས། བྲམ་ཟེ་བརྒྱ་ལ་སྟོན་མོ་དྲངས་ན་ཟླ་བ་བདུན། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར་བ་དེ་བཞིན་བྱས་ཏེ་ལོ་བདུན་དུ་ཉེ་བ་ན་བུའི་རོ་ཕ་མས་མཐོང་མི་བཟོད་དེ། འཁོར་དང་བཅས་པ་ལྗོངས་རྒྱུར་བཏང་བ་མཐར་གྱིས་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་སྒོར་སོན་ཏེ་དེར་རིག་བྱེད་བསྒྲགས་པ་ན་ནང་དུ་བོས་ཏེ་དྲིས་པས་རྒྱུ་མཚན་གསོལ་ཏོ། །རབ་ཏུ་འབྱུང་ནུས་སམ། ནུས་ཞུས་ཏེ་རབ་ཏུ་བྱུང་། རྨ་བྱ་ཆེན་མོ་ཡི་དམ་དུ་ཕོག་ཅིང་བདུན་པའི་ཚེ་གཟུངས་མཚན་རིལ་བཏོན་པས་སྒྲུབ་སྟེ། ལོ་དྲུག་བརྒྱ་འཚོ་བའི་རྟེན་འབྲེལ་འགྲིགས་ཐུན་མོང་གི་དངོས་གྲུབ་བརྙེས། མཁན་པོ་འདི་ཉིད་ཀྱི་དྲུང་དུ་བསྙེན་པར་རྫོགས། འཕགས་པ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་ཐམས་ཅད་ལ་མཁས་པའི་མཆོག་ཏུ་གྱུར་ཏོ། །དེ་ནས་མཁན་པོ་ལོ་བཅུ་གཉིས་སུ་མཚམས་ལ་བཞུགས་པར་བཞེད་ནས་དགེ་འདུན་གྱི་གཉེར་ཀླུ་སྒྲུབ་ལ་གཏད། དེའི་ཚེ་དཔལ་བིརྦ་པའི་གསོལ་བ་ན་མ་ཞིག་ཆག་པས་ལོ་བཅུ་གཉིས་སུ་མུ་གེ་ཉམ་ང་བ་བྱུང་ལ། མི་ཕལ་ཆེར་ཤི་ཡང་དགེ་འདུན་རྣམས་ཀླུ་སྒྲུབ་ཀྱིས་གསེར་འགྱུར་མཛད། དེ་བཙོང་པའི་རིན་གྱིས་ནོངས་པ་མེད་པར་བྱས་སོ། །དེ་ནས་མཁན་པོས་མཚམས་གྲོལ་བའི་ཚེ་མི་རུས་ཕུང་ངེ་བ་གཟིགས་པས་ཅི་ཉེས་གསུངས། རྒྱུ་མཚན་ཞུས་པས་ངའི་དགེ་འདུན་ལ་སྐྱོན་མེད་དམ་གསུངས། འདི་ལྟར་བགྱིས་པས་མ་ནོངས་སོ། །དེ་ལྟར་བྱེད་མི་དགོས་ང་ལ་འདི་ལྟ་བུའི་ཐབས་ཡོད་པ་ཡིན་ཏེ། རི་མོའི་བ་ལས་འོ་མ་བཞོས་པས་ཟད་པ་མེད་པ་བྱུང་ངོ་། །ཁྱོད་ཀྱིས་དགེ་འདུན་ལོག་པའི་འཚོ་བ་ལ་བཀོད་འདུག་པས་སྡིག་སྦྱོངས་སུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། མཆོད་རྟེན་བྱེ་བ་བཞེངས་ཤིག་ཅེས་བསྒོ། དེའི་ཚེ་སློབ་དཔོན་གནས་ནས་ཕྱུང་ཞེས་ཕལ་ཆེར་ཟེར་ཏོ། །མཁན་པོ་དེ་ནས་རིང་པོར་མ་ལོན་པར་བརྟུལ་ ཞུགས་ཀྱི་སྤྱོད་པ་ལ་བཞུགས་པ་ས་ར་ཧའོ། །དེ་ནས་ནཱ་ལེནྡྲ་སློབ་དཔོན་ལ་གཏད་དེ། དེས་དེར་ཡུན་རིང་དུ་བསྟན་པ་བསྐྱངས་པ་དང་འགལ་བས་མི་འཐད་དོ། །དེའི་ཚེ་དགེ་སློང་བདེ་བྱེད་ ཀྱིས་རིག་པའི་རྒྱན་ཅེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་པ་ཞིག་བརྩམས་ནས་ཕྱི་ནང་ཐམས་ཅད་སུན་འབྱིན་པ་སློབ་དཔོན་གྱིས་བཏུལ་ལོ། །གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ཆོས་སྐྱོང་བརྒྱ་རྩ་བརྒྱད་ལ་གཏད། སློབ་དཔོན་ཆོས་འཆད་རེས་ཀྱིས་ཁྱེའུ་གཉིས་འོང་བ་གར་སོང་གཟིགས་པས་ས་འོག་ཏུ་ལོག་གོ། །དེ་གཉིས་ལ་དྲིས་པས། ཀླུའོ་ཟེར། ཀླུའི་འདམ་ ཁྱེར་ཤོག་གསུངས་པས་ཁས་བླངས། དེ་གཉིས་ཀྱིས་ཀླུའི་རྒྱལ་པོ་འཇོག་པོ་ལ་ཞུས་པས་དེ་ན་བའི་སྨན་པར་ཀླུ་སྒྲུབ་སྤྱན་དྲངས། དགོས་པ་ཁྱད་པར་ཅན་གཟིགས་ནས་དེར་གཤེགས་སོ། ། ཀླུའི་རྒྱལ་པོ་ནད་དྲག་པའི་གཏང་རག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་རྣམས་བླངས་ཏེ་ཕྱིས་བྱོན་པར་གསོལ་བ་ལ་མཆོད་རྟེན་བྱེ་བ་ཚར་ནས་བྱོན་པར་ཞལ་གྱིས་བཞེས་པས་འབུམ་གྱི་ཞབས་ནས་དུམ་གཅིག་ཀླུས་མ་བསྐྱར་གཏའ་མར་བཟུང་། ཀླུའི་འཇིམ་པ་ལ་མཆོད་རྟེན་ཕལ་ཆེར་བཞེངས། ཅུང་ཟད་ཀླུ་ཡུལ་དུ་མི་འདབ་པའི་ཕྱིར་མ་བཞེངས་སོ། །རྡོ་རྗེ་གདན་ལའང་རྡོ་རྗེའི་དྲྭ་མིག་བསྐོར་བ་ལ་སོགས་པ་མཛད་ཅིང་། བལ་ཡུལ་འཕགས་པ་ཤིང་ཀུན་ལ་སོགས་དེས་ཕྱག་བྲིས་སུ་མཛད་པའི་གྲངས་སུ་གཏོགས་ལ། བལ་པོ་དག་ཀླུ་ཡུལ་དུ་དེ་ནས་བྱོན་ཟེར་རོ། །དེའང་སེམས་བསྐྱེད་པ་དང་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བརྒྱན་པ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ། དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པ་ཐོག་མར་མཛད་ནས།མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པར་གྱུར་ཏེ། དེས་རིག་པའི་གནས་ལྔས་གདུལ་བྱ་རྣམས་ལེགས་པར་སྨིན་པར་བྱས་ཤིང་། མདོ་ལུགས་ལ་སྐུ་ཚེ་འདི་ཉིད་ལ་ས་བརྒྱད་པ་ཐོབ། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་གར་བུ་ལྟ་བུ་གཏམ་གྱི་ཚོགས་དང་། རིགས་པའི་ཚོགས་དང་། བསྟོད་པའི་ཚོགས་དང་། དེ་ཁོ་ན་ཉིད་ཀྱི་ཚོགས་ཀྱིས་གསལ་བར་ཕྱུངས་ཏེ་སློབ་མའི་མཆོག་ཤཱཀྱ་བཤེས་གཉེན་ལ་ནཱ་ལེནྡྲ་གཏད་དེ་དཔལ་གྱི་རི་ལ་གཤེགས་སོ། །དེ་ཡང་སློབ་དཔོན་འདིའི་གསུང་དབུ་མ་རིགས་པའི་ཚོགས་སུ་གྲགས་པ་ནི། རྩ་བ་ཤེས་རབ། རྩོད་ཟློག་སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག་རིན་ཆེན་ཕྲེང་བ་སྟེ་དྲུག་གོ། །རྗེ་བཙུན་བྱམས་པའི་སློབ་མ་རྒྱ་ཆེན་སྤྱོད་པའི་རིང་ལུགས་ཀྱིས་ཛམ་བུའི་གླིང་ཐམས་ཅད་ཁྱབ་པར་མཛད་པ་པོ་འཕགས་པ་ཐོགས་མེད་ཡིན་ལ། དེ་ཡང་རྒྱ་གར་དུ་དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་བྱུང་སྟེ། དང་པོ་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་ཟེར་ནས་བརྟགས་པས། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་གཎྜི་འདི་བརྡུངས་པས། །མུ་སྟེགས་འཆལ་བའི་ཀླད་པ་ཚལ་པར་འགེམས། །ཞེས་པར་རིག་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར།དེའི་སྙིང་ཁར་རྐང་རྗེས་འདྲ་བ་ཞིག་ཡོད་པས་ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་སྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་མུ་སྟེགས་ཀྱི་སྤྲང་པོ་གཅིག་སློང་དུ་འོངས་པ་ལ་བཀྲུ་ཆུ་གཏོར་བས་ཁྲོས་ནས་ཉི་མ་སྒྲུབ་སྟེ་གཙུག་ལག་ཁང་བསྲེགས་ཏེ་བསྣུབས་སོ། །དེའི་ཚེ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པའི་བསམ་པ་ལ་བསྟན་པའི་རྩ་བ་མངོན་པ་ཡིན་པ་ལ་དགྲ་ལན་གསུམ་བྱུང་བས་བསྣུབས་པ་འདི་དར་བར་བྱེད་ནུས་པ་གཞན་ཡང་མི་སྣང་། བདག་ཀྱང་བུད་མེད་དུ་སོང་བས་མི་ནུས། ལུས་ལ་བུ་བསྐྱེད་ལ་དར་བར་བྱེད་དུ་གཞུག་སྙམ་ནས་རྒྱལ་རིགས་དང་འདུས་པས་ཐོགས་མེད་དང་། བྲམ་ཟེ་དང་འདུས་པས་དབྱིག་གཉེན་བྱུང་ནས་སྐྱེས་མ་ཐག་ཏུ་ལྕེ་ལ་གིའུ་ཝང་གིས་ཡི་གེ་ཨ་བྲིས་པ་སོགས་བློ་རྣོ་བའི་རིག་པ་བྱས་ཏེ། དེ་གཉིས་ཆེར་སྐྱེས་པ་ན་མ་ལ་ཕའི་ལས་ཀ་གང་ཡིན་དྲིས་པས། མ་ན་རེ་ཁྱོད་དེའི་ཕྱིར་མ་སྐྱེད་ཀྱི་བསླབ་སྦྱངས་གྱིས་ལ། མངོན་པའི་བསྟན་པ་དར་བར་གྱིས་ཤིག་གསུངས་ནས་གཅུང་པོ་ཁ་ཆེར་འདུས་བཟང་གི་དྲུང་དུ་བཏང་། གཅེན་གྱིས་བྱམས་པ་སྒྲུབ་ལ་ཐེག་ཆེན་གྱི་མངོན་པ་དར་བར་བྱ་སྙམ་ནས་རི་བྱ་རྐང་གི་ཕུག་ཏུ་ཕྱིན། ལོ་གསུམ་བསྒྲུབས་པས་མཚན་མ་ཅིའང་མ་བྱུང་བས་སྐྱོ་ནས་ཕྱིར་འཐོན་པ་ན། རྒན་པོ་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ཤུད་དེ་འདུག་པས། ཅི་བྱེད་དྲིས་པས་ཁབ་བྱེད་པ་ཡིན་ཟེར། ཤིང་བལ་འདི་འཇམ་ལ་ལྕགས་སྲ་བའི་སྡོང་པོ་འདི་ཙམ་ན་ཇི་ལྟར་ཁབ་འབྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །སྒྲུབ་ན་མི་གྲུབ་གང་ཡང་མེད། །དཀའ་ཡང་རྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བས་ངས་ཡུན་ཐུང་འདུག་པས་བསམ་སྟེ་ལོ་གསུམ་བསྒྲུབས་སོ། །དེར་ཡང་རྟགས་མེད་ནས་དོན་པས་ཆུ་ཐིགས་ཀྱིས་བྲག་ཟད་པ་མཐོང་ནས་སླར་ལོ་གསུམ་བསྒྲུབས། ཡང་རྟགས་མེད་ནས་འཐོན་པས་ཕུག་རོན་གྱི་སྒྲོས་ཤུད་པས་བྲག་ཟད་པ་མཐོང་། དེར་ཡང་ལོ་གསུམ་སྟེ་བཅུ་གཉིས་སྒྲུབ་བོ། །དེར་ཡང་མཚན་མ་མ་བྱུང་ནས་སྐྱོ་སྟེ་འཐོན་ནས་ཕྱིན་པ་ན། ཁྱི་མོ་རོ་སྨད་འབུས་གཡེང་ལ་རོ་སྟོད་ཟུག་ཅིང་ཟ་བ་གཅིག་མཐོང་ནས་སྙིང་རྗེ་ལྷག་པར་བསྐྱེད་ནས་བསལ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས་རང་གི་ལུས་ལས་ཤ་བཅད་དེ་འབུར་ཟར་འཇུག་སྙམ་ནས་གྲོང་ཁྱེར་ཨ་ཙནྟ་ཞེས་བྱ་བར་ཕྱིན་ཏེ་གསེག་ཤང་གཏའ་མར་བཞག་ནས་གསེར་གྱི་སྤུ་གྲི་གཡར་ཏེ་རང་གི་ལུས་ལས་ཤ་བཅད། ལག་པས་བླངས་ན་ཤི་ཡིས་དོགས། སྤྱན་བཙུམ་སྟེ་ལྗགས་ཀྱིས་ལེན་སྙམ་པ་དང་ཁྱི་མེད་པར་རྗེ་བཙུན་བྱམས་པ་འོད་སྒོར་རེ་བཞུགས་པ་མཐོང་ནས་ཡུས་ཏེ། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང་། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་མ་བྱུང་ན་ཐུགས་རྗེ་རེ་ཆུང་ཞེས་འཁངས་པས། རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་པ་མེད་པས་བཟང་མི་མྱོང་། །ང་དང་པོ་ནས་འོངས་ཏེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་ནས་མཐོང་བ་ཡིན། ཡིད་མ་ཆེས་ན་ཁྱོད་རང་ང་ཕྲག་པར་ཁུར་ལ་སྟོན་ཅིག་གསུངས་ནས་ཁྲོམ་གྱི་དབུས་སུ་ཕྱིན་ཏེ་བསྟན་པས་རྒན་མོ་ཅུང་ཟད་ལས་དག་པ་ཞིག་གིས་ཕྲག་པར་ཁྱི་རོ་ཞིག་མཐོང་བ་ལས་གཞན་སུས་ཀྱང་ཅི་ཡང་མ་མཐོང་བས་ཡིད་ཆེས། ཁྱོད་ཅི་འདོད་གསུངས་པས་ཐེག་ཆེན་དར་བར་ཞུ་འཚལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་འཇུས་ཏེ་དགའ་ལྡན་དུ་བྱོན། ལྷའི་གྲོ་སྐད་གཅིག་ལ་མི་ལོ་ལྔ་བཅུ་ཐམ་པའམ་ལྔ་བཅུ་རྩ་གསུམ་དུ་བཞུགས་པར་འཆད། ས་སྡེའི་སྣ་མཆན་ལས། ཟླ་བ་དྲུག་བཞུགས་ཏེ་གསན་ཞེས་བྱུང་ངོ་། །དེར་ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང་། ཐེག་ཆེན་གྱི་མདོ་སྡེ་མང་པོ་དང་བྱམས་པའི་ཆོས་ལྔ་གསན། དེ་ཡང་བྱམས་ཆོས་སྡེ་ལྔར་གྲགས་པ་ནི། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། ཆོས་དང་ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད་དོ། །མི་ཡུལ་དུ་བྱོན་ནས་རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་ལ་སོགས་པ་ཐེག་ཆེན་གྱི་སྡེ་སྣོད་གསུམ་གཏན་ལ་འབེབས་པའི་བསྟན་བཅོས་ས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་དུ་མ་མཛད། སློབ་དཔོན་དེས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་ཏེ། སའི་སྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་ཆོས། །འཕགས་པ་མི་ཕམ་ཞལ་གྱི་བུམ་པ་ནས་བླུགས་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་བཞིན་ནོ། །འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བརྙེས་པ་དངོས་སྟོབས་རིག་པའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ། དེ་ཡང་རིགས་བྲམ་ཟེ། གནས་མ་བུ་པའི་སྡེ་པའི་མཁན་པོ་རྒྱལ་བའི་དབང་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་། སྒྲ་ཚད་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་ལ་ལེགས་པར་སྦྱངས། མཁན་པོ་ལ་སྤོང་བ་བསམ་གཏན་གྱི་གདམས་ངག་ཞུས་པས། ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་སྒོམས་ཤིག་གསུངས་ནས་སྒོམ་པས། བདག་མ་རྙེད་ནས་ཕྱི་ནང་གིས་སྒྲིབས་སམ་སྙམ་ནས་ཕྱོགས་བཞིར་མར་མེ་བཞི་སྤར། ལུས་གཅེར་བུར་ཕྱུང་། མིག་བགྲད་དེ་ཕྱོགས་བཅུར་བདག་བཙལ་ཡང་མ་རྙེད་དོ། །སྤྱོད་ལམ་དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་ཞུས་པས། མཁན་པོས་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད་དྲིས་པས་བདག་འཚོལ་བའི་ཕྱིར་རོ། །ཁྱེད་རང་གི་གྲུབ་མཐའ་སུན་འབྱིན་པར་འདུག་པ་སོང་ཞིག་ཟེར་བ་དང་། དེ་རིགས་པས་སུན་འབྱིན་ནུས་མོད་ཀྱི་འོས་མིན་ནོ་སྙམ་ནས་ནཱ་ལེནྡྲར་བྱོན་ཏེ། དབྱིག་གཉེན་ལ་བརྟེན་ནས་ཐེག་པ་གསུམ་ལ་མཁས་པར་སྦྱངས། ཁྱད་པར་རྣམ་རིག་པའི་གྲུབ་མཐའ་དང་ཚད་མ་ལ་མཁས་པར་གྱུར་ཏེ། དེར་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་ཅིང་། དབྱིག་གཉེན་གཤེགས་ནས་རི་བོ་འབིགས་བྱེད་ཀྱི་ངོས་སུ་བཞུགས་ཏེ་རང་གི་བསྟན་བཅོས་འཐོར་བ་རྣམས་གཅིག་ཏུ་བསྡུ་བར་བཞེད་ནས། ཕུག་པའི་ངོས་ལ་ཐོད་ལེ་ཀོར་གྱིས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་བྲིས་པའི་མོད་ལ་ས་གཡོ་བ་དང་། འོད་དང་། སྒྲ་ཆེན་པོ་གྲགས། མུ་སྟེགས་ཀྱི་སྟོན་པ་དག་ཤིང་བཞིན་དུ་རེངས་པའི་ལྟས་ཁྱད་པར་ཅན་དུ་མ་བྱུང་། །དེར་དེའི་ཉེ་ལོགས་ན་མུ་སྟེགས་ཀྱི་སྟོན་པ་ཐུབ་རྒྱལ་ནག་པོ་ཞེས་བྱ་བ་ཞིག་ཡོད་པས་མངོན་ཤེས་ཕྲ་མོས་བལྟས་པས། དེའི་མཐུར་ཤེས་ནས་དེ་ལྟ་བུ་འབྱུང་བ་ཅི་ཡིན་བལྟས་པས། དེ་ལས་བསྟན་བཅོས་ཆེན་པོ་ཞིག་བྱུང་སྟེ་མུ་སྟེགས་རྣམས་ལ་གནོད་པར་ཤེས་ནས། སློབ་དཔོན་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་ཕྱིན་ཏེ་བསུབས་སོ། །དེ་བཞིན་ལན་གཉིས་སུ་བསུབ་དང་། སློབ་དཔོན་གྱིས་གསུམ་པ་བྲིས་ནས་མཇུག་ཏུ་ངས་བྲིས་པའི་ཚིགས་སུ་བཅད་པ་བསུབ་པ་སུ་ཡིན། ཀུ་རེ་དང་ཀྱལ་ཁའི་ཆེད་དུ་ཡིན་ན་དགོས་པ་རྒྱ་ཆེན་པོ་ཡོད་པས་མ་བསུབ་ཅིག །ཕྲག་དོག་གི་དབང་གིས་ཡིན་ན་བློ་ལ་ཡོད་པས་དབྱི་བར་མི་ནུས་སོ། །ཚིག་དོན་ལ་འཁྲུལ་ལམ་སྙམ་ན་ལུས་སྣང་བར་གྱིས་ཤིག་བརྩད་པར་བྱའོ། །ཞེས་བྲིས་པས་ཡང་ལྟས་སྔར་བཞིན་བྱུང་སྟེ། བསུབ་པར་འོང་བས་བརྩད་པར་བྱའོ་ཞེས་པ་མཐོང་སྟེ་མ་བསུབ་པར་བསྡད་དོ། །སློབ་དཔོན་བསོད་སྙོམས་འཁོར་བ་དང་འཕྲད་ནས་བསྟན་པ་རྒྱན་དུ་བཙུགས་ཏེ་རྩོད་པས་ལན་གསུམ་དུ་སློབ་དཔོན་རྒྱལ་ཡང་ནང་པའི་བསྟན་པ་ལ་འཇུག་ཏུ་མ་བཏུབ། མཐར་ཁ་ནས་མེ་བྱུང་སྟེ་སློབ་དཔོན་གྱི་ཡོ་བྱད་བསྲེགས་པས་མུ་སྟེགས་འདི་གཅིག་པུའང་མ་ཐུལ་ན་སེམས་ཅན་ཐམས་ཅད་ག་ལ་ཞིག །རྡོ་ཐལ་ས་ལ་བབ་མ་ཐག་སེམས་བསྐྱེད་བཏང་ངོ་སྙམ་ནས་འཕངས་པས་རྗེ་བཙུན་འཇམ་དཔལ་ནམ་མཁའ་ལ་བྱོན་ཏེ་བུ་མ་བྱེད་ཐེག་པ་དམན་དང་ཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས། །ཁྱོད་ཀྱི་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་ཞིང་། །ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་རྗེས་སུ་གནང་བར་གྲགས་ལ། དེ་ལྟར་ཚད་མ་ཀུན་ལས་བཏུས་རང་འགྲེལ་དང་བཅས་པ་བརྩམས་ཏེ་མུ་སྟེགས་ཐམས་ཅད་ཚར་བཅད་དོ། །དེའི་སློབ་མའི་གཙོ་བོ་པཎྜི་ཏ་དབང་ཕྱུག་སྡེས་ཀུན་ལས་བཏུས་ལ་འགྲེལ་པ་མཛད་དོ། །དེ་ལྟར་དཔལ་མགོན་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད། སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ་གཞུང་བྱེད་པ་པོ་གསུམ་དང་། ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཨརྻ་དེ་བ་སྟེ། དཔེ་གཅིག་ཏུ། དེ་ཡང་སིངྒ་ལའི་རྒྱལ་པོའི་ལྡུམ་རའི་ནང་དུ་མཚོ་ཡོད་ལ། དེ་ལ་པདྨ་མང་པོ་ཡོད་པ་ཉིན་ཁ་ཕྱེ་ནུབ་ཟུམ་མོ། །པདྨ་གཅིག་ཉིན་ཡང་ཁ་མ་ཕྱེ་བར་ལྡུམ་ར་གཉེར་པས་རྒྱལ་པོ་ལ་བསྙད་དོ། །རྒྱལ་པོས་དེ་ལ་གཉེར་ཁ་ཆེར་གྱིས་ཤིག་ཅེས་གདམས་ཏེ་ནང་རེ་བཞིན་བལྟའོ། །དེ་ནས་ཞག་བདུན་ལོན་པའི་ཉིན་པདྨ་ཁ་ཕྱེ་སྟེ་ནང་ན་ཁྱེའུ་ཤིན་ཏུ་མཛེས་པ་ལོ་བརྒྱད་པའི་ཚོད་ཅིག་ཟིལ་པ་ཁྲོམ་མེ་འདུག་སྟེ། འདི་རྣམས་ལྷག་འདུག མཆན། སྟོན་པ་འདས་ནས་ལོ་ལྔ་བརྒྱ་ཙམ་ན་ཡུལ་སིངྒ་ལའི་རྒྱལ་པོ་པཉྩ་ཤྲིངྒ་ཞེས་བྱ་བའི་པདྨའི་པདྨའི་ཚལ་དུ་སྐུ་འཁྲུངས། དེ་ཡང་བྱིས་པ་ལོ་བརྒྱད་ཙམ་ལོན་པའི་རྣམ་པ་ཅན་ཞིག་སྟེ། འདི་ལ་མངལ་གྱི་ལག་པས་རིག་པར་མི་རིགས་པས་པཉྩ་ལི་ཀའི་གོས་ཀྱི་ཁུད་དུ་གཏུམས་ཏེ་སྤྱན་དྲངས་ངོ་ཟེར། ལམ་ཁར་ཁྱེའུ་ན་རེ་འཕགས་པ་ཀླུ་སྒྲུབ་གང་ན་བཞུགས་ཟེར། ད་རུང་ཛམ་བུ་གླིང་ན་བཞུགས། ས་ཕྱོགས་འདི་ན་མི་བཞུགས་བྱས་སོ། །དེ་ནས་རྒྱལ་པོས་སྲས་སུ་བཟུང་སྟེ་ཡུན་རིང་ཞིག་བསྐྱངས་པས་སྐྱེད་ཀྱང་ཤིན་ཏུ་དྲག་གོ། །དེ་ནས་ཡབ་ཡུམ་ལ་ཀླུ་སྒྲུབ་ཀྱི་སྤྱན་སྔར་རབ་ཏུ་བྱུང་བར་ནན་གྱིས་ཞུས་པས་གནང་སྟེ། དཔལ་གྱི་རིར་བྱོན་ཏེ་བསྙེན་པར་རྫོགས། མགོན་པོ་ངག་གི་དབང་ཕྱུག་བསྒྲུབས་པས་རང་དང་གཞན་གྱི་གཞུང་ལུགས་ཐམས་ཅད་ལ་མཁས་པ་ཆེན་པོར་གྱུར་ཏོ། །དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་བརྱ་མ་བྱི་ཏ་ཀྲ་ཡ་ཞེས་པ་ལ་བུ་མ་ཏི་ཙི་ཏྲ་ཞེས་བྱ་བ་སྐྱེས་ཏེ། དེ་ཆུང་ངུའི་དུས་ནས་མས་ཅི་བསྒོ་བ་ཉན། མའི་བྲན་བཞིན་བྱེད་པས་མ་ཁོལ། དེར་བྱིས་པ་དེ་མུ་སྟེགས་ཞི་བའི་ལུགས་ཀུན་ཤེས་པར་བྱས་ནས། རྒྱ་གར་ནུབ་ཕྱོགས་སུ་སོང་སྟེ་དབང་ཕྱུག་ཆེན་པོའི་ལྷ་རྟེན་གྱི་རྩར་ས་སྡེ་བཙུགས་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྩོད་པའི་མཆོག་མ་ལོངས་པ་དེ་སྲིད་མི་ལྡང་བར་དམ་བཅས་ནས་རྟེན་དེའི་རྩ་ན་རྫིང་བུ་ཞིག་འདུག་པ་དེར་ཉལ་ནས་ཞག་བདུན་དུ་དབང་ཕྱུག་ཆེན་པོའི་སྔགས་བགྲངས་པས་ཞག་བརྒྱད་འགྲོ་བའི་ནངས་པར་ཞལ་མཐོང་། ཁྱོད་དངོས་གྲུབ་ཅི་འདོད་ཟེར། དེས་བདག་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྩོད་པ་ཞུ་ལགས་སོ་ཞེས་བརྗོད་པས། ངས་མངལ་སྐྱེས་ཀྱིས་མི་ཐུབ་པར་བྱིན་གྱིས་བརླབས་ཀྱི། རྫུས་སྐྱེས་བྱུང་ན་ཤིན་ཏུ་ཐུབ་དཀའོ། །དེའི་རྩར་ཚངས་པ་བཀུག་ནས་འདི་རྩོད་པ་བྱེད་པའི་དུས་སུ་ནེ་ཙོ་པཎྜི་ཏར་སྤྲུལ་ནས་འདིའི་གྲོགས་གྱིས་ཤིག །ཁྱབ་འཇུག་བཀུག་ནས་ཐོད་ལེ་ཀོར་པཎྜི་ཏར་སྤྲུལ་པས་འདིའི་གྲོགས་གྱིས་ཤིག །ཨུ་མ་དེ་ཝི་བཀུག་སྟེ་སྲིང་མོ་པཎྜི་ཏར་སྤྲུལ་ལ་འདིའི་གྲོགས་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ང་རང་ཡང་ཁྱོད་ཀྱི་ལུས་ལ་ཞུགས་ནས་ཁྱོད་རྒྱལ་བར་བྱའོ་ཞེས་ཞལ་གྱིས་བཞེས་སོ། །དེས་ལྷོ་དང་ཤར་གྱི་ཁོ་རང་གི་སྡེ་པ་མུ་སྟེགས་ཞི་བ་མ་གཏོགས་ཕྱི་ནང་ཐམས་ཅད་ཕམ་པར་བྱས་ཏེ་ཞི་བའི་སྡེ་པར་བཙུད། མའི་རྩར་ཕྱིན། མ་སངས་རྒྱས་པ་ལ་གུས་པས་ཇོ་མོ་སྒྲོལ་མ་ལ་མཎྜལ་ཕུལ་བ་ལ། འདི་ལྟར་བྱེད་པ་གཞན་ག་ན་ཡོད། དེས་ཡུལ་དབུས་ན་པཎྜི་ཏ་མཁས་པ་བཞུགས་པས་འདི་འདུལ་གྲང་སྙམ་ནས། རྒྱ་གར་ཤར་དང་ལྷོ་ནི་སངས་རྒྱས་པའི་བསྟན་པ་རྟ་དཀར་མོའི་ཟེ་བ་ཙམ། ཡུལ་དབུས་སོགས་ནི་རྟའི་སྤུ་ཙམ་མོ་ཞེས་གདམས་པས། དེས་དེ་རྣམས་ཚར་གཅོད་དོ་སྙམ་སྟེ་རྐང་པ་འཁྲུད་འཕྲོ་བཅད་ནས་ནཱ་ལེནྡྲའི་ཕྱོགས་སུ་སོང་ངོ་། དེ་དང་ཉེ་བ་ལམ་ཁ་བྲལ་ཞིག་འདུག་པར་ཤིང་གཅིག་ལ་བུ་མོ་ས་པ་དི་ནི་བྱ་བ་ཤིང་ཐོག་ཟ་གིན་འདུག་པ་ནཱ་ལེནྡྲའི་ལམ་གང་ཡིན་དྲིས་པས། རྨོངས་པ་མཐའ་འཁོབ་ཀྱི་མི་སྒྲ་མི་ཤེས་པ་ནཱ་ལེནྡྲ་བྱ་བ་ཡིན་ཟེར་ལམ་བསྟན་པས་སྤུ་ཟིང་བ་ཞིག་བྱུང་། ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན། དེར་ཕྱིན་པས་དཔལ་ནཱ་ལེནྡྲ། བོད་ཀྱི་སྐད་དུ་ན་རྒྱུན་སྟེར་ཞེས་བྱ་བ་དེར་སླེབས།དེ་ན་གཙུག་ལག་ཁང་ཆེན་པོ་བཅུ་བཞི། གླིང་ཕྲན་བརྒྱད་ཅུ་རྩ་བཞི། རྟེན་བྱིན་རླབས་ཅན་མང་པོ་དང་། པཎྜི་ཏ་ལྔ་བརྒྱ། མཐར་བིརྦ་མང་པོ་བཞུགས་ཤིང་འདུག་པ་ལ་སུས་ཀྱང་ཁོང་དང་རྩོད་མ་ནུས། དེར་ཁོས་ནངས་མ་རེ་བཞིན་ཚ་བའི་གྲལ་དུ་འོངས་ནས་མགོ་ལ་དབྱུག་པ་རྡེག་ཅིང་། དགེ་སྦྱོང་དག་མགོ་བོ་འདི་ག་ནས་འོངས་ཟེར། ཐེམ་པ་ལ་བཞོན་ནས་ང་ཕྱིར་འགྲོའམ་ནང་དུ་འགྲོ། བྱིའུ་ཆུང་ཆང་པར་གཅུག་ནས་འདི་འཆིའམ་མི་འཆི་ཟེར་ཀྱང་ལན་འདེབས་མི་ནུས་སོ། །དེར་དགེ་འདུན་རྣམས་བགྲོས་པས། དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས། དེ་མ་ཡིན་པས་ཁོའི་རྩོད་པ་མི་ཟློག །དེ་ནི་ཤིན་ཏུ་ཐག་རིང་ཞིང་བགྲོད་པར་དཀའ་ནས་ཐམས་ཅད་ཡིད་ཁོང་དུ་ཆུད་དོ། །ནུབ་གཅིག་མཁན་པོའི་རྨི་ལམ་དུ་མི་ནག་པོ་ཆེན་པོ་ཞིག་བྱུང་ནས། ངའི་སྤྱི་བོར་མུ་སྟེགས་ཀྱིས་སེང་ལྡེང་གི་ཕུར་བུ་ལ་སའི་སྙིང་པོ་ལན་འབུམ་བཏབ་པས་ངའི་ནུས་པ་མནན་གྱི། དེ་ཕྱུང་ལ་བདེ་མཆོག་དང་མགོན་པོའི་སྙིང་པོ་མང་དུ་བཏོན་ལ་ཁྲུས་གྱིས་ཤིག་ཐུགས་ཀ་ནས་བྱ་རོག་གཅིག་འོང་གི་དེའི་མགུལ་བར་ཡི་གེ་ཐོགས་ལ་དཔལ་གྱི་རི་ལ་ཕྱིན་ནས་ཀླུ་སྒྲུབ་སྤྱན་དྲངས་ཏེ་འོང་ཞེས་རྨིས་པ་ཇི་ལྟར་བསྒོ་བ་བཞིན་བྱས་པས་དེ་ཁོ་ན་བཞིན་བྱུང་ནས་ཏ་ལའི་ལོ་མ་ལ། ཨེ་མ་སྨ་མེད་པར་ནི་གྲོལ་བ་འབའ་ཞིག་གིས་ནི་འཁྲུགས་བྱེད་དམ། །ཁྱོད་ལས་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བའི་ཤིང་རྟ་མྱུར་དུ་དྲོངས། །ཐམས་ཅད་འཁུར་དཀའི་དུས་ཀྱིས་དུབ་པས་ཁྱུ་མཆོག་རྣམས་ཀྱང་གསོལ་འདེབས་ན། །ཡུན་རིང་གནས་ཀྱི་ལྷ་མི་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་བྲིས་ཏེ་བྱ་རོག་དེའི་སྐེ་ལ་བཏགས་པ་དང་བྱ་རོག་དེ་འཕུར་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཏོར་སྟེགས་སྟེང་དུ་བབས་ཏེ་སྐད་གྲགས་པས་གཟིགས་ནས། ཨཱརྱ་དེ་ཝས་བྱང་བུ་བཀྲོལ་ཏེ་བཀླག་པས། ན་ལེནྡྲར་མུ་སྟེགས་ཀྱི་སྟོན་པས་སངས་རྒྱས་པ་ལ་རྩོད་པ་བྱུང་། དེ་ཟློག་པར་སྤྱན་འདྲེན་པར་དགོངས་ནས་ང་འགྲོ་གསུངས། གལ་ཏེ་ཁོ་བོས་ཐུབ་པར་འདུག་ན་ངས་འགྲོ། སློབ་དཔོན་འོ་རྒྱལ་ཞུས་ཏེ། སློབ་དཔོན་གྱིས་ཕྱི་པ་བཟུང་། ཨརྱ་དེ་བས་ནང་པ་བཟུང་སྟེ་རྩོད་པས་ཨརྱ་དེ་བ་རྒྱལ། མུ་སྟེགས་ངན་པ་དེ་ཁྱེར་བྱས་ཏེ་མཆིལ་ལྷམ་སློབ་དཔོན་ལ་འཕངས། དེར་དྲན་པ་རྙེད་ནས་འགྱོད་དེ་ཆད་པ་ཞུས་པས་ཉེས་པ་མི་འོང་གསུངས། ཅིས་ཀྱང་མཛད་པར་ཞུས་པས། ལམ་དུ་མུ་སྟེགས་ཞི་བར་སྨྲ་བའི་སྡེ་པ་འབུམ་ཡོད་པས་དེ་ཐུལ་ལ་སངས་རྒྱས་ཀྱི་བསྟན་པ་ཆུག་གསུངས། ལམ་དུ་ཤིང་གི་ལྷ་མོས་སྤྱན་སློང་བ་ལ་གཅིག་སྦྱིན་པར་བཏང་། དེར་སློབ་དཔོན་གྱི་བཀའ་བཞིན་དུ་ལམ་གྱི་ཞི་བའི་སྡེ་པ་རྩོད་པས་བཏུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། དེ་ནས་ནཱ་ལེནྡྲར་ན་བཟའ་རྣམས་ལྷུང་བཟེད་དུ་བཅུག །ལྷུང་བཟེད་ཤིང་ཁུར་གྱི་གསེབ་ཏུ་སྦས་ནས་ལུས་ལ་ཐལ་བ་བྱུགས། ཤིང་ཚོང་དུ་རྫུས་ནས་བ་ལང་རྫི་དང་འགྲོགས་ནས་ཕྱིན། དེར་མུ་སྟེགས་ཀྱི་སྟོན་པ་དེས་ནང་པ་ཕྱིར་མ་གཏོང་ཕྱི་པ་ནང་དུ་མི་གཏོང་བར་འདུག་པ་ལ། ང་ཤིང་ཚོང་བ་ཞིག་ཡིན་མ་གཏང་ན་ང་ལྟོགས་ནས་འགྲོ་བྱས་པས་བཏང་ངོ་། །དེར་སློབ་དཔོན་གྱིས་ལྷུང་བཟེད་ཆོས་གོས་ཐོགས་ཏེ། སློབ་དཔོན་ཀླུ་སྒྲུབ་ནི་མ་བྱོན། སློབ་མ་ཨཱརྱ་དེ་ཝ་ཡོང་ནས་ཡོད་དོ་བྱས་པས། ནཱ་ལེནྡྲ་པ་རྣམས་དགའ་ཆེས་ཏེ་གདུགས་དང་རྒྱལ་མཚན་རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་སྒོའི་ནང་ནས་བསུས་སོ། །ནངས་པར་ཆུ་ཞོ་གཅིག་དང་མར་སྲང་གཅིག་བསྐུར་ཏེ་ཁྲུས་དང་སྐུ་མཉེ་བྱེད་པར་ཞུ་བྱས་པས། སློབ་དཔོན་གྱིས་ཆུ་བྲེ་གསུམ་མར་སྲང་ཕྱེད་ནང་དུ་ལོག་སྟེ། དགེ་འདུན་གྱི་ཡོ་བྱད་ཆུད་ཟ་བར་འཕངས་བྱས་པས་རྒྱལ་སྲས་ཐབས་ལ་མཁས་པར་གོ །དེ་གྲལ་སྨད་དུ་བཞུགས་པ་ལ་ཁོ་བྱུང་ནས་སྔར་བཞིན་ཟེར་བ་ལ། སློབ་དཔོན་གྱིས་ལག་པ་ནས་བཟུང་སྟེ། མགོ་འདི་སྐེ་ལ་སྐྱེ། ཁོ་ན་རེ་སྔ་ན་མེད་པའི་མི་མིག་གཅིག་པ་ཞིག་འདུག་ཟེར། དེ་ལ་སློབ་དཔོན་གྱིས། བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་མི་འགྱུར། །དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་མི་འགྱུར། །ཚངས་པ་འཇིག་རྟེན་མཐོང་ཡང་དེ་ཉིད་ག་ལ་མཐོང་། །ཨཱརྱ་དེ་བ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་གསུངས། ཁོ་ཐེམ་པ་ལ་བཞོན་ནས་སྔར་བཞིན་ཟེར་བ་ལ། ཁྱོད་རང་གི་འདོད་པ་ལ་རག་ལས་བྱས་པས། དེར་ཁོ་ན་རེ། ཁྱོད་ང་ང་གཉིས་རྩོད་པར་བྱའོ། །སུ་ཕམ་པ་རང་རང་གི་ལྟ་བ་འདོར་རོ་ཞེས་ཟེར། རྩོད་པ་བྱེད་པའི་ས་ཕྱོགས་སུ་སྔ་རྒོལ་ཕྱིར་རྒོལ་དཔང་པོའི་ཁྲི་བཤམས། སྣུམ་དང་བྱི་ལ་ནག་ཚངས་པ་གཅེར་བུ་དང་ཀོ་བ་རུལ་བ་སྟ་གོན་བྱས། དཔང་པོ་རྒྱལ་པོ་དང་ཕྱི་ནང་གི་པཎྜི་ཏ་གསུམ་གསུམ། རྒྱལ་ན་གཟེངས་བསྟོད། ཕམ་ན་སྨ་ཕབ་པའི་ཚོགས་ཆེན་པོ་འདུས་སོ། །རྩོད་པ་བྱས་པའི་དུས་སུ་ཁོས་དང་པོར་ཐོད་ལེ་ཀོར་པཎྜི་ཏར་བསྒྱུར་ཏེ། ངའི་འདིའི་ལན་ཐོབ་ཅིག་ཟེར་བ་ལ། སོ་ཕག་གི་ཐང་ལ་སྣུམ་བྱུགས་པས་རི་མོ་མ་བྱུང་། དེ་ནས་ནེ་ཙོ་བཏོན་པས་བྱི་ལས་སྐེ་བཅད། དེར་ཁོ་ན་རེ། ཁྱོད་ལ་སྡིག་པ་འོང་ཟེར་བ་ལ། དཔལ་གྱི་རི་ལ་སྡིག་སྦྱོང་བྱེད་པའི་སྒོམ་ཆེན་གཅིག་བཞག་ནས་ཡོད་བྱས་པས། དེར་སྡིག་སྦྱོང་བྱས་པས་ཁྱོད་ཀྱི་སྡིག་པ་འབྱང་ངམ་ཟེར་བ་ལ། འོ་ན་བྱི་ལས་ནེ་ཙོ་བསད་པས་སྡིག་པ་ང་ལ་ཅང་འོང་ངམ། ལན་མེད། དེར་སྲིང་མོ་བཏོན་བྱུང་བས་ནག་ཚངས་པ་གཅེར་བུས་དེད་པས་ངོ་ཚ་ནས་བྲོས་སོ། །དེར་རྩོད་པས་མ་ཐུབ་པས་དབང་ཕྱུག་ཆེན་པོ་ལུས་ལ་ཞུགས་སུ་རེ་སྟེ་མ་ཞུགས་པས་ཁོ་ཕམ་སྟེ་གྱེན་དུ་བལྟས་པ་དང་གདུགས་ཀྱི་འོག་ཏུ་ཀོ་རུལ་འདུག་པ་མཐོང་ནས་བཅད་དེ་བསྐྱུར་བ་དང་། དབང་ཕྱུག་ཁོའི་ལུས་ལ་ཞུགས་ཏེ་རྩོད་པས། དང་པོར་དེ་ན་གནས་པ་རྣམས་ཀྱིས་གོ །བར་དུ་ཅུང་ཟད་རེ་ལས་མ་གོ །ཐ་མར་སྔར་མ་གྲགས་པ་འབའ་ཞིག་གི་རྩོད་པས་སློབ་དཔོན་རྒྱལ་ཡང་སུས་ཀྱང་མ་གོ །དེར་ཁོ་བརྒྱ་བྱིན་མིག་སྟོང་ཡོད་པར་སྤྲུལ་པ་སློབ་དཔོན་གྱིས་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ཏེ་ཟིལ་གྱིས་མནན། དེར་ཁོས་ཁ་ནས་མེ་ཕྱུང་བ་དང་། སློབ་དཔོན་གྱིས་ཞབས་ནས་ཆུ་ཕྱུང་སྟེ་མེ་བསད་པས་དེར་སློབ་དཔོན་རྒྱལ་བར་བསྔགས་པ་དང་།ཁོ་ན་རེ་ཁྱེད་ལ་དཔང་པོ་ཡོ་བས་མུ་སྟེགས་ཞི་བར་སྨྲ་བའི་སྡེ་པའི་བ་ལང་རྫིའི་རྩར་རྩོད་དོ་ཟེར་ཁོ་རང་གི་ཕྱོགས་སུ་ཡོང་རེ་བས་སློབ་དཔོན་གྱི་གླིང་བུའི་སྒྲས་བ་ལང་རྫིའི་སེམས་བཟུང་བས་དེས་ཀྱང་སློབ་དཔོན་རྒྱལ་བར་བྱས། དེར་ཁོ་བར་སྣང་ལ་བྲོས་པ་དེད་ནས། དེ་ནས་མ་བྲོས་ཤིག་རླུང་སྤུ་གྲི་བྱ་བ་ཡོད་ཀྱི། དེས་ལུས་དུམ་བུར་འགྲོའོ་བྱས་པས། དེ་ཡོད་པར་ཅིས་ཤེས་ཟེར། ཁྱོད་རང་གི་རལ་པ་ཆོད་ལ་སྐྱུར་དང་བྱས་པས་སྐྲ་རྡུལ་ཕྲ་རབ་བཞིན་སོང་ངོ་། །དེ་མཐོང་ནས་བྲེད་དེ་མར་ལོག །དེ་མིན་ན་ཁོ་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་འགྲོ་བ་ཡིན། དེར་རྒྱལ་པོས་ཁོ་འཁོར་བཅས་བཙོན་དུ་བཟུང་སྟེ་དབུ་རྩེར་བཅུག་པས་ཁོ་ལྕེབ་སྙམ། པོ་ཏི་གཅིག་གི་གླེགས་ཐག་བཀྲོལ་བས་དེ་ན་མི་གཡོ་བའི་ཡི་གེ་བཅུ་པ་ལ་ཕན་ཡོན་ཆེན་པོ་བཤད་འདུག་པ་འདི་ལ་ཕན་ཡོན་འདི་ཙམ་ཡོང་མི་འཐད་སྙམ་པ་དང་། མི་གཡོ་བའི་སྐུ་གཅིག་བྱུང་སྟེ་ད་རུང་ཆོས་བདེན་པ་ལ་ཡིད་མི་ཆེས་སམ་ཟེར་འགྲམ་ལྕག་གཅིག་བརྒྱབ་པས་ཁོ་བརྒྱལ། བརྒྱལ་བ་སངས་ནས་པོ་ཏིའི་གླེགས་ཐག་རྣམས་བཀྲོལ་ཏེ་རིམ་པ་བཞིན་བལྟས་པས་མ་ཁོལ་ལུང་བསྟན་པའི་མདོ་སྡེ་མཐོང་ནས་རང་ཉིད་དེའི་གདུལ་བྱར་ཤེས། གཞན་ཡང་སངས་རྒྱས་ཀྱི་གསུང་ལ་དད་པ་ཆེན་པོ་སྐྱེས་ཏེ། སློབ་དཔོན་ལ་བདག་རབ་ཏུ་འབྱིན་པར་ཞུ་བྱས་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ་རབ་ཏུ་བྱུང་ངོ་། །དེར་ཁོང་ཕྱི་པའི་སྒྲ་ཚད་ལ་མཁས་པའི་སྟོབས་ཀྱིས་ནང་པའི་གཞུང་ལུགས་རྣམས་ཀྱང་ཕལ་ཆེར་ཚེགས་མེད་པར་ཤེས་ཏེ་མཁས་པ་ཆེན་པོར་གྱུར་ཏེ། དེ་ནས་རྨི་ལམ་དུ་ཤར་ཕྱོགས་བྷང་ག་ལའི་གྲོང་ཁྱེར་སྲང་ཁ་ན་མཁའ་འགྲོ་མ་ཞིག་བཞུགས་ཏེ། དེས་ཁྱོད་བྱིན་གྱིས་བརླབས་པར་འགྱུར་རོ་ཟེར་རོ། །དེར་བྱོན་པས་རྒན་མོ་ཤི་ལ་ཁད་དབུགས་ལྷེབ་ལྷེབ་པ་གཅིག་འདུག ཕྱག་དང་བསྐོར་བ་བྱས་ཙ་ན་དེས་དྲི་ཆེན་དྲི་ཆུ་བྱིན་དེ་ཟོས་པ་དང་། ནམ་མཁའ་ལ་ལིང་སོང་བ་དང་། མཁའ་འགྲོ་མ་བྱི་ལའི་གདོང་པ་ཅན་ཞིག་ཏུ་སོང་ངོ་། །ཤིག་སྲོ་ཀུན་ཀྱང་རུས་པའི་རྒྱན་དུ་སོང་། །དེས་བྱིན་གྱིས་བརླབས་པས་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་དུས་གཅིག་ལ་ཐུགས་སུ་ཆུད་པ་མཚན་ཡང་བྷ་བི་ལ་དང་། དཔའ་བོ། རྟ་དབྱངས་ཞེས་བྱ་བ་ལ་སོགས་པ་མང་ངོ་། །དེ་ལྟར་སློབ་དཔོན་དཔའ་བོའམ་རྟ་དབྱངས་ཀྱི་སློབ་དཔོན་ཨརྻ་དེ་བས་བཞི་བརྒྱ་པ་ལ་སོགས་ལེགས་པར་བཤད་པ་དུ་མ་མཛད་ཅིང་བསྟན་པ་རྒྱས་པར་བྱས་སོ། །ཐོགས་མེད་ཀྱི་གཅུང་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་ཞིང་མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་པ་སློབ་དཔོན་དབྱིག་གཉེན་ཏེ། དེ་ཡང་དབྱིག་གཉེན་གྱིས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་པའི་སྟོབས་ལས་གཞོན་ནུ་ནས་ཁ་ཆེར་སློབ་དཔོན་ཆེན་པོ་འདུས་བཟང་གི་དྲུང་དུ་ཕྱིན། དེར་སྤྱིར་རིག་པའི་གནས་ཐམས་ཅད་དང་། ཁྱད་པར་ཉེར་སྦས་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པའི་བྱེ་བྲག་ཏུ་བཤད་པ་ཞེས་སམ། ཆོས་མངོན་པ་མཛོད་ཅེས་བྱ་བ་སོགས་མངོན་པ་བསླབས་པས་ཚེགས་མེད་པར་མཁྱེན་ནས་རྒྱ་གར་དུ་བྱོན་པར་ཆས་ལམ་དུ་བཞུགས་པའི་ཚེ་ཁ་ཆེའི་ཤོ་གམ་བསྲུང་བའི་གནོད་སྦྱིན་གྱི་རྟེན་ཡོད་པས་འཕྲོག་ནས་ལན་གསུམ་གྱི་བར་དུ་ཟློག་ཀྱང་ནོར་ནི་མེད། ཆོས་བློ་ལ་ཡོད་པ་འབྲལ་དུ་མི་བཏུབ་པས་བཏང་སྟེ་ནཱ་ལེནྡྲར་བྱོན་པ་དང་། གཅེན་གྱིས་བསྟན་བཅོས་མང་དུ་བརྩམས་པ་ཐོས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་ཀྱི་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་བསྟིངས་པ་གཅེན་གྱིས་གསན་ནས། ལོག་སྒྲུབ་དོན་མིན་དུ་འགྱུར་བ་མཁྱེན་ཏེ། དེ་བཟློག་པའི་ཕྱིར་སློབ་མ་གཉིས་ལ་ས་བཅུ་པ་དང་བློ་གྲོས་མི་ཟད་པ་འཛིན་དུ་བཅུག་ནས་གཅུང་རྩར་སོང་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིག་ཅེས་བསྒོ་བ་ལྟར་བསྒྲུབས་པས། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ལ་འབྲས་བུ་གཡེལ་བ་འདྲ་གསུངས། ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ་ངས་སྐུར་པ་བཏབ་པ་ལྕེ་འདིས་ལན་པས་ཆོད་གསུངས་ནས་སྤུ་གྲི་བཙལ་བའི་ཚེ། ཁོང་གཉིས་ཀྱིས་ལྗགས་འགུམ་མི་འཚལ། དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས་དེར་གཤེགས་སོ་ཞེས་སྨྲས་ཏེ། དེ་ལ་གསན་ནས་བྱོན་ནོ། །དེར་ཆོས་མང་དུ་གསན་ཅིང་འབེལ་གཏམ་མཛད་པའི་ཚེ། གཅུང་སྤོབས་པ་མྱུར་ཞིང་གཅེན་ཤིན་ཏུ་བུལ་ཡང་ལན་བཟང་པོ་བྱུང་ནས་རྒྱུ་ཞུས་པས། ཁྱོད་ནི་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་ཡིན། ང་ལ་དེ་ལྟ་བུ་མེད་པས་ཡི་དམ་ཞིག་ལ་དྲིས་ཤིང་ལན་འདེབས་པ་ཡིན་གསུངས། དེ་བདག་ལ་བསྟན་པར་ཞུ་བྱས་པས། རྗེ་བཙུན་ལ་ཞུ་ཡི་གསུངས་ནས་ཞུས་པས། ཁྱོད་སོ་སོ་སྐྱེ་བོ་ཡིན་པ་དང་། ཐེག་ཆེན་ལ་སྐུར་པ་བཏབ་པས་ང་ཚེ་འདི་ལ་མཐོང་བའི་སྐལ་བ་མེད་ཀྱི། སྒྲིབ་པ་སྦྱང་བའི་ཕྱིར་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། གཙུག་ཏོར་རྣམ་པར་རྒྱལ་མ་ཐོན། ཕྱི་མ་མཇལ་བར་འོང་གྱིས་ཤིག་གསུང་བས་དེ་སྐད་བསྙད་དོ། །དེ་ནས་གཅེན་ལ་ལྷག་པར་དད་དེ། ང་ནི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོས་ཆར་ཕབས་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །ཅེས་ཟེར་ཞིང་བྱམས་པའི་གསུང་བཞིན་བསྒྲུབས་ལ་མཛོད་ཀྱི་ཚིག་ལེའུར་བཅད་པ་བརྩམས་ཏེ་འདུས་བཟང་ལ་སྤྲིངས་སོ། །སློབ་མ་རྣམས་ཀྱིས་ཟེར་གྲག་ལོ་ཞེས་པ་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ་ཞེས་སྨྲས་པ་དང་། ཁོ་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་གི་རྒྱན་ཡིན་ཟེར། ཤིན་ཏུ་མཉེས་ཏེ་འགྲེལ་པ་མདོ་དང་མཐུན་པའང་སྦྱར་རོ། །སློབ་དཔོན་འདིས་ནཱ་ལེནྡྲའི་མཁན་པོ་མཛད་དེ་ཐོགས་མེད་གཤེགས་ནས་ཀྱང་དུམ་ཞིག་བསྟན་པ་བསྐྱངས། འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་སུ་ཆུད་ཅིང་འབྲུ་མར་གྱི་བཅིང་བ་མཛད་ནས་ཞག་བཅུ་གཉིས་སུ་ཞལ་འདོན་མཛད་པས་སངས་རྒྱས་གཉིས་པར་གྲགས་པའོ། །ཕྱིས་མཛོད་ལ་རང་འགྲེལ་མཛད་དེ། འདུས་བཟང་བཞུགས་པ་དེ་ལ་བསྐུར་བས་དེ་འཁྲུགས་ཏེ་ལུང་དང་རིགས་པའི་སྒོ་ནས་ཚར་བཅད་ཅིང་ཁོ་ཉིད་ཀྱི་ལག་པས་སུབ་ཏུ་གཞུག་གོ་ཟེར་ནས་རྒྱ་གར་དུ་བྱོན་པར་ངུར་སྨྲིག་གི་མདངས་ཀྱིས་ནམ་མཁའ་འགྱུར་བ་ཙམ་གྱི་དགེ་འདུན་གྱིས་བསྐོར་ཏེ་ཆས་པ་དབྱིག་གཉེན་གྱིས་གསན་ནས་སློབ་དཔོན་འདུས་བཟང་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་བྱུང་བ་ཡིན་པས་ཟློག་པར་དཀའ་ལ། དེ་ཕམ་ཡང་དགོས་པ་མེད་པས་བལ་ཡུལ་རང་བྱུང་གི་མཆོད་རྟེན་ལྟ་བར་འགྲོ་ཞེས་བསྒྲགས་པ་བཞིན་ནཱ་ལེནྡྲ་དཔལ་ལྡན་ཆོས་སྐྱོང་ལ་གཏད། བལ་ཡུལ་དུ་བྱོན། དེའི་རྗེས་ལ་འདུས་བཟང་ནཱ་ལེནྡྲར་བྱོན། དེར་སུམ་བརྒྱ་ལོན་ནས་གྲོངས། དབྱིག་གཉེན་དགུང་ལོ་ཉིས་བརྒྱ་ལ་བལ་ཡུལ་དུ་ཧ་དུ་ཞེས་པ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་སྡོམ་ཁྲིམས་ལ་མི་གནས་པ་ཆང་གི་བུམ་པ་ཐོགས་པ་མཐོང་ནས་སྐྱོ་བ་སྐྱེས་ཏེ་གཙུག་ཏོར་རྣམ་རྒྱལ་བཟློག་ནས་བཏོན་པས་གྲོངས་ནས་མཆོད་རྟེན་ཡང་བརྩིགས་སོ། །ཕྱོགས་ཀྱི་གླང་པོའི་སློབ་མ་རྒོལ་བ་དབང་ཕྱུག་སྡེའི་རྗེས་སུ་ཞུགས་པས་ཕྱི་རོལ་པ་ཐམས་ཅད་ཀྱི་བརྟན་པ་གཅིག་ཅར་དུ་འཕྲོག་པར་བྱེད་པ་དཔལ་ཆོས་ཀྱི་གྲགས་པ་སྟེ། དེ་ཡང་རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར་མུ་སྟེགས་བྲམ་ཟེའི་རིགས་སུ་སྐྱེས་ཏེ་ཆུང་ངུ་ལ་སྒྲ་ལེགས་པར་འབྱོངས་ནས། ཞང་པོ་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་མ་ལེན་ལ་མུ་སྟེགས་ཀྱི་བྲམ་ཟེ་རབ་ཏུ་བྱུང་བའི་ཆས་བླངས་ནས་ཞང་པོས་ངན་མང་དུ་སྨྲས་ཏེ་བསྐྲད་དོ། །དེར་ཐུགས་ལ་མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་ནས་ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅིང་། ཁྱད་པར་སློབ་དཔོན་དབང་ཕྱུག་སྡེ་ལ་ཚད་མ་ཉན་པས་སློབ་དཔོན་དབང་ཕྱུག་སྡེས་ཇི་ལྟར་དགོངས་པ་ལྟར་རོ། །གཉིས་པ་ཞུས་པས་ཕྱོགས་གླང་གི་དགོངས་པ་བཞིན། གསུམ་པ་གསུང་བར་ཞུས་པས་ཕྱོགས་གླང་ལ་སློབ་མ་ང་ལྟ་བུ་ལས་མེད། ང་ལའང་ཁྱོད་ལྟ་བུ་ལས་མ་བྱུང་། ཚར་རེ་ལས་བཤད་པའི་སྲོལ་མེད་པ་ལ་གཉིས་སུའང་བཤད། ང་འདི་གཅིག་པུ་འཆད་པས་མི་ཕན། པཎྜི་ཏའི་བྱ་བ་གཞན་ཡང་བྱ་དགོས་པས་རས་སྣུམ་སྟ་གོན་གྱིས་ཤིག་ནུབ་མོ་འཆད་དོ་གསུངས་ནས་དེ་ལྟར་བྱས་པར། འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ལྷག་པར་རྟོགས་ཏེ། སློབ་དཔོན་ལ་སྔར་གྱི་ཚུལ་བརྗོད་པས་ཤིན་ཏུ་མཉེས་ནས། ད་ཁྱོད་ཀྱིས་ངའི་ནོར་བ་རྣམས་ཕྱོགས་སྔར་གྱིས་ལ་ཀུན་ལས་བཏུས་ལ་འགྲེལ་པ་གྱིས་ཤིག་ཅེས་རྗེས་སུ་གནང་ངོ་། །དེ་ནས་གྲངས་ཅན་གྱི་རྟོག་གེའི་གསང་ཚིག་རྣམས་རྟོགས་པའི་དོན་དུ། བྲན་དུ་བརྫུས་ཏེ་ཞང་པོའི་ཆུང་མའི་གཡོག་བྱས་ནས་མགུ་བར་བྱས་ཏེ། གྲུབ་མཐའི་གནད་འདི་འདྲ་དྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཚེ་འདྲི་ཡི་ཁྱོད་རང་ཡིད་ལ་ཟུངས་ཟེར་ནས་མོའི་རྐང་པ་ལ་ཐིག་གུ་བཏགས། རང་མལ་ཁྲིའི་འོག་ཏུ་འདུག་ནས་གང་དཀའ་བ་དེ་ལ་ཐག་པ་འཐེན་ནས་ལེགས་པར་ཤེས། གྲུབ་མཐའི་གནད་ལོན་པས་ཐམས་ཅད་ཐུབ་པར་ཤེས་ནས་བྲོས་སོ། །དེའི་ཚེ་མུ་སྟེགས་ཀྱི་མཁས་པ་ཡོད་ན་རྩོད་པར་བྱེད་དོ་ཞེས་དྲིལ་བསྒྲགས་པས་ཕལ་ཆེར་ཡུལ་གཞན་དུ་བྲོས། རྩོད་པ་བྱས་པ་རྣམས་ཆོས་ཀྱིས་ཚར་བཅད་དེ་བསྟན་པ་ལ་བཀོད་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཞེས་གསུངས་སོ། །སློབ་དཔོན་འདི་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་མཐར་མཁའ་སྤྱོད་ཆེན་པོ་སྐུ་ཚེ་འདིར་གྲུབ་པར་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ནི། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །ཅེས་ལུང་བསྟན་ཏོ། །དེ་ལྟར་ཨཱརྱ་དེ་ཝ། དབྱིག་གཉེན། ཆོས་ཀྱི་གྲགས་པ་སྟེ་གསུམ་ལ་འགྲེལ་པ་བྱེད་པ་པོ་གསུམ་ཞེས་གྲགས། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལ་མཁས་པ་ཡོན་ཏན་འོད་ནི་ཡུལ་དབུས་རིགས་བྲམ་ཟེ། བཙུན་པ་དབྱིག་གཉེན་ལ་བརྟེན་ནས་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ན། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་སྒྲུབ་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདུལ་བ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཡུལ་དབུས་ཀྱི་རྒྱལ་པོ་ཤྲི་ཧར་ཥས་པཎྜི་ཐམས་ཅད་ཀྱི་མཆོག་ཏུ་ཤེས་ནས་བླའི་མཆོད་གནས་སུ་བསྟེན་པ་དེས་འདུལ་བ་མདོ་རྩ་དང་ལས་བརྒྱ་རྩ་གཅིག་པ་མཛད། དགུང་ལོ་བཞི་བརྒྱའི་བར་དུ་བཞུགས་ཏེ་སྟོན་པའི་བསྟན་པ་བསྐྱངས་སོ། །ཤཱཀྱ་འོད་ནི་འོད་ལྡན་ལས། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་པ་འདི་གསུམ་རིག་རྣམས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་བྱང་བ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པར་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་པས་ཕྱིས་བསོད་ནམས་གྲགས་པ་དང་ཞི་བའི་འོད་ཀྱི་སློབ་མ་ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་རྩ་འགྲེལ་མཛད་དོ། །དེ་ལྟར་ཨཱརྱ་དེ་ཝ། དབྱིག་གཉེན། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ།ཡོན་ཏན་འོད། ཤཱཀྱ་འོད་དེ་ཛམ་གླིང་མཛེས་པའི་རྒྱན་དྲུག་དང་། ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལ་མཆོག་གཉིས་སུ་གྲགས་པ་སྟེ་རྒྱན་དྲུག་མཆོག་གཉིས་སོ། །རྨད་བྱུང་གི་སློབ་དཔོན་རྣམ་གཉིས་ལས་ཞི་བ་ལྷ་ནི། རྒྱལ་བ་ལྷའི་སློབ་མ་པཎྜི་ཏ་ཆེན་པོ་ངོ་མཚར་ཅན་གྱི་གཏམ་བདུན་ཞེས་གྲགས་ཏེ། ལྷག་པའི་ལྷ་མཉེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང་། །རྒྱལ་པོ་མུ་སྟེགས་ཅན་བཏུལ་ལོ། །དེ་ལ་དང་པོ་ནི་ལྷོ་ཕྱོགས་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་འཁྲུངས།མཚན་ཞི་བའི་གོ་ཆ། གཞོན་ནུའི་ཚེ་རིག་པ་མང་པོ་བསླབས། ཁྱད་པར་འཇམ་དཔལ་རྣོན་པོ་བསྒྲུབས་པས་ཞལ་གཟིགས། ཡབ་འདས་ཏེ་སང་རྒྱལ་པོར་དབང་བསྐུར་བའི་དོ་ནུབ་རྨི་ལམ་ན། རང་ཉིད་སྡོད་རྒྱུའི་ཁྲི་ལ་རྗེ་བཙུན་འཇམ་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པ་རྨིས་པས། རྒྱལ་སྲིད་གཟུང་མི་བཏུབ་པར་ཤེས་ཏེ་བྲོས་ནས་ནཱ་ལེནྡྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བ་ལྷ་ཞེས་བཏགས་སོ། །དེར་ནང་གི་ཀུན་སྤྱོད་འཕགས་པ་ལ་ཆོས་གསན་ཅིང་དེ་ལ་མཉམ་པར་འཇོག་པ་དང་། བསྟན་བཅོས་ཟབ་མོ་རྩོམ་པར་མཛད་ཀྱང་།ཕྱིའི་སྤྱོད་ལམ་ཟ་ཉལ་བཤང་བ་མ་གཏོགས་གཞན་གྱིས་མ་རིག་པས། བྷུ་སུ་ཀུ་འདུ་ཤེས་གསུམ་པ་ཞེས་གྲགས་ཤིང་གཞན་རྣམས་ཀྱིས་ཕྱིའི་སྤྱོད་པ་ལ་དཔགས་ནས་རབ་ཏུ་བྱུང་བའི་བྱ་བ་འཁོར་ལོ་གསུམ་ཡིན་པ་ལ། འདི་གང་དང་ཡང་མི་ལྡན་པས་དད་པས་བྱིན་པ་ལོངས་སྤྱད་པར་མི་རུང་བས་བསྐྲད་པར་བྱ། དེའང་མདོ་འདོན་རེས་བྱས་པས་རང་འབུད་ལ་འགྲོ་སྙམ་བགྲོས་ནས་མདོ་འདོན་པར་བསྐུལ་ལོ། །ཁས་བླངས་པ་དང་ཐེ་ཚོམ་དུ་གྱུར་ལ། སང་སྐྱེ་བོའི་དབུས་སུ་ཁྲི་མཐོན་པོ་བཤམས་པ་ལ། ཕྱག་གིས་མནན་ནས་སྟེང་དུ་བྱོན།དེར་སྔར་མ་གྲགས་པ་འདོན་ནམ་གྲགས་པ་འདོན་གསུངས་པ། མ་གྲགས་པ་འདོན་པར་ཞུས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཅེས་པའི་མཚམས་ནས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུང་གྲགས་པའི་སྒོ་ནས་རྫོགས་པར་བཏོན་ཏེ་གཤེགས་སོ། །དེ་གཟུངས་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤོ་ལོ་ཀ་བདུན་བརྒྱ་དང་། སྟོང་དང་སྟོང་ལྷག་ཙམ་སྟེ་གསུམ་བྱུང་བས་ཐེ་ཚོམ་ཞིང་། བསླབ་པ་ཀུན་ལས་བཏུས་པ་ཡང་། །ཡང་དང་ཡང་དུ་བལྟ་བར་བྱ། །ཞེས་དང་། ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་རྣམས་ཀུན་ལས་བཏུས་པ་བལྟ། །ཞེས་པའང་མ་ཤེས་པས་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་ནས། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བ་མཇལ། དེ་དག་ཞུས་པས། བསླབ་བཏུས་དང་མདོ་ཀུན་ལས་བཏུས་ཁོ་བོའི་གྲྭ་ཁང་གི་གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོ་བྲིས་པ་ཞིག་ཡོད། སྤྱོད་འཇུག་ཤོ་ལོ་ཀ་སྟོང་ཚང་བ་དེ་ཡིན་ཞེས་ལུང་བསྟན། དེ་དག་གི་བཤད་པ་དང་སྒྲུབ་པའི་ལུང་ཡང་གནང་ངོ་། །དེ་ནས་ཤར་ཕྱོགས་སུ་བྱོན་ཏེ་འཁྲུག་པ་བྱེད་པ་ཞིག་གི་འཐབ་ཟླ་མཛད་དེ་བཏུལ་ལོ། །ཡུལ་མ་ག་དྷའི་ནུབ་ཕྱོགས་ཧ་ཅང་མི་རིང་བ་ན་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་བརྒྱ་ཡོད་པ་འཁོར་དུ་བསྡད་པ་དང་རེ་ཞིག་ཡུལ་ངན་ཆེན་པོ་བྱུང་ནས་བཟའ་བཏུང་ཆད་དེ་ཉོན་མོངས་པར་གྱུར་ནས་སུ་སློང་ནུས་པ་སློབ་དཔོན་དུ་བཀོད་ཅིང་བསྒོ་བ་ཉན་པར་བྱས་པ་དང་། སློབ་དཔོན་གྱིས་འབྲས་ཆེན་ལྷུང་བཟེད་གང་བླངས་ཏེ་བྱིན་གྱིས་བརླབས་པས་ཐམས་ཅད་ཚིམ་པར་མཛད་ནས་ཡ་མཚན་ཅན་གྱི་ལྟ་བ་ལས་བཟློག་སྟེ་ཐུབ་པའི་བསྟན་པ་ལ་བཙུད་དོ། །སྤྲང་པོ་སྟོང་ཞིག་བྲུ་བ་ཚ་བས་ཉེན་ཏེ་ཤི་ལ་ཁད་པ་ན་སློབ་དཔོན་གྱིས་འཚོ་བ་སྦྱར་ཞིང་ཆོས་བསྟན་ཏེ་བདེ་བ་ལ་བཀོད། ཤར་ཕྱོགས་ཨ་རི་བི་ཤ་ནའི་རྒྱལ་པོ་ལ་མ་ལ་ཙའི་གནོད་པ་བྱ་བ་འཚོ་བ་མ་ཕྱིད་པ་ཁ་ཅིག་རྒྱལ་པོ་ལ་འཁྲིལ་ནས་ནོར་སྦྱིན་དགོས། མི་བྱིན་ན་རྒྱལ་པོ་གསོད་དུ་ཡོང་བས་དེའི་སྐུ་སྲུང་མཛད། སློབ་དཔོན་ལ་རྗེ་བཙུན་གྱི་ཕྱག་རྒྱར་བཅངས་པའི་ཤིང་གི་རལ་གྲི་ཞིག་ལས་མེད་པ་གྲོགས་ཀྱིས་མཐོང་སྟེ། རྒྱལ་པོ་ལ་མི་འདི་སྒྱུ་ཅན་ཞིག་སྟེ་ལག་ཆ་ལ་གཟིགས་ཤིག་ཅེས་གསོལ་བས། རྒྱལ་པོ་ཁྲོས་ཏེ་ཁྱོད་ཀྱི་རལ་གྲི་ཕྱུངས་ཤིག་ཅེས་སྨྲས་པས་ལྷ་ཉིད་ལ་གནོད་པར་འགྱུར་རོ། །གནོད་ཀྱང་སླའི་ངེས་པར་ཕྱུངས་ཤིག་ཟེར། འོ་ན་ལྷས་སྤྱན་ཡ་གཅིག་བཀབ་སྟེ་གཅིག་གིས་གཟིགས་ཤིག་ཅེས་གསོལ་བས། དེ་ལྟར་བྱས་ཏེ་རལ་གྲི་ཕྱུང་བས་དེའི་འོད་ཟེར་མ་བཟོད་དེ་མིག་གཅིག་ཞར་བ་དང་། བཟོད་པར་གསོལ་སྐྱབས་སུ་སོང་སྟེ་ཆོས་ལ་བཙུད་དོ། །དེ་ནས་དཔལ་གྱི་རིའི་ལྷོ་ཕྱོགས་སུ་བྱོན་ཏེ་ཨུ་ཙྪཱའི་སྤྱོད་པ་ཞེས་བྱ་བ་སྤྲང་པོའི་ཆ་བྱད་གཅེར་བུ་འཁྲུད་མ་ཕོ་བའི་ཚིགས་མས་འཚོ་བར་བྱེད་པ་དག་གི་ནང་དུ་ཞུགས་སོ། །ཁ་རི་བི་ཧ་རའི་རྒྱལ་པོའི་བྲན་མོ་ཀ་ཙ་ལ་ཧས་འཁྲུད་མ་ཕོ་བའི་ཆུ་འཐོར་བ་སློབ་དཔོན་ལ་ཕོག་པས་ཁོལ་བ་མཐོང་། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་ཤང་ཀ་ར་དེ་བ་ཞེས་བྱ་བས། གནང་ནམ་མཁའ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་འདྲི་བས། དེ་བཤིག་མ་ནུས་ན་ཆོས་ལྷ་རྟེན་བསྲེགས་ནས་དགེ་འདུན་རྣམས་ཕྱི་རོལ་པའི་སྒོར་འཇུག་དགོས་ཞེས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་དགེ་འདུན་འདུས་ཏེ་བསྙད་པས་བཤིག་པར་ཁས་ལེན་པ་མ་བྱུང་། རྒྱལ་པོ་མྱ་ངན་དུ་གྱུར་པ་ན་བྲན་མོས་སྔར་མཐོང་བ་དེ་བཤད་པས་ཚོལ་ཞིག་གསུངས། ཕྱོགས་ཀུན་ཏུ་བཙལ་བས་ལྗོན་ཤིང་ཞིག་གི་དྲུང་ནས་རྙེད་དེ། དོན་དེ་ཞུས་པས་ངས་ནུས་ཀྱི་ཆུ་བུམ་པ་གང་། རས་ཡུག་གཉིས། མི་རྣམས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ། །སང་དགོང་ཀ་ཐིག་གདབ་སྟེ་སོང་། ཐམས་ཅད་ཐེ་ཚོམ་དུ་གྱུར་ཏོ། །གནང་སྔ་དྲོ་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན། སློབ་དཔོན་གྱིས་ཏིང་ངེ་འཛིན་མཛད་པས་འཚུབ་མ་ཆེན་པོ་ལངས་ཏེ་རྨེག་མེད་དུ་ཁྱེར། ཤིང་དང་གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལ་ཐུག་པར་ལྡེག དེར་ཚོགས་པའི་མི་རྣམས་ཀྱང་བདས། མུ་སྟེགས་ཀྱི་སྟོན་པའང་རྣམ་པར་འཐོར། ཕྱོགས་ཐམས་ཅད་མུན་པ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་གྱི་སྨིན་མཚམས་ནས་འོད་བྱུང་སྟེ་རྒྱལ་པོ་དང་བཙུན་མོར་ལམ་བསྟན་ཏེ། གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པ་ལ་ཆུས་བཀྲུས་རས་གསར་པ་གཡོགས་ཏེ་མེས་བསྲོས་ཏེ་བདེ་བར་བྱས་སོ། །དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིག་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས་ད་ལྟའི་བར་དུའང་ཡུལ་དེ་ལ་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དངོས་བསྟན་ལྷག་པའི་ཤེས་རབ་རྣམ་པར་འགྲེལ་པ་རྩ་བ་ཤེས་རབ་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་ཀླུ་སྒྲུབ་ཉིད་ལ་ཐོས་པ་བཞིན་འགྲེལ་པ་མཛད། དེ་ནས་རིང་ཞིག་ན་མཁས་པ་ཆེན་པོ་ལེགས་ལྡན་འབྱེད་རང་ཉིད་རྟོག་གེ་ལ་མཁས་པ་སྟོན་པར་བཞེད་ལ། དེ་ལྟར་བཤད་པས་དབུ་མའི་དོན་ཡང་མི་ཉམས་པར་དགོངས་ནས་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ལ་གཟིགས་ནས། དེ་ལ་ཟུར་ཟ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་ཞེས་བྱ་བ་བརྩམས། བོད་ཀྱི་བགྲེས་པོ་དག་སློབ་དཔོན་སངས་རྒྱས་བསྐྱངས་དང་ལེགས་ལྡན་དངོས་སུ་རྩོད་པ་མཛད་པས། སངས་རྒྱས་བསྐྱངས་ཀྱིས་ལེགས་ལྡན་འབྱེད་མ་ཐུབ་པར་སྐྱེ་བ་ཕྱི་མར་དེ་ལས་རྒྱལ་བར་སྨོན་ལམ་བཏབ་སྟེ་ཟླ་བ་གྲགས་པར་འཁྲུངས། དེའི་ཚེ་ལེགས་ལྡན་འབྱེད་དང་གཉིས་རྩོད་པས་ཟླ་གྲགས་རྒྱལ། ལེགས་ལྡན་འབྱེད་དེའི་སློབ་མར་ཞུགས་སོ་ཟེར་བ་ནི་གཏན་ནས་མི་འཐད་དེ། ཚིག་གསལ་ལས། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོང་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་གསུངས་པས་སོ། །སློབ་དཔོན་ཙནྡྲ་གོ་མི་ནི་པཎྜི་ཏ་ཙནྡྲ་བྱ་བ་ཞིག་མུ་སྟེགས་ཆད་ལྟ་བ་ཞིག་དང་རྟག་ཏུ་རྩོད་པས་པཎྜི་ཏས་ཚེ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དང་། ཁོས་མེད་པའི་སྒྲུབ་བྱེད་བཀོད་ཀྱང་མཉམ་པོ་ལས་མ་བྱུང་བས་ངས་སྐྱེ་བ་ཕྱི་མ་དངོས་སུ་བསྟན་གྱི། དེ་ཡང་ཟླ་བ་ཕྱི་མ་ལ་ང་ཤི་ནས་བར་རིནྡྲའི་གྲོང་དུ་པཎྜི་ཏ་ཆོས་ཁོལ་བྱ་བའི་བུར་སྐྱེ། ང་ཡིན་པའི་རྟགས་སུ་སྨིན་མཚམས་སུ་རྨེ་བ་ཟླ་བ་ལྟ་བུ་ཡོད་པས་མིང་ཡང་ཟླ་བར་འབོད་པ་ཞིག་འོང་སྟེ་ལོ་ངོ་བདུན་ན་རྩོད་པ་བྱའོ་ཞེས་བྱས་ཏེ་དེ་ལྟར་བྱུང་བའི་སྐྱེས་མ་ཐག་ཏུ་ཡུམ་འོ་མ་རྒྱལ་ལམ་བྱས་པས་མས་ཁ་རོག་སྡོད་བྱས་པས་མའི་ངག་ཉན་པས་ཅི་ཡང་མ་སྨྲས། མཚན་ཟླ་བར་བཏགས། ཕྱིས་དགེ་འདུན་གྱི་ཕྱག་མི་ལེན་གྲལ་མགོར་མི་བཞུགས་པའི་ཕྱིར་གོ་མིའི་དགེ་བསྙེན་དུ་བཞུགས་པས་ཙནྡྲ་གོ་མིར་གྲགས་སོ། །མུ་སྟེགས་དེས་སྒྲའི་བསྟན་བཅོས་ཆེན་པོ་བཀྲུགས་པ་ཞིག་ཕ་ལ་བསྐུར་ནས་འདིའི་འགྲེལ་མ་ཤེས་ན་ཕྱི་པར་འཇུག་དགོས་སོ་ཟེར། དེ་མ་གོ་ནས་པཎྜི་ཏ་གཞན་ལ་འདྲི་བ་དང་ཕྱི་རོལ་པ་ལ་རྔན་པ་གཏད་ནས་དྲིས་ཀྱང་མ་ཤེས། དཔེ་ཆ་བཞག་དཀའ་གནས་བཟུང་ནས་འདྲིར་སོང་བ་བུས་འཕྲིགས་ཏེ་དཔེ་ཆ་བལྟས་ནས་གོང་འོག་ཏུ་ཐོ་བཏབ་སྟེ་བཞག ཕ་ལོག་ནས་དཔེ་ཆ་བལྟས་པ་ཙམ་གྱིས་ཤེས་ཏེ་འདིར་སུ་བྱུང་དྲིས་པས་སུ་ཡང་མ་བྱུང་བུ་གླེན་པ་ངས་ལྟ་ཞིང་འདུག་ཟེར། ཕས་དྲིས་པས་མ་ལ་མཛུབ་མོའི་བརྡ་བྱས། མས་སྨྲོས་ཤིག་མི་སྨྲ་བ་ཅི་ཡིན་བྱས་པས་མ་ཁྱེད་ནས་ང་ལ་ཁ་རོག་སྡོད་གསུངས་པས་ངས་མའི་ཁ་ལ་ཉན་ནས་ཁ་རོག་བསྡད་པ་ཡིན་ཟེར། ཟླ་བ་ཕྱི་མའི་ཉ་ལ་རྩོད་པའི་ཚེ་བུ་ཆུང་གིས་ང་པང་པར་ཞོག་ལ་རྩོད་དུ་ཆུག་ཟེར་བས་འདི་དང་རྩོད་ཅིག་བྱས་པས་བུ་ཆུང་ངུ་འདིས་ངའི་རྩོད་ཟླ་མི་ཡོང་ཟེར་བ་ལ་ཁྱེའུས། མར་མེ་ཆུང་ཡང་མུན་པ་སེལ། །ལྕགས་ཀྱུ་ཆུང་ཡང་གླང་པོ་འདུལ། །བྱིས་པ་ཆུང་ཡང་མུ་སྟེགས་འདུལ། །སྔོན་འདི་ལྟར་དམ་བཅས་པ་མ་ཡིན་ནམ། ཞེས་གསུངས་པ་ཙམ་གྱིས་སྤོབས་པ་ལ་ལན་མེད་དུ་གྱུར་ཏེ་མུ་སྟེགས་ཐམས་ཅད་ནང་པར་བཅུག བ་རེནྡྲའི་རྒྱལ་པོས་ཀྱང་བཀུར་ཏེ་བུ་མོ་བྱིན། ཕྱིས་བྲན་མོས་ཇོ་མོ་ཏཱ་རེ་ཞེས་བོས་པ་ན་ཡི་དམ་དང་མཚན་གཅིག་པས་མི་རུང་བར་ཤེས་ཏེ་བཟོད་པར་གསོལ་བ་ན་རྒྱལ་པོས་འོ་ན་གངྒཱ་ལ་སྐྱུར་ཞིག་ཟེར་ནས་བསྐྱུར། སློབ་དཔོན་གྱིས་སྒྲོལ་མ་ལ་གསོལ་བ་བཏབ་པས་གངྒཱའི་ནང་དུ་གླིང་ཆགས་པར་བཞུགས་ཏེ་ཙནྡྲ་གླིང་ཞེས་པར་གྲགས། ཉ་པས་བསྒྲལ་ཏེ་རྒྱལ་པོའང་དད་དེ་བླ་མར་བཀུར། ཕྱིས་ནཱ་ལེནྡྲར་སློབ་དཔོན་ཟླ་གྲགས་ཆོས་གསུང་བའི་སར་གདུགས་གཅིག་བསྣམས་ནས་བྱོན་པས་སློབ་དཔོན་གྱི་གསུང་ནས་ཕ་གི་ང་ལ་རྩོད་པ་བྱེད་པ་ཞིག་ཡིན་པར་འདུག ཆོས་ཅི་ཤེས་དྲིས་ཤོག་གསུངས་ཏེ་དྲིས་པས། སྒྲ་པཱ་ཎི་དང་བསྟོད་པ་བརྒྱ་ལྔ་བཅུ་པ་འཇམ་དཔལ་མཚན་བརྗོད་གསུམ་ཤེས་ཟེར་བས་མཁས་པ་ཆེན་པོར་རིག་ནས་ནཱ་ལེནྡྲ་པ་ཐམས་ཅད་ཀྱིས་ཕྱིར་བྱོན་ཞིག་ཟེར་ནས་སླར་དཔག་ཚད་ནས་བསུས་ཏེ་དེའི་ཚེ་རབ་ཏུ་བྱུང་བ་མང་པོའི་བསུ་བ་ང་དགེ་བསྙེན་གྱིས་བླང་བར་མི་རིགས་པས་བསུ་བ་དཀོན་མཆོག་གསུམ་ལ་འབུལ་སྙམ་པས་འཇམ་དབྱངས་ཀྱི་སྐུ་ཞིག་ཤིང་རྟ་ལ་བཞུགས་སུ་གསོལ་ཏེ་སློབ་དཔོན་ཉིད་ཀྱིས་རྔ་ཡབ་གཡོབ་ཅིང་བསྟོད་པ་མཛད་པས་སྐུ་གཟུགས་དེས་དབུ་ཡོན་པོར་བྱས་ནས་གསན་པ་བྱུང་བས་འཇམ་དབྱངས་མཇིང་ཡོན་གྱི་བསྟོད་པ་ཞེས་འཛམ་གླིང་གི་བསྟོད་ཆེན་བཞིའི་གཅིག་ཏུ་གྲགས། སློབ་དཔོན་ཟླ་གྲགས་དང་རྩོད་ཚེ་དེ་རིང་གི་ལན་སང་བཏབ་པས་འདི་ལ་འདྲི་ས་ཞིག་ཡོད་པར་འདུག་སྙམ་ནས་ཟླ་གྲགས་ཀྱིས་གསན་དུ་བྱོན་པར་ཁཱརྻ་པཱ་ཎའི་ལྷ་ཁང་ན་ཐུགས་རྗེ་ཆེན་པོའི་སྐུ་དེས་མཆོག་སྦྱིན་བཤིག་ནས་མཛུབ་མོ་ཀེར་ཞིང་འཆད་པ་གསན། ས་བཅུའི་བྱང་སེམས་ལའང་ཉེ་རིང་འདི་འདྲ་འདུག་བསམ་ནས་འཕགས་པ་ཉེ་རིང་མ་མཛད་ཞུས་པས་གསུང་འཕྲོ་ཆད། མཛུབ་མོ་ཀེ་རེར་ལུས་པ་ལ་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོ་མཛུབ་ཀེར་གྱི་བསྟོད་པ་ཞེས་བསྟོད་ཆེན་གཅིག་ཏུ་གྲགས། ཐོ་རེངས་མནལ་ལམ་དུ་བྱོན་ཏེ་དགེ་སློང་ཞིག་དང་ངེད་གསུམ་སེམས་ལྷན་ཅིག་ཏུ་བསྐྱེད་ཅིང་ཁོས་ང་བསྒྲུབས་པ་ཡིན། ཁྱོད་ཀྱི་ལྷག་པའི་ལྷ་ནི་འཇམ་དཔལ་ལོ་གསུངས།སྤྱན་རས་གཟིགས་ཀྱིས་ཐེག་ཆེན་གྱི་བསྟན་བཅོས་མང་དུ་རྩོམས་ཤིག་གསུངས་པས་ཟླ་བ་སྒྲོན་མའི་འགྲེལ་པ་དང་སྐུ་གསུམ་ལ་འཇུག་པ་སོགས་མང་དུ་མཛད། སློབ་མ་རྒྱལ་རིགས་ཀྱི་དགེ་སློང་ཞིག་བབས་ནས་སྡིག་པ་སྤྱོད་པ་འདུལ་ཕྱིར་སློབ་སྤྲིང་། སྒྲ་ཙནྡྲ་པ་ཡན་ལག་དང་བཅས་པ་མཛད་ནས་བཏུལ། སློབ་དཔོན་ཟླ་བ་གྲགས་པས་སྒྲ་མདོ་ཀུན་ཏུ་བཟང་པོ་ཅེས་པ་ཚིགས་བཅད་ལེགས་པ་ཞིག་མཛད་པ་གཟིགས་ཏེ་རང་གི་བསྟན་བཅོས་ལ་ངོ་ཚ་ནས་ཁྲོན་པར་བསྐྱུར་བས་ཁྲོན་པ་ལ་རྟག་ཏུ་འཇའ་ཟུག་ཆུ་འཐུངས་ཚད་ནད་ཞི་ཞིང་ཤེས་རབ་འཕེལ་བས་ཙནྡྲ་ཁྲོན་པར་གྲགས། སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱིས་ལྷག་བསམ་གྱིས་བྱས་པ་གཞན་ལ་ཕན་པས་ཁྲོན་པ་ནས་ཕྱུང་ལ་གཞན་ལ་སྟོན་ཅིག་ཅེས་གསུངས་པར་དེང་སང་གྲགས་ལ། རྒྱ་གར་ན་གྲགས་ཚོད་ལ་ཙནྡྲ་པ་མ་དར་ཀུན་ཏུ་བཟང་པོ་དར་བས་གོ་མིས་བདག་གི་དེ་དར་བར་ཞུས་པས་ཀུན་ཏུ་བཟང་པོ་དར་འཕྲོ་ཆད་དེ་ཙནྡྲ་པ་དར། དེར་སློབ་དཔོན་ཟླ་གྲགས་ཐུགས་ཆད་ནས་བསྟན་བཅོས་ཁྲོན་པར་འཕངས་པས་ཙནྡྲ་ཁྲོན་པ་བྱུང་། ཕྱིས་སྟེང་དུ་མཆོད་རྟེན་བརྩིགས་པར་གྲགས། ཡང་བྲམ་ཟེ་དབུལ་པོ་ཞིག་གིས་སློབ་དཔོན་ལ་ནོར་བསློངས་པས་སློབ་དཔོན་ལ་སྦྱིན་རྒྱུ་མེད་ཀྱང་སྙིང་རྗེ་ཆེན་པོ་སྐྱེས་ཏེ་ཞལ་བའི་ལོགས་ལ་སྒྲོལ་མའི་སྐུ་ཅིག་དེ་ཉིད་དུ་བྲིས། དེའི་འོག་ཏུ་སྒྲོལ་མ་དཔལ་ཆེན་མོ་ལ་བསྟོད་པ་ཞིག་བྲིས་པས་བསྟོད་པ་ཕྱེད་ཙམ་ཟིན་དུས་བྲིས་སྐུའི་ཞབས་ཀྱི་གདུབ་བུའི་ནོར་བུ་ཞིག་འོད་ཇེ་ཆེར་གྱུར་ནས་བསྟོད་པ་ཟིན་པ་ན་ནོར་བུ་དངོས་སུ་བྲུལ་བྱུང་བ་བྱིན་པས་དབུལ་བ་བསལ་ཏེ་བྲིས་སྐུ་དེ་བྱིན་རླབས་ཅན་དུ་བྱེད་སྐད། བསྟོད་ཆེན་གཅིག་ནི་དེ་བཞིན་གཤེགས་པ་ལ་ལྷ་ལས་ཕུལ་བྱུང་དུ་བསྟོད་པ་ཡིན་ལ་འདི་མཐོ་བཙུན་གྲུབ་རྗེས་མཛད་པར་གྲགས་ཤིང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པར་སྤུན་གཉིས་ཀྱི་ཏི་སེར་དབང་ཕྱུག་གིས་དགྲ་བཅོམ་མཆོད་པ་མཐོང་ཞིང་རྗེས་སུ་བསྟན་པ་རྣམས་བཤད་ནས་དེ་ལྟར་རྟོགས་པར་གྱུར་ཏེ་སླར་རང་གི་ཡུལ་དུ་སོང་སྟེ་དེ་དག་གི་གསུང་རབ་ཀྱི་ཆོས་ཁ་ན་མ་ཐོ་བ་མེད་པ་ཡིན་པར་ཤེས་པས་རིག་བྱེད་ཀྱི་ཚིག་རྣམས་རྩྭ་ལྟར་དུ་དོར་ཏེ་རབ་ཏུ་བྱུང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་པར་དུ་འཕགས་པར་བསྟོད་པ་དང་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་གཉིས་བྱས་སོ་ཞེས་པ་ཙམ་ལས་མེད་ཀྱང་ལྷ་ལས་ཕུལ་བྱུང་གི་སྟོད་འགྲེལ་དེས་མཛད་པར་མཐོ་བཙུན་གྲུབ་རྗེས་ནི་ཁྱད་པར་དུ་འཕགས་པའི་བསྟོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ལ། བདེ་བྱེད་བདག་པོས་ནི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པས་བསྟོད་པ་ཡིན་ནོ་ཞེས་བཤད་དོ། །འགྲེལ་པ་འདི་གཉིས་ག་ན་སྤུན་གཉིས་ཁོ་ན་ལས་སྤུན་གསུམ་གྱི་འཕྲོས་མི་སྣང་ཡང་ཆེ་བ་གཉིས་དང་པོ་ཕྱི་པ་ལ་མོས་པ་དེ་འཆད་མ་འདོད་པར་སྣང་བས་སྤུན་གསུམ་ཡོད་པ་རྡོ་རྗེ་གདན་གྱི་ལོ་རྒྱུས་ཉིད་དག་པར་རྡོ་རྗེ་གདན་གྱི་དཀར་ཆག་ལས་བཤད་པ་དང་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོའི་ལོ་རྒྱུས་ཡིད་ཆེས་ཀྱི་ཚད་མ་ལས་ཤེས་སོ། །བསྟོད་ཆེན་གཅིག་ནི་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན་ཏེ་ཁ་ཆེ་ཁྲི་བསྟན་གྱི་རྒྱལ་པོ་རོལ་པའི་རྡོ་རྗེས་རྨི་ལམ་དུ་ལྷས་བསྟན་པ་ལྟར་མཆོད་གཏོར་བྱས་པས་མཚོ་བསྐམས་སར་གཙུག་ལག་ཁང་སྟོབས་ཀྱི་མཐུ་ཅན་བརྩིགས། དེར་དགེ་འདུན་སུམ་སྟོང་གིས་ཉིན་རེ་དུས་གསུམ་དུ་མཆོད་པའི་མཆོད་རྟེན་གྱི་གདུགས་ཀྱི་སྟེང་ན་ཁྱེའུ་སྐྱེས་མ་ཐག་པ་གཟུགས་བཟང་བ་དར་ལས་དཀྲིས་པ་ཞིག་དུ་ཞིང་འདུག་པས་དགེ་འདུན་གྱིས་མཆོད་རྟེན་གྱི་རྩེ་ནས་རྙེད་པ་འདི་བཀུར་བར་འོས་པ་ཞིག་འབྱུང་ངོ་ཞེས་མ་མ་ལ་གསོར་བཅུག་སློབ་སྦྱང་བྱས་པས་མཁས་པ་ཆེན་པོར་གྱུར་ཏེ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་གྲགས། དེས་སྒྲོལ་མ་མངོན་པར་འབྱུང་བའི་རྟོག་པ་འབུམ་པ་ལས་སྒྲུབ་ཐབས་ཕྱུང་སྟེ་བསྒྲུབས་པས་ཞལ་གཟིགས། ཡོ་བྱད་ཐམས་ཅད་ཆགས་མེད་དུ་གཏོང་བས་སློབ་དཔོན་ཐམས་ཅད་གཏོང་བར་གྲགས། ཡོ་བྱད་ཟད་སློང་བ་མང་བས་ཡུལ་དབུས་སུ་བྱོན། ལམ་དུ་བྲམ་ཟེ་ལོང་བ་བུ་དང་བུ་མོས་ཁྲིད་པ་ཞིག་བྱུང་འདི་གཉིས་ཁྱིམ་བྱེད་པ་ལ་ཅི་ཡང་མེད་པས་ཁ་ཆེར་སློབ་དཔོན་ཐམས་ཅད་སྦྱིན་པ་ལ་སློང་དུ་འགྲོ་ཟེར། དེ་ང་ཡིན་ཞེས་མནའ་བོར་བས་བྲམ་ཟེ་བརྒྱལ། སློབ་དཔོན་སྙིང་རྗེ་ཆེན་པོ་སྐྱེས་ཏེ་ལུས་བཙོངས་ནས་སྦྱིན་པར་བསམ། རྒྱལ་པོ་ཚངས་པར་བྱིན་གྱིས་རིམ་གྲོར་མི་བརྒྱ་དང་བརྒྱད་སྲེག་པའི་མི་གཅིག་མ་ལོངས་པ་ལ་བཙོངས་ཏེ་རིན་དུ་གསེར་ལྗིད་མཉམ་བྲམ་ཟེ་ལ་བྱིན་པས་དབུལ་བ་བསལ། སློབ་དཔོན་དོང་དུ་བཅུག་པས་ད་གྲངས་ཚང་བས་མྱུར་དུ་སྲེག་འོང་ཟེར་ནས་དོང་གི་མི་ཐམས་ཅད་ཉམ་ཐག་པར་དུ་བ་ལ་སྙིང་རྗེ་ཆེར་སྐྱེས་ནས་སློབ་དཔོན་གྱིས་མེ་ཏོག་ཕྲེང་འཛིན་གྱིས་སྒྲོལ་མ་ལ་བསྟོད་པས་སྒྲོལ་མའི་སྐུ་ལས་བདུད་རྩིའི་ཆར་འབྱུང་བས་དོང་པདྨའི་རྫིང་བུར་གྱུར། བཙོན་རྣམས་གཟི་འོད་དང་བཅས་པདྨའི་སྟེང་དུ་ཡེར་བྱུང་བས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་བཙོན་རྣམས་བཏང་། སློབ་དཔོན་དམག་གིས་བསྐོར་ཏེ་འབྱོན་མི་འཇུག་པར་བསྲུང་བ་ན་སྡིག་སྤྱོད་ཀྱི་འདུན་སར་ཐུགས་སྐྱོ་སྟེ་རང་ཡུལ་དུ་ཕྱིན་པར་ཇོ་མོ་ལ་གསོལ་བ་བཏབ་སྟེ་ཇོ་མོའི་དར་དཔྱངས་ལ་འཇུས་ནས་མིག་ཕྱེ་བས་ཁ་ཆེར་རྒྱལ་པོ་གཞན་ཞིག་ཁྲི་སྟེང་ན་འདུག་སྟེ་ཁྱོད་རྒྱལ་པོ་འདིའི་བུར་སྐྱེས་མ་ཐག་ཤིང་གྲིབ་ལ་བསྙལ་ཡོད་པ་འཁོར་ཡེངས་པ་ལ་བྱ་རྒོད་ཀྱིས་ཁྱེར་ཏེ་ཤི་ནས་ཟ་བར་བསམས་ཏེ་མཆོད་རྟེན་གྱི་རྩེར་བཞག་པ་ལས་ཁྱོད་རང་གིས་གསོལ་བ་བཏབ་པ་བཞིན་རང་ཡུལ་དུ་ཕྱིན་པར་བྱས་པ་ཡིན་གསུངས། སློབ་དཔོན་གྱིས་གཙུག་ལག་ཁང་གཉིས་ཀའི་བདག་པོ་དང་རྒྱལ་པོ་གཉིས་ཀའི་མཆོད་གནས་མཛད། ཕྱིས་ཀྱང་སྒྲོལ་མའི་སྒྲུབ་ཐབས་འདིའི་སྒོ་ནས་ཞལ་གཟིགས་མང་སྟེ་པཎ་ཆེན་ཤཱཀྱ་ཤྲཱིའི་སྐུ་སྲོག་བསྐྱབས། གསེར་སྲང་ལྔ་བརྒྱའི་བུ་ལོན་མ་འཁོར་བར་གཡོག་བྱེད་དགོས་པ་གཅིག་གིས་སློབ་དཔོན་གྱི་རྣམ་ཐར་གྱིས་བསྐོར་བའི་སྒྲོལ་མའི་བྲིས་སྐུ་བཞེངས་ཏེ་གཡོག་བྱེད་བཞིན་བསྒྲུབས་པས་རྨི་ལམ་དུ་ལུང་བསྟན་ཏེ་མུ་ཏིག་གིས་གང་བའི་བུམ་པ་རྙེད་པས་བུ་ལོན་སྦྱངས་ཤིང་ལོངས་སྤྱོད་ཆེན་པོར་གྱུར་པ་ལ་སོགས་དངོས་གྲུབ་བརྙེས་པ་མང་དུ་བྱུང་ངོ་། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་གཞུང་ཕྱི་མོའི་དབུ་མ་ཞེས་བྱ་ཞིང་བརྒྱུད་འཛིན་ལ་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་སོགས་ཐལ་འགྱུར་བ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དང་། ལེགས་ལྡན་འབྱེད་སོགས་རང་རྒྱུད་པ་དང་ཁྱད་པར་མདོ་སྡེ་སྤྱོད་པའི་དབུ་མ་པ་ཡེ་ཤེས་སྙིང་པོ་དཔལ་སྦས། ཞི་བ་འཚོ་པདྨའི་ངང་ཚུལ་སེང་གེ་བཟང་པོ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མར་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཆད་དོ། །ཞར་ལ་དཔལ་མགོན་ཀླུ་སྒྲུབ་ཀྱི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་འཛིན་པ་སློབ་དཔོན་ཟླ་བ་གྲགས་པ་ནི་ལྷོ་ཕྱོགས་སོ་མ་ནར་འཁྲུངས། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར། འཇམ་དཔལ་གྱིས་རྗེས་སུ་བཟུང་བས་ཟླ་མེད་པའི་མཁས་པར་གྱུར། བཞི་བརྒྱ་པའི་འགྲེལ་པ་དང་གཙོ་བོར་ཉི་ཟླ་ལྟར་གྲགས་པ་གསལ་བ་རྣམ་གཉིས་ཞེས་པ་རྩ་ཤེའི་འགྲེལ་པ་ཚིག་གསལ་དང་གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་མཛད། ནཱ་ལེནྡྲར་བཞུགས་ཏེ་དེ་ན་པཎྜི་ཏ་ལྔ་བརྒྱ་པོ་ཐམས་ཅད་སེམས་ཙམ་པ་ཡིན། སློབ་དཔོན་གཅིག་པོ་དབུ་མ་ཐལ་འགྱུར་བ་ཡིན། ལན་གཅིག་ཁྱམས་སྟོད་ན་མར་བྱོན་པས་རྡོའི་ཀཱ་བ་ལ་དབུ་ཐུག་པས་ཁོང་རྣམས་ན་རེ། ཁྱོད་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཟེར་བ་ཀཱ་བ་དང་མགོ་རང་བཞིན་མེད་པར་བྱ་མོད་ཟེར་བས་ཀཱ་བ་ག་རེ་གསུངས་ནས་ཕྱག་གཡུགས་པས་ཉི་ཞུར་ལ་བྱ་བ་བཞིན་དུ་སོང་། ཡང་ཆར་དྲག་ཆེན་པོས་དགེ་འདུན་གྱི་མ་ཧེ་མོ་རྣམས་ནག་ལ་འཐོར་ཏེ་འོ་མ་དྲང་དུ་མ་བྱུང་བ་ན་ཁོང་རྣམས་ན་རེ། ཁྱོད་སྣང་སེམས་འདི་ཐམས་ཅད་ཡང་དག་མ་ཡིན་པ་ལ་ཡིན་པར་སྣང་བ་ཡིན་ཟེར་བ་རི་མོའི་བ་ཡང་དེ་ལྟ་བུ་ཡིན་པས་འོ་མ་འཇོས་ཤིག་ཟེར་བས་ཡང་རི་མོའི་བ་ལས་འོ་མ་བཞོས་ཏེ་དགེ་འདུན་ལ་དྲངས།དཔེ་གཅིག་ཏུ། ཆོ་འཕྲུལ་འདི་དག་གིས་པཎྜི་ཏ་མང་པོ་དབུ་མ་བར་བཏུལ་བར་གདོན་མི་ཟའོ་ཞེས་ཁོ་བོ་སེམས་སོ། །མཆན། གཞན་ཡང་རྒྱལ་བའི་གསུང་རབ་ཀྱི་དོན་ལ་དབང་འབྱོར་བའི་སློབ་དཔོན་མཐའ་ཡས་པ་བྱོན་ཏེ་གཙོ་བོར་ཕ་རོལ་ཏུ་ཕྱིན་པའི་བསྟན་པ་གསལ་བར་མཛད་དོ། །གསང་སྔགས་ཀྱི་རྒྱུད་སྡེ་རྣམས་འཕགས་ཡུལ་དུ་བསྟན་པ་གྲ་མ་ཉམས་པའི་དུས་དང་། ཕྱིས་དར་ནུབ་ཅི་རིགས་བྱུང་ནས་བསྒྱུར་བའི་ཁྱད་པར་གྱིས་གསར་རྙིང་གཉིས་ལོ་རྒྱུས་ཀྱི་བབ་མི་འདྲ་བ་འབྱུང་སྟེ། གསང་སྔགས་གསར་མའི་གྲགས་ཚོད་ལྟར་ན། ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་རྒྱུད་རྣམས་སྟོན་པས་གཏད་ཀྱང་ཟེར། ཕྱག་ན་རྡོ་རྗེ་ལ་གཏད་ཀྱང་ཟེར་ཏེ། གང་ལྟར་ཡང་རྒྱལ་པོས་རྒྱུད་རྣམས་གླེགས་བམ་དུ་བྱས་ཤིང་སྐྱེ་བོ་རྣམས་ལ་བསྟན་པས་ཡུལ་དེའི་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱིས་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་། དེ་ནས་ཨོ་རྒྱན་གྱི་ཡུལ་སྟོངས་པ་མཚོར་གྱུར་ཏེ་ཀླུས་གང་བ་ལ། གསང་བདག་གིས་རྒྱུད་རྣམས་བསྟན་ཅིང་སྨིན་པར་མཛད་པས། དེ་དག་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླངས་པས་གྲུབ་པ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་རྣམས་མཁའ་འགྲོ་དང་མཁའ་འགྲོ་མར་གྱུར་པས་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས། མཚོ་དེ་ཡང་བསྐམས་ཏེ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་བྱུང་བས། དེའི་དཀོར་མཛོད་དུ་རྒྱུད་ཀྱི་གླེགས་བམ་རྣམས་བཞུགས་པ་ལས། ཕྱིས་རྒྱལ་པོ་བ་སུ་ཀལྤས་གསང་བ་འདུས་པ། ཀླུ་སྒྲུབ་ཀྱིས་དགྱེས་རྡོར། ཀུ་ཀུ་རི་པས་མཧཱ་མ་ཡ་དང་འཇིགས་བྱེད་སོགས་གྲུབ་ཐོབ་རྣམས་ཀྱིས་རྒྱུད་ཕལ་ཆེ་བ་ཞིག་དེ་ནས་བླངས། དེ་བཞིན་དུ་ཙི་ལུ་པ་སོགས་ཀྱིས་ཤམྦྷ་ལའི་ཡུལ་ནས་དུས་འཁོར་བླངས་པ་སོགས་ཡུལ་གཞན་དག་ནས་ཀྱང་བླངས་ཏེ་དར་རོ་ཞེས་ལོ་རྒྱུས་ཅུང་ཟད་མི་མཐུན་པ་མང་ཞིང་། གང་ལྟར་དཔལ་ས་ར་ཧ་སོགས་སྒྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཡེ་ཤེས་ཞབས་སོགས་རྣམ་གནོན་ཚུལ་གྱིས་བསྔགས་པའི་སློབ་དཔོན་བཅུ་གཉིས། གཞན་ཡང་མཁས་པ་སྒོ་དྲུག །དུས་འཁོར་ཞབས་པ་ཆེ་ཆུང་སོགས་གྲུབ་ཐོབ་བརྗོད་ཀྱི་མི་ལང་བ་བྱོན་ཏེ་གཙོ་བོར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད་པར་མཛད་དོ། །གསང་སྔགས་སྔ་འགྱུར་བའི་བསྟན་པ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་སྟེ་བསྟན་པའི་བབ་ལུགས་ཆེན་པོ་གསུམ་དུ་གནས་པའི་ཚུལ། རྒྱལ་བ་དགོངས་པའི་བརྒྱུད་པ་སྔར་བརྗོད་པ་བཞིན་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཁྱབ་བདག་རིགས་དྲུག་པ་ཀུན་ཏུ་བཟང་པོ་རང་སྣང་དབྱིངས་ཀྱི་ཞིང་ཁམས་ཤིན་ཏུ་རྣམ་པར་དག་པ་རྡོ་རྗེའི་འོག་མིན་ཆེན་པོར་མཚན་རྫོགས་རྡོ་རྗེ་འཆང་གི་རྣམ་པས། རང་བཞིན་གཉིས་སུ་མེད་པའི་འཁོར་རྒྱལ་ཚབ་རིགས་ལྔའི་སྟོན་པའམ་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པའི་རྣམ་པ་དང་བཅས་པར་སྣང་བ་རྣམས་ལ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཚིག་དང་སྒྲས་བརྗོད་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དགོངས་པས་བྱིན་བརླབས་ཀྱིས་རྟོགས་པར་མཛད་པ་ལ་ཆོས་སྐུའི་གསུང་དུ་བརྡས་བཏགས་པ་སྟེ། སྙིང་འགྲེལ་ལས། སྟོན་པ་ཆོས་ཀྱི་སྐུས་འཁོར་ཡེ་ཤེས་རྒྱ་མཚོ་ལ་སྐྱེ་མེད་དོན་གྱི་གསུང་གིས་བརྡ་སྤྲོད་པའོ། །ཞེས་གསུངས་སོ། །བྱེ་བྲག་འོད་གསལ་རྡོ་རྗེ་སྙིང་པོའི་གནད་ཟབ་ཅིང་རྒྱ་ཆེ་བའི་ཕྱོགས་རྣམས་ནི་གནས་དང་སྟོན་འཁོར་ཆོས་རྣམས་རང་བྱུང་རིག་པའི་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སྐུ་གསུམ་རང་སྣང་བཀོད་པ་ཆེན་པོའི་རང་བཞིན་འབྱམས་ཀླས་པ་ལས་སྤྲུལ་པ་སོགས་སྒྲ་རྟོག་གི་ཡུལ་ལས་བརྒལ་བའི་ཆོས་ཉིད་མཉམ་པ་ཆེན་པོར་རོ་གཅིག་པའི་ཚུལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་གཡོ་བ་མེད་པ་སྟེ། དེ་ལས་ས་བཅུའི་རྒྱུན་མཐའི་འཕགས་ཆེན་རྣམས་ལ་སྣང་བའི་གཞན་སྣང་གིས་བསྡུས་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱོད་པའི་ཞིང་ཁམས་ཁྱད་པར་ཅན་གྱི་འོག་མིན་དུ་རིགས་དྲུག་པའི་རྣམ་པ་དང་། རིགས་ལྔའི་སྟོན་པའི་རྣམ་པས། རིག་པ་ཁྱད་པར་ཅན་གྱི་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས་སོགས་དབང་པོ་དང་ཡུལ་སྣང་དག་པའི་འབྲས་བུའི་སེམས་དཔའ་རྣམས་ལ། བརྗོད་དུ་མེད་པའི་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་དགོངས་པ་བརྡའི་སྒོ་ནས་རྟག་པ་རྒྱུན་གྱི་འཁོར་ལོར་བསྐོར་བའོ། །དེ་བཞིན་དུ་བྱང་སེམས་ས་དགུ་པ་ལ་སྣང་བའི་འོག་མིན་ཙམ་པོ་དང་། ས་བརྒྱད་པ་ལ་སྣང་བའི་བཏགས་པའི་འོག་མིན་དང་། རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཆོས་ཀྱི་དབྱིངས་ཐར་པ་ཆེན་པོའི་ཕོ་བྲང་རྣམས་སུ། དྲག་པོ་དང་འཇིགས་བྱེད་ལ་སོགས་པའི་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་དབང་ཤེས་སུ་སྣང་བར། ཆེ་མཆོག་ཧེ་རུ་ཀ་དང་། གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། པདྨ་གར་གྱི་དབང་ཕྱུག་སོགས་དང་། གཞན་ཡང་ཧེ་བཛྲ་དང་། ཙཀྲ་སམྦྷ་ར་དང་། དུས་ཀྱི་འཁོར་ལོ་སོགས་རྡོ་རྗེའི་གནས་གང་སྟོན་པ་དེའི་གཙོ་བོའི་རྣམ་པ་དང་། རྣམ་འགྱུར་ལས་འཁོར་གྱི་དཀྱིལ་འཁོར་སྤྲུལ་ནས། ནཱ་ད་མི་ཤིགས་པའི་སྒྲས་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། བདེར་འདུས་རྩ་རྒྱུད་ལས། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཅེས་སོ། །དེ་དང་མཚུངས་པར་དགའ་ལྡན་དང་། རི་རབ་ཀྱི་རྩེ། ཨོ་ཌཱི་ཡ་ན། ཤམྦྷ་ལ་སོགས་ཀུན་རྫོབ་ཀྱི་གནས་རྣམས་སུའང་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ཆགས་བྲལ་གྱི་གཟུགས་ཀྱིས་སམ། འཁོར་ལོས་སྒྱུར་བའི་རྣམ་པས་བསྟན་ཀྱང་རུང་སྟེ། གསང་སྙིང་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོར་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་ཀྱི་དབང་གིས་སོ་སོར་སྣང་། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་སྟོན་པ་རྡོ་རྗེ་འཆང་གི་བཀའ་དེ་རྣམས་བསྡུས་ཚུལ་ནི། བླ་མེད་ཀྱི་རྒྱུད་རྣམས་ཕལ་ཆེར་སྡུད་པ་པོ་ཐ་དད་ལྟར་བསྟན་ཀྱང་གསང་བ་སྙིང་པོ་སོགས་ངེས་གསང་གི་རྒྱུད་སྡེ་ཕལ་ཆེར་ཞིག་སྟོན་འཁོར་དགོངས་པ་ཐ་མི་དད་པའི་ཕྱིར། གསང་སྙིང་ལས་འདི་སྐད་བདག་གིས་བཤད་པ་ཞེས་བྱུང་བ་དང་། བདེ་མཆོག་རྩ་རྒྱུད་ལས་ཀྱང་། དེ་ནས་གསང་བ་བཤད་པར་བྱ། །ཞེས་བྱུང་བས་བསྡུ་བ་པོ་ཡང་སྟོན་པ་ཉིད་ལས་གཞན་དུ་མ་གྱུར་ཏེ། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཅེས་གསུངས་པས་སོ། །གཞན་ཡང་རྫོགས་ཆེན་སོགས་རྒྱུད་ཕལ་མོ་ཆེ་གསང་བའི་བདག་པོ་དང་། རྡོ་རྗེ་ཆོས། རྡོ་རྗེ་སྙིང་པོ། འཇམ་དཔལ། སྤྱན་རས་གཟིགས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་དང་། མཁའ་འགྲོ་མ་པཱུརྞ་ཉེ་བར་ཞི་བ་ལ་སོགས་མཁའ་འགྲོ་དང་། མཁའ་འགྲོ་མའི་ཚོགས་དང་། གཞན་ཡང་གདུལ་བྱ་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་རིགས་ཅན་མ་ངེས་པའི་ཚོགས་ཀྱིས་བསྡུ་བར་མཛད་ལ། མཐའ་དག་པའི་རྒྱུད་རྣམས་གསང་བའི་བདག་པོ་ཁོ་ནས་བསྡུས་པར་ཡང་གསུངས་ཤིང་། བྱེ་བྲག་རྒྱུད་རྣམས་ཞུ་བ་པོ་གང་ཡིན་པ་དེ་ཉིད་བསྡུ་བ་པོ་ཡང་ཡིན་ཏེ། དུས་འཁོར་ཟླ་བ་བཟང་པོ། བརྟག་གཉིས་རྡོ་རྗེ་སྙིང་པོ། སྡོམ་འབྱུང་ཕྱག་ན་རྡོ་རྗེ། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུས་པ་བཞིན་ནོ། །དེ་ལྟ་བུའི་གསང་སྔགས་ཀྱི་བསྟན་པ་འཇིག་རྟེན་དུ་བྱུང་ཚུལ་ནི། རིག་འཛིན་མི་མ་ཡིན་པ་སྟོན་པ་རྡོ་རྗེ་འཆང་ཉིད་ཀྱི་སྤྲུལ་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་གཞོན་ཚུལ་མཛེས་པའི་སྐུར་བསྟན་པས། ལྷའི་གནས་སུ་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། དེས་ལྷ་ཚངས་པ་རིན་ཆེན་འོད་འབར་ལ། དེས་སྐྱེ་དགུའི་བདག་པོ་ཚངས་པ་ལ། དེས་ཚངས་པ་ཀུན་སྒྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་ལྷའི་དབང་པོ་བརྒྱ་བྱིན་ལ། དེས་ལྷའི་རིག་པ་འཛིན་པ་ཚོམ་བུ་འབུམ་སྡེ་ལ་བཤད། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུར་བསྟན་པས།ཀླུའི་གནས་སུ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེས་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་མོ་འདུལ་ཚང་མ་ལ། དེས་ཀླུ་ཡིད་འོང་དགའ་བ་ལ། དེས་ཀླུ་འཇོག་པོ་ལ། དེས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད། ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུར་བསྟན་པས། གནོད་སྦྱིན་གྱི་གནས་སུ་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ༑ དེས་གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་གྱི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་ཅིང་། དེ་དག་རྣམས་ཀྱིས་སོ་སོའི་འཁོར་གྱི་ཚོགས་ལའང་བཤད་པས་ཚོམ་བུ་འབུམ་སྡེ་དང་བཅས་པས་རྡོ་རྗེ་འཆང་གི་ས་བརྙེས་པར་གྱུར་ཏོ། །རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལས་བྱུང་ཚུལ་ནི། དགོངས་པ་ལུང་བསྟན་པའི་མདོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན། སྟོན་པ་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་པོས་འཇིག་རྟེན་ན་མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པར་རང་རང་གི་མངོན་པར་ཤེས་པས་ཤེས་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། ཀྱེ་མ་ཧོ་ཀྱེ་མ་འཇིག་རྟེན་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ཚེ། །འཇིག་རྟེན་མུན་པ་གང་གིས་བསལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་ཅིང་རྨག་ཆད་པར་དུས་སོ། །བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ན་གསང་སྔགས་ཀྱི་སྒྲ་ཡོངས་སུ་གྲགས་པ་ཕྱིས་འབྱུང་བར་ལུང་བསྟན་པ་བཞིན་དུས་ལ་བབས་པ་དེའི་ཚེ་གསང་བའི་བདག་པོ་ལག་ན་རྡོ་རྗེ་སངས་རྒྱས་ཀྱིས་གསང་སྔགས་སྟོན་པར་དབང་བསྐུར་བརྙེས་པའི་ཕྱིར་དེར་མངོན་སུམ་དུ་སྣང་བར་མཛད་ནས། རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་སྟོན་པས་འོག་མིན་ལ་སོགས་པར་གསང་སྔགས་ཀྱི་ཐེག་པ་བསྟན་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ལ། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུའི་ཞུན་མས་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ། །དགོངས་པའི་རྩལ་བདུན་ནི། བྲིས་གཞི་གསེར་གྱི་བྱང་བུ་ལ་ཕུན་སུམ་ཚོགས་པར་དགོངས་པ། བཻ་ཌཱུརྱ་ཞུན་མས་བྲིས་པས་རྒྱུ་ཕུན་སུམ་ཚོགས་པར་དགོངས་པ། སྣོད་རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུར་ཕུན་སུམ་ཚོགས་པར་དགོངས་པ། ནམ་མཁའ་འབྱུང་བཞིས་མི་འཇིག་པས་གཏེར་གནས་དམ་པར་དགོངས་པ། མ་དང་མཁའ་འགྲོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གཏེར་སྲུང་ཁྱད་པར་ཅན་དུ་དགོངས་པ། ཆོས་བདག་རྒྱལ་པོ་ཛཿལས་ཅན་དབང་རབ་རྟོགས་གྲོལ་དུས་མཉམ་ལ་དགོངས་པ། བརྒྱུད་འཛིན་སྐྱེ་འཕགས་བྱང་སེམས་སོགས་བརྒྱུད་འཛིན་དར་རྒྱས་སུ་འབྱུང་བར་དགོངས་པ་དང་བདུན་ཡིན་ནོ། །གང་ཟག་སྙན་ཁུང་གི་བརྒྱུད་པ་ཇི་ལྟར་བྱོན་པ་ནི། གང་གི་ཚེ་གསང་བའི་བདག་པོས་རི་མ་ལ་ཡར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དེའི་ཚེ་ས་ཧོ་རའི་རྒྱལ་པོ་ཛཿ གསང་སྔགས་ཀྱི་རྒྱུད་ཀྱི་སྒྲུབ་པར་བཞུགས་པ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་སྟེ། དེ་ཡང་། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབ་པ་དང་། །ཆོས་ཀྱི་བགྲོ་བ་བྱེད་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་འབབ་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་སོ། །དེ་ལ་རྒྱལ་པོ་ཛཿ ནི་སྟོན་པས་མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པ་སྟེ། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་གྲངས་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །རྒྱལ་པོ་ཛཿ ཞེས་བྱ་བ་ལ། །བསོད་ནམས་ཆེན་པོའི་མཐུས་སྣང་བས། །གསང་བའི་བདག་པོས་སྣང་བར་འགྱུར། །ཞེས་དང་། དེ་དང་མཚུངས་པར་སྤྱི་མདོ་དགོངས་འདུས་ལས་ཀྱང་འབྱུང་ངོ་། །དེ་ཡང་རྒྱལ་པོ་ཛཿའམ་ཨིནྡྲ་བྷཱུ་ཏི་བར་པ་དེ་ཉིད་རྒྱུད་སྡེ་འོག་མའི་རྣལ་འབྱོར་སྒོམ་ཞིང་བཞུགས་པའི་ཚེ་སྔར་གྱི་རྨི་ལྟས་དང་མཐུན་པར་དངོས་སུ་རྒྱལ་པོའི་ཁང་པར་སངས་རྒྱས་མཉམ་སྦྱོར་ལ་སོགས་པ་གསང་སྔགས་ཀྱི་སྡེ་སྣོད་ཆེན་པོ་རྣམས་ཀྱི་གླེགས་བམ་དང་གསང་བའི་བདག་པོའི་སྐུ་ཁྲུ་གང་བ་ཞིག་བབས་པར་གྱུར་ཏོ། །དེ་ནས་གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས་དེ་དང་ཕྱག་ན་རྡོ་རྗེའི་སྐུ་ལ་བརྟེན་ནས་ཟླ་བ་བདུན་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་ཞིང་ཡེ་ཤེས་ཀྱིས་དབང་བསྐུར་བ་ཐོབ་པས་གླེགས་བམ་གྱི་བརྡ་དང་དོན་མ་ལུས་པ་མཁྱེན་པར་གྱུར་ཏོ། །དེ་དང་དུས་མཉམ་པར་ཨ་ནུ་ཡོ་གའི་སྡེ་སྣོད་རྣམས་ཀྱང་སིངྒ་ལའི་གླིང་དུ་བབས་པར་གྱུར་ཏེ། ཀུན་བཟང་ཡེ་ཤེས་གསལ་བར་སྟོན་པའི་ཐབས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཀྱི་ལེའུ་ལྔ་པར།མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་རྒྱལ་པོ་ཛཿ འི་ཁང་སྟེང་དུ་འབབ་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་རྣམས་ནི་སིངྒ་ལའི་ནགས་ཚལ་དུ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་པས་སོ། །དེ་ནས་རྒྱལ་པོས་གླེགས་བམ་རྣམས་ཟ་ཧོར་གྱི་ཡུལ་ཙམ་ན་མཁྱེན་པ་ཆེ་བར་གྲགས་པ་སློབ་དཔོན་ཨུ་པ་རཱ་ཛ་ལ་བསྟན་པས་བརྡ་དང་དོན་མ་མཇལ། དེ་ནས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྭ་བའི་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ཏེ་བསྒྲུབས་པས་རྡོ་རྗེ་སེམས་དཔས་ཞལ་བསྟན་ནས་ད་སྟེ་རྒྱུད་ཀྱི་དོན་རྣམས་གསང་བདག་གིས་སྟོན་པར་འགྱུར་རོ། །ཞེས་ལུང་བསྟན། ད་དུང་བསྒྲུབས་པས་གསང་བདག་དངོས་སུ་བྱོན་ནས་དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ནས་ཚིག་གི་བསྟན་པ་ལི་ཙ་བཱི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བྱིན་པ་ལྟར། སློབ་དཔོན་གྱིས་གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་ཕྱེས་ནས་རྒྱལ་པོ་ཛཿ ལ་བསྟན་པར་བཤད་ཅིང་། ཉིད་ཀྱིས་མཛད་པའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ཤར་ཕྱོགས་ཨིནྡྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པ་རུ། །རིགས་ཅན་ཨིནྡྲ་བྷུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་པས། རྒྱལ་པོ་ཉིད་ཀྱིས་རྟོགས་ཀྱང་གཟུ་ལུམ་ཅན་རྣམས་རང་གར་འཇུག་པ་དགག་པའི་ཕྱིར་ཀུ་ཀུ་རཱ་ཛ་ལ་བརྟེན་ནས་རྟོགས་པའི་ཚུལ་བསྟན་པར་མཛད་པའོ། །ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ནི། སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་རྒྱུད་ཟླ་གསང་ཐིག་ལེ། ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་སྟེ་རྩ་རྒྱུད་ལྔ། ཧེ་རུ་ཀ་རོལ་པའི་རྒྱུད། རྟ་མཆོག་རོལ་པའི་རྒྱུད། སྙིང་རྗེ་རོལ་པའི་རྒྱུད། བདུད་རྩི་རོལ་པའི་རྒྱུད། ཕུར་པ་རོལ་པའི་རྒྱུད་དེ་སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། རི་བོ་བརྩེགས་པ། ཡེ་ཤེས་རྔམ་གློག དམ་ཚིག་བཀོད་པ། ཏིང་འཛིན་རྩེ་གཅིག གླང་ཆེན་རབ་འབོག་སྟེ་སྤྱོད་པ་ཡན་ལག་ཏུ་འཕྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བར་བྱེད་པ་དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཡན་ལག་ཏུ་གྱུར་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་ཡན་ལག་ཏུ་གྱུར་པ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པ་སྟེ་རྒྱུད་ཕྱི་མ་གཉིས། དེ་ཐམས་ཅད་ཀྱི་དོན་བསྡུས་པ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སྟེ་བཅོ་བརྒྱད་དོ། །སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལས་ཚོགས་རྒྱས་པར་སྟོན་པ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དཀྱིལ་འཁོར་རྒྱས་པར་སྟོན་པ་སྒྱུ་འཕྲུལ་རྒྱས་པ། ཕྲིན་ལས་རྒྱས་པར་སྟོན་པ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་བརྒྱད་ཅུ་པ། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་སྟེ་སྒྱུ་འཕྲུལ་སྡེ་བརྒྱད་དོ། །སློབ་དཔོན་ཀུ་ཀུ་རཱ་ཛའམ་ཀུ་ཏ་རཱ་ཛ་སྟེ་ཁྱིའི་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ཀྱིས་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་རེ་ལ་ཆོས་སྟོན་ཅིང་། མཚན་མོ་དེ་དག་དང་ལྷན་ཅིག་དུར་ཁྲོད་ཀྱི་གནས་རྣམས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་ལ་གནས། དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཡིན་ལ། ཡང་ཁ་ཅིག་གིས་སློབ་དཔོན་འདིས་སྤྱོད་པ་ལ་གནས་པའི་ཚེ་ཨོ་རྒྱན་དུ་བྱོན་ནས་སླར་ཡང་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་ནང་ནས་སངས་རྒྱས་མཉམ་སྦྱོར་ལ་སོགས་པའི་ནང་རྒྱུད་སྡེ་ལྔ་རྒྱ་ཆེར་བཤད་ཅིང་མཐར་གྱིས་ཟླ་གསང་ཐིག་ལེ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ནོ་ཞེས་ཀྱང་ཟེར། སློབ་དཔོན་འདིས་མཉམ་སྦྱོར་ལ་རྩལ་དུ་བཏོན་ཅིང་། གསང་དོན་རྣམ་པར་དགོད་པ་དྲུག་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་སོགས་བསྟན་བཅོས་དུ་མ་མཛད་དོ། །དེ་ཡང་ཀུ་ཀུ་རཱ་ཛས་སྲས་ཤ་ཀྲ་པུ་ཏྲིའམ་ཨིནྡྲ་བྷུ་ཏི་ཆུང་བ་ལ། དེས་སེངྷ་རཱ་ཛ་ལ། དེས་ཤ་ཀྲ་པུ་ཏྲིའམ་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་བཱི་ལ་བཤད་ཅིང་། སོ་སོའི་ཚོམ་བུ་དང་བཅས་པ་ཚོགས་སྒྲུབ་ཀྱི་ལམ་གྱིས་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། །དེ་ལྟར་ཡང་ལམ་རིམ་ལས། དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང་། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བྷུ་ཏི་དང་། །སིངྷ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་དེ་བཱི་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོ། །སྲས་མོ་གོ་མ་དེ་བཱིས་རྒྱལ་པོ་ཀུ་ཀུ་རཱ་ཛ་ལ། དེས་སློབ་དཔོན་སྒེག་པ་རྡོ་རྗེ་དང་། སངས་རྒྱས་གསང་བ་གཉིས་ལ་བཤད་དེ། དེ་ལ་སློབ་དཔོན་སྒེག་པ་རྡོ་རྗེ་ནི་ཡུལ་ཤམ་ཤ་ར་རུ་འཁྲུངས། ཨོ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལ་སྦྱངས། ཁྱད་པར་ཐོགས་མེད་ལུགས་ཀྱི་གྲུབ་མཐའ་ལ་མཁས་ཤིང་ཐུན་མོང་གི་རིག་པའི་གནས་ཐམས་ཅད་ཀྱང་མཁྱེན། ཨོ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་པས། སྒྲུབ་པར་ཉེ་བ་ན་འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་བྱུང་སྟེ་གླིང་དེ་ཡུན་རིང་དུ་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། དུས་གཞན་ཞིག་ཏུ་ལྟ་བ་ལོག་པའི་སྒྲུབ་པ་པོ་ཞིག་ལ་ནང་པའི་པཎྜི་ཏའི་དབང་པོ་ལྔ་བསྒྲུབ་རྫས་ལ་དགོས་པ་བྱུང་ནས་སློབ་དཔོན་བཀྲོང་དུ་འོངས་པ་ན། གླང་པོ་ཆེ་དང་། རྟ་དང་། ཁྱེའུ་དང་། བུ་མོ་དང་། མ་ཧེ་དང་། རྨ་བྱ་སོགས་སྣ་ཚོགས་པའི་གཟུགས་སུ་སྣང་བར་མཛད་པས། སློབ་དཔོན་གང་ཡིན་མ་ཤེས་པར་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་མཚན་དུ་གྲགས་ཤིང་། སྐུ་ཚེའི་སྨད་ལ་ཨོ་རྒྱན་གྱི་ཡུལ་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། སློབ་དཔོན་འདི་སྤྱིར་རྒྱུད་སྡེ་ཐམས་ཅད་དང་ཁྱད་པར་སྒྱུ་འཕྲུལ་དྭ་བ་ལ་མཁས་ཤིང་གྲུབ་པ་བརྙེས། ལྷན་སྐྱེས་སྒྲུབ་ཐབས་སོགས་རྒྱུད་གཞན་དང་། གསང་བ་སྙིང་པོའི་འགྲེལ་པ་སྤར་ཁབ། ཕྲ་རྒྱས་སོགས་སྒྱུ་འཕྲུལ་ཕྱོགས་ལའང་བསྟན་བཅོས་མང་དུ་མཛད་ཅིང་རྒྱ་ཆེར་བཤད། མཐར་གྱིས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ནོ། །སློབ་དཔོན་སངས་རྒྱས་གསང་བ་ནི་ཡུལ་དབུས་སུ་འཁྲུངས་ཤིང་ནཱ་ལེནྡྲར་རབ་ཏུ་བྱུང་། ཝཱ་རཱ་ཎ་སཱིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབ་པས། ནམ་ཞིག་ན་བྲིས་སྐུ་བཞད་ཅིང་། དངོས་གྲུབ་ཀྱི་རྫས་བ་དམར་མོའི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང་། ཐོག་མར་མེ་ཏོག་འབུལ་ལམ་མར་ཁུ་གསོལ་སྙམ་པའི་ཐེ་ཚོམ་གྱི་ངང་དུ་ཅུང་ཟད་ལུས་པས། གནོད་སྦྱིན་མོ་ཞིག་གིས་གེགས་བྱས་ཏེ་སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བསྣུན་པས་ཅུང་ཟད་བརྒྱལ། དེ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིང་། མར་ཁུ་ཡང་བོ་བ་གཟིགས། འོན་ཀྱང་རྡུལ་ཕྱིས། མེ་ཏོག་དབུ་ལ་ཕུལ། མར་ཁུ་གང་ཡོད་གསོལ་བས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཏེ་སྟོབས་དང་ལྡན་པ་དང་བློ་རྣོ་ཞིང་མངོན་པར་ཤེས་པ་ལ་དབང་བསྒྱུར་བ་བྱུང་། དེ་སྐབས་ཤེད་ཨོ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་མཇལ། རྣལ་འབྱོར་རྒྱུད་དང་བླ་མེད་ནང་རྒྱུད་སྡེ་ལྔ་གསན་ཅིང་ཁྱད་པར་སྒྱུ་འཕྲུལ་ལ་མཁས། དུས་གཞན་ཞིག་ཏུ་སངས་རྒྱས་ཞི་བ་དང་མཉམ་དུ་རི་བོ་ཏ་ལར་འཕགས་པ་སྤྱན་རས་གཟིགས་མཇལ་བར་བྱོན་པས། རིའི་རྩ་བར་འཕགས་མ་སྒྲོལ་མས་ཀླུའི་ཚོགས་ལ་ཆོས་སྟོན་པ་དང་། སྐེད་པར་ཁྲོ་གཉེར་ཅན་མས་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་དང་། རྩེ་མོར་འཕགས་པ་མངོན་སུམ་དུ་བཞུགས་པ་རང་རང་གི་སྣང་བ་དང་མཐུན་པར་མཇལ། དེར་སངས་རྒྱས་གསང་བས་ཞབས་ས་ལ་མི་རེག་པ་སོགས་དངོས་གྲུབ་ཀྱང་བརྙེས། འཕགས་མ་སྒྲོལ་མས་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབ་པ་གྱིས་ཞེས་ལུང་བསྟན། ཚུར་སླེབས་ནས་ཝཱ་རཱ་ཎ་སཱི་ལ་སོགས་པར་ལོ་མང་པོའི་བར་དུ་ཆོས་བཤད། སླར་ཡང་འཕགས་པ་འཇམ་དཔལ་གྱིས་སྔར་སྒྲོལ་མས་ལུང་བསྟན་པ་ལྟར་བསྐུལ་བས། རི་ཏི་སེར་བྱོན་ནས་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལན་གྲངས་དུ་མར་གཟིགས་ཤིང་འཇམ་དཔལ་དབྱངས་དང་མི་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་པ་རྣམས་ཀྱང་བྲན་དུ་ཁོལ། སློབ་དཔོན་འདིས་གསང་བ་སྙིང་པོ་ལ་འགྲེལ་པ་རྣམ་དབྱེ་འགྲེལ་དང་། རྡོ་རྗེ་ལས་རིམ། ཞི་བ་དང་ཁྲོ་བོའི་མངོན་པར་རྟོགས་པའི་རིམ་པ་སོགས་དང་། རྣལ་འབྱོར་རྒྱུད་ལའང་རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ། བསམ་གཏན་ཕྱི་མའི་རྒྱས་འགྲེལ་སོགས་ཤིན་ཏུ་མང་བར་མཛད་ཅིང་། བོད་ལའང་བཀའ་དྲིན་ཆེ་བ་ཡིན་ནོ། །ཡང་རྒྱལ་པོ་ཀུ་ཀུ་རཱ་ཛས། རོ་ལངས་དེ་ཝའི་དངོས་གྲུབ་དང་། དྲང་སྲོང་བྷཱ་ཎི་ཏ་གཉིས་ལ་བཤད། རོ་ལངས་དེ་ཝའི་དངོས་གྲུབ་ཀྱིས་བཛྲ་ཧ་སྱ་ལ་བཤད། དྲང་སྲོང་བྷཱ་ཎི་ཏ་དང་བཛྲ་ཧ་སྱ་གཉིས་ཀས་ཟ་ཧོར་རྒྱལ་པོ་པྲ་བྷ་ཧསྟི་ལ་བཤད། འདི་ཉིད་སློབ་དཔོན་ཞི་བ་འོད་དང་། འདུལ་འཛིན་ཆེན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་བའི་མཚན་ཤཱཀྱ་འོད་དུ་གྲགས། སྔགས་སུ་ཞུགས་པའི་མཚན་པྲ་བྷ་ཧསྟི་ཞེས་བྱུང་། སློབ་དཔོན་འདི་ཉིད་ལས་སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་གསན་ཞིང་། སློབ་དཔོན་ཆེན་པོས་རྒྱལ་པོ་ཛཿ ཉིད་ལའང་གསན་ནོ། །དེ་ཡང་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ནི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་ལུང་གིས་བསྟན་པ་ཡིན་ལ། དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སངས་རྒྱས་འོད་དཔག་ཏུ་མེད་པའི་སྤྲུལ་པའི་སྐུ་སྟེ། དེའང་གདུལ་བྱའི་སྐལ་པ་དང་དབང་པོའི་ཁྱད་པར་གྱིས་མཐོང་ཚུལ་ཐ་དད་པར་སྣང་བ་ཡང་། ཕུར་པ་བཀའ་མའི་ལོ་རྒྱུས་དང་འཕགས་ཡུལ་ཁ་ཅིག་ཏུ་ཨོ་རྒྱན་གྱི་རྒྱལ་པོའམ་བློན་པོ་ཞིག་གིས་སྲས་སུ་འཁྲུངས་པར་བཤད་ཅིང་། ཁ་ཅིག་ཏུ་རིམ་ལ་ཡ་གནམ་ལྕགས་ཡོད་པའི་རི་རྩེར་ཐོག་བབས་སུ་བྱོན་པར་བཤད་ལ། འདིར་གཏེར་མའི་ཕྱོགས་སོགས་ཡོངས་གྲགས་སུ་བརྫུས་སྐྱེས་ཀྱི་རྣམ་ཐར་ཁོ་ན་འབྱུང་བ་ལྟར་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཤར་དང་ལྷོ་དང་བྱང་གསུམ་དུ་རྒྱ་མཚོ་ཆེན་པོ་རེ་ཡོད་པ་ལས་ལྷོ་དང་ནུབ་ཏུ་ཉེ་བ་སྲིན་ཡུལ་དང་ཐག་ཉེ་བའི་རྒྱ་མཚོའི་གླིང་དུ། སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བའི་པདྨའི་སྡོང་པོ་ཁ་དོག་སྣ་ཚོགས་པའི་སྦུབས་སུ་བདེ་ལྡན་ཞིང་གི་མགོན་པོའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་ཧྲཱིཿ ས་མཚན་པ་ཞིག་སྤྲོས་པ་ལས་ཁྱེའུ་ཆུང་ལོ་བརྒྱད་པའི་ན་ཚོད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་པདྨ་འཛིན་པ་ཞིག་ཏུ་སྤྲུལ་ཏེ་བཞུགས་ཤིང་ལྷ་དང་མཚོ་གླིང་གི་མཁའ་འགྲོ་མ་རྣམས་ལ་ཟབ་མོའི་ཆོས་སྟོན་པར་མཛད། དེའི་ཚེ་ཡུལ་དེའི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མེད་པས་དཀོན་མཆོག་མཆོད་ཅིང་དཀོར་མཛོད་སྦྱིན་པ་བཏང་བས་ཟད་དེ་རྒྱ་མཚོའི་གླིང་དུ་ཡིད་བཞིན་གྱི་ནོར་བུ་བླངས། ཚུར་བྱོན་པའི་ལམ་ཁར་ཆོས་བློན་ཀྲིཥྞ་འཛིན་གྱིས་ཐོག་མར་མཇལ། དེ་ནས་རྒྱལ་པོས་མཇལ་ཏེ་སྲས་ཀྱི་སྐལ་བར་བྱས་ཤིང་ཕོ་བྲང་དུ་སྤྱན་དྲངས། པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་ཞེས་མཚན་གསོལ། ནོར་བུའི་མཐུ་ལས་བྱུང་བའི་རིན་པོ་ཆེའི་ཁྲིའི་སྟེང་ལ་བཞུགས་སུ་གསོལ། ཟས་གོས་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཐམས་ཅད་ཚིམ་པར་བྱས། གཞོན་ནུའི་རོལ་རྩེད་ཀྱིས་གདུལ་བྱ་མཐའ་ཡས་པ་སྨིན་པར་མཛད། མཁའ་འགྲོ་འོད་འཆང་མ་ཁབ་ཏུ་བཞེས་ཏེ་ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས་རྒྱལ་པོ་ཐོར་ཅོག་ཅན་དུ་གྲགས། དེའི་ཚེ་རྒྱལ་སྲིད་བཟུང་བས་གཞན་དོན་རླབས་ཆེན་མི་འགྲུབ་པར་དགོངས་ནས་ཡབ་ལ་ཞུས་ཀྱང་མ་གནང་བར་རྩེད་མོའི་གར་མཛད་པས་རྩེ་གསུམ་ཤོར་བའི་བརྫུ་བག་གིས་བདུད་བློན་གྱི་བུ་དབྱིངས་སུ་སྤར། བུ་བསད་པའི་ཁྲིམས་ཀྱིས་དུར་ཁྲོད་དུ་སྤྱུགས་པས། བསིལ་བའི་ཚལ། དགའ་བའི་ཚལ། སོ་ས་གླིང་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ན་མཁའ་འགྲོ་བདུད་འདུལ་མ་དང་ཞི་བ་འཚོས་དབང་བསྐུར་བྱིན་གྱིས་བརླབས། དུར་ཁྲོད་ཀྱི་མཁའ་འགྲོ་རྣམས་དབང་དུ་བསྡུས་པའི་ཚེ་ཤཱནྟ་རཀྴི་ཏ་ཞེས་གྲགས། དྷ་ན་ཀོ་ཤའི་མཚོ་གླིང་དུ་བྱོན་ཏེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་མཚོ་གླིང་གི་མཁའ་འགྲོ་དབང་དུ་འདུས། རྩུབ་འགྱུར་ཚལ་དུ་སྤྱོད་པ་མཛད་པས་རྡོ་རྗེ་ཕག་མོས་ཞལ་བསྟན་བྱིན་གྱིས་བརླབས། རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་ཐམས་ཅད་དམ་ལ་བཏགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བསྩལ་ཏེ་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་སོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས། མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་པ་ལ། རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པ་ཡིད་མ་ཆེས་ཏེ་སྐུར་པ་བཏབ་པ་ན། དགོས་པའི་དབང་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་དུ་བྱོན་ཏེ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་བས་མཚན་ཤཱཀྱ་སེང་གེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་གསན་པས་དེ་ཉིད་དུ་ལྷ་རྣམས་ཀྱི་ཞལ་མཐོང་། མཁའ་འགྲོ་གསང་བ་ཡེ་ཤེས་དགེ་སློང་མའི་རྣམ་པར་སྣང་བ་ཀུན་དགའ་མོ་ལ་དབང་ཞུས་པས་ཧཱུཾ་ཡིག་ཏུ་བསྒྱུར་ཏེ་ཞལ་དུ་མིད། ཁོག་པའི་ནང་དུ་ཕྱི་ནང་གསང་བའི་དབང་རྫོགས་པར་མཛད་ནས་པདྨོར་བཏོན་པས་སྒྲིབ་པ་གསུམ་སྦྱངས་པའི་ཚུལ་མཛད། རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སིང་ཧ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་འཕགས་ཡུལ་གྱི་མཁས་གྲུབ་དུ་མ་ལས་མདོ་རྒྱུད་རིག་པའི་གནས་ཐམས་ཅད་གསན་ཅིང་སྦྱངས་པའི་ཚུལ་བསྟན་པས་ཆོས་ཐམས་ཅད་ཚར་རེ་རེས་མཁས་པར་མཁྱེན། མ་བསྒྲུབས་པར་ཡང་ལྷ་རྣམས་ཞལ་གཟིགས། མཚན་བློ་ལྡན་མཆོག་སྲེད་དུ་གྲགས་ཏེ་རྣམ་པར་སྨིན་པའི་རིག་འཛིན་མཐར་ཕྱིན་པའི་ཚུལ་བསྟན་པའོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྟྲ་ར་བ་ཞེས་མཁའ་འགྲོའི་མཚན་དང་ལྡན་པ་དེ་དབང་དུ་བསྡུས་ནས་སྒྲུབ་རྟེན་གྱི་ཕྱག་རྒྱ་མོར་ཁྲིད་ནས་བྲག་ཕུག་མཱ་ར་ཏི་ཀར་ཚེའི་སྒྲུབ་པ་ཟླ་བ་གསུམ་མཛད་པས་མགོན་པོ་ཚེ་དཔག་མེད་དངོས་སུ་བྱོན་ནས་དབང་བསྐུར། ཉིད་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གནང་བས་ཚེ་ལ་དབང་བའི་རིག་པ་འཛིན་པའི་དངོས་གྲུབ་བརྙེས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་སྒྲུབ་ནས་ཟ་ཧོར་གྱི་རྒྱལ་ཁམས་འདུལ་བའི་དོན་དུ་གཤེགས་པས་རྒྱལ་བློན་རྣམས་ཀྱིས་མེ་ལ་བསྲེགས་པ་ན། ཏིལ་མར་མཚོར་འཁྱིལ་བའི་དབུས་སུ་པདྨའི་སྡོང་པོའི་རྩེར་བཞུགས་པའི་རྫུ་འཕྲུལ་བསྟན་ནས་དད་པ་ལ་བཀོད། ཐམས་ཅད་ཆོས་ལ་བཙུད་ནས་ཕྱིར་མི་ལྡོག་པའི་ས་ལ་བཞག སླར་ཨོ་རྒྱན་རྒྱལ་ཁམས་འདུལ་བའི་ཕྱིར་བསོད་སྙོམས་ལ་ཕེབས་པས་ཡུལ་མི་རྣམས་ཀྱིས་ངོ་ཤེས་ཏེ་སྔོན་གྱི་བདུད་བློན་ལ་སོགས་པ་རྣམས་ཀྱིས་ཙནྡན་གྱི་མེ་ལ་བསྲེགས་པས་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་བཞུགས་ཏེ་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་མཚོན་ཕྱིར་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དུ་གྲགས། རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོད། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྨིན་གྲོལ་བསྩལ་ཏེ་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་ཐམས་ཅད་མཆོག་གི་རིག་འཛིན་གྲུབ། མཚན་པདྨ་རྒྱལ་པོར་གྲགས། སྤྱོད་ཡུལ་རྣམ་པར་འཕྲུལ་པའི་མདོ་ལས་ལུང་བསྟན་པ་བཞིན་རྒྱལ་པོ་མྱ་ངན་མེད་པ་འདུལ་བའི་སླད་དུ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བར་སྤྲུལ་ཏེ་ཕྱིར་མི་ལྡོག་པའི་དད་པ་ལ་སྦྱར་ནས་ཛམ་བུའི་གླིང་དུ་ནུབ་གཅིག་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བཞེངས། མུ་སྟེགས་ཀྱི་རྒྱལ་པོ་བསྟན་པ་ལ་གནོད་པའི་སྟོབས་ལྡན་འགའ་ཞིག་གནས་སྤར་བ་དང་ཐབས་ཀྱིས་བཏུལ།རྒྱལ་པོ་གཅིག་གིས་དུག་དྲངས་པས་མ་ཚུགས་ནས་ཆུ་བོ་གངྒཱ་ལ་བསྐྱུར་བས་ཆུ་གྱེན་དུ་བསྐྱིལ། ནམ་མཁའ་ལ་གར་མཛད་པས་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགས། གཞན་ཡང་དགྱེས་རྡོར་གྱི་རྒྱུད་སྤྱན་འདྲེན་པ་པོ་སློབ་དཔོན་མཚོ་སྐྱེས། བྲམ་ཟེ་ས་ར་ཧ། ཌོམྦི་ཧེ་རུ་ཀ བི་རཱུ་པ། ནག་པོ་སྤྱོད་པ་ཆེན་པོ་ལ་སོགས་པའི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་དུ་མའང་བསྟན་ཅིང་། སྐུ་ལ་རྫོགས་པ་ལ་སོགས་དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་ཏེ་མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན། ཕྱི་ནང་གི་དྲེགས་པ་ཅན་ཐམས་ཅད་ཀྱི་སྲོག་སྙིང་བླངས་ནས་བསྟན་སྲུང་དུ་བསྐོས་པ་སོགས་མཛད་པའི་ཚེ་མཚན་ཉི་མ་འོད་ཟེར་དུ་གྲགས། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་ལ་རྒོལ་བ་རྩོམ་པའི་ཚེ་རྩོད་པ་དང་ནུས་པ་འགྲན་པས་སློབ་དཔོན་ཉིད་རྒྱལ། འཁོར་རྣམས་ཀྱིས་ངན་སྔགས་བསྒྲུབ་པའི་ཚེ་བདུད་འདུལ་མས་ཕུལ་བའི་དྲག་སྔགས་ཀྱིས་ཕྱིར་བཟློག་སྟེ་ཐོག་ཆེན་ཕབ་ནས་སྟོན་པ་རྣམས་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་ཆོས་ཀྱི་རྒྱལ་མཚན་དགུང་དུ་སྒྲེང་བའི་ཚེ་སེང་གེ་སྒྲ་སྒྲོག་ཏུ་གྲགས་ཏེ་འདི་ཡན་ཆད་ཟག་པ་གསུམ་ཟད་ལམ་མཆོག་ཡོངས་སུ་རྫོགས་པ་ཚེ་དབང་རིག་འཛིན་གྱི་ཚུལ་དུ་བཞུགས་པ་ཡིན་ནོ། །དེ་ནས་རྒྱ་བལ་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བལ་པོ་དགེ་འཛིན་གྱི་སྲས་མོ་བལ་མོ་ཤཱཀྱ་དེ་བི་ལ་སྒྲུབ་རྟེན་མཛད་ནས་དཔལ་ཡང་དག་གི་སྒོ་ནས་མཆོག་སྒྲུབ་པའི་ཚེ་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་ཆར་མ་བབས། ནད་དང་མུ་གེ་བཏང་བ་ལ། རྒྱ་གར་དུ་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་པའི་རྒྱུད་ལུང་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་རང་བཞིན་གྱིས་ཞི། ཆར་བབས་ཤིང་ནད་མུག་རྒྱུན་ཆད། ཡབ་ཡུམ་གཉིས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུར་བཞུགས་སོ། །ཡང་དག་དངོས་གྲུབ་ཆེ་ཡང་ཚོང་པ་དང་འདྲ་བར་བར་ཆད་མང་བ་ལ་ཕུར་པ་སྐྱེལ་མ་འདྲ་བ་མེད་དུ་མི་རུང་བར་གཟིགས་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མང་དུ་མཛད། ཕུར་སྲུང་བཅུ་དྲུག་སོགས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དམ་ལ་བཏགས་ཏེ་སྲུང་མར་བཞག གཞན་ཡང་དུས་སྐབས་ཅི་རིགས་པར། ཨོ་རྒྱན་གྱི་གླིང་ཕྲན་ཧུ་མུ་ཛུ་དང་། སི་ཀོ་ངྷ་ར་དང་། ངྷ་ན་ཀོ་ཤ་དང་། རུཀྨ་སོགས་དང་། ཏི་ར་ཧུ་ཏི་སོགས་ཐ་རུའི་རྒྱལ་ཁམས་དང་། ཀཱ་མ་རུ་ལ་སོགས་པ་རྣམས་སུ་སྐལ་པ་དང་འཚམས་པར་ཆོས་སྟོན་པ་དང་། ཐུན་མོང་གི་དངོས་གྲུབ་ཀྱིས་སེམས་ཅན་མང་པོ་ལ་ཕན་བཏགས། ཆུ་མེད་པ་རྣམས་སུ་ཆུ་བཏོན། ཆུ་ཆེན་པོ་ས་འོག་ཏུ་བཅུག རྒྱ་གར་ཤར་ལྷོ་དབུས་གསུམ་དུ་མུ་སྟེགས་པའི་ལྷ་རྟེན་རེ་རང་བྱུང་དུ་བྱུང་བ་རྣམས་ཀྱིས་ནང་པའི་བསྟན་པ་ལ་ཤིན་ཏུ་གནོད་པའི་ཚེ། དེ་གསུམ་ཀ་རྡོ་རྗེ་ཕུར་བུའི་ནུས་པས་ཚར་བཅད། ཀཉྩའི་ཡུལ་དུ་ནང་པའི་སྡེ་ཤིན་ཏུ་དར་བ་ལ་དུ་རུཥྐའི་རྒྱལ་པོས་དམག་དྲངས་ཏེ་ཆུ་ཀླུང་ནཱི་ལར་གྲུར་བཞུགས་པའི་ཚེ་སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་གྲུ་ལྔ་བརྒྱ་ཆུར་བྱིང་། ཕྱིན་ཆད་དུ་རུཥྐའི་གནོད་པ་རྒྱུན་ཆད། འགྲོ་ལྡིང་བའི་ཡུལ་དུ་བྱོན་པའི་དུས་ཚོད་ངེས་པ་ཅན་མི་གསལ་ཡང་ཁུལ་དེའི་མཁའ་འགྲོ་མ་སོགས་མི་མ་ཡིན་དང་མི་རྣམས་རིམ་པར་བཏུལ། གཙུག་ལག་ཁང་བཞེངས་སུ་བཅུག སློབ་དཔོན་འདིའི་བཀའ་སྲོལ་གྱིས་དགྱེས་རྡོར། ཟླ་གསང་ཐིག་ལེ། ཡང་དག རྟ་མགྲིན། ཕུར་པ། མ་མོ་གཙོ་བོར་གྱུར་པའི་རྒྱུད་སྡེ་བཞིའི་ཉན་བཤད་སྒོམ་གསུམ་ཕྱིས་ཀྱི་བར་དུ་དར་ཞིང་རྒྱས་པར་བཞུགས། དེའི་ལོ་རྒྱུས་རྣམས་སུ་ཡུལ་དེ་ནས་ལྷོ་ནུབ་སྲིན་ཡུལ་དུ་བཞུད་པར་བཤད། འདི་དག་ནི་རྒྱ་གར་གྱི་གཏམ་ཁུངས་མ་རྣམས་སུ་འབྱུང་ཞིང་ཡོངས་སུ་གྲགས་པ་ཡིན་ལ། སྤྱིར་ལོ་སུམ་སྟོང་དྲུག་བརྒྱ་རྒྱ་གར་ན་བཞུགས་ཤིང་བསྟན་འགྲོའི་དོན་མཛད་པར་གསུངས་མོད། མཁས་པ་རྣམས་ཀྱིས་ཕྱེད་ལོའི་དབང་དུ་བྱས་པའམ་མང་ཚིག་ཙམ་དུ་བཞེད་པའང་སྣང་ངོ་། །གཞན་ཡང་ཧོར་དང་རྒྱ་རྣམས་འདུལ་བ་ལ་རྒྱལ་པོ་མངོན་ཤེས་ཅན་དང་། རྣལ་འབྱོར་པ་སྟོབས་ལྡན་དུ་སྤྲུལ་པ་དང་། ཞང་ཞུང་ཡུལ་དུ་ཏ་བི་ཧྲི་ཙ་ཞེས་རང་བྱུང་གི་ཁྱེའུར་སྤྲུལ་ནས་རྫོགས་ཆེན་སྙན་བརྒྱུད་ཀྱི་གདམས་པས་སྐལ་ལྡན་མང་པོ་འོད་ལུས་སུ་བསྐྱེལ་བས་མཚོན་ཡུལ་རིགས་དང་སྐད་རིགས་མི་གཅིག་པ་རྣམས་སུ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པས་སྐྱེ་རྒུ་རྣམས་ཐར་ལམ་དུ་བཀོད་པའི་ཕྲིན་ལས་ནི་ཚད་བཟུང་དུ་མེད་པ་སྟེ། དེ་དག་ཀྱང་རྣམ་པ་འདི་དང་མཚན་འདིས་མཚོན་པའི་རྣམ་ཐར་གྱི་དབང་དུ་བྱས་པ་ཡིན་མོད། དངོས་བརྒྱུད་ཀྱི་ཁྱད་པར་ཙམ་མ་གཏོགས་སྤྲུལ་པའི་སྐུ་འདི་ཉིད་ཀྱི་གདུལ་བྱའི་ཞིང་དུ་མ་གྱུར་པ་གཅིག་ཀྱང་མེད་པའི་ཕྱིར་ཟུང་འཇུག་གི་གོ་འཕང་ལ་བཞུགས་པ་རྣམས་ཀྱི་རྣམ་པར་ཐར་པའི་མཐའ་ནི་སུས་ཀྱང་བརྗོད་པར་མི་ནུས་སོ། །དེ་བས་ན་གྲུབ་ཐོབ་ཆེན་པོ་རྣམས་གདུལ་བྱ་ཕལ་ལ་མངོན་སུམ་དུ་མི་སྣང་བ། ཡུན་རིང་པོར་སོང་བ་ན་སླར་ཡང་སྐུ་སྣང་བར་མཛད་ནས་དུས་རིང་པོར་བཞུགས་པ་དང་། སྐབས་རེ་ཡུལ་ལ་ལར་མི་སྣང་བར་ལ་ལར་སྣང་བ་དང་། ཁ་ཅིག་ཏུ་འཕོ་བའི་ཚུལ་མཛད་ནས་ཁ་ཅིག་ཏུ་སྐྱེ་བར་སྟོན་པ་སོགས་རྣམ་འཕྲུལ་མཐའ་ཡས་པའི་ཕྱིར། སྔོན་བཱི་རུ་པ་མི་སྣང་བར་གྱུར་ནས་སླར་ཡང་སྐུ་དངོས་ཀྱི་ལན་གསུམ་བྱོན་པ་དང་། ཛ་ལན་དྷ་རི་པ་ལན་ལྔ་བྱོན་པ་དང་། སྤྱོད་པ་བ་ཆེན་པོ་དེ་བཱི་ཀོ་ཊར་གྲོངས་པའི་ཚུལ་མཛད་ནས་སློབ་མ་རྣམས་ཀྱིས་སྐུ་གདུང་བསྲེགས་པ་བཅས་གྲུབ་པ་ན་སླར་ཡང་ཡུལ་གཞན་དུ་སྔ་མའི་སྐུ་དེ་ཉིད་ཀྱིས་འགྲོ་དོན་མཛད་པ་དང་། ཡུལ་ལ་ལར་སྐྱེ་བ་གསར་དུ་བཟུང་ནས་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་མཛད་པར་གྲགས་པ་སོགས་ལ་སོ་སྐྱེའི་སྣང་ཚུལ་དང་བསྟུན་པའི་དུས་སྔ་ཕྱི་དང་གནས་ཡུལ་སོགས་ཁྲིག་ཁྲིག་ཀད་ཀད་སྒྲིག་ཏུ་མི་བཏུབ་སྟེ་ཕལ་པའི་རྣམ་བཞག་རྒྱལ་པོ་ལ་འགྲིགས་པའི་སྐབས་མེད་པ་བཞིན་ནོ། །དེ་ཡང་སེམས་ཅན་རྣམས་ཀྱི་མོས་པ་དང་བསམ་པའི་དབང་གི་རྗེས་སུ་ཀུན་ཏུ་འགྲོ་བའི་རྫུ་འཕྲུལ་ལ་དབང་ཕྱུག་པ་ཉིད་ཀྱིས་ཏེ། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་སྡེ་ལས། འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་མོས་ན་ཡང་འཇིག་པའི་བསྐལ་པ་ཆགས་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་ཆགས་པའི་བསྐལ་པར་ཤེས་སོ། །ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་མོས་ན་ཡང་ཆགས་པའི་བསྐལ་པ་འཇིག་པའི་བསྐལ་པར་འགྱུར་ཏེ། སེམས་ཅན་དེ་དག་གིས་ཀྱང་འཇིག་པའི་བསྐལ་པར་ཤེས་སོ། །འཇིག་པ་དང་ཆག་པ་ཡང་གཞན་དུ་གྱུར་པ་མ་ཡིན་ཏེ་མོས་པ་དེ་ལྟར་དུ་འགྱུར་རོ། །དེ་བཞིན་དུ་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་མོས་ན་ཡང་དེ་ན་སེམས་ཅན་དེ་དག་གིས་བསྐལ་པ་གཅིག་སྔ་དྲོ་ཙམ་དུ་ཤེས་སོ། །སྔ་དྲོ་བསྐལ་པ་ཙམ་དུ་མོས་ན་ཡང་དེ་བཞིན་དུ་འགྱུར་ཏེ། དེས་ན་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་ཏེ། འདི་ནི་བྱང་ཆུབ་སེམས་པའི་མོས་པ་ལས་བྱུང་བའི་རྫུ་འཕྲུལ་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་རྒྱུད་སྡེ་བཀའ་མའི་སྐོར་མཚན་དོན་ཟུར་ཙམ་བསྟན་པ་སོང་ནས། སྒྲུབ་སྡེ་ལ་བཀའ་མ་དང་གཏེར་མའི་ལུགས་གཉིས་ལས། བཀའ་མའི་ཚུལ་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུ་རྣམ་སྣང་གི་རིགས་འཇམ་དཔལ་ཁྲོས་པ་གསང་རྒྱུད་ལ་སོགས་གཤིན་རྗེ་གཤེད་ཀྱི་བཀའ་རྣམས་བབས་པ་སྟེ། དེ་ལ་སློབ་དཔོན་འདི་རྒྱ་གར་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་དུ་ཡབ་སཱ་དྷུ་སཱ་སྟྲི་དང་ཡུམ་སྣང་བ་སྒྲོན་མེ་ཞེས་བྱ་བའི་སྲས་སུ་འཁྲུངས། རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པས་མཁས་པར་གྲགས། སློབ་དཔོན་ཆེན་པོ་རོ་ལངས་ཐལ་མདོག་ལ་སོགས་པ་ལས་སྔགས་ཕྱི་ནང་གི་དབང་བསྐུར་བ་དང་། གདམས་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་ཐོབ། སློབ་དཔོན་རོལ་པའི་རྡོ་རྗེ་ལས་དགྲ་གདོང་འཇིགས་གསུམ་སོགས་ཀྱང་གསན་ཟེར། གང་ལྟར་ཐུན་མོང་གི་གྲུབ་པ་རྣམས་ཉམས་འོག་ཏུ་ཆུད་ཅིང་ཟུང་འཇུག་གི་གོ་འཕང་ཐོབ་པར་ཉེ་བ་ན་སྤྱོད་པ་ལ་གཤེགས་པས། མུ་སྟེགས་ཀྱི་ཁ་འཛིན་མཆོག་ཏུ་ཆེ་བའི་རྒྱལ་པོ་ཞིག་གླང་པོ་ཆེ་ལ་ཞོན་ནས་འོངས་པ་དང་ཟམ་པ་གཅིག་གི་སྟེང་དུ་འཕྲད་པ་ན་བཟུར་རེས་མ་བྱུང་བར། སློབ་དཔོན་གྱིས་སྡིག་མཛུབ་བསྟན་པས། རྒྱལ་པོ་གླང་པོ་ཆེ་དང་བཅས་པ་ཕྱེད་ཚལ་དུ་བཀས་ཏེ་ཟམ་པའི་གཡས་གཡོན་ནས་ལྷུང་། དེར་རྒྱལ་པོའི་འཁོར་རྣམས་ཀྱིས་བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས་སླར་གསོས་ཏེ་ནང་པའི་བསྟན་པ་ལ་བཀོད་དོ། །དེ་ཡང་ཇི་སྐད་དུ། འཇིག་རྟེན་ལྷ་ལ་ཕྱག་མི་འཚལ། །གླང་པོ་བྱུང་ཡང་ལམ་མི་བཟུར། །ཁ་ནས་གསང་སྔགས་རྒྱལ་པོ་ཟློས། །རྐང་པ་བྲག་རིར་ཐོགས་མེད་འགྲོ། །ཞེས་པའོ། །ཇི་ཞིག་ན་འཕགས་པ་འཇམ་དཔལ་དབྱངས་དང་མི་གཉིས་པའི་ཟུང་འཇུག་གི་གོ་འཕང་མཐོན་པོར་གཤེགས། འཇམ་དཔལ་ཡ་མཱནྟ་ཀ་མངོན་སུམ་དུ་སྣང་བས་དབང་བསྐུར་ཞིང་རྒྱུད་དང་མན་ངག་ཐམས་ཅད་བསྟན། སྤྲུལ་པའི་ལས་གཤིན་མང་པོས་བསྐོར་བ་བྱེད་ཅིང་སྲོག་སྙིང་ཕུལ། རི་མ་ལ་ཡ་ནས་ལས་བཞི་ཚང་བའི་གསེར་གྱི་གླེགས་བམ་བེ་ཤུ་རུས་བྲིས་པ་བཏོན། གཟིགས་པའི་མོད་ལ་ཐུགས་སུ་ཆུད་དེ་མུ་སྟེགས་འདུལ་བའི་སྔགས་རྒོད་ལས་ལ་སྦྱར་བས་མུ་སྟེགས་ཀྱི་རྒྱལ་ཁམས་བརླག་པར་མཛད། གླེགས་བམ་དངོས་རྡོ་རྗེ་གདན་གྱི་བྱང་དུ་མི་སྣང་བར་རྒྱས་བཏབ་བོ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལ་པདྨ་གསུང་སྣང་བ་མཐའ་ཡས་ཀྱི་རིགས་རྟ་མཆོག་རོལ་པ་སོགས་ཏནྟྲ་རྣམས་ཀྱི་བཀའ་བབས་ཏེ། དེ་ལ་འདི་ཉིད་ཀྱི་རྣམ་ཐར་ཡོངས་སུ་གྲགས་པའི་ནང་ལྟར་ན། འདིས་མ་ཧཱ་ཀཱ་ལའི་རྒྱུད་བརྒྱད་དང་། ལྷ་མོ་ནག་མོའི་རྒྱུད། ཀུ་རུ་ཀུལླེའི་རྟོགས་པ་སོགས་རྒྱུད་ཀྱི་རྣམ་གྲངས་གཞན་ཡང་མང་དུ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ། སྒྲུབ་ཐབས་མི་གཅིག་པ་ཁོ་ནའང་དྲུག་ཅུ་སྤྱན་དྲངས་པར་བཤད། ཐུན་མོང་གི་དངོས་གྲུབ་བརྒྱད་པོ་རེ་རེ་ལའང་མི་འདྲ་བ་དུ་མ་གྲུབ། ཤྲཱི་པར་པ་ལྟར་ལོ་ཉིས་བརྒྱར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་སྔགས་ཀྱི་སྤྱོད་པ་ལ་བཞུགས་ཤིང་མཐར་གྱིས་རྡོ་རྗེའི་སྐུ་གྲུབ་བོ། །སློབ་དཔོན་ཧཱུཾ་ཀ་ར་ལ་ཐུགས་མི་བསྐྱོད་པའི་རིགས་ཧེ་རུ་ཀ་གལ་པོ་ལ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཏེ། སློབ་དཔོན་འདི་ནི་བལ་པོའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་རིག་བྱེད་སོགས་དང་མུ་སྟེགས་ཀྱི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང་ནུས་པའང་ཐོབ། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་མཆོག་ཏུ་དད་པས་ཡུལ་དབུས་སུ་ནཱ་ལེནྡྲར་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་པཎྜི་ཏ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་། ཕ་རོལ་ཏུ་ཕྱིན་པ་ནས་བཟུང་གསང་སྔགས་ཕྱི་ནང་གི་བར་གྱི་ཐོས་པས་རྒྱུད་སྦྱངས། དབང་བསྐུར་བ་ནོད་ཅིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་ནོས། ཁྱད་པར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་ཁྲོ་བོ་ཧཱུཾ་མཛད་ལ་ཕོག ཡུན་རིང་དུ་བསྒོམས་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་ཤིང་། ཟླ་བ་དྲུག་ཏུ་བསྒྲུབ་ན་དངོས་གྲུབ་ཐོབ་པར་དགོངས་ཏེ་ལས་རྒྱ་གདོལ་པའི་བུ་མོ་ཨུཏྤལ་སྔོན་པོའི་ཁ་དོག་ལྟ་བུ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་མཚན་ཉིད་ཚང་བ་ཞིག་དགོས་པས་ཕྱོགས་གཞན་ཞིག་ནས་བཙལ་བ་རྙེད་ནས་ཕ་མ་ལ་བསླངས་པས། དེ་རྣམས་ན་རེ། བྲམ་ཟེའི་སློབ་དཔོན་ཁྱོད་སྨྱོ་བ་ཡིན་ནམ། ངེད་གདོལ་པའི་རིགས་ཡིན་པས་ཁྱོད་ཉིད་དང་ངེད་རྣམས་ལའང་ཆད་པ་མི་འོང་ངམ་ཟེར། ང་ལ་སྒྲུབ་པའི་རྟེན་དུ་དགོས་པ་ཐ་མལ་གྱི་རིགས་ཉམས་པ་སོགས་ཀྱི་ཆད་པ་མི་འོང་བྱས་པས། འོ་ན་བུ་མོའི་ལུས་དང་མཉམ་པའི་གསེར་དངུལ་དགོས་ཟེར། དེར་སློབ་དཔོན་གྱིས་སྐད་ཅིག་ལ་ས་འོག་གི་གཏེར་ཕྱུང་སྟེ་དེ་རྣམས་ལ་བྱིན། དེ་ནས་སློབ་དཔོན་ཕྱག་རྒྱར་བཅས་པས་རི་ཕུག་ཏུ་བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་རྣམས་ཟླ་བ་དྲུག་གི་རིང་བྱས་པས་ཡར་ངོའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་དུས་སུ་ནམ་མཁའ་ལ་ཧཱུཾ་གི་སྒྲ་ཆེན་པོ་གྲགས། བཛྲ་ཧེ་རུ་ཀ་སོགས་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་། སྒྲུབ་པ་ཆེན་པོའི་ལམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེའང་སྒྱུ་འཕྲུལ་ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་དང་། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་བཤད་པའི་སྔ་མའོ། །སློབ་དཔོན་འདིས་བསྐྱེད་རྫོགས་རྫོགས་ཆེན་གསུམ་དང་སྔགས་རྒྱུད་གཞན་གྱིས་ཀྱང་འགྲོ་བ་མང་པོའི་དོན་མཛད་ལ། ཡང་དག་རུ་ལུ་གསེར་ཕྲེང་དང་སངས་རྒྱས་མཉམ་སྦྱོར་གྱི་མན་ངག་ཡན་ལག་བཞིའི་དོན་སྣང་བར་བྱེད་པ་དང་། ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་སོགས་རིམ་པ་གཉིས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་ནས། མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུགས་པའི་ཞིང་དུ་ཁྱུང་གི་རྒྱལ་པོ་འཕུར་བ་ལྟར་བཞུད་དོ། །སློབ་དཔོན་བི་མ་ལ་མི་ཏྲ་ལ་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་རིགས་བདུད་རྩི་བམ་བརྒྱད་སོགས་རྡོ་རྗེ་བདུད་རྩིའི་བཀའ་རྣམས་བབས་ཏེ། སློབ་དཔོན་འདི་འཕགས་ཡུལ་ནུབ་ཕྱོགས་གླང་པོའི་ཚལ་ཞེས་བྱ་བར་སྐུ་འཁྲུངས། རིག་པའི་གནས་ཡན་ལག་དང་བཅས་པ་ཐམས་ཅད་ཐུགས་སུ་ཆུད། སྡེ་སྣོད་འཛིན་པ་རྣམས་ལས་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་ཀྱང་གསན་ནས་མཁས་པར་མཛད། སློབ་དཔོན་བུདྡྷ་གུ་ཧྱ་ལ་སོགས་རྡོ་རྗེ་འཛིན་པ་ཆེན་པོ་དུ་མ་ལས་རྒྱུད་སྡེ་མཐའ་དག་གསན་ཅིང་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད། སྒྱུ་འཕྲུལ་ལ་ཁྱད་པར་དུ་མཁས་ཤིང་སྙིང་པོའི་འགྲེལ་པ་ཁོག་གཞུང་གསལ་སྒྲོན་དང་། བླ་མའི་འགྲེལ་པ་མུན་སེལ། ལེ་ལག་གི་སྤྱན་འགྲེལ།བརྒྱད་ཅུ་པའི་བསྡུས་འགྲེལ། ཤེས་རབ་སྤྱན་འབྱེད། རིག་པ་གསུམ་པ། ཕྱག་རྒྱ་བསམ་གཏན། སྦྱིན་སྲེག་དང་། རོ་སྲེག་གི་ལས། ཐིག་གི་རིམ་པ་དང་། འགྲེལ་ཆུང་སོགས་བསྟན་བཅོས་མང་པོ་མཛད་དོ། །སློབ་དཔོན་པྲ་བྷ་ཧསྟི་ལ་ཕྲིན་ལས་དོན་ཡོད་གྲུབ་པའི་རིགས་ཕུར་པའི་རྒྱུད་རྣམས་ཀྱི་བཀའ་བབས་ཤིང་། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་ཀྱང་ཡང་ལེ་ཤོད་དུ་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་མངོན་དུ་མཛད་པའི་སྐབས། ཀླུ་གྱོང་པོ་དང་། གནོད་སྦྱིན་རྒོད་མ་ཁ་དང་། བར་སྣང་ཁམས་ཀྱི་གློག་མ་སྤྲིན་གསུམ་གྱི་ཡིད་ལ་མི་བཟོད་པའི་ཚོར་བ་སྐྱེས་ཏེ་མཐོ་བརྩམས་པ་འདུལ་བའི་ཆེད་དུ་བི་ཏྱོཥྞ་མ་ལ་འབུམ་སྡེའི་རྒྱུད་ལ་བརྟེན་ནས་སྒྲུབ་པ་མཛད་པས་བཛྲ་ཀུ་མཱ་རའི་ཞལ་བསྟན་ཅིང་བར་ཆད་ཀྱི་མཚན་མ་རྣམས་བཅོམ། མ་མོ་བཅུ་གཉིས་དང་སྐྱེས་བུ་གིང་བཞི་སོགས་དམ་འོག་ཏུ་བཅུག སླར་སློབ་དཔོན་པྲ་བྷ་ཧསྟི་ལའང་ཀཱི་ལའི་རྒྱུད་ཚར་བཅོ་བརྒྱད་གསན་པར་གྲགས་ཤིང་ཕྲིན་ལས་ཕུར་པའི་བཀའ་རྣམས་མ་ལུས་པའི་བདག་ཉིད་དུ་གྱུར། རྒྱུད་ལུང་འབུམ་ཏིག་ལ་སོགས་མ་མོའི་རྒྱུད་རྣམས་སློབ་དཔོན་དྷ་ན་སཾསྐྲྀ་ཏ་ལ་བཀའ་བབས།དྲེགས་འདུལ་ལ་སོགས་འཇིག་རྟེན་དྲེགས་པ་ཅན་གྱི་རྒྱུད་རྣམས་རམྦུ་གུཧྱ་དེ་བ་ཙནྡྲ་ལ་བཀའ་བབས། དྲག་སྔགས་ཤེལ་ཕྲེང་དཀར་པོའི་རྒྱུད་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་རྣམས་སློབ་དཔོན་ཤནྟི་གརྦྷ་ལ་བཀའ་བབས། བདེ་གཤེགས་འདུས་པའི་རྒྱུད་རྣམས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བརྒྱུད་སློབ་དཔོན་ཐུན་མོང་ལ་བཀའ་བབས་པའོ། །དེ་རྣམས་སློབ་དཔོན་སོ་སོས་རང་གིས་ཉམས་སུ་བླངས་ཤིང་སྐལ་བ་དང་ལྡན་པའི་གདུལ་བྱ་གཞན་ལའང་རྒྱ་ཆེར་བཤད་དོ། །གཉིས་པ་སྒྲུབ་སྡེ་གཏེར་མའི་ལུགས་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་སྒྲུབ་སྡེ་སྤྱི་བྱེ་བྲག་རྣམས་གླེགས་བམ་དུ་བཀོད་པ་རེ་ཞིག་མིའི་འཇིག་རྟེན་དུ་བསྟན་པའི་ཡུལ་མ་གཟིགས་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྒྲུབ་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་དང་། སྒོས་རྒྱུད་བཅུ་རྣམས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག སྒོས་རྒྱུད་རྣམས་ཐ་དད་པའི་སྒྲོམ་བུར་བཅུག་ནས། དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་མི་སྣང་བར་རྒྱས་བཏབ་བོ། །དུས་ཕྱིས་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད་ཀྱིས་མངོན་པར་ཤེས་པས་ཤེས་ཏེ་གནས་དེར་འདུས་ཤིང་དགོངས་པའི་བརྟུལ་བཞུགས་བསྐྱེད་ནས་འཇིག་རྟེན་པའི་མཁའ་འགྲོ་མ་དང་དྲེགས་པའི་ཚོགས་རྣམས་ལ་བདེན་པའི་ཚིག་དང་མཐུན་པའི་རྫས་ཀྱིས་དཀྲོལ། གཞན་དོན་དུ་དགོངས་པའི་ཏིང་ངེ་འཛིན་གྱི་མཐུས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་སྒྲོམ་བུ་རྣམས་བླངས་ཏེ། ཆེ་མཆོག་གི་བསེ་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུཾ་ཀ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་གརྫུ་ན། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾསྐྲྀ་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རོམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཞི་བའི་སྙིང་པོ་རྣམས་ལ་སོ་སོར་གཏད་དེ་རང་རང་གི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་བྱུང་བ་རྣམས་སློབ་དཔོན་ཆེན་པོ་པདྨ་ལ་བཀའ་བབས་པ་ཡིན་ནོ། །ལུང་རྫོགས་པ་ཨ་ནུ་ཡོ་གའི་སྐོར་ནི། གསང་བའི་བདག་པོས་རྒྱལ་པོ་ཛཿ འམ་ལུང་བསྟན་རྡོ་རྗེ་ལ་དབང་བསྐུར་བས་བསྟན་པ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་པ་ཡིན་མོད། འོན་ཀྱང་ཚུར་མཐོང་གི་ངོར་གསང་སྔགས་ལ་རང་གར་འཇུག་པ་དགག་པའི་ཕྱིར་མིའི་རིག་འཛིན་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བསྟེན་པའི་ཚུལ་གྱིས་དབང་བསྐུར་བ་དང་ཚིག་གི་བསྟན་པ་ཐམས་ཅད་ཞུས་ཤིང་། སྤྱི་མདོའི་འགྲེལ་པ་སོགས་བསྟན་བཅོས་ཀྱང་མཛད། དེས་སྔར་ལི་ཙ་བཱི་ལ་བསྟེན་པའི་དུས་ཀྱི་གྲོགས་སློབ་དཔོན་ཨུ་པ་རཱ་ཛ་དང་། རང་གི་སྲས་ཤཱ་ཏྲ་པུ་ཏྲི་དང་། ནཱ་ག་པུ་ཏྲི། གུ་ཧྱ་པུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཤིང་གདམས་ངག་བསྟན་ཏེ། ཨུ་པ་རཱ་ཛ་ལ་ཤྲཱི་དྷ་ནའི་གླིང་དཔལ་ལྡན་འབྲས་སྤུངས་སམ་མཆོད་རྟེན་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་རྒྱུད་གཏད། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་རང་གི་སྲས་གསུམ་ལ་དབང་བསྐུར། དེ་ཡང་ཤཱ་ཏྲ་པུ་ཏྲི་ནི་ཨིནྡྲ་བྷུ་ཏི་ཆུང་བར་གྲགས་པ་དེ་ཡིན་ལ། འདིས་གྲུབ་པ་བརྙེས་པའི་ཚེ་སློབ་དཔོན་ལྭ་བ་པར་གྲགས་པ་ཡིན་ཟེར། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་ཀྱང་དེ་ལྟར་བཤད་དེ། གང་ལྟར་འཁོར་ལོ་སྡོམ་པ་སོགས་རྒྱུད་སྡེ་འགའ་ཞིག་ཨིནྡྲ་བྷུ་ཏིས་ལམ་སྲོལ་དབྱེ་བར་མཛད་པས་བྲམ་ཟེ་རིན་ཆེན་རྡོ་རྗེ་སོགས་བརྒྱུད་སྲོལ་དེའི་རྗེས་འབྲང་ཡིན་ནོ། །དེའང་རྒྱ་གར་གྱི་བླ་མ་ཕྱིས་བྱོན་པ་འགའ་ཞིག་གིས་སློབ་དཔོན་ལྭ་བ་པ་དེ་རྒྱལ་པོའི་སྲས་ཞིག་ཡིན། ཡུལ་ཡང་ཨོ་རྒྱན་གྱི་ནང་ཚན་ཡིན་ཅེས་གསུངས་པ་ལྟར་ན་ཨིནྡྲ་བྷུ་ཏི་ཆུང་བ་ཡིན་ཀྱང་རུང་སྟེ། དེས་ཐོག་མར་སྔགས་ཀྱི་སློབ་དཔོན་ཆེན་པོ་ཞིག་ལས་དབང་བསྐུར་བ་ནོད་ཅིང་གདམས་པ་བསྒོམས་པས་ཡེ་ཤེས་རྟོགས་པར་གྱུར་པ་ན། དུས་གཞན་ཞིག་ཏུ་ཨོ་རྒྱན་གྱི་ཡུལ་དྷུ་མ་སྠི་ར་མཁའ་འགྲོ་མའི་གྲོང་ཁྱེར་དུ་སོང་བས་མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པ་དེ་བླངས་པས། སངས་རྒྱས་པའི་མཁའ་འགྲོ་མ་རྣམས་ཀྱིས་བུ་མེ་ཏོག་བླངས་པ་མ་ལེགས། ད་མུ་སྟེགས་ཀྱི་རྗེས་སུ་འཇུག་དགོས་ན་ཟེར། དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་བསྒོམས་ཤིང་བཞུགས་པས་ནམ་ཕྱེད་ཙམ་ན་མུ་སྟེགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་ཆར་ཕབ་པ་བསྐྱེད་རིམ་གྱི་སྲུང་འཁོར་བསྒོམ་པའི་མཚམས་ཚུན་ལ་མ་གནོད། བསྐྱེད་རིམ་གྱི་ཕན་ཡོན་དེ་འདྲ་ན་རྫོགས་རིམ་གྱི་ནུས་པ་བསྟན་པར་བྱའོ་དགོངས་ནས་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པས་རྡོ་ཐམས་ཅད་ནམ་མཁའ་ལ་ཆགས་སོ། །དེང་སང་ཨོ་རྒྱན་གྱི་ཡུལ་ན་སློབ་དཔོན་འདིའི་སྒྲུབ་ཕུག་གི་སྟེང་གི་ནམ་མཁའ་ལ་ཕ་ཝང་ཆེན་པོ་རྟེན་མེད་དུ་ཡོད་པ་དང་། བྲག་མེ་ལོང་ལྟར་འཇམ་པའི་ངོས་ལ་ཕ་ཝང་མང་པོ་ཆགས་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་ཡོད། ལན་གཅིག་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་ཁོ་ནར་གཟིམས་ནས་བཞུགས་ཤིང་། ཕོ་བྲང་དུ་ཕྱིན་པ་ཐམས་ཅད་སློབ་དཔོན་ལ་ཕྱག་མ་བྱས་ན་བྱིན་པ་རེངས་འགྲོ་བ་ཁོ་ན་བྱུང་བས་ཐམས་ཅད་ཀྱིས་ཕྱག་བྱས་ནས་འགྲོ་དགོས་པ་བྱུང་། གཟིམ་ལོག་པའི་ཡུན་ནི་ལོ་གྲངས་བཅུ་གཉིས་ཡིན་ཏེ་སློབ་དཔོན་ནི་འོད་གསལ་ཐུན་གཅིག་གོ། །སྐབས་ཤིག་ཨོ་རྒྱན་གྱི་ཡུལ་གྱི་ཕྲ་མེན་མ་ལྔ་བརྒྱས་སློབ་དཔོན་ལ་བར་ཆད་བརྩམས་པར་འདོད་ནས་བཙལ་བས་སློབ་དཔོན་གྱི་ཤུལ་དུ་ལྭ་བ་གཅིག་ལས་གཞན་མི་འདུག་པས། ཀྱེ་མ་དགེ་སློང་འདིའི་སྒྱུ་མ་ལ་ལྟོས། རང་གི་ལུས་ལས་བར་བསྒྱུར་ནས་འདུག་ན་འདི་དུམ་བུ་སོ་སོར་བགོས་ནས་བཟའ་བར་བྱའོ། །ཞེས་ལྭ་བ་དེ་དུམ་བུ་ལྔ་བརྒྱར་བྱས་ནས་ཟོས་སོ། །དེར་སློབ་དཔོན་གྱིས་ལུས་སྣང་བར་བྱས་ཏེ་དེ་རྣམས་ལ་དམོད་པ་བོར་བས་ཕྲ་མེན་མ་ལྔ་བརྒྱ་པོ་རྣམས་ལུག་མ་མོ་ལྔ་བརྒྱར་གྱུར། དེ་རྣམས་རྒྱལ་པོའི་དྲུང་དུ་སོང་ནས་དགེ་སློང་དུར་ཁྲོད་བདག་པོས་བདག་ཅག་རྣམས་འདི་ལྟར་བྱས་པས་ལྷས་དགྲོལ་བའི་ཐབས་འཚལ་ལོ་ཟེར། དེར་རྒྱལ་པོས་སློབ་དཔོན་ལ་ཞུས་པས། སློབ་དཔོན་གཅེར་བུར་བཞེངས་ནས་རྒྱལ་པོ་ཁྱོད་ཀྱི་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་ལ་ནོར་ལྭ་བ་གཅིག་ཡོད་པ་ཟོས་སོ། །དེ་བས་ན་སྔགས་འཆང་མ་རྣམས་ཁུག་གཅིག་གསུངས། དེར་ཐམས་ཅད་བཀུག་ནས་རེ་རེ་ལ་སྡིགས་མཛུབ་རེ་བསྟན་པས་མགོ་བརྙན་སྣ་ཚོགས་སུ་གྱུར་ནས་ལྭ་བའི་དུམ་བུ་སོ་སོར་སྐྱུགས་སོ། །དེ་དག་ཚེམ་བུ་བྱས་པས་ཅུང་ཟད་མ་འགྲིག །ད་རུང་གསུམ་ཡོད་པ་ཁུག་ཅིག་གསུངས་པས། བཙུན་མོའི་འཁོར་གྱི་ནང་ན་གསུམ་ཡོད་པའང་བཀུག་ནས་སྔ་མ་བཞིན་སྐྱུགས་སུ་བཅུག་པས་འགྲིགས་ནས་སྐུ་ལ་གསོལ་བས་རྗེ་བཙུན་ལྭ་བ་པར་གྲགས་ཤིང་། གཞན་ཡང་འདི་དང་རྒྱལ་པོ་ཨིནྡྲ་བྷུ་ཏི་གཉིས་ཀྱིས་གྲུབ་པ་ཐོབ་པའི་རྟགས་སྐྱེ་བོ་རྣམས་ལ་བསྟན་པའི་ལོ་རྒྱུས་དང་། སློབ་དཔོན་རོལ་པའི་རྡོ་རྗེ་ཐུན་མོང་གི་དངོས་གྲུབ་ཐོབ་པའི་སྐབས་ཤིག་ཨོ་རྒྱན་གྱི་ཡུལ་དུ་སློབ་དཔོན་འདི་དང་ལྷན་ཅིག་པར་བྱོན་པས་མུ་རུཎྜ་ཀ་ལར་རྫུ་འཕྲུལ་འགྲན་པའི་ལོ་རྒྱུས་སོགས་ཤིན་ཏུ་མང་བར་ཡོད་པ་ཡིན། ཕྱིས་ཨོ་རྒྱན་གྱི་ཡུལ་དེར་རྒྱལ་པོ་དང་སློབ་དཔོན་གཉིས་ཆར་གྱིས་གདམས་པ་བསྟན་པས་ཐམས་ཅད་རིག་པ་འཛིན་པར་གྱུར་ནས་ཨོ་རྒྱན་གྱི་ཡུལ་དེ་ཙམ་དུ་ཆེ་བའང་སྟོངས་སུ་ཉེ་བར་གྱུར་སྐད། འདི་གོང་དུ་སྨོས་པའི་རྒྱལ་པོ་ཛཿ འི་སྲས་ཨིནྡྲ་བྷུ་ཏི་ཆུང་བ་འཁོར་ཚོམ་བུ་དང་བཅས་པ་རིག་པ་འཛིན་པར་གྱུར་བར་གསུངས་པ་དང་དོན་གཅིག་གམ་སྙམ་མོ། །འདི་ལྟར་ཨིནྡྲ་བྷུ་ཏི་ཆུང་བས་སེང་ཧ་པུ་ཏྲ་དང་། ཀུ་ཀུ་རཱ་ཛ་ཕྱི་མ་གཉིས་ལ་རྒྱ་མཚོའི་འགྲམ་ལ་དབང་བསྐུར་ཞིང་རྒྱུད་བཤད། ཕྱི་མས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་དབང་བསྐུར་ཞིང་རྒྱུད་བཤད། འདི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་མཚན་གྱི་རྣམ་གྲངས་སོ། །མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི། ཇི་སྐད་དུ། ཉོན་མོངས་རྒྱུད་དྲག་པོ་ནུས་མཐུ་ཞན། །ལས་ཀྱི་ཚེ་ཐུང་བཀའ་དོན་སྟོར། །བསྟན་སྙིང་གྲུབ་མཐའ་ངན་པས་བསྒྱུར། །གཉེན་པོས་མི་ནོན་སྒྲུབ་ཚུལ་ཞན། །དེ་ཚེ་རིག་པའི་རྣམ་རྟོག་ཤར། །ཞེས་གསང་ཆེན་གྱི་བསྟན་པ་འབྱུང་བའི་དུས་དྲུག་ལ་བབས་པའི་ཚེ་མཆོག་གསང་རྫོགས་པ་ཆེན་པོའི་བསྟན་པ་བྱུང་ཞིང་། ཇི་ལྟར་ན། གང་གི་ཚེ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར་མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རིག་པ་འཛིན་པའི་ཚོགས་ལ་གསང་བ་སྔགས་ཀྱི་ཆོས་སྟོན་པ་དེའི་ཚེ་འཕགས་ཡུལ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའི་གླིང་ཞེས་བྱ་བར་ཀོ་ཥ་ཞེས་པའི་སྲོག་ཆགས་ལུས་མི་ལ་གདོང་དྲེད་ཀྱི་རྣམ་པ་སྤར་མོ་ལྕགས་ཀྱིས་གཏམས་པ་ཁོ་ནས་གང་ཞིང་ཙནྡན་ལ་སོགས་ཤིང་ལྗོན་པ་མང་པོས་བསྐོར་བའི་ཕྱིར་དེ་སྐད་དུ་གྲགས་སོ་ཞེས་བྱུང་། ཡུལ་དེར་བདེ་བྱེད་བརྩེགས་པ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གཅིག་ལ་ལྷ་ཁང་ཆུང་ངུ་སྟོང་དྲུག་བརྒྱ་བརྒྱད་ཀྱིས་བསྐོར་བ་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པའི་གནས་སུ། རྒྱལ་པོ་ཨུ་པ་རཱ་ཛ་དང་བཙུན་མོ་སྣང་བ་གསལ་བའི་འོད་ལྡན་མ་ཞེས་བྱ་བ་གཉིས་ལ་སྲས་མོ་སུ་དྷརྨ་བྱ་བ་རབ་ཏུ་བྱུང་ནས་ཡུན་རིང་པོར་མ་ལོན་པར་བསྙེན་པར་རྫོགས་པའི་དགེ་སློང་མ་ཞིག་ཡུལ་དེ་ནས་དཔག་ཚད་ཙམ་འདས་པར་གསེར་གྱི་བྱེ་མ་བརྡལ་བའི་རྒྱ་མཚོའི་གླིང་ཞིག་ཏུ་རྩྭའི་སྤྱིལ་བུ་ཆུང་ངུ་ཞིག་ལ་བརྟེན་ཏེ་གཡོག་མོ་བདེ་བའི་སྙིང་ལྡན་མ་བྱ་བ་དང་ལྷན་ཅིག་ཏུ་རྣལ་འབྱོར་བསྒོམས་ཤིང་གནས་པའི་ཚེ། ནུབ་གཅིག་དགེ་སློང་མའི་རྨི་ལམ་དུ་མི་དཀར་པོ་དྲི་མ་དང་བྲལ་བ་ཞིག་གིས་ཤེལ་གྱི་བུམ་པ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱའི་ཡི་གེས་རྒྱས་བཏབ་པ་གཅིག་སྤྱི་བོར་ལན་གསུམ་བཞག་པས་བུམ་པ་དེ་ལས་འོད་འཕྲོས་པས་ཁམས་གསུམ་པོ་གསལ་བར་མཐོང་བ་ཞིག་རྨིས། དེ་ནས་མི་རིང་བར་དགེ་སློང་མ་ལ་རྫོགས་པ་ཆེན་པོ་ལྷ་ཡུལ་དུ་དར་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྤྲུལ་སྐུ་ལྷའི་བུ་སེམས་ལྷག་ཅན་རྒྱལ་བའི་སྲས་སུ་བཙས་སོ། །དགེ་སློང་མ་ཉིད་ཤིན་ཏུ་ངོ་ཚ་ནས་མི་རིགས་པ་ཆེན་པོ་མཐོང་སྟེ། ཕ་མེད་བུ་འདི་འཇིག་རྟེན་འདྲེ་བས་གཞན་ན་སུ། །འཇིག་རྟེན་བདུད་དམ་ཚངས་པ་ལ་སོགས་སམ། །རྒྱལ་པོ་བཙན་ནམ་དམུ་ལ་སོགས་པའི་རིགས། །ཁམས་གསུམ་དག་ན་འདོད་ལྡན་སུ་ཞིག་ཡིན། །གལ་ཏེ་ལྷ་དང་ལྷ་མིན་སྣ་ཚོགས་གཟུགས། །འདི་ལྟར་བྱུང་བའི་དཔེ་ནི་སུས་མཐོང་མེད། །རྒྱལ་ཁམས་ཆོས་མེད་འདི་ནི་སུ་ལ་སྲིད། །ཀྱེ་མ་བདག་ནི་ཁྲིམས་གཙང་འགྲོ་ལས་རྒྱལ་འདོད་པས། །འདི་ནི་ལོག་སྲེད་འགྲོ་བས་དཔྱས་འགྱུར་སྡིག་རེ་ཆེ། །ཞེས་པ་ལ་སོགས་སྨྲེ་ངག་མང་དུ་བཏོན་པ་ན་གཡོག་མོ་ནས་འདི་ནི་སངས་རྒྱས་རྣམས་ཀྱི་སྲས་ཡིན་པས་དེ་ལྟར་མི་རིགས་སོ་ཞེས་སྨྲས་ཀྱང་མ་ཉན་པར་ཐལ་དོང་དུ་བསྐྱུར། དེའི་ཚེ་སྒྲ་དང་འོད་ལ་སོགས་པའང་བྱུང་བར་གྱུར་ཏོ། །དེ་ནས་ཞག་གསུམ་སོང་ནས་བལྟར་ཕྱིན་པ་ན་ཅི་ཡང་མ་ཉེས་པར་འདུག་པ་མཐོང་བས་སྤྲུལ་པ་ཡིན་པར་ཤེས་ཏེ་བཀུར་སྟི་ཆེན་པོ་དང་བཅས་པས་ཕོ་བྲང་དུ་སྤྱན་དྲངས་པ་ན་བར་སྣང་ནས་ལྷ་རྣམས་ཀྱིས། མགོན་པོ་སྟོན་པ་བཅོམ་ལྡན་འདས། །རང་བཞིན་སྣང་མཛད་འཇིག་རྟེན་མགོན། །བདག་ཀྱང་རབ་ཏུ་བསྐྱབ་པ་དང་། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །ཞེས་ཆེད་དུ་བརྗོད་པར་བྱེད་ཅིང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཀྱང་མཆོད་པའི་ཡོ་བྱད་དུ་མས་མཆོད་པར་བྱེད་དོ། །ལོ་བདུན་སོང་བ་ན་སྲས་ཀྱིས་ཡུམ་ལ་ཀྱེ་མ་བདག་གིས་པཎྜི་ཏ་རྣམས་ལ་ཆོས་ཀྱི་གཏམ་སྤོབས་པར་འཚལ་ན་ཡུམ་བདག་ལ་ཅི་བདེར་གནང་བ་སྩོལ་ཅིག །ཅེས་གསུངས་པ་ན། ཡུམ་གྱི་བུ་ཁྱོད་ནི་ཤིན་ཏུ་གཞོན་གྱིས་པཎྜི་ཏ་རྣམས་མཁས་ཤིང་གཞུངས་པས་ཁྱོད་ཀྱིས་ཐུབ་པར་དཀའོ། །ཅིས་ཀྱང་བགྱི་བར་གསོལ་བ་ན། སྔར་སྨོས་པའི་རྒྱལ་པོའི་མཆོད་གནས་སུ་མཁས་པ་ལྔ་བརྒྱ་ཡོད་པ་དེ་དག་དང་ཆོས་ཀྱི་གཏམ་གྱིས་ཤིག །དེ་ནས་སྲས་ཀྱིས་རྒྱལ་པོ་དང་མཇལ་ནས་ལོ་རྒྱུས་སྔ་མ་བཞིན་བསྙད་དོ། །རྒྱལ་པོས་ཀྱང་ཁྱེའུ་འདི་ནི་གཞོན་པས་པཎྜི་རྣམས་དང་ཆོས་ཀྱི་གཏམ་འོང་བར་དཀའ་མོད་ཀྱི། འོན་ཀྱང་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་མང་པོ་འདུག་པས་སྤྲུལ་པ་ཡིན་ཀྱང་སྲིད་སྙམ་ནས་མཆོད་གནས་རྣམས་ལ་ཚུལ་དེ་བཞིན་བསྙད་པས། དེ་རྣམས་གསུང་མ་མཐུན་པ་ལས་མཁྱེན་པ་ཆེ་བ་གཅིག་གིས། ལྟས་ཤིན་ཏུ་བཟང་བ་ཞིག་ཀྱང་བྱུང་། བྱིས་པ་དེ་ཡར་ཐོང་དང་སྤྲུལ་པ་ཡིན་ཏེ་འོང་གསུངས་ནས་མཇལ་བ་ན། པཎྜི་རྣམས་ལ་ཕྱག་མཛད་ཅིང་བགྲོ་གླེང་དང་བརྒལ་བརྟག་གི་རིམ་པ་མང་དུ་མཛད་པས་པཎྜི་ཏ་རྣམས་ཀྱི་སྤོབས་པ་བཅོམ་པས་ཞབས་སྤྱི་བོར་བླངས་ཤིང་བཀུར་སྟི་རྒྱ་ཆེན་པོས་མཆོད་ནས་པྲཛྙཱ་བྷ་བ་ཞེས་མཚན་གསོལ། རྒྱལ་པོའང་ཤིན་ཏུ་ངོ་མཚར་ཞིང་དགའ་བས་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཞེས་བྱ་བར་མཚན་བཏགས། སྔར་ཡུམ་གྱིས་ཐལ་དོང་དུ་བསྐྱུར་ཡང་མ་ཉེས་པ་ལ་ངོ་མཚར་བས་རོ་ལངས་བདེ་བའམ་རོ་ལངས་ཐལ་མདོག་ཏུ་གསོལ། དེ་ནས་བྱང་ཕྱོགས་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བར་བྲག་རི་ཤིན་ཏུ་འཇིགས་པ་ཡི་དྭགས་ཀྱི་ཚོགས་མངོན་སུམ་དུ་རྒྱུ་བ་ཞིག་གི་སྟེང་དུ་རྩྭའི་སྤྱིལ་བུར་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་ས་ལན་བདུན་དུ་གཡོས་ཤིང་ནམ་མཁའ་ལས་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་སོ་ཞེས་པའི་སྒྲ་གྲགས་པ་ཐོས་པས་མུ་སྟེགས་ཀྱི་རྒྱལ་པོས་གཤེད་མ་བཏང་ནས་སློབ་དཔོན་བཀྲོང་བར་བརྩམས་པ་ན་ནམ་མཁའི་ལམ་ནས་གཤེགས་པ་མཐོང་བས་རྒྱལ་པོ་འཁོར་བཅས་མཆོག་ཏུ་དད་ནས་སངས་རྒྱས་པའི་བསྟན་པ་ལ་བཞུགས་སོ། །དེ་ནས་ཐེག་པ་ཕྱི་ནང་གི་སྡེ་སྣོད་རྣམས་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཤློ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་དེ་རྣམས་རྡོ་རྗེ་སེམས་དཔས་མངོན་སུམ་དུ་ཞལ་བསྟན་ནས་རིག་པ་སྤྱི་བླུགས་ཀྱི་དབང་གིས་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པའི་ཚུལ་བསྟན། ཚིག་གི་རྒྱུད་རྣམས་ཡི་གེར་དགོད་པའི་ལུང་བྱིན་ཏེ་རི་མ་ལ་ཡའི་རིན་ཆེན་སྤུངས་པ་རྒྱས་པའི་རྩེ་མོར་སློབ་དཔོན་ཉིད་དང་། བདེ་བྱེད་སེར་མོ། ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གསུམ་གྱིས་ལོ་གསུམ་གྱི་བར་དུ་ཚིག་དང་ཡི་གེ་དཀར་ཆག་ཏུ་བཏབ། རང་བྱུང་རང་བབས་ཀྱི་ཡི་གེ་སྤྲུལ་པའི་སྐུ་དང་བཅས་པ་ཕྱིན་ཅི་མ་ལོག་པར་ལེགས་པར་བཀོད་ནས་མཁའ་འགྲོ་མ་མངོན་པར་འབྱུང་བའི་ཕུག་ཏུ་བཞུགས་སུ་གསོལ། དུས་གཞན་ཞིག་ཏུ་རྡོ་རྗེ་གདན་གྱི་བྱང་ཤར་མཚམས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བ་དབུས་སུ་མཆོད་རྟེན་ཆེན་པོ་ཡོད་ཅིང་གདུག་པའི་མཁའ་འགྲོ་མ་དང་སེམས་ཅན་རབ་ཏུ་གདུག་པ་དུ་མའི་གནས་སུ་གྱུར་པ་ཞིག་ཏུ་བྱོན་ནས་མཁའ་འགྲོ་མ་ཉི་མའི་འོད་ཟེར་ལ་སོགས་དཔག་ཏུ་མེད་པ་ལ་ཆོས་སྟོན་ཅིང་བཞུགས་སོ། །དེའི་ཚེ་འཇམ་དཔལ་བཤེས་གཉེན་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་སློབ་དཔོན་གྱི་ཞབས་ལ་བཏུད་ནས་བགྲང་བྱ་དོན་ལྔར་ཆོས་ཉན། མཐར་དགའ་རབ་རྡོ་རྗེ་ཆུ་བོ་དན་ཏིའི་མགོར་ཟག་མེད་འོད་ཀྱི་ཕུང་པོར་དེངས་པའི་ཚེ་ན་གདུང་ཚིག་ལན་གསུམ་བཏོན་པས་ཚིག་གསུམ་གནད་དུ་རྡེག་པའི་འདས་རྗེས་ཀྱི་གླེགས་བམ་བབས། མཇལ་བ་ཙམ་གྱིས་སློབ་དཔོན་དང་དགོངས་པ་མཉམ་པ་ཉིད་དུ་གྱུར། རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གདམས་པ་རྣམས་སེམས་ཀློང་མན་ངག་སྡེ་གསུམ་དུ་ཕྱེས་ཤིང་། དེ་ལས་སྙིང་ཐིག་གི་སྐོར་ལ་བཤད་རྒྱུད་དང་སྙན་རྒྱུད་གཉིས་སུ་བྱས། སྙན་རྒྱུད་རྣམས་མཆན་བུར་བཀོད་ཅིང་། བཤད་རྒྱུད་སྤེལ་བའི་སྣོད་རེ་ཞིག་མ་གཟིགས་ནས་རྡོ་རྗེ་གདན་དུ་གཏེར་དུ་སྦས་ཏེ་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་བཞུགས་སོ། །དེ་ལ་ཤྲཱི་སིངྷས་ཞབས་ལ་བཏུད་ཅིང་གདམས་པ་མཐའ་དག་གསན། མཐར་སློབ་དཔོན་འོད་ཀྱི་ཕུང་པོར་གཤེགས་པའི་ཚེ་གདུང་བའི་སྨྲེ་སྔགས་བཏོན་པས་འདས་རྗེས་སྒོམ་ཉམས་དྲུག་པའི་ཟ་མ་ཏོག་ཕྱག་ཏུ་སོན། དེ་ནས་བགྲང་བྱ་བརྒྱ་དང་ཉེར་ལྔ་ན་པདྨའི་སྦུབས་ལས་རྫུས་ཏེ་འཁྲུངས་པའི་འཇམ་དཔལ་བཤེས་གཉེན་ཕྱི་མ་བྱོན། སློབ་དཔོན་ཨརྱ་དེ་ཝ་ལ་རྫོགས་ཆེན་སྙིང་ཐིག་གི་གདམས་པ་བསྟན་པས་ཟག་མེད་འོད་སྐྱར་ཡལ་ཞིང་། སངས་རྒྱས་ཡེ་ཤེས་ཞབས་ལའང་རྫོགས་པ་ཆེན་པོའི་གྲུབ་མཐའི་ངོ་བོར་གནས་པ་འཇམ་དཔལ་ཞལ་ལུང་གི་དོན་བསྟན། མཐར་སློབ་དཔོན་འདི་ཉིད་མི་སྣང་བའི་རྗེས་ཤྲཱི་སིངྷས་རྡོ་རྗེ་གདན་ནས་བཤད་རྒྱུད་ཀྱི་དཔེ་རྣམས་བཏོན་ཏེ། མན་ངག་ཐིག་ལེའི་སྐོར་ལ་ཕྱི་ནང་གསང་བ་ཡང་གསང་བླ་ན་མེད་པའི་སྐོར་ཚོ་བཞི་རུ་ཕྱེས་ནས་སྔ་མ་གསུམ་སླར་ཡང་གཏེར་དུ་སྦས། ཕྱི་མ་མཁའ་འགྲོས་ལུང་བསྟན་པ་ལྟར་བཀྲ་ཤིས་ཁྲི་སྒོའི་ཀཱ་བར་རྒྱས་བཏབ་སྟེ་སློབ་དཔོན་ཉིད་དུར་ཁྲོད་བསིལ་སྦྱིན་དུ་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཚོགས་རྗེར་བཞུགས་སོ། །དེ་ལ་བི་མ་ལ་མི་ཏྲ་དང་ཛྙཱ་ན་སཱུ་ཏྲ་གཉིས་ཀྱིས་ཞུས། དེ་ཡང་སྔ་མས་སྙན་རྒྱུད་ཕྱི་ནང་གསང་བའི་མན་ངག་རྣམས་གསན། ཕྱི་མས་དེ་དག་གི་སྟེང་གདམས་པ་དཔེ་དང་བཅས་པ་དང་། རིམ་བཞིན་དབང་རྣམས་རྫོགས་པར་ཐོབ། མཐར་སློབ་དཔོན་ཟག་མེད་འོད་ཀྱི་སྐུར་ཡལ་བའི་སྐབས་ཛྙཱ་ན་སཱུ་ཏྲས་གསོལ་བ་བཏབ་པས་ཞལ་ཆེམས་གཟེར་བུ་བདུན་པ་ཕྱག་ཏུ་བབས། བླ་མའི་བཀའ་བཞིན་གསང་བའི་མན་ངག་རྣམས་བཀྲ་ཤིས་ཁྲི་སྒོའི་ཀཱ་བའི་ཁོང་གསེང་ནས་ཕྱུང་སྟེ་དུར་ཁྲོད་བྷ་སིང་དུ་བྱོན། དེའི་ཚེ་སླར་ཡང་བི་མ་ལ་ལ་མཁའ་འགྲོས་ལུང་གིས་བསྐུལ་བ་བཞིན་ཛྙཱ་ན་སཱུ་ཏྲའི་ཞབས་ལ་བརྟེན་ཏེ་དབང་རྣམས་ཡོངས་སུ་རྫོགས་པར་མཛད། སློབ་དཔོན་འཕོ་བ་ཆེན་པོའི་སྐུར་གཤེགས་པའི་ཚེ་བི་མ་ལས་སྨྲེ་སྔགས་ཀྱིས་གསོལ་བ་བཏབ་པས་འདས་རྗེས་བཞག་ཐབས་བཞི་པ་ཕྱག་ཏུ་སོན་ཏེ་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ། །ཞར་ལ་ཟབ་མོ་གཏེར་གྱི་ལོ་རྒྱུས་མདོ་ཙམ་སྨོས་ན། དེ་ལ་སྤྱིར་ཆོས་རྣམས་ཀྱི་ཆོས་ཉིད་གནས་ཚུལ་གྱི་ངོས་ནས་གཞལ་ན་སྤྲོས་པའི་མཐའ་ཀུན་ལས་འདས་ཀྱང་སྣང་ཚུལ་གྱི་དབང་དུ་བྱས་ན་ཟབ་མོའི་གཏེར་གྱི་ཕྱོགས་མཐའ་དག་བཀའ་ཡི་དོན་ལས་ལོགས་སུ་ཆད་པའམ་བཀའ་ཡི་དངོས་པོ་རྣམས་གཏེར་གྱི་ངོ་བོ་ལས་ཡོངས་སུ་ཐ་དད་དུ་གྱུར་པ་ལྟ་བུ་ནི་མ་ཡིན་ཏེ། དེའི་ཕྱིར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བློ་གྲོས་མཐའ་ཡས་ཀྱིས། དོན་གྱི་དབང་དུ་བྱས་ན་སྟོན་པ་སྐུ་གསུམ་གྱི་བསྟན་པ་ཐམས་ཅད་དགོངས་བརྒྱུད་བརྡ་བརྒྱུད་སྙན་བརྒྱུད་ལས་བྱུང་བས་ཐམས་ཅད་གཏེར་ལས་མ་འདས་ཤིང་། ཐུན་མོང་མཆོག་གི་སྤྲུལ་པའི་སྐུ་ཐུབ་པའི་དབང་པོའི་གསུང་རབས་རྣམས་ཀྱང་བཀའ་བསྡུ་རིམ་པར་བྱུང་བའི་རྗེས་སུ་ཐེག་ཆེན་གཙོ་བོར་གྱུར་པའི་སྡེ་སྣོད་ཕལ་མོ་ཆེ་ལྷ་ཀླུ་ལ་སོགས་པའི་གནས་ཐ་དད་པ་རྣམས་སུ་བྱོན་ཅིང་མི་སྣང་བར་གྱུར་ལ། རྒྱུད་སྡེ་རྣམས་ནི་རྡོ་རྗེ་འཛིན་པ་དང་མཁའ་འགྲོ་མ་རྣམས་ཀྱིས་བསྡུས་ཤིང་ཨོ་རྒྱན་དྷརྨ་གནྡྷོ་སོགས་སུ་རྒྱས་བཏབ་སྟེ་གཉེར་དུ་མཛད་པ་ལས། ཕྱིས་དུས་སུ་བབས་པའི་ཚེ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སྒྲིབ་སེལ་སོགས་བྱང་སེམས་རྣམས་ལས་སེམས་ཙམ་གྱི་སློབ་དཔོན་རྣམས་ཀྱིས་བླངས་པ་དང་། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་པ་སོགས་མང་ལ། གྲུབ་ཆེན་ས་ར་ཧ། རྟ་མཆོག་མཚོ་སྐྱེས། ལཱུ་ཡི་པ། ཙི་ལུ་པ་སོགས་མཆོག་གི་དངོས་གྲུབ་བརྙེས་པ་རིམ་པར་བྱོན་པ་རྣམས་ཀྱིས་གསང་འདུས་བདེ་དགྱེས་དུས་འཁོར་གཙོ་བོར་གྱུར་པའི་རྒྱུད་སྡེ་སྤྱན་དྲངས་པ་ཐམས་ཅད་ཟབ་གཏེར་ཁོ་ན་ཡིན་པས་རྒྱ་གར་དང་གངས་ཅན་ཡུལ་གྱི་ཁྱད་པར་དང་། གང་ཟག་རྣམས་འབྱོན་སྔ་ཕྱིའི་དུས་ཚོད་ཙམ་ལས་སྒོ་ཐམས་ཅད་ནས་དོན་གཅིག་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་ཡིན་ལ། བདག་ཅག་གི་སྟོན་པས་ཀྱང་ཕུང་ལྔ་བསྟན་པའི་མདོ་དང་། གསང་བ་རིང་བསྲེལ་སོགས་གཏེར་དུ་བཞུགས་ཚུལ་རྒྱུ་མཚན་དང་བཅས་པ་གསུངས་ཏེ་ཞུ་བ་པོའི་ངོར་དེ་དག་གི་ཕན་ཡོན་དང་བཅས་པ་གསུངས་ཤིང་། མདོ་མཛངས་བླུན་དུའང་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ཁྱིམ་བདག་ཞིག་གི་ཀྭ་བ་ལས་ཐོན་པའི་ལོ་རྒྱུས་འབྱུང་བ་སོགས་སྔ་ཕྱིར་འཕགས་ཡུལ་དུ་གནས་དུས་ཐ་དད་པ་ནས་གཏེར་གྱི་རིགས་བྱེད་ཇི་ལྟར་བྱུང་བའི་ཚུལ་བསམ་གྱིས་མི་ཁྱབ་ལ། དེ་ཙམ་དུ་མ་ཟད་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུའང་གཏེར་གྱི་སྒོ་བསམ་གྱིས་མི་ཁྱབ་པ་སྣང་བ་གོར་མ་ཆག་གོ། །དེས་ན་རྒྱལ་བའི་ཕྲིན་ལས་ནི་སྔོན་གདུལ་བྱའི་དོན་མཛད་ཅིང་ད་ལྟ་མི་མཛད་པ་ལྟ་བུ་མིན་པས་རྟག་པ་དང་། ཤར་ཕྱོགས་སུ་མཛད་ཅིང་ལྷོ་ཕྱོགས་སུ་མི་མཛད་པ་ལྟ་བུ་མིན་པས་ཁྱབ་པ་དང་། འབད་རྩོལ་དགོས་པ་ལྟ་བུ་མིན་པས་ལྷུན་གྱིས་གྲུབ་པ་སྟེ་ཆེ་བའི་ཁྱད་པར་གསུམ་དང་ལྡན་ཞིང་། དེ་ཡང་སྐུ་རྣམ་པ་ཐམས་ཅད་པ་དང་། གསུང་རྣམ་པ་ཐམས་ཅད་པ་དང་། ཐུགས་རྣམ་པ་ཐམས་ཅད་པའི་སྒོ་ནས་མཛད་པར་ཇི་སྐད་གསུངས་པ་བཞིན་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོགས་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱ་བའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ་བཞི་པོ་དེ་དག་ནི་གཏེར་ཆེན་པོ་ཡིན་ནོ་ཞེས་སངས་རྒྱས་རང་ངོ་ན་རྣམ་པར་རྟོག་པའི་རྩོལ་བ་མེད་བཞིན་དུ་སེམས་ཅན་གྱི་དོན་ལ་རྟག་ཏུ་གཡེལ་བ་མེད་པ་དབང་བཅུ་ཤིན་ཏུ་རྣམ་པར་དག་པ་མངའ་བའི་མཐུ་ལས་གདུལ་བྱ་རང་རང་གི་མོས་པའི་རྗེས་སུ་འགྲོ་བའི་ཆོས་སྒོ་ཅིར་ཡང་སྣང་བ་ཞལ་གྱིས་འཆེས་པ་ནི་གཏེར་གྱི་ངོ་བོའམ་རང་བཞིན་གང་ཡིན་པ་སྟོན་པའི་གཏན་ཚིགས་སུ་གྲུབ་ལ། དེ་བཞིན་དུ་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ་གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་དག་ཀྱང་འོངས་པར་འགྱུར་རོ་ཞེས་དང་། བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིག་པ་རྣམས་ལས་ཆོས་འབྱུང་ངོ་ཞེས་དང་། ཡང་དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ་ཞེས་དང་། མདོ་ལས། འཇམ་དཔལ་འབྱུང་བ་ནི་ནམ་མཁའི་གཏེར་ནས་འབྱུང་གི །དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་ལོངས་སྤྱོད་པར་བྱོས་ཤིག་ཅེས་དང་། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦོས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུག་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། །ཅེས་སོགས་གཏེར་གནས་དང་། ས་གཏེར་དགོངས་གཏེར་དག་སྣང་ལ་སོགས་པའི་གཏེར་གྱི་རྣམ་དབྱེ། དགོས་པ་རྒྱུ་མཚན་དང་བཅས་པ་དངོས་བསྟན་དུ་གསུངས་ཤིང་། དེ་བཞིན་དུ་མདོ་རྒྱུད་གཞན་རྣམས་ལས་ཀྱང་རྒྱ་ཆེར་འབྱུང་ངོ་། །འོ་ན་ཟབ་མོ་གཏེར་གྱི་ཕྱོགས་འདིར་དམིགས་སུ་བསལ་བའི་ཁྱད་ཆོས་གང་ཞེ་ན།གོང་དུ་སྨོས་པའི་དགོངས་བརྡ་སྙན་བརྒྱུད་གསུམ་གྱི་སྟེང་གཏེར་ཁ་གང་ཞིག་འདོན་པ་ལ་དབང་བའི་གང་ཟག་ལས་ཅན་གང་ལ་སྨོན་ལམ་གྱིས་གཏད་རྒྱ་མཛད་པ་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དང་། གཏེར་འབྱིན་སྐྱེས་བུ་དེ་ལ་མ་འོངས་པ་ན་ཟབ་མོའི་གཏེར་འདི་དང་འདི་ལྟ་བུས་འགྲོ་བའི་དོན་གྱིས་ཤིག་པར་ལུང་བསྟན་དབུགས་དབྱུང་མཛད་པ་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་དང་། མ་དང་མཁའ་འགྲོ་ལ་སོགས་ཆོས་བདག་གཏེར་སྲུང་རྣམས་ལ་འབྱུང་འགྱུར་གཏེར་འབྱིན་སྐྱེས་བུའི་རིགས་རུས་མཚན་རྟགས་ཡུལ་དུས་གནས་སྐབས་འདི་དང་འདི་ལྟ་བུ་བྱུང་བའི་སྐབས་ནས་སྤྲོད་གཅིག་ཅེས་པའི་གཏེར་གྱི་གཉེར་བྱང་གཏད་པ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པ་ཡིན་ལ།དེ་ཡང་གཏེར་འབྱིན་སྐྱེས་བུའི་སྐུ་ཚེ་འདི་ཉིད་ལ་བརྒྱུད་པ་གཞན་ལ་བརྟེན་མ་དགོས་པ་དེ་ལྟར་ཉེ་བརྒྱུད་ཀྱི་ཁྱད་ཆོས་སུ་འདྲེན་པའི་ཚུལ་ལ་ཡིན་རྟོན་རུང་ངམ་སྙམ་ན་མཆོག་ཏུ་ཡིད་རྟོན་པའི་གནས་ཡིན་ཏེ། ཅིའི་ཕྱིར་ན་གོང་དུ་ཟབ་མོའི་མདོ་སྡེ་དག་ལས་ཇི་སྐད་གསུངས་པའི་ལུང་དྲངས་པ་ལྟར་བསམ་པ་ཕུན་སུམ་ཚོགས་པའི་སྐྱེས་བུ་རྣམས་ལ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རློབས་པ་ཞལ་གྱིས་བཞེས་པ་བཞིན་སློབ་དཔོན་ཆེན་པོ་ལ་སོགས་པ་སྐུ་གསུམ་སྟོན་པའི་རྒྱལ་ཚབ་ཆེན་པོ་རྣམས་ཀྱིས་ལས་ཅན་གྱི་གང་ཟག་དེ་ལ་དགོངས་བརྒྱུད་བྱིན་རླབས་ཕ་ཕོགས་ཀྱི་ཚུལ་དུ་སྩལ་བས་བར་དུ་གང་ཟག་ཕལ་པའམ། དམ་སྲེལ་ཅན་དང་འདྲེས་འཁྱེར་ལ་སོགས་པའི་ལྷད་མ་ཞུགས་པས་དངོས་གྲུབ་བསྒྲུབ་པ་ལ་བྱིན་རླབས་ཀྱི་ཚན་ཁ་ཆེས་མཆོག་ཏུ་གྱུར་པ་ཡིན་ལ། དེ་ལྟར་མི་འདོད་ན་གོང་དུ་བཤད་མ་ཐག་པ་བཞིན་ཟབ་མོའི་མདོ་རྒྱུད་རྣམས་ཀྱི་བརྒྱུད་ཚུལ་ཇི་ལྟར་དུ་འདྲེན་པ་རྔོ་མི་ཐོགས་ཏེ་གང་གིས་ཞེ་ན། ཤིང་རྟ་ཆེན་པོ་རྣམས་ཀྱིས་དེ་དག་བླངས་སའི་གནས། གསན་པའི་ཡུལ་སོགས་ཚུར་མཐོང་བྱིས་པའི་བློ་ཡི་མཐུན་སྣང་གི་ར་བ་ལས་འདས་སོ། །དེ་དག་འཕགས་པའི་གང་ཟག་ཡིན་པས་མི་འདྲའོ་སྙམ་ན་འདིར་ཡང་དེ་བཞིན་འདོད་པས་སོམ་ཉི་མ་དགོས་ཤིང་། གཞན་ཡང་སྟོན་པས་ང་དང་ང་འདྲ་བས་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་གཟུང་ཞེས་གསུངས་པ་མ་ཟད། ཕལ་པོ་ཆེ་ལས། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པ། །དེས་ནི་བསམ་པ་ནམ་མཁའ་ལྟ་བུར་སྦྱང་། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག། ཅེས་གསུངས་པའི་དོན་ལ་དྲན་པ་ཉེ་བར་བཞག་ན་རང་རྒྱུད་ཀུན་ནས་ཉོན་མོངས་པའི་ཆུད་གསོན་པ་རྣམས་ཟབ་མོའི་ཆོས་ཀྱི་བདུད་རྩིས་གདུལ་བར་བྱ་བའི་སྐལ་བ་དང་ལྡན་པར་འགྱུར་རོ།། དེ་ལྟར་གོང་དུ་བརྗོད་པ་བཞིན་དགོངས་བརྡ་སྙན་བརྒྱུད་གསུམ་ལས་བྱུང་བའི་ཟབ་མོའི་ཆོས་སྡེ་ལ་རྒྱུད་བསྐྱེད་པ་མཧཱ་ཡོ་ག ལུང་རྫོགས་པ་ཨ་ནུ་ཡོ་ག མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ཞེས་སྔ་འགྱུར་རང་ལུགས་ཐུན་མོང་མ་ཡིན་པར་ནང་རྒྱུད་ཡོ་ག་སྡེ་གསུམ་དུ་གྲགས་ཤིང་། མ་ཧཱ་ཡོ་ག་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས། སྒྲུབ་སྡེ་ལ་བཀའ་གཏེར་གཉིས། ཨ་ནུ་ཡོ་ག་ལ་མདོ་དང་ལུང་གཉིས། ཨ་ཏི་ཡོ་ག་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་དང་། དེ་དག་ལའང་ནང་གསེས་སུ་རྩ་བ་དང་ཡན་ལག་གི་ཚུལ་དུ་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་། དེ་དག་སྔ་འགྱུར་བའི་པོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་གངས་ཅན་བོད་ཀྱི་ཡུལ་དུ་དར་བ་ཡིན་ལ། འོ་ན་ཇི་ལྟར་ན། གངས་ཅན་ལྗོངས་དེ་ཐོག་མར་རྒྱ་མཚོ་ཅན་གྱི་གླིང་གཅིག་ཏུ་གྱུར་པ་ལ། སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་སྤྲེའུ་རྒན་བྱང་ཆུབ་སེམས་དཔའ་དང་། བྲག་སྲིན་མོ་གཉིས་ཀྱིས་མིའི་ས་བོན་ཐོག་མར་སྤེལ་ནས་རིམ་པར་མིའི་གླིང་དུ་ཆགས། སྐབས་ཤིག་ཕྱྭ་དམུ་གཙུག་གསུམ་བདུད་བཙན་མ་སང་སོགས་ཀྱིས་དབང་དུ་བྱས་ནས་ལུས། དེ་ནས་ཤཱཀྱ་ལི་ཙ་བཱིའི་རིགས་ལས་བྱོན་པའི་རྒྱལ་པོ་གཉའ་ཁྲི་བཙན་པོ་དམུ་ཐག་ལ་བརྒྱུད་ནས་ཕེབས་ཏེ་བོད་ཁམས་ཀྱི་བདག་པོར་མཛད། དེའི་རྒྱལ་བརྒྱུད་ལས། གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག བར་ལ་སྡེ་བརྒྱད། ཚིག་ལ་བཙན་ལྔ་སོགས་བྱུང་། ཆབ་སྲིད་བོན་དང་། སྒྲུང་། ལྡེའུ་སོགས་ཀྱིས་བསྐྱངས། དེ་སྐབས་ཀྱི་བོན་དེ་ལ། མོ་གཙོ་བོར་བྱེད་པ་ཕྱྭ་གཤེན། རྩིས་གཙོ་བོར་བྱེད་པ་འཕྲུལ་གཤེན། གཤིན་པོའི་བླ་དང་གསོན་པོའི་གནས་བདེ་བར་བྱེད་པ་སྲིད་གཤེན། གཏོ་ཐབས་སྣ་ཚོགས་པ་སྣང་གཤེན་སོགས་ཀྱི་ཐེག་པ་དར་བས་བོད་ཡུལ་དུ་གྲུབ་མཐའ་ཀུན་གྱི་སྔ་ཤོས་བོན་པོ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་དུས་སྐུ་མཁར་ཡུམ་བུ་བླ་སྒང་དུ། གསེར་གྱི་མཆོད་རྟེན་དང་། ཙིནྡྷ་མ་ཎིའི་བསྐོས་ཕོར། སྤང་ཀོང་ཕྱག་རྒྱ་སོགས་ཀྱི་ཆར་བབས་པས་དམ་པ་ཆོས་ཀྱི་དབུ་བརྙེས། སྤྱན་རས་གཟིགས་དབང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་བལ་པོ་དང་རྒྱ་ནག་ནས་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོ་གཉིས་བློན་པོ་མགར་དམ་པའི་འཕྲུལ་ཐབས་ཀྱིས་སྤྱན་དྲངས། དེའི་སྐྱེལ་རྫོང་དུ་ཛོ་ཤཱཀ་རྣམ་གཉིས་བོད་ཀྱི་རྟེན་སྐལ་དུ་བླངས། ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས། ལྷ་རིགས་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་སོགས་ལས་སྒྲ་རིག་གཙོ་བོར་གྱུར་པའི་རིག་པའི་གནས་ཀུན་ལ་ཐོགས་མེད་མཁྱེན་པར་སྦྱངས། བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བོད་སྐད་དུ་བསྒྱུར། ཆོས་རྒྱལ་ཡབ་ཡུམ་གྱིས་ར་ས་འཕྲུལ་སྣང་དང་ར་མོ་ཆེ་ཁྲ་འབྲུག་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས། རྒྱལ་པོས་རྗེ་འབངས་རྣམས་ལ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་དང་འབྲེལ་བའི་ཞལ་གདམས་མང་པོ་བསྩལ་བས་རྣལ་འབྱོར་པ་མང་དུ་བྱུང་སྟེ་བོད་དུ་ཐོག་མར་དམ་པ་ཆོས་ཀྱི་སྲོལ་བཏོད་པའོ། །གང་གི་ཚེ་བྷོ་ཊའི་ཡུལ་དུ་རྗེ་བཙུན་འཇམ་པའི་རྡོ་རྗེ་ས་སྐྱོང་རྒྱལ་པོའི་ཟོལ་གྱིས་བྱོན་པ་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་དགུང་ལོ་བཅུ་ཕྲག་གཉིས་སུ་སོན་པ་ན་རང་གི་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་དམ་པའི་ཆོས་ཀྱི་བསྟན་པ་དར་རྒྱས་སུ་མཛད་བཞེད་ཐུགས་ལ་འཁྲུངས་ཏེ་ནག་པོའི་ཕྱོགས་ལ་དགའ་བའི་བློན་འབངས་རྣམས་བསྟན་པའི་བྱ་བ་ལ་གེགས་སུ་མི་ལྡང་བའི་སླད་དུ་ཐབས་ཀྱིས་འདམ་ཀ་སྣ་ཚོགས་བསྐུར་ནས་མཐར་ཐུགས་དམ་གྱི་རྟེན་གཙུག་ལག་ཁང་ཞིག་བཞེངས་པར་རྗེ་བློན་དགོངས་པ་མཐུན། ཟ་ཧོར་ནས་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས་ཏེ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་གསུངས་དུ་གཞུག གཙུག་ལག་ཁང་བཞེངས་པའི་ཚེ་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་མ་རུངས་པ་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོས་ཐོ་བཙམས་པ་ན་དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྟོབས་རྙེད་ན། །གདུལ་བྱ་མ་ཡིན་ཤིན་ཏུ་དཀོན། །ཅེས་པ་ལྟར་ངེས་པའི་དོན་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གཞན་དབང་དུ་གྱུར་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐུལ་བར་ནུས་པ་མ་ཡིན་པ་འགའ་ཡང་མེད་གཤིས་མཁན་པོའི་ཕྲིན་ལས་རྡུགས་པ་མ་ཡིན་ཀྱང་། ཇི་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་པོ་རྣམས་ཀྱི་ངོ་བོའི་ཡོན་ཏན་ལ་བཟང་ངན་བྲི་གང་མེད་རུང་རྣམ་པ་རང་རང་གི་ཐུགས་བསྐྱེད་སྨོན་ལམ་གྱི་ཚུལ་དང་། གདུལ་བྱའི་ཁམས་དབང་བསམ་པ་ཐ་དད་པའི་རྗེས་སུ་ཕྲིན་ལས་ཀྱི་འཇུག་པ་སོ་སོར་སྣང་བའི་ཚུལ་བསྟན་པ་བཞིན་དུ་མཁན་སློབ་ཆོས་གསུམ་སོ་སོའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་ཕྲིན་ལས་དུས་སུ་སྨིན་པས་ཇི་སྐད་དུ་དཔུང་པ་བཟང་པོའི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་དང་རྗེས་སུ་མཐུན་པར་རྣམ་བཞིའི་ཕྲིན་ལས་ལ་མངའ་དབང་འབྱོར་བའི་རིགས་སྔགས་འཆང་བའི་རྒྱལ་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གདན་འདྲེན་དགོས་ཚུལ་མཁན་པོས་ལུང་གིས་བསྐུལ་བ་བཞིན་མངའ་བདག་རྒྱལ་པོས་སློབ་དཔོན་སྤྱན་འདྲེན་དུ་གསེར་གྱི་ཕྱག་རྟེན་དང་བཅས་པའི་ཕོ་ཉ་སྔ་ཕྱིར་བརྫངས། སློབ་དཔོན་ཆེན་པོས་ཀྱང་མངོན་པར་ཤེས་པས་མཁྱེན་ཏེ་མང་ཡུལ་དུ་ཡུད་ཀྱིས་ཕེབས་པ་ལས་བརྩམས་བོད་ཀྱི་ཡུལ་ལྗོངས་མ་ལུས་པ་རྫུ་འཕྲུལ་གྱི་བཀོད་པས་ཞབས་ཀྱིས་བཅགས། བརྟན་མ་བཅུ་གཉིས་དང་། མགུར་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་ལ་སོགས་པ་གཙོ་བོར་གྱུར་པའི་ལྷ་འདྲེ་ཆེ་རྒུ་མ་ལུས་པ་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག་ནས་བཀའ་འབངས་བགྱིད་པར་རྩིས་ལ་ཕབ། བྲག་དམར་འོམ་བུའི་ཚལ་དུ་མཆོད་ཡོན་ཞལ་འཛོམ་ནས་བསམ་ཡས་སུ་གདན་ཕེབས། དེར་མཁན་ཆེན་ཞི་བ་འཚོས་ས་དཔྱད་མཛད་ཅིང་། སློབ་དཔོན་ཆེན་པོས་ཧས་པོ་རིའི་རྩེ་མོར་བྱོན་ཏེ་ལྷ་སྲིན་དམ་བསྒྲགས་མཛད་ཅིང་ནམ་མཁའ་ལས་རྡོ་རྗེའི་གར་གྱིས་ས་གཞི་བྱིན་གྱིས་བརླབས་ཏེ་སྐུ་ཡི་གྲིབ་མ་གར་བྱུང་སར་ཐིག་བཏབ་ནས་རྩིག་པའི་རྨང་བཏིང་། ཏིང་འཛིན་དམིགས་པའི་མཐུ་ཡིས་ལྷ་འདྲེ་ཐམས་ཅད་ལས་ལ་བཀོལ་བས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཉིན་མོ་མི་ཡིས་བརྩིག་པ་བས་མཚན་མོ་མི་མ་ཡིན་པས་བརྩིགས་པ་མཐོ་བར་གྱུར་ཏེ་ཕྱི་ལྷུན་པོ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་དང་བཅས་པ། ནང་གི་རྟེན་བྱང་ཆུབ་ཆེན་པོ་ལ་སོགས་པ་ཕྱི་ནང་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་འབྱོངས་པར་མཛད་དེ་རྡུལ་གཅིག་སྟེང་ན་རྡུལ་རྙེད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བཞུགས་པའི་སངས་རྒྱས་རྣམས་ཏིང་འཛིན་ཕྱག་རྒྱ་རྣམ་བཞིས་གང་འདུལ་གཟུགས་སྐུའི་རོལ་མོ་རྣམ་པ་ཐམས་ཅད་པར་སྤྱན་དྲངས་ནས་དམ་ཚིག་གི་རྟེན་དང་གཉིས་སུ་དབྱེ་བ་མེད་པར་བྱས་པའི་རབ་ཏུ་གནས་པའི་མེ་ཏོག་འཐོར་ཏེ་བཀྲ་ཤིས་པའི་རྟགས་མཚན་ཕྱོགས་བཅུ་དང་རིན་ཆེན་གསུམ་གྱི་གྲངས་ཀྱིས་མདུན་བདར་བའི་ཐོག་དྲངས་ངོ་མཚར་དགེ་མཚན་གྱི་སྣང་བ་བོད་ལྗོངས་ལྷ་མི་ཀུན་གྱི་མིག་གི་བདུད་རྩིར་མངོན་པར་མཛད། དེར་མངའ་བདག་རྒྱལ་པོས་བོད་ཡུལ་མུན་པའི་འཇིག་རྟེན་དུ་ལུང་རྟོགས་ཆོས་ཀྱི་སྣང་བ་གསར་དུ་འཆར་བའི་རྒྱལ་བསྟན་དངོས་གཞི་འཛུག་པར་དགོངས་ཏེ་རྣམ་པར་སྣང་མཛད་མི་ཡི་ཤ་ཚུགས་སུ་བྱོན་པ་བཻ་རོས་གཙོ་བྱས་པའི་བོད་ཕྲུག་ཤེས་རབ་ཀྱི་རྩལ་ཁ་རྒྱས་པ་མང་དུ་བསགས་ནས་སྒྲ་བསྒྱུར་བསླབ། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འཛུག་དགོས་པ་ལ་རག་ལས་པར་དགོངས་ཤིང་ཡོད་སྨྲའི་དགེ་སློང་བཅུ་གཉིས་སོགས་གདན་དྲངས། དེ་ཡང་སློབ་དཔོན་ཆེན་པོ་ནི་རྣམ་དག་ཕུང་པོ་ལྔ་ཡི་ཚུལ་ཁྲིམས་ཀྱི་དྲི་བསྲུང་ཐུལ་བ་རྫོགས་པའི་སངས་རྒྱས་དང་ཞལ་མི་གཉིས་པས་རབ་ཏུ་བྱུང་བའི་མཁན་པོར་རྔོ་མི་ཐོགས་པ་མ་ཡིན་ཀྱང་། ཕྱིས་འབྱུང་གདུལ་བྱ་སོ་སོ་སྐྱེ་བོ་རྣམས་ཀྱིས་འཕགས་པའི་གང་ཟག་ལ་ཁུངས་བཅོལ་ནས་གནང་བཀག་འབྱོལ་ཉོག་ཏུ་མི་སྤྱོད་པ་སོགས་བསྟན་པའི་མིག་ལྟོས་ལ་སྨན་པའི་སླད་དུ་བསླབ་གསུམ་ངུར་སྨྲིག་འཛིན་པའི་གཙུག་གི་རྒྱན་གཅིག་མཁན་ཆེན་ཞི་བ་འཚོ་ལ་མཁན་པོའི་བདག་རྐྱེན་མཛད་དུ་གསོལ་ནས་སད་མི་བདུན་རབ་ཏུ་བྱུང་། དེ་ལས་རིམ་པར་ཞང་བློན་དྲྭ་མ་ལ་སོགས་མང་པོ་རབ་ཏུ་བྱུང་སྟེ་རབ་བྱུང་བཙུན་པའི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་སྟེ་བླ་མཆོད་དགེ་འདུན་གྱི་སྡེ་གཉིས་བཙུགས། ཀུན་ཏུ་བཟང་པོའི་བཀའ་དངོས་ལས་ཕྱག་རྒྱ་རྒྱ་ཆེན་ཞེས་སུ་ལུང་གིས་བསྔགས་པའི་བི་མ་ལ་མི་ཏྲས་གཙོས་རྒྱ་གར་གྱི་པཎ་ཆེན་མང་པོ་སྤྱན་དྲངས། ཁྱད་པར་བཻ་རོ་ཙ་ནས་དཀའ་ཆེན་ལྔ་བཅུ་རྩ་བདུན་དང་དཀའ་ཕྲན་གྲངས་ཀྱིས་མི་ལངས་པས་ཤྲཱི་སིངྷ་ལ་སོགས་འཕགས་ཡུལ་གྱི་མཁས་གྲུབ་རྣམ་ཀྱི་ཞབས་ལ་བཏུད་དེ་རྫོགས་ཆེན་གཙོ་བོར་གྱུར་པའི་ཐུན་མོང་དང་ཐུན་མིན་གྱི་གདམས་པ་མཐའ་དག་གསན་ནས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་སྐྱེས་བཟང་པོ་མཆོག་ཏུ་གྱ་ནོམ་པ་དང་བཅས་བོད་ཡུལ་དུ་ཕྱིར་ཕེབས་ཤིང་། ཡོན་སྦྱོར་བ་སོ་སོ་སྐྱེ་བོ་ཕལ་པ་མ་ཡིན་པ་འཕགས་པ་འཇམ་དཔལ་དབྱངས་དངོས་ཆོས་སྐྱོང་བའི་རྒྱལ་པོའི་རྣམ་པར་རོལ་པ་ཁྲི་སྲོང་ལྡེའུ་བཙན་ཏེ་སྤྱན་འདྲེན་པྱྀ་པོ྾་ཡོན་བདག་གི་ཆེ་བ།ས་གནས་ཕལ་པ་གྲོང་དང་། གྲོང་ཁྱེར་དང་། སྲང་མདོ་ལ་སོགས་པ་ལྟ་བུར་མ་ཡིན་པ་ལྷ་ས་དང་ཁྲ་འབྲུག་བསམ་ཡས་ལ་སོགས་པ་འཕགས་པ་རྣམས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་བསྒྱུར་སུ་གནས་ཀྱི་ཆེ་བ། དེ་ཡང་། ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ། །ཞེས་ཆེན་པོ་རྣམས་ནས་བསྔགས་པའི་བསྟོད་དབྱངས་མགྲིན་གཅིག་ཏུ་སྒྲོགས་པའི་གནས་སུ་བྱེད་པ་ཐ་སྙད་སྐད་ཀྱི་ཚིག་སྐམ་ཙམ་ལ་བྱང་བ་ལྟ་བུ་མིན་པར་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་གིས་གཙོས་པའི་སྐད་རིགས་མི་གཅིག་པ་དུ་མའི་ཚིག་དོན་གཉིས་ཀའི་ཐད་ལ་མངོན་པར་བྱང་ཆུབ་པ་རྣམ་སྣང་སྤྲུལ་པ་བཻ་རོ་ཙ་ན་སྟེ། དེའི་བཀའ་དྲིན་ནམ་མཁའི་མཐས་ཀྱང་གཞལ་བར་དཀའ་བ་དྲིན་བཟོ་བའི་ཕྱིར་དུ་འདིར་རྣམ་ཐར་མདོར་བསྡུས་སུ་བཀོད་ན། གདུང་པ་གོར།འཁྲུངས་ཡུལ་ཕྱོགས་གཉིས་སྣང་སྟེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་། བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་བྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐད་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་གོར་རྡོ་རྗེ་རྒྱལ་པོ། པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ནས་ཡབ་ཡིན་པར་གསུངས། ཡུམ་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་བྲག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་མཛད། སད་མི་མི་བདུན་གྱི་ནང་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྴི་ཏ་སྟེ་རྣམ་པར་སྣང་མཛད་སྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ནས་སྔ་ཕྱིར་བྱོན་པའི་མཁས་པ་སུས་ཀྱང་འགྲན་བཟོད་པ་མེད། ཆོས་རྒྱལ་ཁྲི་སྲོང་གི་བཀས་བསྐུལ་ཏེ་གཙང་བན་ལེགས་གྲུབ་དང་ལྷན་གཅིག་རྒྱ་གར་དུ་བྱོན། པཎ་ཆེན་ཤྲཱི་སིང་ཧ་སོགས་ཉེར་ལྔ་མཇལ་ཞིང་གསང་སྔགས་ཀྱི་ཟབ་ཆོས་མང་དུ་གསན། ཁྱད་པར་ཤྲཱི་སིངྷ་ལས་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གཙོར་གྱུར་གདམས་པ་མཐའ་དག་ནོས་ཤིང་ཐུགས་ཉམས་སུ་བཞེས་པས་དགོངས་པ་དབྱེར་མེད་དུ་གྱུར།སླར་རྐང་མགྱོགས་ཀྱི་རྫུ་འཕྲུལ་མཐུས་བོད་དུ་བདེ་བར་བྱོན་ནས་མངའ་བདག་ཁྲི་སྲོང་རྗེས་སུ་བཟུང་བའི་སྐབས། བདུད་བློན་རྣམས་ཀྱིས་དབྱེན་བཅོས་པ་དང་སྔོན་གྱི་སྨོན་ལམ་ལ་བརྟེན་རྒྱལ་མོ་ཚ་རོང་དུ་གཤེགས་པའི་ཚུལ་བསྟན། ཕྱོགས་དེར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། ཁྱད་པར་ལེགས་གྲུབ་ཀྱི་སྐྱེ་བ་དེ་མ་ཐག་པ་གཡུ་སྒྲ་སྙིང་པོ་རྗེས་སུ་བཟུང་བས་ཐུགས་སྲས་ཀྱི་མཆོག་ཏུ་གྱུར། སླར་ཡུལ་དབུས་སུ་ཕེབས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། སློབ་དཔོན་རིན་པོ་ཆེ་ལས་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་དམོད་པ་དྲག་སྔགས་ལ་ཕོགས་པས་དྲེགས་པའི་བཀའ་བབས། བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་ཀྱི་བཀའི་བསྡུ་བ་ཆེན་པོ་མཛད། སློབ་དཔོན་ཉིད་དང་དགོངས་པ་མཉམ་པར་བསྔགས།སྟོབས་ལྡན་ནག་པོའི་ཞལ་གཟིགས། ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་སྔགས་ཀྱི་དམོད་པས་བསྟན་པའི་དགྲ་བོ་བསྒྲལ། དེ་ལྟ་བུའི་མཁྱེན་རབ་ནམ་མཁའི་མཐའ་དང་མཉམ་པའི་ལོ་ཙཱ་བ་ཆེན་པོ་འདི་ནི་སློབ་དཔོན་རིན་པོ་ཆེའི་ཐུགས་སྲས་རྗེ་འབངས་གྲོགས་གསུམ་ཞེས་རྗེ་མངའ་བདག་རྒྱལ་པོ། འབངས་བཻ་རོ་ཙ་ན། གྲོགས་ཡེ་ཤེས་མཚོ་རྒྱལ་ཞེས་གྲགས་ཤིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར་པ་ལ་བརྟེན་ནས་ཟབ་ཆོས་ཕལ་ཆེར་གྱི་བཀའ་བབས་པའི་རྒྱུས། སྐུའི་སྤྲུལ་པ་གཏེར་ཆེན་རྡོ་རྗེ་གླིང་པ།ཀུན་སྐྱོང་གླིང་པ། མཆོག་ལྡན་མདོ་སྔགས་གླིང་པ། ཕྲེང་པོ་ཤེས་རབ་འོད་ཟེར། གསུང་གི་སྤྲུལ་པ་རིག་འཛིན་གཏེར་བདག་གླིང་པ། ཐུགས་ཀྱི་སྤྲུལ་པ་རོང་སྟོན་བདེ་ཆེན་གླིང་པ་སོགས་གངས་ཅན་མཐའ་དབུས་ཀུན་ཏུ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་སྤྲུལ་པའི་གཏེར་སྟོན་མཐའ་ཡས་པར་སྤྲུལ་ནས་སྔ་འགྱུར་བའི་བསྟན་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པའོ། །སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ལས་ལོ་ཆེན་སྐ་བ་དཔལ་བརྩེགས་ནི། དབུ་རུ་འཕན་ཡུལ་སྐ་བ་ཞེས་པའི་སར་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས། སློབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ལུང་བསྟན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་སྟེ་སད་མི་མི་བདུན་གྱི་ནང་ཚན་ཡིན། སློབ་དཔོན་རིན་པོ་ཆེ་ལས་གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕྱོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་ཁམས་བོད་གཉིས་ཀར་དར་རྒྱས་ཆེ། གསུང་རབ་རིན་པོ་ཆེའི་གཏམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་མཛད། འདིའི་དབོན་བརྒྱུད་ལས་ཀྱང་བསྟན་པའི་གསལ་བྱེད་ཆེན་པོ་མང་དུ་བྱོན་པ་དང་། རྣམ་འཕྲུལ་གཏེར་སྟོན་གྲྭ་པ་མངོན་ཤེས་སོགས་བྱོན་པར་སྣང་ངོ་། །དེ་ལྟར་བཻ་རོ་ཙ་ན་དང་། སྐ་ཅོག་ཞང་གསུམ། གཉགས་ཆེན་ཡེ་ཤེས་གཞོན་ནུ་ལ་སོགས་པ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་ཤ་སྟག་སྟེ་སྒྱུར༵་བྱེ༵ད་ལོ༵་ཙ༵་བ༵འི་ཆེ༵་བ༵། ཆོས་གསུངས་མཁན་གང་ཟག་ཕལ་པ་མིན་པར་མཁན་ཆེན་བོ་དྷི་སཏྭ་དང་། བི་མ་ལ་མི་ཏྲ། རིག་འཛིན་ཆེན་པོ་པདྨ་སཾ་བྷ་ཝ། སློབ་དཔོན་སངས་རྒྱས་གསང་བ་ལ་སོགས་སངས་རྒྱས་དངོས་དང་དངོས་ཀྱི་སྤྲུལ་པ་སྟེ་བསྒྱུར༵་མཁ༵ན་པ༵ཎྜི་ཏ༵འི་ཆེ༵་བ༵། འབུལ་དངོས་གསེར་ཞོ་རེ་ཤས་ཙམ་མིན་པར་གསེར་ཊཾ་དང་གསེར་ཕྱེ་ཤ་བའི་གླིད་བུ་རིམ་པ་མང་པོར་བཀང་སྟེ་ཕུལ་བའི་མཎྜལ་ཏེ་ཞུ༵་རྟེན༵་མེ༵་ཏོག༵་གི༵་ཆེ༵་བ༵། ཐེག་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོ། ཁྱད་པར་རྒྱུད་སྡེ་བཞི་དྲུག་གིས་གཙོས་པའི་རྒྱལ་བའི་བཀའ་དང་དེ་ཡི་དགོངས་འགྲེལ་བསྟན་བཅོས་དང་བཅས་པ་ཚང་ལ་མ་ནོར་བ་བསྒྱུར་བ་སྒྱུར༵་བྱ༵་ཆོ༵ས་ཀྱི༵་ཆེ༵་བ༵་སྟེ། ཆེ་བ་རྣམ་པ་དྲུག་གི་དངོས་པོ་ཕུན་སུམ་ཚོགས་པའི་སྒོ་ནས་གཏན་ལ་ཕབ་ཅིང་བསྒྱུར་བ་སྟེ་དེ་ལྟ་བུའི་ལོ་པཎ་ཡོན་མཆོད་རྣམས་ཀྱི་ཐུགས་བསྐྱེད་གཞན་དྲིང་མི་འཇོག་པའི་བཀའ་དྲིན་ལ་བརྟེན་ནས་གངས་རིའི་ཁྲོད་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་བྱུང་ངོ་། །དེ་ཡང་གཉགས་ཛྙཱ་ན་ཀུ་མཱ་ར་ནི། ཡུལ་ཡར་ཀླུང་ཤེལ་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་སྟག་སྒྲ་ལྷ་སྣང་དང་། སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲམ་ལྟ་བུ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བོ་དྷི་སཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཆོས་མང་པོ་འགྱུར་བྱེད་སྤོབས་པ་བསམ་གྱིས་མི་ཁྱབ། སློབ་དཔོན་ཆེན་པོ་པདྨ་དང་། བི་མ་ལ་དང་། བཻ་རོ་དང་། གཡུ་སྒྲ་སྙིང་པོ་རྣམས་ལ་བསྟེན་པའི་བཀའི་ཆུ་བོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ། །དེ་ལ་སློབ་དཔོན་ཆེན་པོས་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དུ་སྨིན་པར་མཛད་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་རྡོ་བ་སྐམ་པོའི་ཁོང་ནས་གྲུབ་ཆུ་བཏོན། འདི་ལས་བརྒྱུད་པའི་སྒྱུ་འཕྲུལ་ཀྱང་ཡོད་དགོས་ཤིང་། གཙོ་བོར་ཕུར་པ་ལས་མངོན་རྟགས་བརྙེས་པ་ཡིན། བཙད་པོ་ཁྲི་སྲོང་གཤེགས་པའི་ཕྱི་ཞིག་ན་བཙུན་མོ་ཚེ་སྤོང་བཟའ་བསམ་སྦྱོར་མི་སྲུན་པས་ལོ་པཎ་ཕལ་ཆེར་དབུ་འཕང་སྨད། གཉགས་ཛྙཱ་ན་ཀུ་མཱ་རས་ཡར་འབྲོག་ཏུ་བཞུགས་པ་ལ། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཟེར་གཡོ་ཅན་གྱི་ཁ་སྨྲས་བྱས། སྐུ་ལ་བདོ་བའི་ཐབས་སྣ་ཚོགས་བྱེད་པ་མཁྱེན་ནས་གཤེགས། ཀོང་པོ་མཆིམས་ཡུལ་གྱི་ཕུ་རུ་ཕེབས་ཙ་ན། ལུང་སྟོང་གཅིག་ན་ར་མ་བདུན་འགྲོ་ཞིང་འདུག གཡོག་པོ་གླལ་མིག་འོག་བཙན་བྱ་བར་འདི་དེད་ཅིག་གསུངས་པས། ཁོ་ན་རེ་ར་ལ་བདག་པོ་ཡོད་མཆི་འདི་ཅི་འཚལ་ཞུས་པས། ལུང་སྟོང་གི་ར་ལ་བདག་པོ་ག་ན་འོང་དེད་ཅིག་གསུངས། དེར་བདག་པོ་མཆིམས་བྱ་རོག་གིས་ཤེས་ཏེ་རྐུན་ཁག་ཕབ། ར་ལ་བདུན་འཇལ་དགོས་ཟེར། བདུན་འཇལ་སྤྲོད་ཙ་ན། ད་དུང་མ་ཚིམས་པར་དབེན་པ་བཤིགས། ལྕགས་ཀྱི་ཐོ་བ་བཟུང་ནས་དེད་དུ་བྱུང་། གཉགས་ཀྱིས་བྲོས་ནས་གཙུག་ལག་ཁང་གི་ནང་དུ་ཆུད། སྒོ་བཅད་པས་ཐེམ་པ་ལ་ཐོ་བས་བརྡེག་བཙུན་ཆུང་གི་མགོ་ལ་དེའུ་ཐེབས་ཟེར། དེར་ཡང་བཞུགས་སུ་མ་སྟེར་བས། དབུས་སུ་གཏད་དེ་བྱོན་ཙ་ན། འགྲོ་སྲས་ཆུང་བྱ་བ་ཤ་བ་གཅིག་དེད་ནས་བྱུང་བ་འཕྲད། ཁོའི་རྟ་འདྲོགས། ཤ་བ་ཤོར་བས། ཁོ་ཡང་ཁྲོས་ཏེ་གསོད་དུ་བྱུང་བ་ལ་འབྲོས་པའི་འདུན་པ་གཅིག་གཏད་པས་ཁོས་མ་མཐོང་ནས་ཐར། དུས་དེ་ཙམ་ན་ལྷ་སྲས་བཙན་པོ་ཡུམ་དམར་རྒྱན་གྱི་དུག་གིས་བཀྲོངས་པའི་འདད་ཀྱི་ཚོགས་དབུར་སློབ་དཔོན་བི་མ་ལ་རྒྱ་ནག་ནས་རྫུ་འཕྲུལ་གྱིས་གཤེགས་པ་དང་མཇལ། གསེར་ཕྱེ་ལོང་མོ་གང་ཕུལ་བས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགེ་ལ་སྟོན་གྱིས་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བས་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འགྲོ་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། ལོ་ཙཱ་བར་བརྙས་ན་བསྟན་པ་ལ་ཤིན་ཏུ་གནོད་པར་དགོངས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་། གཤམ་སྔོན་གཉིས་ཐུགས་ནས་ཕྱུང་སྟེ་བཤད། ལྷོ་བྲག་མཁར་ཆུ་སྣའི་བྲག་ཕུག་ཏུ་ལོ་པཎ་ལྷན་ཅིག་པས་སེང་ཕུར་ཉི་ཤུ་རྩ་གཅིག་ལ་བརྟེན་ནས་བསྒྲུབས་པས་ཕུར་བུ་ཕན་ཚུན་འཁྲོལ་བ་ཙམ་དུ་གྲུབ། དེར་གཉགས་ཀྱིས་ཏིང་ངེ་འཛིན་གྱི་ངང་ནས་ཕུར་བུ་གདེངས་ཏེ་བྱ་རོག་ལའོ་བྱས་པས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་ཚོགས་བྱུང་། སླར་མཆིམས་བྱ་རོག་ལའོ་ཞེས་བསྒྲིལ་བས། མཆིམས་ནས་བྱ་རོག་ཟུང་ཞིག་བྱུང་། གཉགས་ཁྲོས་ནས་བྱ་རོག་གཅིག་ལ་གདེངས་པས་མོད་ལ་ཤིའོ། །དེར་བི་མ་ལས་མངོན་སྤྱོད་ཀྱི་མཐུས་བསད་པ་གྲུབ་ཀྱི། ད་ཆོས་ཉིད་ཀྱི་མཐུས་གསོ་བ་ཨེ་འགྲུབ་གསོས་ཤིག་གསུངས་པས། སློབ་དཔོན་ཛ་ལན་དྷ་རི་པ་དང་། སློབ་མ་ནག་པོ་སྤྱོད་པ་བཞིན་གཉགས་ཀྱིས་སློང་མ་ནུས། བི་མ་ལས་བྱེ་མ་གཅིག་བཏབ་པའི་མོད་ལ་བྱ་རོག་སོས་ཏེ་དེངས་པར་གྱུར་ཏོ། །རྟོགས་པས་བདག་མ་བསྒྲལ་བར་དྲག་ཤུལ་གྱི་ལས་བརྩམས་པ་གྲུབ་ཀྱང་ཉེས་པ་ཆེའོ་གསུངས་ནས་གནས་ལུང་གི་ཆོ་ག་མཛད། དེར་མཆིམས་ལྷ་གཡག་དཀར་དུ་བརྫུས་ནས་བྱུང་བ་སྔུན་ལ་བསྒྲལ། དེ་ནས་མཆིམས་བྱ་རོག་བླ་སྤྱང་རབ་འབྲིང་ཐ་གསུམ། བྲན་དང་ཁོལ་པོ། འོག་རྟ་སྒོ་ཁྱི། གནག་གི་གཉེན་མཚམས་དང་བཅས་པ་ཕུར་པ་གདེངས་མཆོག་གི་མཐུས་བསྒྲལ་ནས་རབས་བཅད། དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་འདི་ལྟར་དྲག་པོ་མཐུའི་ལས་ནི་རྣམ་པ་ཞེ་སྡང་རྡོ་རྗེའི་རྟེན་འབྲེལ་ལ་ལྷག་པར་ལྟོས་པ་ཞིག་ལ། སློབ་དཔོན་བི་མ་ལའི་ཐུགས་རྗེས་གཉགས་ལ་སྙིང་རྗེ་ཆེན་པོའང་སྐྱེས། དགོངས་པ་ཆོས་ཉིད་དུ་གྱུར་པས་ཡེ་མ་ཐེབས། དེར་སློབ་དཔོན་བི་མ་ལས་འདིར་གྲོགས་མངོན་སྤྱོད་ཀྱི་མཚན་དང་ལྡན་པ་ཞིག་རྙེད་ན་ཐེབས་གསུངས་པས་འཚོལ་དུ་བྱོན། དུས་དེ་ཙམ་ན་མགར་བྱེད་པ་ལ་སོག་པོར་འབོད་པས། སོག་པོ་བེག་ཙེ་ཞེས་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་གཅིག་རྙེད། དེའི་གཟུགས་མགོ་བོ་རྒྱ་མདུད་དུ་འདྲིལ་ཞིང་། རོ་སྨད་ཟུར་གསུམ་པའི་རྣམ་པར་ཤར་བ་ལ་སོགས་པའི་མཚན་རྟགས་ཐམས་ཅད་ཚང་བར་གཟིགས། གཉགས་ཀྱིས་ཁོའི་ཕྱི་ན་མར་བྱོན། ཁོ་མགར་བྱེད་པའི་སྦུད་པ་འབུད་གྲོགས་མཛད་ཀྱིན་རྒྱུ་མཚན་ཉིད་ཀྱི་ཆོས་བཤད་པས་ཁོའི་རྣ་ལམ་དུ་མ་བྱུང་། ཀྲི་ཡོག་སྡེ་གསུམ་བཤད་པས་རེས་འགའ་ཙམ་ཉན་ཅིང་གཞན་ཐོ་བ་ཆེམས་ཆེམས་བརྡུང་སྐད། ནང་རྒྱུད་སྡེ་གསུམ་བཤད་ཀྱིན་ལྕགས་ཀྱི་ལྕུག་མ་སྙོད་པ་རྣམས་ཁྱུར་མིད་བྱས་པས། ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་དེ་ཉམས་སུ་བླངས་པ་ལས་བྱུང་སྨྲས་པས། ཁོ་ཤིན་ཏུ་དད་དེ་ལག་ཆ་ཐམས་ཅད་ཕུལ་ནས་སློབ་མར་བྱས། ལྷ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས། དེ་བཞིན་དུ་འོ་བྲན་དཔལ་གྱི་གཞོན་ནུ་ཡང་ཕུར་པ་སྒྲུབ་པའི་མཚན་ལྡན་དུ་ཤེས་ནས་དཔོན་སློབ་གསུམ་ཀས་བསྒྲུབས་པས། དེ་དགེ་སྟོན་གྱིས་ཚོར་ཏེ་གསོད་དུ་འགྲོ་བའི་སྟ་གོན་བརྩམས་པ་ན། གཞན་དག་གིས་བནྡྷེར་བརྙས་མི་རུང་ཟེར་ནས་བཤོལ་བཏབ་ཀྱང་མ་ཉན། ནང་པར་འགྲོ་རྒྱུའི་ནུབ་བུད་མེད་མང་པོས་མཐའ་བསྐོར་ནས་མགོ་བཅད་པ་རྨིས། དེ་ཆུང་མ་ལ་བཤད་པས་ནན་གྱིས་བཤོལ་བཏབ་ཀྱང་མ་ཉན་པར་རྟ་ལ་ཞོན་ནས་སོང་བ་ན། བྱ་ཆེན་པོ་ཞིག་འཕུར་བྱུང་ནས་རྟ་འདྲོགས། ཤ་ཁམ་ཁྲག་ཐིག་ཏུ་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་བར་གྲགས། དེར་སོག་པོ་དཔལ་ཡེས་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་བས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གསུངས། མདོར་ན་སྐྱོབ་པའི་ལྷ་བྱ་ཁྲར་སྤྲུལ་པ་དང་། བླ་སྤྱང་བྲན་ཁོལ་འོག་རྟ་སྒོ་ཁྱི་གཉེན་མཚམས་ཚུན་ཆད་བསྒྲལ་ཞིང་རབས་བཅད། དེ་བཞིན་དུ་འགྲོ་སྲས་ཆུང་ནེ་ཐང་ལ་རྟ་ཁྱུ་འཚོ་བའི་རྣམ་པར་ཤེས་པའང་བཀུག་སྟེ་གདབ་ལས་ཀྱིས་ཚར་བཅད། འགྲོ་ལྷ་སྤྱང་ཀི་སྔོན་པོར་བྱས་པ་དང་། བླ་སྤྱང་བྲན་ཁོལ་ཐམས་ཅད་སྔར་བཞིན་ཁ་དག་པར་བྱས། དེའང་གཉགས་ལོ་ཙཱ་བ་ཆེན་པོ་འདི་སངས་རྒྱས་དངོས་དང་མཚུངས་པའི་པཎ་གྲུབ་རྣམས་ལ་བསྟེན་པས། སྒྲ་ཚད་མཚན་ཉིད། སྔགས་ཕྱི་ནང་ཀུན་ལ་མཁྱེན་པ་ཤིན་ཏུ་ཆེ། ལོ་ཙཱ་བ་ཆེན་པོར་གྱུར་ནས་དམ་པའི་ཆོས་མང་པོ་བསྒྱུར། མདོ་སྒྱུ་སེམས་གསུམ་ཀའི་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ཉན་བཤད་ཀྱི་སྒོ་ནས་སློབ་མ་ཁྱད་པར་ཅན་མང་དུ་བསྐྲུན་པས་བཀའ་དྲིན་བསམ་གྱིས་མི་ཁྱབ། མཐར་སྙན་བརྒྱུད་རྡོ་རྗེ་ཟམ་པ་དང་། མན་ངག་སྡེ་ལས་དངོས་གྲུབ་ཆེན་པོ་བརྙེས་ཏེ་སྟོང་གསལ་འོད་གསལ་འོད་ཀྱི་ཕུང་པོར་གཤེགས་སོ། །དེ་ལ་སློབ་མའི་གཙོ་བོ་ནི་ཕུར་པ་མཁན་པོ་དག་དཔལ་བརྒྱད་དུ་འདྲེན་པར་བྱེད་དེ། སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གཉན་ཆེན་དཔལ་དབྱངས། ཐག་བཟང་དཔལ་གྱི་རྡོ་རྗེ་སྟེ་དཔལ་སྔ་མ་བཞི་དང་། ལམ་མཆོག་དཔལ་གྱི་རྡོ་རྗེ། དར་རྗེ་དཔལ་གྱི་གྲགས་པ། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ་སྟེ་དཔལ་ཕྱི་མ་བཞི་བཅས་དཔལ་གྱི་བུ་བརྒྱད་དང་། ཨུ་པ་དོ་གསལ། དགྱེ་འཕགས་ཤེས་རབ། བྷུ་སུ་ཀུ་མཆོག་རྣམས་ཏེ། དབོན་བརྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་ངོ་། །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་བར་དུ་གནུབས་ལ་བབས་ཞེས་བྱུང་བའི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། ཡབ་གནུབས་རིགས་གསལ་བ་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་མཚོའི་སྲས་སུ། ཆུ་ཕོ་བྱི་བའི་ལོ་དཔྱིད་ཟླ་ར་བ་ལ། དབུས་རིའི་བརྒྱུད་སྒྲགས་ཀྱི་ཕུར་འཁྲུངས། ཕ་མེས་ཀྱི་དུར་ས་སྒྲགས་རི་བོ་ཆེར་ཙནྡན་གྱི་སྡོང་པོ་སྐྱེས་པ་ལ་རྒྱ་ནག་ཧ་ཤང་གིས་བརྟགས་ཏེ་སྤྲུལ་པའི་སྐུ་འཁྲུངས་པའི་ལྟས་ཡིན་པས་གསོ་བའི་ཆོ་ག་འདི་ལྟར་བགྱི་ཞེས་སྔོན་ནས་ལུང་བསྟན་པ་བཞིན་བསྒྲུབས། མཚན་སྐྱ་མིང་རྡོ་རྗེ་ཁྲི་གཙུག ཆོས་མིང་སངས་རྒྱས་ཡེ་ཤེས། གསང་མཚན་རྡོ་རྗེ་ཡང་དབང་གཏེར་ཞེས་གྲགས། དགུང་ལོ་བདུན་ནས་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་བྱང་བར་མཛད། སློབ་དཔོན་ཆེན་པོ་པདྨ་ལ་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་ཕོག་ཅིང་བསྒྲུབས་པས་གྲུབ་རྟགས་མངོན་དུ་ཕྱུང་། ཕྱིས་རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་ཕུག་ཏུའང་རྒྱུད་དང་མན་ངག་མང་དུ་གསན། གཞན་ཡང་ཤྲཱི་སིངྷ་། བི་མ་ལ། ཀ་མ་ཤཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཤཱནྟི་གརྦྷ། དྷ་ན་སཾསྐྲྀ་ཏ། སོ་ཀྱ་དེ་བ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། དྷརྨ་བོ་དྷི། དྷརྨ་རཱ་ཛ། གཙུག་ལག་དཔལ་དགེ །བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་རྒྱ་བལ་བུ་ཤའི་ལོ་པཎ་རྣམས་དང་། བོད་ཀྱི་མཁས་པ་གཉགས་ལོ་ཡེ་ཤེས་གཞོན་ནུ། དེའི་སློབ་མ་དཔལ་གྱི་བུ་བརྒྱད་ཐམས་ཅད་དང་། དེའི་ནང་ནས་ཀྱང་སོག་པོ་དཔལ་ཡེ་དང་། རྨ་གཉགས་ཐུན་མོང་གི་ཡང་སློབ་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་གཙོ་བོར་བསྟེན་ནས་མདོ་སྔགས་ཕྱི་ནང་གི་རྒྱུད་སྡེ་མན་ངག་དང་བཅས་པ་མཐའ་དག་ལ་སྦྱངས་ཏེ་མཁས་པར་མཛད། རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་རྒྱུད་དང་མན་ངག་ཆོག་ཡིག་བསྟན་སྲུང་དང་བཅས་པ་མང་པོ་བསྒྱུར། ལཱ་རཱ་ཎ་སཱིར་ཨ་ཙརྱ་གསལ་བའི་རྒྱན་གྱི་ཞལ་མཐོང་། ཆོས་མང་དུ་ཞུས། ཁྱད་པར་དུ་མདོ་ཡོངས་སུ་རྫོགས་པའི་དབང་དང་དགོངས་འདུས་ཀྱི་གདམས་ངག་ཀྱང་གསན། དེ་ནས་གྲུབ་པ་བརྙེས་ཚུལ་ཀྱང་། ཞུག་གི་རྡོ་རྗེ་སྒོམ་བུར་ཟླ་བ་དགུ་ན་ཐུགས་རྒྱུད་གྲོལ་ཏེ་གནས་ལུགས་གཏན་ལ་ཕེབས། རྡོ་རྗེ་གདན་དང་གཡུང་དྲུང་རིན་ཆེན་གཏེར་གནས་སུ་གསང་བདག་གིས་ཞལ་མངོན་སུམ་དུ་བསྟན་ནས་ཕྱག་མཚན་གྱི་རྡོ་རྗེ་ཕྱག་ཏུ་བབ་ཅིང་མིང་གི་དབང་བསྐུར། འོལ་མོ་ཚལ་དུ་དྲི་ཟའི་ཕྲུག་གུས་སངས་རྒྱས་ཀྱི་མཚན་གསོལ། གང་བཟང་དུ་གནོད་སྦྱིན་དང་གླིང་དགུའི་མཚོ་འགྲམ་དུ་ཀླུ་ཕྲུག་སྤུན་གསུམ་གྱིས་མཆོད། དུར་ཁྲོད་ལྷས་སུ་ཡི་དྭགས་ཕྲུག་གུས་ཞབས་ལ་གཏུགས། འོད་མའི་ཚལ་དུ་ཡ་མཱནྟ་ཀས་ཞལ་བསྟན་ནས་དབང་དང་དངོས་གྲུབ་སྩལ་ཞིང་། ལྷ་སྲིན་དབང་དུ་འདུས་ནས་གསང་སྔགས་ཀྱི་བདག་པོར་དབང་བསྐུར། མ་གཤིན་མཁའ་འགྲོའི་དབང་ཕྱུག་རྣམས་བསྲུང་མར་གཏད། འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་རྒྱ་གར་དུ་དུར་ཁྲོད་གསང་ལུང་ནག་པོར་ཨེ་ཀ་ཛ་ཊཱིས་དངོས་གྲུབ་ཀྱི་རྫས་བྱིན་པས་དབྱིངས་ལ་ཡེ་ཤེས་ཤར་ཏེ་ས་ཆེན་པོའི་རྟོགས་པ་མངོན་དུ་གྱུར། པདྨ་གར་དབང་དང་། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཞལ་གཟིགས་ཤིང་དབང་དང་དངོས་གྲུབ་ཐོབ། གཞན་ཡང་ཐོགས་པ་མེད་པའི་མངོན་ཤེས་དང་ལྷའི་སྤྱན་སོགས་མངའ། ཆུ་ལ་མི་བྱིང་ཞིང་རི་བྲག་ལ་ཐལ་ལེར་གཤེགས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། བོད་ཡུལ་དབུས་ཀྱི་གནས་སྒྲགས་ཀྱི་ཡང་རྫོང་དུ་སྒྲུབ་གནས་ཀྱི་མཐིལ་མཛད་ཅིང་། སྤྱིར་དུས་འདི་ཙམ་པ་ན་རྒྱལ་ཁྲིམས་ཞིག་ཅིང་ཕྱོགས་རིས་ཀྱི་འཁྲུགས་པ་དར་བའི་སྐབས་སུ་གྱུར་པས། གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་བྱུང་། ཡུལ་པའི་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ནས་རིགས་ཀྱི་སྲས་གཉིས་བཀྲོངས་པས། ཇི་སྐད་དུ། ཉོན་མོངས་བོད་ཡུལ་དབུས་སུ་ལངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། །ཅེས་དང་། བདག་འདྲ་གནུབས་ཀྱི་བན་ཆུང་ཡང་། །སྙིང་ནས་ཆོས་ཞིག་བྱ་སེམས་སྐྱེས། །ཞེ་སྡང་དགྲ་བོས་བྱེད་མ་སྟེར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞེ་སྡང་དེ་མ་ཐག་ཏུ་བསྐྱེད། །དཀར་པོའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་པ་ལྟར་རྒྱ་བལ་གྱི་ཡུལ་ནས་གཤེད་སྐོར་རྒྱ་མཚོའི་དྲག་སྔགས་རྣམས་སྤྱན་དྲངས། དགུང་ལོ་དྲུག་ཅུ་རེ་གཅིག་པར་སྒྲགས་སུ་ཁེངས་ལོག་བྱུང་བས་གཤིན་རྗེ་གཤེད་ཀྱི་དྲག་སྔགས་རྣོན་པོས་གྲོང་ཁྱེར་མང་པོ་བརླག་པར་མཛད། སླར་གནུབས་ཡུལ་རོང་དུ་བྲོས། དེར་ཡང་བཞུགས་སུ་མ་སྟེར་བས་སྙེ་མོ་བྱེ་མཁར་བཟུང་། གནས་དེར་ཡང་དམག་གི་ཆོམ་པོས་བསྐོར་ཞིང་སྐུ་སྲོག་ལ་བསྔོ་བར་ཉེ་བ་ན། མཁར་གྱི་རྩེ་ནས་ལྷ་འདྲེ་གཉན་པོ་དཔང་དུ་གསོལ། ཚིགས་སུ་བཅད་པའི་བདེན་པ་བརྡར། ཆོས་གོས་བརྡབས་པས། དམ་ཅན་ཆོས་སྐྱོང་རྣམས་མངོན་སུམ་པར་བྱུང་སྟེ། བདག་ཅག་གི་མཐུ་རྩལ་གྱིས་རི་རབ་ཐལ་བར་བརླག །ཉི་ཟླ་ཆ་ལང་རྡེབ། གནམ་ས་བླ་འོག་བསྒྱུར་ནུས་ཀྱང་། ཚེ་རབས་སྔ་མའི་ལན་ཆགས་བརྡོལ་བས་སྔོན་ཆད་གྲོགས་བྱེད་དུ་མ་སྟེར། ད་ནི་བཀའ་བཞིན་འཚལ་ལོ་ཟེར་བས། ཆོས་གོས་ཀྱི་ཆ་ག་ནས་སེང་ལྡེང་གི་ཕུར་པ་བཏོན། དམ་ཅན་རྣམས་ཀྱི་སྲོག་སྙིང་དྲངས། དམག་མི་ཡོད་པའི་རི་ལོགས་ལ་འདྲིལ་ཞིང་བསྡིགས་པས། རི་ལ་མེ་དཔུང་ཆེན་པོ་བྱུང་སྟེ་དམག་རྣམས་ཐམས་ཅད་བསྲེགས་ཤིང་བརླག་པར་བྱས། སྐུ་དགྲ་ཐུལ་རྗེས་ལོ་གསུམ་གྱི་བར་ལ་དབུལ་ཞིང་ཕོངས། མངའ་བདག་རལ་པ་ཅན་གྱི་བར་ཡན་ཆད་དུ་རྒྱ་གར་དང་བོད་ཀྱི་བར་དུ་འབྱོན་བཞུད་ཀྱི་ངང་དུ་ཡོད་པ་ལས། རྒྱལ་པོ་གླང་དར་མས་བསྟན་པ་བཤིགས་པའི་དུས་རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས། ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་འཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བདོའོ་ཆོས་མཛོད་ཅིག་ཟེར། ད་རུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་པར་སོང་། དེར་རྒྱལ་པོ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་དང་བཅས་པ་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་ལ་གནོད་པ་མ་བྱུང་བ་འདིའི་དྲིན་ཡིན། དར་མས་བསྟན་པ་བསྣུབས་པ་ཐུགས་ཀྱིས་མ་བཟོད་དེ་སླར་ཡང་དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་ཚགས་སུ་བཙུད་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་པ་ལ། སྡིག་སྤྱོད་རྒྱལ་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བསྒྲལ་ཟིན་པས་དྲག་སྔགས་འཆོལ་གྱི་དོགས་ནས་གཏེར་དུ་སྦས། མདོའི་འགྲེལ་ཆེན་མུན་པའི་གོ་ཆ་དང་། དཀའ་གཅོད་སྨྲ་བའི་མཚོན་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པའི་མངོན་རྟོགས་འགྲེལ། རྫོགས་ཆེན་གྱི་མན་ངག་བསམ་གཏན་མིག་སྒྲོན་སོགས་བསྟན་བཅོས་རྩོམ་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ཀྱིས་བསྐྱེད་རྫོགས་གསུམ་གྱི་བསྟན་པས་ས་སྟེང་ཁྱབ་པར་མཛད། འདི་ལ་སློབ་མ་མང་ཡང་ཁྱད་པར་དུ་འཕགས་པའི་སློབ་མ་ཐུགས་ཟིན་གྱི་སྲས་བཞི། སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་སྟེ། སློབ་དཔོན་ཉིད་ཀྱི་མགུར་ལས། གནུབས་བན་ཡང་དབང་གཏེར། །ཤེས་རབ་ནགས་ཚལ་ལ། །ཡོན་ཏན་ལྗོན་ཤིང་འཁྲུངས། །སྣད་ཀྱི་མཆོག་ལྔར་བླུག །གཅིག་གིས་རྩ་བ་ཁྱེར། །བློན་ཆེན་འཕགས་པ་ཡིན། །གཅིག་གིས་ལོ་མ་ཁྱེར། །ལེགས་པའི་སྒྲོན་མེ་ཡིན། །གཅིག་གིས་མེ་ཏོག་ཁྱེར། །དན་གྱི་ཡོན་ཏན་མཆོག །གཅིག་གིས་འབྲས་བུ་ཁྱེར། །ཡེ་ཤེས་དབང་ཕྱུག་ཡིན། །གཅིག་གིས་ཐམས་ཅད་ཁྱེར། །ཡོན་ཏན་རྒྱ་མཚོ་ཡིན། །ཞེས་གསུངས་པ་ལྟར། སྲས་བཞི་ནི། རྩ་བ་རྒྱུད་ལ་མཁས་པ་སྤ་གོར་བློན་ཆེན་འཕགས་པ། ལོ་མ་བདུད་རྩི་ལ་མཁས་པ་སྲུའི་སྟོན་པ་ལེགས་པའི་སྒྲོན་མེ། མེ་ཏོག་བརྒལ་ལན་ལ་མཁས་པ་དན་ཡོན་ཏན་མཆོག འབྲས་བུ་ལྟ་དགོངས་ཀྱི་གནད་ལ་མཁས་པ་སོ་ཡེ་ཤེས་དབང་ཕྱུག་གོ། །སྲས་ཀྱི་དམ་པ་གཅིག་ནི། དེ་བཞི་ཀ་ལ་མཁས་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོའོ། །ཡང་མདོ་དབང་རང་གི་ལོ་རྒྱུས་རྣམས་སུ། ཁུ་ལུང་པ་ལ་དབང་རྒྱུད་གདམས་ངག་གི་བཀའ་བབས། སྲུ་ལ་དབང་བཞི་ཆུ་བོའི་བཀའ་བབས་ཞེས་ཀྱང་འབྱུང་ངོ་། །དེ་ལ་གནུབས་ཆེན་འདི་ཉིད་དེང་སང་ཡོངས་གྲགས་ཀྱི་དུས་འཁོར་བའི་བསྟན་རྩིས་དང་བསྟུན་ཏེ་ཞིབ་མོར་བརྩིས་ན་ཆིག་སྟོང་བདུན་བརྒྱ་བཅུ་གཉིས་ན་བྱོན་པ་ཡིན། དེའི་རྒྱུ་མཚན་སྟོན་པ་ལྕགས་འབྲུག་ལ་གཤེགས་པའི་དབང་དུ་བྱས་ཏེ། དེ་ནས་ཉེར་བརྒྱད་འདས་པའི་ས་སྤྲེལ་རྒྱལ་པོ་ཛཿའི་ཁང་སྟེང་དུ་གསང་སྔགས་བབས། དེ་ནས་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་བཞི་པ་ཆུ་བྱི་ལ་གནུབས་ཆེན་འཁྲུངས། ཆུ་བྱི་འདི་ཁྲི་སྲོང་ལྕགས་རྟ་ལ་འཁྲུངས་པའི་ཞེ་གསུམ་པ་དང་། མེ་ལུག་ལ་སད་མི་བདུན་རབ་ཏུ་བྱུང་བའི་དྲུག་པ་ཡིན། གནུབས་ཆེན་གྱི་དགུང་ལོ་ཉེར་བདུན་བཞེས་པའི་ས་སྟག་ལ་ཁྲི་སྲོང་སྐུ་གཤེགས། དེ་ནས་ལོ་བརྒྱད་ཅུ་གྱ་ལྔ་པ་ཆུ་སྟག་ལ་གནུབས་ཆེན་གཤེགས་པས་ན། དར་མས་བསྟན་པ་བསྣུབས་པའི་འོག་ཏུའང་ལོ་སུམ་ཅུ་སོ་བདུན་ཙམ་བཞུགས་པར་མངོན། ཁྱོན་མི་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་གི་བར་དུ་བཞུགས་ནས། མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ། །ཐ་མ་ཟུར་ལ་བབས་ཞེས་བྱུང་བའི། དེ་ལ་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་བསྟན་པ་ཕྱི་དར་ལ་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། ཟུར་ཆུང་པ་ཤེས་རབ་གྲགས་ཀྱིས་ཡལ་ག་བརྐྱངས། ཟུར་ཤཱཀྱ་སེང་གེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས་ལ། དེ་ལ་ལྷ་རྗེ་ཟུར་པོ་ཆེ་ནི་དཔལ་ཆེན་པོ་འཇིག་རྟེན་དུ་མངོན་སུམ་བྱོན་པ་ཞིག་སྟེ། ཡུལ་མདོ་ཁམས་ཀྱི་སའི་ཆ་ཡར་རྫོང་ངམ་གསར་མོ་ཞེས་བྱ་བར་ཡུམ་ཡོན་བདག་མོ་བདེ་བ་ལྕམ་ཞེས་བྱ་བའི་སྲས་སུ་འཁྲུངས། ལྷུམས་སུ་བཞུགས་པའི་ཚེ་ཡབ་ཀྱི་མནལ་ལམ་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་ཕྱག་ཏུ་བྱུང་བ་དང་། འཕགས་པ་སྤྱན་རས་གཟིགས་ཡུམ་ལ་ཐིམ་པ་སོགས་བྱུང་བས་སྤྲུལ་པའི་སྐུར་ཤེས་ནས་མཚན་ཤཱཀྱ་འབྱུང་གནས་སུ་བཏགས། ཡབ་ལས་བྲི་ཀློག་མཁྱེན་པར་མཛད། སྒྱུ་འཕྲུལ་གྱི་སྐོར་དང་མན་ངག་ཕྲན་ཚེགས་ཞུས།བླ་ཆེན་དགོངས་པ་རབ་གསལ་ལས་ཚིག་གསུམ་རིམ་ནོད་ཀྱི་ལོ་དུས་ལ་བསྙེན་པར་རྫོགས། འདི་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། མེས་པོ་རིན་ཆེན་རྒྱ་མཚོའི་དྲུང་ནས་མཚན་ཉིད་སྡེ་གསུམ། ཀྲི་ཡ། རྣམ་འཇོམས། རྣམ་སྣང་། སྒྱུ་དྲྭ། དཔལ་མཆོག་དང་པོ་རྣམས་དང་། གསང་སྔགས་ནང་གི་མན་ངག་ཐབས་ལམ་ལ་སོགས་པའང་མཁས་པར་མཁྱེན། དེ་ཡང་གསུང་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། གདམས་ངག་སྐྱོ་གྲོགས་སུ་ཁྲིད། དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ནས་འདམ་གྱི་ཕྱོགས་སུ་ཉེ་བར་སླེབ་ཅེས་གསུངས་པ་ལྟར། ཁམས་ནས་འདམ་དུ་སླེབ་པའི་ཚེ་ལམ་ཆ་མ་འཚལ་བ་ལ་སྤྲིན་གསེབ་ནས་ལྷའི་བུ་གཉིས་ཀྱིས་ལམ་བསྟན་ཏེ་དབུས་ཕྱོགས་སུ་བརྟོལ། ཡར་ཀླུང་ན་མོ་ལུང་དུ་ཀྲི་ཡ་ལ་སྒྲུབ་པ་མཛད་པའི་ཚེ་ཐེག་པ་ཆེན་པོ་གསང་བ་བླ་ན་མེད་པའི་རིགས་སད་དེ། སྤོང་ལེན་རྩོལ་བཅས་ཀྱི་ལམ་འདི་ནི་འཆིང་བའི་རྒྱུར་འདུག་ཚེགས་ཆུང་ལ་བྱ་སླ་བ་གསང་སྔགས་བླ་མེད་ཀྱི་ལམ་ཞིག་དང་མཇལ་བར་ཤོག་དགོངས་པའི་ནུབ་ནགས་ཚལ་ཅན་གྱི་རི་ལ་སྒོམ་ཟེར་བ་ཞིག་བྱུང་། དེར་གཙང་པོ་ལ་ལམ་རྒྱུས་བཅོལ་ནས་གཙང་ལ་གཏད་དེ་བྱོན། གསང་སྔགས་ཀྱི་ཆོས་ལ་མཁས་གྲུབ་བརྙེས་པ་སུ་ཡོད་དྲིས་པས་ནགས་ཚལ་གསུམ་སྒྲིལ་བྱ་བ་ན་ཡོད་ཟེར། དེར་སྔར་གྱི་རྨི་ལམ་དྲན་ནས་བྱོན། དགེ་གོང་གི་ལྕེ་ཤག་མཆོག་ལ་བདུད་རྩི་སྨན་སྒྲུབ་ལ་སོགས་པ་ཞུས། སྤྱིར་ཟུར་ཆེན་ལ་བླ་མ་མང་དུ་བཞུགས་ཏེ། ཁྱད་པར་དུ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལས་ཟུར་པའི་མེ་ཏོག་ཕོག་པའི་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་བརྙེས་པ་ཡིན། ཐོག་མར་ནམ་མཁའ་སྡེ་ལས་མདོ་པར་ཁབ། རྫོགས་ཆེན་མན་ངག་དང་བཅས་པ། ཡུལ་གསེར་གྱི་གཉན་ནག་དབང་དྲག་དང་། ལྕེ་ཤཱཀྱ་རྒྱལ་མཚན་ལས་གསང་དབང་དང་ཐབས་ལམ། ཉང་སྟོད་ཀྱི་ཁྲོ་ཆུང་ལས་ཀ་དག་དང་ལྷུན་གྲུབ། སྒྱུ་འཕྲུལ་ལམ་རིམ། མཆིམས་ཕུའི་རོག་ཤཱཀ་འབྱུང་དང་ལྡན་མ་ཤེར་ཚུལ་ལས་ཡང་དག ཞུ་སྟོན་བསོད་ནམས་ཤཱཀྱ་ལས་མདོ་ཡོངས་རྫོགས། སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས། བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལའང་མདོ་ལུང་། དབང་སྒྲུབ། རྒྱུད་འགྲེལ་ཕྲིན་ལས་དང་བཅས་པ་གསན་ཞིང་། བླ་མ་དེ་དག་ཀྱང་རྟ་ལ་སོགས་པའི་བདོག་དགུའི་འབུལ་བ་དང་། འཁོར་གསུམ་ཡོངས་དག་གི་མཆོད་པས་མཉེས་པར་བྱས་པ་འབའ་ཞིག་གོ། །ཚུལ་འདི་ལྟ་བུས་མཁས་པ་མང་པོའི་མན་ངག་བླངས། དགོངས་པ་ཉམས་འོག་ཏུ་ཆུད། སྡེ་སྣོད་དང་རྒྱུད་སྡེའི་གྲུབ་མཐའ་ཀུན་ལ་མཁས་ཤིང་ཆུབ་པར་བྱས་ནས། རྩ་རྒྱུད་དང་བཤད་རྒྱུད་སྡེབས། རྩ་བ་དང་འགྲེལ་པ་སྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྡེབས། སྒྲུབ་ཐབས་ཆོག་སྒྲིག་ལ་སོགས་པར་སྡེབས་ནས་ལག་ལེན་མཁས་པར་བྱས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབ་པ་ཁོ་ན་ལ་གཅིག་ཏུ་གཞོལ་བས་བསྐྱེད་རྫོགས་སྡེ་གསུམ་གྱི་གདིང་ཆེན་པོ་སྟོབས་སུ་གྱུར། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་གྲོལ་ནས་ཤེས་རབ་ཕྱོགས་མེད་དུ་རྒྱས། སློབ་མ་མང་དུ་འདུས་པ་ལ་མདོ་དང་སྒྱུ་འཕྲུལ་གྱི་འཆད་ཉན་ཀྱང་མཛད། རྒྱུན་དུ་གཡེང་བའི་ལས་ཐམས་ཅད་རྣམ་པར་སྤངས། ཆེ་ཐབས་དང་འདུ་འཛི་བཤིགས། བྱང་ཆུབ་ཕྱི་དུས་ལ་མི་རེ་བ་ད་ལྟ་ཉིད་ཁོ་ནར་མངོན་དུ་མཛད་པའི་བརྩོན་འགྲུས་དྲག་པོ་རྒྱུད་ལ་བརྟེན་ནས་བསྒྲུབས་པས། རེ་ཞིག་ན་གཏོར་ལེན་དུ་རྣལ་འབྱོར་པའི་རྣམ་པ་ཅན་ཞིག་བྱུང་། དེ་ལ་ཅུང་ཟད་བྱིན་པས་ཁོས་རིལ་པོ་ཐོབ། རྩིགས་པའི་དྲུང་ནས་ཕར་འགྲོ་བ་དང་། ཟུར་པོ་ཆེ་འདི་སྙན་པ་དང་ཡོན་ཏན་མངའ་བ་ཞིག་འདུག་སྟེ། རོཀ་ཤཱཀ་འབྱུང་གི་རྒྱུན་གཏོར་ཙམ་ཡང་མི་འདུག་ཟེར། དེ་ཉེ་གནས་ཀྱིས་ཐོས་ནས་བླ་མ་ལ་ཞུས་པས། བོས་ཤོག་གསུངས། འབོད་དུ་ཕྱིན་པས་ཕུག་པ་གཅིག་ན་ཀ་པཱ་ལ་ནས་ཟན་འབྲུལ་ཟ་ཞིང་སྣང་། འདོང་ངོ་བྱས་ཀྱང་ཡོང་མ་ཉན་པར་རོག་ཤཱཀ་འབྱུང་མཆིམས་ཕུ་ན་ཚེ་ལ་དབང་ཐོབ་ནས་ཡོད་པ་ཡིན། ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོང་གྱིས་ཤིག་ཟེར་ནས་རྐང་པ་ས་ལ་མ་རེག་པར་སོང་། དེར་བཟང་སྒོམ་ཤེས་རབ་རྒྱལ་པོ་དྲེའུའི་ཁལ་དང་བཅས་ཆོས་ལེན་དུ་བཏང་བས། བསམ་ཡས་སུ་སླེབས་ཏེ་དྲིས་ཙ་ན་སུ་ལའང་བཤད་རྒྱུ་མི་གདའ། སླར་རྒན་མོ་ཞིག་གིས་དེ་དང་པོ་ཙ་ན་མཆིམས་ཕུའི་རི་འདི་ལ་ཡོད་པ་ཡིན་ཟེར། རྫིའུ་གཅིག་གིས་རི་འདི་ལ་ཡོད་ཡོད་འདྲ། སྐབས་རེ་ཙ་ན་རྔ་དང་རུ་ལུའི་སྒྲ་ངས་ཀྱང་ཐོས་ཟེར། དེར་བཟང་སྒོམ་གྱིས་རྩྭ་ཕང་ཕུང་ཡོད་ས་ཞིག་ཏུ་ཁལ་ཕོག དད་གུས་ཀྱིས་གསོལ་བ་བཏབ། སྒྲ་ཆེན་པོ་དང་བཅས་བྲག་ཕུག་གི་སྒོ་དེ་མཐོང་། དེར་མོས་གུས་ཆེན་པོ་དང་བཅས་པར་ཐལ་གྱིས་སོང་བས། གསང་བའི་སྒྲོལ་གིང་བཅོ་བརྒྱད་ཀྱིས་འདུ་བར་འོང་བ་འདི་སྒྲོལ་ཞིག་ཟེར། དེར་བླ་མ་རོག་གིས་འདི་ལས་ཅན་ཡིན་པས་མི་རུང་གསུངས། ལོ་རྒྱུས་ཞུས་པས། ང་རོག་ཤཱཀ་འབྱུང་། སློབ་མ་ཟུར་ཤཱཀ་འབྱུང་། མཚམས་སྦྱོར་ཤེས་རབ་རྒྱལ་པོ། རྟེན་འབྲེལ་བཟང་གསུངས། དེར་བཟང་སྒོམ་ལ་སངས་རྒྱས་མཉམ་སྦྱོར། ཡང་དག་གི་བདག་གཞན་དཀྱིལ་འཁོར་བཅུ་གཉིས་ཡང་ཕུར་སྦྲགས་མ་ལ་སོགས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། དཔེ་དང་བཀའ་ལུང་རྗེས་སུ་གདམས་པ་ཐམས་ཅད་ཐོབ་སྟེ་བསམ་ཡས་བརྒལ་བར་སླེབ་པའི་དུས་སུ་ཁལ་གྱི་སྟེང་ན་ཁྱེའུ་དར་གྱི་བེར་ཐོད་ཅན་ཞིག་མཐོང་བས་སླར་ལོག་སྟེ་དྲིས་པས། ཚངས་པ་དུང་ཐོད་འགོ་བ་ཡིན་གསུངས་ནས་གསོལ་ཀའང་གནང་། སླར་གདམས་པ་བླ་མ་ཟུར་ཆེན་ལ་གསང་བའི་ངང་ནས་ཕུལ། དཔོན་སློབ་ཀུན་གྱིས་སྒོམ་སྒྲུབ་ལོ་དུ་མར་མཛད་ཅིང་འཆད་ཉན་བསྐྱངས་པས་འགྲོ་ཕན་ཆེ་བར་བྱུང་ནའང་། ཟུར་ཆེན་པོ་དབེན་པ་འབའ་ཞིག་ལ་ཐུགས་གཏོད་པས། འདི་ཡང་དགེ་སྦྱོར་གྱི་གཡེང་བར་འདུག་པས་བོ་དོང་མངའ་བདག་བྲག་ལ་འགྲོ་གསུངས་ཏེ་དེར་གཅིག་པུར་སྒོམ་སྒྲུབ་ལ་ཞུགས་ཙ་ན། བུ་སློབ་རྣམས་ཀྱང་རྗེས་སུ་འབྲངས་བྱུང་བས། ཁྱོད་རྣམས་ངའི་རྩ་བར་ཡོང་དོན་བྱང་ཆུབ་ཐོབ་པར་རེ་བ་ཡིན་ན་སྒོམ་སྒྲུབ་མིན་པ་གཞན་གང་གིས་ཀྱང་ཕན་མི་ཐོགས། འཇིག་རྟེན་གྱི་གཡེང་བ་རྒྱབ་ཏུ་ཞོག་ལ་སྒྲུབ་པ་ལ་འབུངས། ང་ཡང་སྒྲུབ་པ་ཁོ་ན་བྱེད་གསུངས་ཏེ། དཔོན་སློབ་ཀུན་སོ་སོར་སྒྲུབ་པ་མཛད། དེ་ནས་རེ་ཞིག་ན་མཁའ་འགྲོའི་ལུང་གིས་ས་སྨད་ལ་ཕེབས་ན་འགྲོ་དོན་ཆེ་བར་བསྐུལ་བས། རྟ་ནག་གི་ལུང་པར་བྱོན། འུག་པའི་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་གཅིག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པས་དཔལ་ཆེན་པོ་ཡང་དག་ཞལ་མངོན་སུམ་དུ་མཐོང་། དེ་ལྟར་བཞུགས་གནས་ཀྱི་མིང་ལས་བླ་མ་འུག་པ་ལུང་པ་ཞེས་ཀུན་ཏུ་གྲགས། དེ་ནས་རེ་ཞིག་གི་ཚེ་དབེན་སེར་མོའི་ལྷོ་རི་རྒྱལ་བ་རིགས་ལྔར་རྒྱུན་དུ་གཟིགས་པས་ལྷ་ཁང་བཞེངས་དགོས་གསུངས་ཏེ། ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ལ་ཟངས་ཀྱིས་བཀབ་ནས་དེའི་སྟེང་དུ་གཙུག་ལག་ཁང་དབུ་རྩེ་ཀྭ་བ་བཞི་པ། ཁྱམས་སྟེང་ཀྭ་བ་བརྒྱད་པ། ཁྱམས་སྨད་ཀྭ་བ་ཉི་ཤུ་ལ་སོགས་པ་ཕྱིའི་རྟེན་གཞལ་ཡས་ཁང་དང་། དབུ་རྩེ་ལ་རྣམ་སྣང་སྒྱུ་འཕྲུལ་གྱིས་གཙོས་པའི་ཞི་བའི་ལྷ་ཚོགས། ཁྱམས་སྟོད་ཀྭ་བ་བརྒྱད་ཀྱི་སར་སྒོ་སྲུང་ཁྲོ་བོ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས། གློ་བུར་ལྷོ་བྱང་གཉིས་ན་ཡུམ་ཆེན་མོ་དང་། མར་མེ་མཛད་ལ་མཆོད་ལྷ་བཞི་བཞིས་བསྐོར་བ། མགོན་ཁང་ན་ལེགས་ལྡན། དཔལ་ལྡན་ལྷ་མོ། ཚངས་པ་དང་། བརྒྱ་བྱིན་རྣམས་འབུར་སྐུ་བྱས། ཁྱམས་སྟོད་ཀྭ་བ་བརྒྱད་ཀྱིས་སར་བླ་མ་བརྒྱུད་པའི་གྱང་རིས། སྐོར་ཁང་ལ་པདྨ་བརྒྱ་ལྡན་ལ་སོགས་པའི་དཀྱིལ་འཁོར་ཉི་ཤུ་རྩ་གསུམ། ཁྱམས་སྨད་ཀྭ་བ་ཉི་ཤའི་སར་སངས་རྒྱས་སྟོང་རྩ། ཕྱོགས་བཅུའི་སངས་རྒྱས་ཚེ་དཔག་མེད་ཉེ་སྲས་ཀྱིས་བསྐོར་བ། སངས་རྒྱས་རབས་བདུན། མཛད་པ་བཅུ་གཉིས། བྱང་ཆུབ་སེམས་དཔའ་ཆོས་འཕགས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས། རིགས་གསུམ་མགོན་པོ། མ་ལ་ཡའི་ཞིང་བཀོད། སྲིད་པའི་ཙཀྲ་ལ་སོགས་ཀྱང་རིས་སུ་མཛད། གཞན་ཡང་རང་ཉིད་དཔལ་ཆེན་པོའི་སྐུ་ཡི་གཟི་བརྗིད་བལྟར་མི་བཟོད་པའི་རྣམ་པར་བཞེངས་པ་ལ་ལྷ་བཟོ་བ་རྣམས་ཀྱིས་དཔེ་བྱས་ཏེ་ཡང་དག་ཧེ་རུ་ཀའི་སྐུ་བཞེངས་པ་དང་། དུས་སྐབས་གཞན་དུ་སྒྲོ་ཕུག་པར་སྒྲོ་ཕུག་ཅེས་པའི་གནས་ཕུལ་ཏེ་དེར་དུས་གསུམ་སངས་རྒྱས་ཀྱི་གཙོ་བྱས་པའི་ལྷ་ཁང་ཆེ་ཆུང་བརྒྱད། ཁྱམས་སྟོད་ཀྭ་བ་ཉི་ཤུ། ཁྱམས་སྨད་ཀྭ་བ་དྲུག་ཅུའི་ས་ཁྱོན་ཅན། གནས་འདིར་ཆོས་སྒྲ་ཆེན་པོ་བཙུགས་པ་སོགས་སྐྱེ་རྒུ་སྤྱི་དང་བྱེ་བྲག་གི་ཚོགས་གཉིས་གསོག་པའི་ཞིང་ས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་ཤིང་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་བློ་ཡུལ་ལས་འདས་པ་བསྐྱངས་པའི་མཐར་དགུང་ལོ་དྲུག་ཅུ་རེ་གཅིག་པར་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གནས་པའི་སྐྱེས་བུ་ཆེན་པོ་སྤྲུལ་པའི་སྐུར་རྩོད་པ་མེད་པ་དེ་ནི་རགས་ལུས་དྭངས་མར་གནས་འགྱུར་བའི་དགོངས་པ་གཏད་དེ། བྲག་རྒྱ་བོ་ནས་ཟུར་ཆུང་པ་བོས་ཤིག་གསུངས། བྱོན་པ་དང་ངའི་གནས་ས་འདི་ཟུར་ཆུང་པ་ལ་གཏོད་པ་ཡིན། སློབ་མའི་ཚོགས་ལ་ཆོས་ཀྱིས་ཕན་འདོགས་དགོས་པས་བློ་དང་འཚམས་པར་སྦྱོར། ངས་སྐྱོང་བ་བཞིན་སྐྱོང་། སློབ་མ་རྣམས་ཀྱིས་ཀྱང་ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས་ང་བས་འདི་ལྷག ཅི་མཛད་ལེགས་པར་ལྟོས། གསུང་མ་བཅག སྐུའི་གྲིབ་མ་དང་ཞབས་རྗེས་ན་བཟའ་ཙམ་ལའང་མ་འགོང་། ངས་སྐྱོང་བ་བཞིན་སྐྱོང་བར་ཡོད་པས་མོས་གུས་ཕུན་སུམ་ཚོགས་པ་གྱིས་ཤིག་གསུངས། དེ་ནས་སྲམ་པ་སྒྲུབ་ཁང་དུ་གཤེགས། ལན་གཅིག་ཉེ་གནས་ལ་ད་ནང་ཚ་བ་སྔ་སེ་གྱིས་གསུངས། དེར་ཉི་མ་ཤར་བ་དང་སྐུ་མདུན་དུ་ཕྱིན་པས། བླ་མ་གཟིམས་མལ་ན་སྐུ་ཚགས་མཛད་ཅིང་འདུག ད་ལྟ་ནས་སྐུ་ཚགས་མཛད་པ་གར་གཤེགས་པ་ཡིན་ཞུས་པས། ང་ནི་བདེ་ཆེན་ཞིང་དུ་འགྲོ། །དཔལ་ཆེན་ང་དང་དབྱེར་མེད་པས། །ཡི་དམ་ལྷ་ལ་གསོལ་བ་ཐོབ། །ཅེས་གསུངས་ནས་རྡོ་རྗེ་དྲིལ་བུ་འཁྲོལ་ལེའི་ངང་ལ་སྐུ་འོད་ཀྱི་རང་བཞིན་དུ་གྱུར་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ། །དེ་ཡང་ལྷ་རྗེ་ཟུར་པོ་ཆེ་ལ་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ། སྒྱུ་འཕྲུལ་གྱི་བཤད་པའི་རྩེ་མོར་གྱུར་པ་མེ་ཉགས་ཁྱུང་གྲགས། མཁྱེན་རྒྱའི་རྩེ་མོར་གྱུར་པ་ཞང་འགོས་ཆུང་། སྒོམ་སྒྲུབ་ཀྱི་རྩེ་མོར་གྱུར་པ་བཟང་སྒོམ་ཤེས་རབ་རྒྱལ་པོ་སྟེ་རྩེ་མོ་བཞི་དང་། རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པས་གཙོས་པའི་དངོས་སློབ་དང་ཡང་སློབ་བསམ་གྱིས་མི་ཁྱབ་པ་བྱོན་ཅིང་། དེ་དག་ལས་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཐོབ་པའང་མང་དུ་བྱོན་པར་གྲགས་སོ། །རྩེ་མོ་བཞིའི་ནང་ནས་གླང་པོའི་ནང་ན་ཁྱུ་མཆོག་ལྟ་བུ་བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པ་ནི། སྔགས་འཆང་འུག་པ་ལུང་པའི་གདུང་གི་ཕྱི་མོ་ཡིན་ཏེ། དེ་ལ་ཡབ་ཐགས་པ་སྒོམ་ཆེན་རེས་འགའ་ལྡོམ་བུའི་ཚུལ་དུའང་ཡོད་པའི་སྲས་སུ་གཡས་རུ་གཙང་གི་སའི་ཆར་མ་ཇོ་ཤེས་རབ་སྐྱིད་ལ་ངོ་མཚར་བའི་ལྟས་ཁྱད་པར་བ་དང་བཅས་ཤིང་ས་ཕོ་སྟག་ལ་བལྟམས། ལོ་བདུན་བར་འབྲི་ཀློག་དང་།དགུ་ལ་ཞི་ཁྲོའི་ཕྲིན་ལས་གྱེར་ཤེས་པ་བྱུང་། བཅུ་གསུམ་ལོན་པའི་སྐབས་ཤིག་གཟིམ་མལ་དུ་ཕྱག་དཔེ་གཟིགས་ཤིང་ཡོད་ཙ་ན། ཇོ་མོ་ཞིག་ཡོད་པ་རྒྱུགས་བྱུང་སྟེ་ཞིང་ལ་ཤྭ་ལོག་འདུག་གོ། །ཁྱོད་ཉལ་བས་ཆོག་གམ་ཟེར་བ་ལ། སྨད་གོས་གསར་པ་ཞིག་ཡོད་པ་གྱོན། རུང་ཆུ་བརྒལ་ནས་ཁྱེམ་གྱིས་ཆུ་བཀག་གྱིན་ཡོད་ཙ་ན། མོ་ན་རེ་ངས་དཀའ་ལས་བྱས་པའི་གོས་བརྗེས་ཀྱང་མི་བྱེད་པར་ཆུད་འཛའ་བ་ཞེས་རྒོལ་དུ་བྱུང་། ཁོ་བོ་མི་འཕངས་པར་གོས་འཕངས་ན་དེ་ན་ཡོད་ཅེས་བསྐྱུར་བས། མོ་ཁྲོས་ཏེ་ང་ལ་བརྙས་པ་ཡིན་ཟེར་ནས་རང་ཡུལ་དུ་བྲོས། ཟུར་ཆུང་པ་འཁོར་བ་ལ་སྐྱོ་བ་སྐྱེས་དྲག་ནས་གདུང་ཁུངས་ནས་ཞུད་ལུད་པ་དེ་ཁྱེར་རྗེས་ལ་སྐད་བཏང་བས། མོ་ཡར་ཤོག་ཅེས་འབོད་དུ་རེ་ནས་ཚོམ་མེར་བསྡད་པ་ལ་ཞུད་པ་གཏད་དེ། ཕོ་ནོར་ཕོ་དང་མོ་ནོར་མོ་བྱ་བ་ཡིན་པས་ཞུད་ཁྱེར་ཅིག་སྨྲས་པས། མོ་ཡིད་ཆད་ནས་ཡུལ་དུ་སོང་། དེར་ཟུར་ཆུང་པས་ཕ་ལ་གྲོས་མ་དྲིས། མ་ལ་རྒྱགས་མ་བླངས། གྲོགས་ཀྱི་ངོ་ལ་མ་ལྟོས་པར་སྤྱང་ཀློག་ཞིག་ཡོད་པ་ཁྱེར་ནས་ཟུར་པོ་ཆེ་ལ་གཏད་དེ་བྱོན་པས། ལམ་དུ་རྟ་ནག་གི་འབྲོག་པ་གཡུ་དང་ཟངས་ཁྱེར་བ་གཉིས་དང་། ཤངས་པ་ཁྲབ་ཁྱེར་བ་རྣམས་སྡེབས་སུ་བྱུང་སྟེ་བྱོན། དེར་ཟུར་ཆུང་བར་སྤྱང་སློག་ལས་འབུལ་རྒྱུ་མེད། གཞན་གསུམ་པོས་ཕྱག་རྟེན་ཕུལ་བས། བླ་མའི་ཞལ་ནས། ཁོང་རྣམས་འཁོར་བ་ལ་བློ་ལོག་མ་ལོག་བལྟ་བས། སྦང་ཟན་དང་ལོ་ཐུག་རེ་དྲོངས་གསུངས་པས། འབྲོག་པ་གཉིས་པོ་ཟར་མ་འདོད། ཤངས་པས་ཅུང་ཟད་ཟོས། ཟུར་ཆུང་བས་ལྷག་མེད་ཟོས་པས། བླ་མའི་ཞལ་ནས་སྤྱང་སློག་དང་ཁྲབ་གཉིས་ཞོག་གཡུ་དང་ཟངས་བདག་པོ་ལ་གཏོད་གསུངས་པས། འབྲོག་པ་མ་དགའ་སྟེ་ཕྱག་རྟེན་སློག་པ་འུ་ཅག་ལ་ཆོས་མི་སློབ་པའི་རྟགས་ཡིན་ཟེར་ནས་སོང་། དེར་བླ་མས་ཟུར་ཆུང་བ་ལ་ཁྱོད་ཀྱི་རུས་པ་ཅི་ཡིན་གསུངས་པས། བླ་མ་དང་རུས་གཅིག་པར་བརྗོད་པ་འགྲན་པར་སོང་དོགས་ནས། ཟུར་ཆུང་ཆུང་ཞིག་ལགས་བྱས་པས་བླ་དྭགས་སུ་དེ་ལྟར་ཐོགས། དེ་ལས་ཅན་དུ་མཁྱེན་ནས་སློབ་གཉེར་བྱེད་བཅུག་པས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར་པ་ཞིག་བྱུང་། དང་པོ་ཤིན་ཏུ་དབུལ་བས་བླ་མས་གཏོར་མ་བཏང་བ་དག་བླངས་ནས་ཟན་ཆང་མཛད་བཞིན་གསོལ་བ་ན། གྲྭ་པ་གཞན་ཚོས། ཁོ་ཆང་གིས་ཁ་སྐྱུར་དྲི་ཆིལ་ལེ་སྡོད། ཆང་བླ་མ་ལའང་མི་འདྲེན། མཆེད་གྲོགས་ལའང་མི་སྟེར་ཞུས་པས། བླ་མས། དེ་རིང་ཟུར་ཆུང་པ་ཤིང་ཐུས་ཤོག་གསུངས། ཤུལ་དུ་ཟུར་ཆུང་པའི་སྤྱིལ་བུ་གཡེང་དུ་བཅུག་པས། བེམ་པོ་ཞིག་གི་འོག་ན་ཟན་ཆང་ཀ་པཱ་ལ་གང་ལས་གཞན་ཅི་ཡང་མེད་སྐད། དེར་བླ་མས་ཟུར་ཆུང་པ་འཚོ་བ་ཆད་ན་རང་རེའི་ཐབ་ལ་ཤོག་གསུངས་པས། ང་བླ་མའི་དཀོར་ལ་འབག་རེ་ཟེར་དཀའ་སྤྱད་འབའ་ཞིག་ཁུར་བཟོད་པར་མཛད། ཉིན་གཅིག་བླ་མས་བསེ་ཕོར་ཕུལ་དགུ་ཤོང་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་ཨེ་ཡོད་གསུངས། ཟན་ཆང་ཞུས་པས་སྣོད་དོ་གསོལ། ད་དུང་ཁྱེར་ཤོག་གསུང་ནས་གསོལ། ད་ཨེ་འདུག་གསུངས་པས། བྲེ་གང་ཙམ་གདའ་ཞུས་པས། ད་མི་ཡོག་པར་འདུག ཡོག་ན་ཁྱོད་ལ་བསོད་ནམས་བོད་ཙམ་ན་ཆེ་བ་འོང་སྟེ། འོན་ཀྱང་ང་ལ་བསྙེན་བཀུར་གྱི་རྟེན་འབྲེལ་ལས་བསོད་ནམས་ཆེན་པོ་འོང་གསུངས་ཤིང་། ནས་ཁལ་གསུམ་གནང་ནས་འདི་ཟད་པ་དང་ཡོ་བྱད་མི་ཐོགས་པ་ཡོང་གསུངས། དེར་ཟུར་ཆུང་པས་ཐོས་པ་དང་། སྒོམ་པའི་གནས་གང་ཡིན་པ་ལ་ཕྲུགས་གཅིག་ཏུ་ཉིན་དང་མཚན་མེད་པར་བརྩོན་པ་བསྐྱེད་པས། སྤྲུལ་པའི་སྐུ་ཡིན་པས་མཁྱེན་རབ་ཀྱི་ཀློང་བརྡོལ། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཀྱང་དཔེ་ཆ་འབྲི་བའི་ཡོ་བྱད་ཀྱང་རྔོ་མ་ཐོགས་པར་ཡོད་ཙ་ན། ལྷ་རྗེ་ཟུར་པོ་ཆེས་ཕན་གྱི་ཁང་སྔོན་བྱ་བ་ན་ཇོ་མོ་གཡུང་མོ་བྱ་བའི་སྒོམ་མ་ཕྱུག་མོ་མ་སྨད་གཉིས་ཡོད་པས། ཁྱོད་རང་འདིའི་སྟེང་དུ་སྡོད་གསུངས། ང་ཁྱིམ་ཐབས་མི་བྱེད་ཞུས་པས། འདུ་ཤེས་མ་ཆུང་། སྟོན་པས་གནང་བ་དང་བཀག་པའི་མཚམས་ངས་ཤེས། ཁོང་གཉིས་ཀྱི་ཡོ་བྱད་ལ་སྤྱད་ནས་དབང་ཞུས། དཔེ་བྲིས། ཆོས་ཐམས་ཅད་ལྷག་མ་མ་ལུས་པར་ཉན་པས་ཆོག་པ་ཡིན། དེས་ཁོང་གཉིས་ཀྱང་ཚོགས་རྫོགས། ཁྱོད་རང་གི་དོན་ཡང་གྲུབ་པ་དེ་དགའ་མོད་གསུངས། དེར་གསུངས་བཞིན་ཉན་པས་འདོད་པ་ཐམས་ཅད་རྫོགས་པ་དང་། ཡང་གསུང་གིས་ད་ཁྱོད་དེར་མ་སྡོད། དཔེ་ཆ་ལ་སོགས་པ་མཆོད་པའི་ཡོ་བྱད་རིམ་གྱིས་སྐྱོལ་ལ་ངའི་འདིར་ཤོག་གསུངས། དེ་ལྟར་བྱས་པས་ཅང་མཆིའམ། ཁོང་གཉིས་ཀྱང་དྲིན་ཆེ་ཞུས་པས། བློ་མ་ཆུང་། ཁྱོད་ཀྱིས་འགྲོ་བའི་དོན་ནུས་པ་ཞིག་འོང་བར་འདུག སྙིགས་མའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་ནས་འགྲོ་བ་མང་པོའི་དོན་བྱེད་དགོས་པ་ཡིན། ཁོང་གཉིས་ཀྱི་དྲིན་ལན་དུའང་དེ་ཆེ། འདི་ལ་གབ་པས་རང་དོན་གཞན་དོན་གང་ཡང་མི་འགྲུབ་གསུངས། དེར་ཇི་སྐད་གསུངས་པ་བཞིན་ཉན་པས་བླ་མའི་དགོངས་པ་ཇི་བཞིན་དུ་ལོངས། རེ་ཞིག་ན་ཟུར་ཆུང་བ་ལ་གནས་ཀྱི་ལུང་བསྟན་རིམ་པ་གསུམ་དུ་བྱུང་སྟེ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་ལ་ཆེད་དུ་འཛིན་པ་མ་ཡིན་པས་འཁྲུལ་སྣང་གི་སྡེ་མཚན་དུ་དོར་མོད། མཐར་རུས་པའི་རྒྱན་གྱིས་སྤྲས་པའི་བུ་མོ་ལོ་བཅུ་དྲུག་མ་ཌཱ་མ་རུ་དང་གར་སྟབས་སྒྱུར་བ་ལྔ་བྱུང་ནས་མིང་པོ་རི་བོ་དགུ་འདུས་ལ་བསྒོམ་ན་དོན་གཉིས་གྲུབ་བོ་ཟེར་ཞིང་བྲག་རྒྱ་བོ་ལ་མཛུབ་མོ་གཏད་པས། རི་བོ་དགུ་འདུས། ཆུ་མིག་དགུ་འདུས། ནེ་སིང་དགུ་འདུས་པས་ཐེག་པ་རིམ་པ་དགུ་རྫོགས་པའི་རྟགས་སུ་མཁྱེན། བྲག་རྒྱ་བོ་དེ་བཅོམ་ལྡན་འདས་དཔལ་ཆེན་པོ་ལ་གཽ་རཱི་མ་བརྒྱད་ཀྱིས་བསྐོར་བ་འདྲ་བ་ཡིན་པས་འདི་ལ་སྒྲུབ་པ་བྱས་ན་འགྲུབ་ཐག་ཉེ་ལ་བྱིན་རླབས་ཆེ། ལར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འཇིག་རྟེན་གྱི་འཁྲི་བ་ཆོད་དགོས། ཕྱི་མའི་དོན་སྒྲུབ་པ་ལ་འདུ་འཛི་དང་ཁེ་དྲག་གིས་མི་ཕན། མིའི་ངོ་བསྲུང་བ་འདི་འཕྲལ་དུ་བྱ་དཀའ་ལ་ཕུགས་སྙིང་པོ་མེད་པ་ཡིན་པས་ང་གཅིག་པུར་སྒོམ་པ་ཡིན་གསུངས་ནས་གྲྭ་པ་རྣམས་གོ་མ་ཆོད་མི་གསུམ་ལ་གཏད་ནས། ཆོས་འཆད་ཉན་གྱི་བསྟན་པ་ཁྱེད་རྣམས་ཀྱིས་སྐྱོངས་ཤིག་ཅེས་བྲག་རྒྱ་བོ་ལ་གཤེགས་སོ། །དེར་བྱོན་ནས་སྒྲུབ་པ་ཁོ་ན་ལ་ཞུགས་པས་གཞི་བདག་གི་ལྷོངས་ཆོ་འཕྲུལ་ཤིན་ཏུ་ཆེ་བར་བྱུང་སྟེ། འདི་ལྟར་གྲུབ་པའི་ཁྱུ་མཆོག་ཆེན་པོ་བདག་ནི་རྨི་ལམ་དང་མངོན་སུམ་རྫུན་པའི་ངང་དུ་རོ་གཅིག་པས་ན། ནུབ་གཅིག་མནལ་ལམ་དུ་བྲག་རྒྱ་བོའི་རྩེར་མི་ནག་པོ་གཅིག་བྱུང་ནས་ཞབས་གཉིས་ནས་བསྡུས་ཏེ་ཀླད་ལ་བསྐོར་ཏེ་བསྐྱུར་བྱུང་བས་ཐག་གི་མདོའི་ཐང་ཆེན་པོ་གཅིག་ཏུ་བརྡབ་པ་རྨིས། སད་ཙ་ན་ཐང་དཀྱིལ་ན་དངོས་སུ་འདུག་པས་ཡར་འཛེག་དགོས་པ་བྱུང་སྟེ་ཆོ་འཕྲུལ་ཆེན་པོ་ལ་མ་འཛེམ་པར་བཞུགས། ཡང་སྡིག་པ་རྩིད་བུ་ཙམ་གྱིས་སྒྲུབ་ཁང་ཁེངས་པས་རྒྱུ་འབྲས་ལ་ཟློ་བའི་རྟོགས་པ་མངོན་དུ་གྱུར་ནས། སྡིག་པའི་རྭ་གཉིས་ནས་འཇུས་ཏེ་ཕྱེད་པར་གཤགས་པ་དང་ཆབས་གཅིག སྡིག་པ་མི་དགེ་སོ་སོར་བཤགས། །ཞེས་དོན་ལ་མི་རྟོན་ཚིག་ལ་རྟོན་པའི་ཀུ་རེ་མཛད་དེ་བསྐྱུར་བས་ཐམས་ཅད་རྣམ་པར་སྣང་མཛད་དུ་གྱུར་ནས་ནམ་མཁའ་ལ་དེངས། ཡང་ལན་གཅིག་གྲོག་མའི་དམག་དྲངས་བྱུང་བས། ཉེ་གནས་ལ་ཙོང་གེ་ཁྱེར་ཤོག་གསུང་ནས་ཙོང་གེས་བརྡུངས་བས། ཉེ་གནས་ན་རེ་སྡིག་པ་ལ་དགོངས་མཛོད་ཅེས་ཞེ་ཁྲེལ་བརྡས་པ་ན། ཁྱོད་དེ་ལ་མི་དད་ན་འདི་ལྟར་བྱ་ཡིས་གསུངས་ནས་གྲོག་མ་ཞལ་དུ་བཏབ་ཀྱིན་ཕུ་མཛད་པས། ཐམས་ཅད་རྡོ་རྗེ་སེམས་དཔར་ཀྲོང་ཀྲོང་གྱུར་ཏེ་ནམ་མཁའ་ལ་སོང་བས་ཉེ་གནས་ཤིན་ཏུ་དད། གསད་གསོའི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཞི་བདག་མིང་སྲིང་གསུམ་དམ་ལ་བཏགས་ཏེ་དངོས་སུ་གཟུགས་བསྟན་ནས་ཞབས་སྤྱི་བོར་བླངས། བྲག་ལ་ཕུར་པ་བཏབ་པའི་གྲུབ་ཆུ་ད་ལྟའང་ཡོད། དེར་གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། ཐག་གི་ལུང་པ་རྡོ་རྗེ་སེམས་དཔས་ཁེངས་པར་བྱུང་། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་པས་སྐུ་མེ་དང་། ཆུ་དང་། རླུང་དང་། ས་ཚུབ་ཏུ་འགྲོ་བ་དང་། ཅིར་སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང་སྟེ་བཟང་རྟོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་པ་མེད་མཉམ་དུ་དགོངས། དེར་སྣང་སེམས་ཆོས་ཉིད་གསུམ་རོ་གཅིག་ཏུ་འདྲེས་ནས་དགོངས་པ་ཟད་པའི་ས་ལ་འཁྱོལ་ཏེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ནམ་མཁའ་ལ་བྱ་ལྟ་བུར་འགྲོ་བ་སོགས་འབྱུང་བ་ལྔ་ལ་རང་དབང་ཐོབ་པ་བྱུང་། དེར་བླ་མ་ཟུར་ཆུང་པ་བྲག་རྒྱ་བོར་ལོ་ཉི་ཤུ་རྩ་བཞི་སྒྲུབ་པ་ཐུན་གཅིག་ལ་ཞུགས་ནས་འཇའ་ལུས་སུ་གཤེགས་པའི་དགོངས་པ་གཏད་ཡོད་པ་ལ་སྐུ་མཚམས་ཐོན་དགོས་པའི་སྐྱོན་གཉིས་བྱུང་བས། ལོ་རིལ་པོ་བཅུ་གསུམ་དང་ངོ་གཅིག་སྟེ་བཅུ་བཞི་བཞུགས། འདིའི་སྐབས་ཤིག་ན་ཉེ་གནས་ཀྱིས་ཀྱང་སྐུ་ལ་བཅར་དུ་མེད་པས་རྒྱུན་རིང་བར་བཞུགས། རེ་ཞིག་ན་དུད་པ་དང་ལྡབ་ལྡིབ་ཙམ་ཡང་མ་བྱུང་། སྐུ་ལ་སྙུན་པ་མི་མངའམ་སྙམ་ནས་ཉེ་གནས་ཀྱིས་བལྟར་ཕྱིན་ཙ་ན། ཞལ་དང་ཤངས་ལ་སྡོམ་ཐག་བྲེང་ངེ་འདུག །བླ་མ་གྲོངས་སྙམས་ནས་ངུ་ཤོར་བས་དགོངས་པ་གྲོལ། བླ་མའི་ཞལ་ནས་ང་དེ་ཁའི་ངང་ལ་བཞག་ན་མགོ་ལ་ཐོད་པ་མི་འགེལ་བ་གཅིག་ཡོང་བ་ཡིན་ཏེ། ད་སྐྱེ་བ་གཅིག་ལེན་པར་འདུག་གསུངས། དེ་ས་སྐྱ་ལོ་ཆེན་ཡིན་ཟེར། འདི་ནི་ཆོས་ཉིད་གཅིག་ཅར་དུ་ཟད་ནས་ཕུང་པོ་རྡུལ་ཕྲན་དུ་མ་དྭངས་ཙམ་པའི་ལམ་རྟགས་སུ་སྣང་། དེ་ལ་དགོན་པ་ནས་འབྱོན་པའི་རྐྱེན་གཅིག་ནི། གོ་མ་ཆོད་མི་གསུམ་གྱིས་བསྟན་པ་མ་འཁྱོངས་ཏེ། འགོ་བྱ་ཚས་ཐབས་ལམ་གྱི་རྒྱབ་ཏུ་མ་རྒྱུད་དགོས་ཟེར་འགོས་ཁུག་པའི་རྩར་སོང་། མིག་ཆུང་དབང་སེང་གིས་དཀྱིལ་འཁོར་ཕྱིར་འདོན་པ་ལ་རྒྱབ་ཏུ་ཡོ་ག་དགོས་ཟེར་ནས་སུམ་པ་ཡེ་འབར་གྱི་རྩར་སོང་། འགོ་ཆུང་དབང་ངེས་གཞི་ལམ་གྱི་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་ཟེར་སྤངས་ཀ་དང་ཆུང་བའི་རྩར་སོང་ངོ་། །དེ་དག་ནི་གསང་བ་སྙིང་པོ་ལ་ལམ་ཐབས་གྲོལ་གཉིས་ཀ་ཡོད་དེ་མ་རྒྱུད་ཀྱི་མཚན་ཉིད་མ་ཕྱེད། དཀྱིལ་འཁོར་རང་སར་ནས་ཐོན་པ་ལ་མིག་ལྟག་ཁུང་དུ་འཆུས། ཚད་མ་ཚིག་གི་གྲུབ་མཐའ་ཡིན་ཏེ་གཞི་ལམ་ཐོག་ཏུ་མི་ཕེབས་པ་མ་གོ །རྒྱུ་དེས་གོ་མ་ཆོད་མི་གསུམ་གྱིས་བཤད་གྲྭ་མ་འཁྱོངས་པས་སྐུ་མཚམས་ལས་ཐོན་དགོས་པ་བྱུང་། རྐྱེན་གཅིག་ནི། སྒྲོ་ཕུག་ལྷ་ཁང་གི་མཇུག་སྐྱོང་དང་། རབ་གནས་མ་གྲུབ་ཙམ་ལ་རྒྱལ་བ་ཟུར་པོ་ཆེ་སྐྱེ་བ་མ་སྤངས་པར་ཟུང་འཇུག་གི་གྲུབ་མཐའ་སྙོགས་པར་བཞེད་ནས། ངའི་ལག་རྗེས་ཁྱོད་ཀྱིས་སྐྱོངས་ཤིག་ཅེས་བླ་མའི་བཀའ་བྱུང་ནས་བྱོན་པ་ཡིན་ནོ། །ལར་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཉི་ཟེར་ལ་འབྱོན་བཞུད་མཛད་པར་གྲགས་ཏེ། འུག་པ་ལུང་དུ་སྔ་ཆོས། སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་དགོང་ཆོས་ཏེ། འགྱངས་ཁད་ཤིན་ཏུ་ཆེ་སར་ཉི་མ་རེ་ལ་ཆོས་ཐུན་གསུམ་རེ་འཆད། དེ་བཞིན་དུ་ལྷ་ཟེར་མོར་མཁའ་འགྲོ་མ་རྣམས་བྲོ་བརྡུངས་མཛད་པ་གཟིགས་པས་རྐྱེན་བྱས་མཁའ་འགྲོ་ལས་ལ་བཀོལ་ནས་མཆོད་ཁང་ཀྭ་བ་བདུན་དང་། ཁྱད་འཕགས་གཉིས་ཏེ་དགུས་བཏེགས་པ་ཞིག་བཞེངས་པས་མཁའ་འགྲོ་ལྷ་ཁང་དུ་གྲགས། སངས་རྒྱས་བཞི་བཅུ་རྩ་གཉིས་དང་། བཀའ་སྲུང་ལེགས་ལྡན་ལྡེ་གུས་བཞེངས། དཀྱིལ་འཁོར་རྒྱས་བསྡུས་གཉིས་ལོགས་ལ་བྲིས། རབ་ཏུ་གནས་པའི་ཚེ་ལེགས་ལྡན་གྱི་སྐུ་ལ་ཕུ་དུང་གིས་ལྕག་བྲབ་ཅིང་སངས་རྒྱས་ཀྱི་བསྟན་པ་ཨེ་བསྲུངས་གསུངས་པས་དབུ་གུག་གུག་པ་བྱུང་། དཀོན་མཆོག་གི་དབུ་འཕང་ཨི་སྟོད་གསུངས་པས་མཆུ་ལྷེབ་ལྷེབ་པ་བྱུང་། དེ་བཞིན་དུ་དཔལ་ཆེན་པོ་ཞལ་གཟིགས་པའི་ཞབས་གཡོན་བཞག་སར་ཡང་དག་གི་ལྷ་ཁང་བཞེངས། མ་ཐོག་བྱང་འབར་གྱིས་ལྷ་ཁང་ལ་ཤིང་གཉན་ཁྲག་ཏུ་འཛག་པ་གཅོད་དུ་བསྩལ་ནས་ལྷ་ཁང་འབྱོངས། ཤིང་ཕུད་བླ་མ་ལ་ཕུལ་བའི་ཚེ། གཞི་བདག་ཕྲེང་བས་སྤེན་མའི་ཀྭ་བ་གཅིག་ལུས་ནས་གཙང་པོར་དྲངས་པ་རྔ་མོང་ཕྲང་དུ་ཞག་ལྔ་ཆུ་ལ་བྱིངས་ནས་མ་ཐོན། དེར་སློབ་མ་གཉིས་བཏང་ནས་བྲག་ལ་དཀར་གཏོར་འདི་སྤུངས། མཚོ་ལ་དམར་གཏོར་འདི་རྒྱོབ་ལ་བླ་མ་ཟུར་ཆུང་པའི་ཤིང་ད་ལྟ་བསྐྱལ་ན་སྐྱོལ་ཅིག ཅེས་སྡིགས་སུ་བཅུག་པས། ཆུ་བདག་སྐྲག་ནས་ཕྲལ་དུ་ཐོན་པ་སོགས་ལྷ་འདྲེས་བཀའ་ལ་ཉན། དེ་ལྟ་བུའི་ཆེ་བའི་ཡོན་ཏན་གྱིས་བརྒྱན་པའི་ལྷ་རྗེ་ཟུར་ཆུང་པ་དེ་སྐུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ། བུ་སློབ་རྣམས་ཀྱིས་རིགས་སྲས་བསྐྲུན་པར་གསོལ་བ་བཏབ་པས། གསང་བདག་ལག་ན་རྡོ་རྗེ་ཡུམ་གྱི་ལྷུམས་སུ་མངོན་བྱང་ལྔའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་ཟུར་ཤཱཀྱ་སེང་གེའི་མཚན་དཔེའི་ངོ་མཚར་གསལ་བར་བྱས། ཞལ་གྱི་གདམས་པ་བརྒྱད་ཅུ་པར་གྲགས་པ། རིའི་བུ་གྱིས། ཧྲུལ་པོའི་གོས་གྱོན། མི་ཞིམ་པའི་ཟས་ཟོ། དགྲ་གཉའ་རེངས་སུ་ཐོངས། ཞིང་ཐ་རེངས་སུ་ཞོག བློ་ཐག་ཆོས་ལ་ཆོད། ཅེས་པ་ལ་སོགས་པ་གསུང་ནས། དྲུག་ཅུ་རྩ་གཅིག་བཞེས་པའི་ཤིང་ཕོ་སྟག་ལ་བྲག་རྒྱ་བོར་འོད་དང་ས་གཡོ་བ་དང་བཅས་འོག་མིན་རྡོ་རྗེ་བཀོད་པའི་གྲོང་ཁྱེར་དུ་གཤེགས་སོ། །དེ་ཡང་བླ་མ་ཟུར་ཆུང་པ་ལ། སློབ་མ་ཀྭ་བ་བཞི། གདུང་མ་བརྒྱད། ཁྱམས་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། གོ་མ་ཆོད་གསུམ། སྒོམ་ཆེན་མོ་གཉིས། དཀྱུས་པ་གཉིས། སྟ་གུ་ར་མི་གཉིས། ཡུས་པོ་ཆེ་གཅིག་ལ་སོགས་མང་དུ་བྱོན་ཏེ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའོ། །དེའི་སྲས་བོད་འདིར་གསང་བ་སྙིང་པོའི་བཤད་པའི་ཆུ་འགོ་ལྟ་བུར་གྱུར་པ་གསང་བདག་སྒྲོ་ཕུག་པ་ཆེན་པོའམ་ཟུར་ཤཱཀྱ་སེང་གེ་ནི། ཇོ་སྲས་མོ་མདའ་མོ་གཙུག་ཏོར་ལྕམ་ཞེས་བྱ་བ་སློབ་མར་གྱུར་པ་ཞིག་ཡོད་པ་དེས་མངལ་དུ་སྤྲུལ་པའི་སྐུ་འཛིན་ནུས་པར་དགོངས་ནས། དེ་ཉིད་ཀྱི་མིང་པོ་ཀྭ་བ་བཞིའི་གྲས་མདའ་ཏིག་ཆོས་ཤཱཀ་ལ། ཁྱོད་ཀྱི་སྲིང་མོ་འདི་བདག་གིར་རུང་ངམ་ཞེས་གསུངས་པས། མདའ་ཏིག་ན་རེ། བཀའ་བཞིན་འཚལ་ཞེས་དེའི་ལག་པ་ན་རྡོ་རྗེ་དྲིལ་བུ་བཞག་སྟེ། འདི་གཞན་ལ་མ་བརྒྱུད་པར་བླ་མའི་ཕྱག་ཏུ་ཕུལ་ཞིག་པར་བསྒོས་པས་རྟེན་འབྲེལ་ཆེན་པོ་འགྲིགས། དེ་ཁབ་ཏུ་བཞེས་པ་མ་ཡིན་པའི་གྲྭ་པའི་ཚོགས་ཀྱང་སྡང་ཞིང་འདོན་པར་བརྩམས་པ་ན། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པར་རྨིས་པས། རིགས་སྲས་འདྲ་མཐོང་ན་བསྟན་པར་ཕན་སྲིད་ཀྱི་ཞོག་གསུངས། དེ་བཞིན་དུ་ཀྭ་བ་གཞན་རྣམས་ལའང་སངས་རྒྱས་ཀྱི་སྐུ་དང་། གསེར་གྱི་རྡོ་རྗེ་ལ་སོགས་ཇོ་མོ་ལ་ཐིམ་པར་རྨིས་པས་བཞག་གོ། །དེ་ལ་རྔོག་ལོ་ཆེན་པོའི་དགུང་ལོ་བཅུ་དྲུག་པ་ཤིང་ཕོ་སྟག་ལ་སྒྲོ་ཕུག་པ་སྐུ་བལྟམས། དེར་བླ་མའི་ཞལ་ནས་ངའི་བུ་འདི་ལྷུམས་སུ་འཇུག་པའི་ཚེ་ཕྱག་ན་རྡོ་རྗེ་ཐིམ་པའི་མཚན་མ་ཡོད་པ་ཡིན་པས་འགྲོ་བ་ལ་ཕན་པ་ཞིག་ཡོང་གསུངས་ནས་མཚན་ཤཱཀྱ་སེང་གེར་བཏགས། ཡབ་ཀྱིས་སྤོང་དག་བྱ་ནས་ཅི་ཡང་མེད་པ་དང་ཐུག་པས། ཡུམ་ན་རེ། ཁ་སིང་ནས་བུ་སྐྱེ་བ་ནི་ཐུགས་ལ་མངའ། རྐན་མར་ཙམ་ཡང་མི་འཇོག་པ་ཟེར་བ་ལ། ཁོ་ལ་བསོད་ནམས་ཡོད་ན་ངས་མ་བཞག་ཀྱང་འོང་། དེ་མེད་ན་བཞག་ཀྱང་མི་ཕན་གསུངས་ནས་ཁང་ཐོག་ཏུ་བཞུགས་ཙ་ན། བཙུན་མ་ཕྱུག་མོ་ཞིག་གིས་ནས་རྒྱབ་མང་པོ་དང་མར་ཕོན་ཆེར་ཕུལ། མདོ་ཁམས་ནས་འབུལ་སྐྱེལ་ལྷགས་པས། རྐན་མར་བྱུང་ངོ་གསུངས་སྐད། འདི་ལ་བསོད་ནམས་ཀྱང་འོང་། འགྲོ་བ་ལའང་ཕན་གསུངས་ཏེ་དགྱེས། ཟླ་བ་བརྒྱད་ན་ཡབ་གཤེགས་པས། ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས། དེ་ནས་ཆུ་བར་དུ་གླན་ཤཱཀྱ་བཟང་པོའི་དྲུང་དུ་བྱོན་ཏེ་གསང་བ་སྒྱུ་འཕྲུལ་དང་། སྐྱོར་ལུང་དུ་ཡང་ཁེང་གི་སར་ཡང་བྱོན་ནས་ཆོས་གསན། དགུང་ལོ་བཅུ་དགུ་པ་ལ་ཆེ་འདོན་མཛད་པས་ཕྲིན་ལས་ཤིན་ཏུ་རྒྱས་ཏེ་བསླབ་གཉེར་གཡེལ་བ་བྱུང་། དེར་སྐབས་བཙལ་ནས་གོང་བུར་སྐྱོའི་རྩར་ལོ་གཅིག་བྱོན། དེ་ནས་སླར་ཕྲིན་ལས་ཆེར་རྒྱས་ཏེ་གཞན་དུ་བཞུད་པའི་སྐབས་མ་བྱུང་། བླ་མ་མཁས་གྲུབ་ཀྱི་ཚོགས་ཚུར་སྤྱན་དྲངས་ནས་སློབ་གཉེར་རྫོགས་པར་མཛད། ཀྭ་བ་བཞི་ལས་ཡབ་ཆོས་མདོ་སྒྱུ་སེམས་གསུམ་རྒྱུད་མན་ངག་ཕྲིན་སྒྲུབ་ཕྱག་བཞེས་དབང་དང་བཅས་པ་ཡོངས་སུ་རྫོགས་པར་གསན་ཅིང་། ཁྱད་པར་དུ་ཞང་པོ་མདའ་ཏིག་ལས་མདོའི་སྐོར་ཞིབ་པར་བརྙེས། གླན་ཤཱཀྱ་བྱང་ཆུབ་ལས་རྫོགས་ཆེན་སྐོར་ལུགས། ལྷ་རྗེ་ཤངས་ནག་ལས་རྫོགས་ཆེན་བརྒྱུད་པ་ཐ་མ་སོགས་མདོར་ན་བླ་མ་མང་པོ་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། རེ་ཞིག་ན་དམ་པ་སངས་རྒྱས་དིང་རི་ན་བཞུགས་པ་དཔོན་སློབ་ལྔས་མཇལ་དུ་བྱོན། ཕེབས་རྒྱུའི་ཉིན་དམ་པའི་ཞལ་ནས་དེ་རིང་ཕྱག་ན་རྡོ་རྗེའི་སྤྲུལ་པ་འབྱོན་པ་ཡོད་ཀྱི་བསུ་བ་གྱིས་གསུངས། དར་གདུགས་ལ་སོགས་བཤམས་པས། ཉི་མ་རྒས་སུ་ཆས་ཙ་ན་སྔགས་པ་དཔོན་སློབ་ལྔ་བྱུང་། གཞན་སུ་ཡང་མི་འདའ་ཞུས་པས། དེ་ཀ་ལ་བསུ་བ་གྱིས་གསུངས། དེར་ལྷ་རྗེ་སྒྲོ་ཕུག་པས་དམ་པ་ལ་མངོན་མཁྱེན་ཨེ་འདུག་བལྟ་ཡི་གསུངས་ནས་སློབ་མ་ཞིག་ཉིད་དུ་བརྫུར་བཅུག་ནས་སྔོན་ལ་བཏང་། ཁོང་རང་ཕྱི་ན་ཞབས་འབྲིང་བ་ལྟར་བྱས་པས། དམ་པས་སྒྲོ་ཕུག་པའི་མགུལ་ན་ལྦ་བ་ཡོད་པ་ལ་གཟིགས་ནས། ཕྱག་སྣ་ལྦ་བ་ཅན་གྱིས་དྲོངས། དཔོན་སློབ་གོ་མ་ལོག་པ་བཟང་གསུངས་པས། མོས་གུས་ཆེན་པོ་ཐོབ། ཆོས་ཀྱི་བདུད་རྩིའང་ནོད། དམ་པའི་ཞལ་ནས་སྒྲོ་ཕུག་པ་ལ་འདི་བསྟན་པའི་སྤྱི་དཔལ་ཆེན་པོར་འགྱུར་ཞེས་དབུགས་འབྱིན་མཛད། ཡང་རེ་ཞིག་ན་ཕྱག་རྡོར་གྱི་བྲིས་སྐུ་བྱེད་པའི་བྲི་བཀོད་ཀྱི་ཚེ། ལྷ་བྲིས་པ་ལ་ཁྱེར་རང་འདི་འདྲ་ཞིག་བྲིས་ཞེས་ཕྱག་ན་རྡོ་རྗེའི་སྐུར་དངོས་སུ་བསྟན་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས་དཔལ་གསང་བའི་བདག་པོ་བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནོ་ཞེས་གྲགས། སྤྱིར་གདུལ་བྱའི་ཚོགས་དཔག་ཏུ་མེད་པ་ལ། ཁྱད་པར་སློབ་མ་དགེ་བའི་བཤེས་གཉེན་ཆེན་པོ་གྲྭ་ས་འཛིན་ཅིང་བསྟན་པ་སྐྱོང་བ་གདུགས་ཐོགས་པ་སྟོང་ཐོན་པས་རིང་མོའི་མཐར་ཡང་ཕྲིན་ལས་བསམ་གྱིས་མི་ཁྱབ། སྒྲོ་ཕུག་ཏུ་ཆོས་གསུངས་པའི་དུས་གཅིག་ཆོས་ཁྲི་རྒྱབ་ཡོལ་མེད་པ་གཅིག་ལ་བཞུགས་ཏེ་མཐའ་སྐོར་ཐམས་ཅད་གྲྭ་པས་བསྐོར་ནས་ཡོད་པ་ལ། ཕྱོགས་ཐམས་ཅད་དུ་ཞལ་ཐ་ལེ་བར་བྱུང་བས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་བདག་པོའི་ཞལ་སྐྱིན་མངོན་སུམ་པར་ཡིད་ཆེས་ཤིང་སྤྲུལ་པའི་སྐུར་རྩོད་པ་མེད་པར་གྲགས། དབྱར་ཆོས་དགུན་ཆོས་ཀྱི་དུས་ཕྱོགས་རེ་ན་མར་དཔེ་འགྲིམས་ལྔ་བརྒྱ་ཙམ་རེ་དང་། སྟོན་ཆོས་དང་དཔྱིད་ཆོས་ཀྱི་དུས་སུམ་བརྒྱ་ཙམ་ཡོད་ཅིང་། སྤྱིར་ཁྲི་ཕྲག་ཐལ་བར་བྱུང་བས། ཆོས་རའི་གོ་ས་བདེ་དོག་ལའང་གསེར་ཞོ་རེའི་འཇལ་ལེན་བྱེད་པའི་དར་རྒྱས་བྱུང་། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་དོན་ལ་རང་བྱན་ཚུད་པ་ཙམ་གྱི་ཆོས་སྤྱན་ཐོབ་པས་གསང་བདག་སྒྲོ་ཕུག་པའི་བཤད་སྲོལ་ཞེས་དུས་ད་ལྟའི་བར་དུ་ལྡབ་ལྡིབ་བྱེད་པ་འདི་བྱུང་ཞིང་ཉི་ཟླ་ལྟར་གྲགས་པ་ཡིན་ནོ། །ཇི་ཞིག་ན་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་ཉིད་ཐ་མའི་མཛད་པ་སྟོན་པར་བབས་པའི་ཚེ། སྟོན་པ་བཞི་ལ་ཁྱོད་ཚོས་ཚོགས་འཁོར་གྱི་ཆ་རྐྱེན་འདྲ་ཁྱེར་ལ་ཤོག ངས་ཀྱང་སྡོགས་ཀྱི་གསུངས། སྟོན་པ་བཞིས་གསུངས་བཞིན་དུ་བསྒྲུབས་པ་དང་། སྒྲོ་ཕུག་གི་ལྟག་ལྷ་རི་གདོང་གི་རྩེར་བྱོན་ནས་ཚོགས་འཁོར་རྒྱ་ཆེན་པོ་མཛད། གསུང་གི་གསང་བ་མང་པོ་རྗེས་སུ་བསྟན་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག ངས་ད་རེས་ལུས་མ་སྤངས་པར་ཁྱེར་ནས་རིག་འཛིན་གྱི་ས་ལ་འགྲོ་བ་ཡིན། དེས་ཁྱོད་རྣམས་ལ་ཤུལ་དུའང་བཀྲ་ཤིས། མི་བརྒྱུད་དང་བསྟན་པ་འཕེལ་བ་གཅིག་འོང་ངོ་གསུངས་ནས། དཔལ་གྱི་མགུར་ལས་རྡོ་རྗེའི་གླུ་གཅིག་བཞེངས། ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འཕགས་ཀྱིན་མགུར་རེ་བཞེངས་ནས་མཐར་མི་མངོན་པའི་སར་གཤེགས་པ་དང་། སྟོན་པ་བཞི་སྙིང་ཕྱུང་བ་ལྟ་བུའི་སྡུག་བསྔལ་གྱིས་མནར་ནས་ཆོ་ངེས་བཏབ། འགྲེ་ལྡོག་བྱས། མཚན་ནས་བོས་པས་སླར་བྱ་བབས་པ་བཞིན་དུ་བྱོན། ཁྱེད་རྣམས་དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཏ་ནི་ལེགས་པར་བཅུག་ཟིན་པ་ཡིན་གསུངས། དེ་ནས་ཕྱི་ལོ་དྲུག་ཅུ་རྩ་གཅིག་པ་ཤིང་ཕོ་སྟག་གི་ལོ་ལ་འོག་མིན་ཚོགས་ཆེན་འདུས་པའི་གྲོང་ཁྱེར་དུ་གཤེགས་སོ། །པུར་སྦྱོང་བའི་ཚེ་སྔགས་པ་གཞོན་མཛེས་གཅིག་གིས་རྟ་ངང་བཟང་གཅིག་ལ་དུང་གི་སྒ་རང་གུག་ངོ་མཚར་ཅན་བསྟད་པ་ཞིག་ཕུལ། དེ་འདི་ནས་བྱུང་དང་འདིར་སོང་སུས་ཀྱང་ངོ་ཤེས་པ་མ་བྱུང་བས་ལྷས་འདེགས་བསྐྱལ་བར་གྲགས། དེ་བཞིན་དུ་བཙན་དང་། མ་མོ་དང་། ཀླུ་རྣམས་ཀྱིས་ཀྱང་འདེགས་བསྐྱལ་ཏེ། མི་ལ་མེད་པའི་ནོར་སྣ་བཞི་བྱུང་བ་ཡིན་ནོ། །དེ་ལ་ཐུགས་ཟིན་གྱི་སློབ་མ་བཅུ་གཉིས་བྱུང་སྟེ། ནག་པོ་བཞི། སྟོན་པ་བཞི། མེས་བཞི་ལས། ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག །ཟུར་ནག་འཁོར་ལོ། ཉང་ནག་མདོ་བོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ། །སྟོན་པ་བཞི་ནི། ཉེ་སྟོན་ཆོས་སེང་། རྒྱ་སྟོན་རྡོ་རྗེ་མགོན་པོ། ཞང་སྟོན། རྒྱ་སྟོན་བཞིའོ། །མེས་བཞི་ནི། རྩངས་པ་བྱི་སྟོན། གཡུ་སྟོན་ཧོར་པོ། སྦངས་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་ངོ་། །འདྲེན་ཚུལ་འདི་ཟུར་སྟོད་ལུགས་སུ་གྲགས་ལ། སྨད་ལུགས་སུ་དེ་ལས་ཐ་དད་པའང་ཡོད། དེ་ལྟ་བུའི་ས་ཆེན་པོ་ལ་བཞུགས་པའི་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྔ་འགྱུར་བཀའ་མའི་བསྟན་པ་ཕྱི་མཐའི་མཐར་ཡང་རྒྱུན་མི་ཉམས་པར་བཞུགས་པའོ། །དེ་དག་ལས་ཀྱང་ཇི་སྐད་དུ་མྱ་ངན་ལས་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་གཉིས་འདས་པའི་ཚེ། །ངོ་མཚར་པདྨའི་མཚོ་གླིང་དུ། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་འབྱུང་། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཆང་། །ཞེས་དང་། དེ་བཞིན་དུ་གསེར་འོད་དམ་པའི་མདོ་དང་བླ་མེད་དོན་རྫོགས་འདུས་པའི་རྒྱུད་སོགས་མདོ་རྒྱུད་གཞན་ནས་ཀྱང་རྒྱལ་བའི་ལུང་གིས་ཆེ་ཐང་དུ་བསྔགས་པར་མཛད་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི་ངེས་པའི་དོན་དུ་སྐུ་གསུམ་གྱི་སྟོན་པ་རྣམས་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ཉིད་ཀྱིས་ཕྱོགས་དུས་རྒྱལ་བའི་ཕྲིན་ལས་ལ་མངའ་དབང་བསྒྱུར་བའི་ཕྱིར་ཕྱི་ནང་གསང་བའི་རྣམ་པར་ཐར་པ་ནི་འཕགས་པ་ས་བཅུ་ལ་གནས་པ་རྣམས་ཀྱིའང་སྤྱོད་ཡུལ་མིན་པར་གསུངས་ལ། མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་དུ་མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ་དང་། ཛམ་བུའི་གླིང་འདི་ཉིད་གཅིག་ཏུའང་སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་སྒོ་ནས་གདུལ་བྱའི་དོན་མཛད་ཚུལ་གྱི་རྣམ་པར་ཐར་པའང་བསམ་གྱིས་མི་ཁྱབ་སྟེ་ཇི་སྐད་དུ། རྣམ་ཐར་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་གསུངས་པ་ལྟར་རོ། །སྔར་སྨོས་པ་བཞིན་བོད་ཀྱི་ཡུལ་དུ་ལོ་པཎ་ཡོན་མཆོད་ཞལ་འཛོམས་ཏེ་རྒྱུ་མཚན་ཉིད་ཐེག་པའི་བཤད་གྲྭ་དང་འབྲས་བུ་སྔགས་ཀྱི་ཐེག་པའི་སྒོམ་གྲྭ་བཙུགས། ཁྱད་པར་སློབ་དཔོན་ཆེན་པོས་མཆིམས་ཕུའི་བྲེ་གུ་གེ་འུར་མངའ་བདག་རྒྱལ་པོས་གཙོས་པའི་ལས་ཅན་སྙིང་གི་བུ་དགུ་སོགས་ལ་འཕགས་ཡུལ་རིག་འཛིན་བརྒྱད་ཀྱི་ཐུགས་བཅུད་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར། རང་རང་གི་ཡི་དམ་ལྷ་ཡི་སྐལ་པའི་རིགས་ཀྱི་མེ་ཏོག་གང་ལ་ཕོག་པ་དེ་བཞིན་བསྒྲུབ་ཏུ་གཞུག་སྟེ་ངོ་མཚར་གྲུབ་པའི་རྟགས་དང་བཅས་ཏེ་སྨིན་པར་མཛད། གཞན་ཡང་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཤེལ་བྲག་གི་སྔགས་པ་སུམ་ཅུ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཡེར་པ་དང་ཆུ་བོ་རིའི་གྲུབ་ཆེན་བརྒྱ་རྩ་ལ་སོགས་པ་ལས་ཅན་དག་པའི་འཁོར་དཔག་ཏུ་མེད་པ་སྐལ་ལྡན་དུ་མཛད་པ་སོགས་མདོར་ན་གངས་ཅན་བོད་ཀྱི་ཡུལ་རྒྱལ་བསྟན་དཀར་འབྱམས་ཡུག་གཅིག་གི་སྣང་བས་ཁྱབ་པར་མཛད་ཅིང་དེ་ཡང་ཇི་སྐད་དུ་གསུངས་ལས། སྙིགས་མའི་དུས་སུ་བསྟན་མཐའ་གཏེར་གྱིས་སྐྱོང་༔ ཞེས་ཕྱི་རབས་ཀྱི་འགྲོ་བ་རྣམས་ལ་ཐུགས་ལྷག་པར་བརྩེ་བའི་གསུང་གི་ཐ་ཚིག་ཇི་ལྟར་བྱོན་པ་བཞིན་ས་མཚོ་བྲག་ཤིང་གཙུག་ལག་ཁང་སྟེ་ཐུན་མོང་དུ་ཟབ་པའི་གཏེར་གནས་ལྔ་དང་། ཤར་ལྷོ་ནུབ་བྱང་དབུས་ཏེ་ཁྱད་པར་ཅན་གྱི་གཏེར་གནས་ལྔ་རྣམས་སུ་ལེགས་ཉེས་སྤང་བླང་གི་གནས་སྟོན་པ་གཙུག་ལག་རྩིས། བརྟན་པ་སྣོད་ཀྱི་རྒུད་པ་གསོ་བའི་ནོར། གཡོ་བ་བཅུད་ཀྱི་འདུ་འཁྲུགས་སེལ་བའི་སྨན། རྒྱལ་བའི་བསྟན་པ་སྲུང་བའི་ངན་སྔགས་སོགས་ཕྲིན་ལས་ལས་ཚོགས་ཀྱི་རིགས་དང་། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་བསྐྱེད་རྫོགས་མན་ངག་ལ་སོགས་རྣམ་མཁྱེན་གྱི་གོ་འཕང་སྟེར་བའི་གདམས་པ་ཟབ་མོ་སྟེ་མདོར་ན་ཐུགས་གཏེར་ཆེན་པོ་ལྔས་གཙོས་པའི་གཏེར་ཁ་བརྒྱ་དང་རྩ་བརྒྱད། གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་མིང་ཅན་དང་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པར་སྦས་ཤིང་། ཆེ་བའི་ཡོན་ཏན་བཅུ་ལྡན་གྱི་འདོན་པ་པོའི་གང་ཟག་དང་། དག་པའི་ཡོན་ཏན་བཅུ་ལྡན་གྱི་གཏེར་སློབ་ཆོས་བདག འདོན་པའི་དུས་ལ་སོགས་པ་ལུང་བསྟན། འབྱུང་འགྱུར་གནས་ཀྱིས་གང་ཟག་བྱིན་གྱིས་བརློབ་པའི་སླད་དུ་ལུང་ལྔ་ལྗོངས་གསུམ་གླིང་གཅིག་གངས་བྲག་ཉི་ཤུ། ཡང་དབེན་བྲག་ཕུག་ཆེན་པོ་བརྒྱད་ཀྱིས་གཙོས་པའི་བོད་ཡུལ་གྱི་ས་གཞི་རི་བྲག་གངས་ཁྲོད་ཐམས་ཅད་དུ་ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་སུ་བྱིན་གྱིས་བརླབས། རྗེ་བློན་འབངས་དང་ཡོན་བདག་རབ་བྱུང་རྣལ་འབྱོར་ཕོ་མོ་ལ་སོགས་པ་རྣམས་ལ་ཞལ་གདམས་བསླབ་བྱ་རང་རང་གི་སྐལ་བ་བཞིན་བསྩལ་ནས། ང་འགྲོ་ཟངས་མདོག་དཔལ་རིར་འགྲོ༔ སྲིན་པོ་ཆོས་ལ་གཞུག་ཏུ་འགྲོ༔ ཞེས་པ་ལ་སོགས་པའི་མགུར་བཞེངས་ཏེ་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་དུ་གཤེགས་པ་སྟེ་དོན་ལ། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ༔ པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད༔ ཅེས་གསུངས་པ་ལྟར་འཁོར་བ་མ་སྟོང་བར་དུ་ཕྱོགས་དང་དུས་ཀུན་ནས་འགྲོ་བའི་དོན་ལ་གཟིགས་པ་ཡིན་ནོ། །དེ་ལས་ཇི་སྐད་དུ་ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་ངས་ཆེ་བ་དང་༔ སྙིགས་མའི་འགྲོ་ལ་ལྷག་པར་སྙིང་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔ མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་དང་རིས་དྲེགས་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚང་མ་བསྒྲིབས་མཐའ་རྒྱས་ཤིང་༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱངས་པ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་གསུངས་པ་བཞིན་གུ་རུ་སྐུ་དངོས་བཞུགས་པའི་དུས་སུ་རྒྱུད་ལུང་མན་ངག་ལ་སོགས་པ་ཡི་གེར་མ་འཁོད་པ་རྣམས་དབྱངས་ཅན་ལྷ་མོ་འགྲོ་བའི་དོན་དུ་མི་མོའི་གཟུགས་སུ་བྱོན་པ་ཐུགས་ཀྱི་གཟུངས་མ་མཆོག་ལྔའི་ཡ་གྱལ་མཁའ་འགྲོའི་གཙོ་མོ་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱིས་གུ་རུ་སྲིན་ཡུལ་གཤེགས་པའི་རྗེས་སུ་མི་ལོ་བརྒྱ་ཕྲག་ལྷག་གཅིག་གངས་ཅན་ཡུལ་དུ་བཞུགས་ནས་བཀའ་ཡི་བསྡུ་བ་མཛད་དེ་སྔར་ནས་མི་བརྗེད་པའི་གཟུངས་ཀྱིས་ཐུགས་ལ་བཞུགས་པ་རྣམས་ཤོག་སེར་རིགས་ལྔར་དབྱིངས་ཀྱི་མཁའ་འགྲོའི་བརྡ་ཡི་ཡི་གེར་བཀོད་ཅིང་གཏེར་སྣོད་སྒྲོམ་བུ་སྣ་ཚོགས་པར་བཅུག་སྟེ་བོད་ཡུལ་གྱི་ས་གནས་སྟོད་སྨད་ཀུན་ཏུ་གཏེར་ཁ་བསམ་གྱིས་མི་ཁྱབ་པ་སྦས་ཏེ་གཏེར་ཞབས་བསྡམས། གཞན་ཡང་པཎ་ཆེན་བི་མ་ལ་མི་ཏྲ། ཆོས་རྒྱལ་ཡབ་སྲས། ལོ་ཆེན་བཻ་རོ་ཙ་ན། གནུབས་ཆེན་སངས་རྒྱས་ཡེ་ཤེས། ནམ་མཁའི་སྙིང་པོ། གཉགས་ཆེན་ཡེ་ཤེས་གཞོན་ནུ། སྣ་སྣམ་རྡོ་རྗེ་བདུད་འཇོམས། མྱང་བན་ཏིང་འཛིན་བཟང་པོ་སོགས་ཀྱིས་ཀྱང་གཏེར་ཁ་མང་པོ་སྦས་པར་གྲགས་ལ། དེ་ལས་ལུང་བསྟན་དུས་ལ་བབས། སྨོན་ལམ་གྱི་ལས་འཕྲོ་སད། བླ་མ་ལྷའམ་ཆོས་བདག་གཏེར་སྲུང་སོགས་ཀྱིས་དངོས་སམ་བརྒྱུད་ནས་བསྐུལ་བ་ལ་སོགས་རྒྱུ་རྐྱེན་རྟེན་འབྲེལ་དུས་སུ་སྨིན་པ་ལ་བརྟེན་ནས་བོད་ཀྱི་གཏེར་སྟོན་ལ་སྔ་བར་གྲགས་པ་སངས་རྒྱས་བླ་མས་ཐོག་དྲངས་པའི་གཏེར་ཆེན་དང་གཏེར་ཕྲན་རྣམས་རིམ་དང་རིམ་མིན་གྱི་ཚུལ་དུ་བྱོན་པ་ལས། ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་ཀྱི་དབང་ཕྱུག །རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་ཏེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ་དང་། སྔ་མ་གཉིས་ཀྱི་སྟེང་རྡོ་རྗེ་གླིང་པ་དང་། པདྨ་གླིང་པ། བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་སྟེ་གཏེར་སྟོན་གྱི་རྒྱལ་པོ་ལྔ། གཏེར་བདག་གླིང་པ་སོགས་གླིང་པ་བརྒྱད། ཨོ་རྒྱན་གླིང་པ་སོགས་འཁྲུལ་མེད་གླིང་པ་བཅུ་གཅིག །གཞན་ཡང་དྲི་མེད་འོད་ཟེར། དྲི་མེད་ཀུན་དགའ། དྲི་མེད་ལྷུན་པོ་སྟེ་དྲི་མེད་རྣམ་གསུམ་དུ་གྲགས་པས་མཚོན་གཏེར་སྟོན་བརྒྱ་རྩ་དང་གཏེར་ཕྲན་སྟོང་རྩ་ལ་སོགས་པ་མང་དུ་བྱོན་ནས་རང་རང་ལ་བཀའ་ཇི་ལྟར་བབས་པ་བཞིན་གྱི་ཆོས་ནོར་དམ་རྫས་ལ་སོགས་པའི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་གཏེར་གནས་སོ་སོ་ནས་བཞེས་ཏེ་གྲོལ་བ་དྲུག་ལྡན་གྱི་སྒོ་ནས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན་ལ། དེ་ལས་ཆོས་རྒྱལ་ཁྲི་སྲོང་ལ་མུ་ནེ་བཙད་པོ་དང་། མུ་རུབ་བཙད་པོ། མུ་ཏིག་བཙན་པོ་སྟེ་རིགས་དང་ཆོས་ཀྱི་ཡོན་ཏན་གྱིས་མ་སྨད་པའི་སྲས་འཁྲུངས་པ་རྣམས་ཀྱིས་ཆབ་སྲིད་བསྐྱངས་པའི་རིང་ལའང་ཡབ་མེས་ཀྱི་བསྟན་པ་ལ་བཀུར་བསྟི་ཁམ་ཆེ་བ་མཛད། མུ་ཏིག་བཙན་པོ་ལ་སྲས་ལྔ་ཙམ་བྱོན་པའི་ནང་ནས་གསང་འཛིན་ལག་ན་རྡོ་རྗེའི་རྣམ་པར་འཕྲུལ་པ་ཁྲི་རལ་གྱིས་འོན་ཅང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གིས་གཙོས་པའི་ལྷ་ཁང་སྟོང་རྩ་བཞེངས། རབ་ཏུ་བྱུང་བ་རེ་རེར་མཐུན་པའི་ཆ་རྐྱེན་དུ་མི་ཁྱིམ་བདུན་རེ་སྦྱར་བ་དང་། ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་གསུང་རབ་རྣམས་གོ་སླ་བའི་ཆེད་དུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་མཛད་ནས་བསྟན་པ་བླ་ལྷག་ཏུ་བསྐྱངས་པས་སྲོང་བཙན་དང་། ཁྲི་སྲོང་། ཁྲི་རལ་གསུམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་ངོ་མཚར་དང་བཀའ་དྲིན་ཆེ་བའི་མཆོག་ཏུ་རྩི་ཞིང་། དེ་གསུམ་གྱིས་གངས་ཅན་གྱི་འཛིན་མའི་ཁྱོན་ཀུན་རྒྱལ་བའི་བསྟན་པ་དཀར་འབྱམས་ཡུག་གཅིག་གིས་ཁྱབ་པར་མཛད་དོ། །དེ་ལ་ཇི་སྐད་དུ། སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་གསལ་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྔུ་ལྡང་གྱུར་ཏེ། །རིན་ཆེན་རིན་ཐང་མེད་པ་རྙེད་གྱུར་པ། །དེ་ལ་དགྲ་བྱེད་མང་སྟེ་ཆོས་ཉིད་ཡིན། །ཞེས་གསུངས་པ་ལྟར། རེ་ཞིག་ནས་སྡིག་ལ་དགའ་བའི་བློན་པོ་རྣམས་མ་དགའ་ནས་ཆོས་ཁྲིམས་བཤིག་པའི་གྲོས་ངན་བཤམས། མངའ་བདག་ཁྲི་རལ་བཀྲོངས་ཏེ་གླང་དར་འུ་དུམ་བཙན་པོ་ལ་རྒྱལ་སྲིད་གཏད། ལྷ་སྲས་གཙང་མ་མཐའ་ལ་སྤྱུགས། རབ་བྱུང་རྣམས་ཕབ་ནས་མདའ་གཞུ་བསྐུར་ཏེ་རྔོན་ལ་བསྒོས། རྨ་རིན་ཆེན་མཆོག་ལ་སོགས་པ་ལོ་ཙཱ་མང་པོ་གྲིར་བཀུམ་སྟེ་ཆོས་བསྒྱུར་འཕྲོ་བཅད་པ་ལ་སོགས་མི་འཚམས་པ་དུ་མ་བྱས་ནས་ཆབ་སྲིད་ལོ་ངོ་བཞི་ཙམ་བསྐྱངས། དེའི་རིང་རང་རང་གི་ཁྱིམ་དང་དབེན་པའི་རི་སུལ་རྣམས་སུ་སྦས་པའི་ངང་ཚུལ་གྱིས་རིམ་གཉིས་བཤད་སྒྲུབ་ཟབ་མོའི་བཞེད་རྒྱུན་བསྐྱངས་ཤིང་གནས་པའི་སྔགས་པ་ཁྱིམ་པའི་རྟེན་ཅན་རྣམས་ལ་མཐོང་ཆུང་རྟོག་མེད་དུ་ལུས་པའི་སྟེས་དབང་བཟང་པོས་སྔ་འགྱུར་བཀའ་བབས་ཀྱི་བཤད་རྒྱུན་རྣམས་མ་ནུབ། ལྷ་ལུང་དཔལ་གྱི་རྡོ་རྗེས་ལྷ་མོའི་ལུང་བཞིན་གླང་དར་བསྒྲལ། སྨར་གཡོ་གཙང་གསུམ་ཆུ་བོ་རིར་བསྒོམ་ཞིང་བཞུགས་པ་ནས་བཙུན་པ་ཁྱི་ར་བྱེད་པ་མཐོང་བ་ལ་རྒྱུ་མཚན་དྲིས་པ་ན་དེ་དག་ནས་ཚུལ་ཇི་ལྟར་གྱུར་པའི་ལོ་རྒྱུས་གསོང་པོར་སྨྲས་པས་དེ་གསུམ་འཇིགས་ནས་འདུལ་བ་དྲེའུ་ལ་བཀལ་ཏེ་མངའ་རིས་ནས་གར་ལོག་བརྒྱུད་མདོ་སྨད་དུ་བྱོལ་བ་ལས་ཕྱིས་བླ་ཆེན་དགོངས་པ་རབ་གསལ་ལས་ཀླུ་མེས་སོགས་དབུས་གཙང་གི་མི་བཅུ་བརྒྱུད་དམ་ཆོས་འདུལ་བའི་བསྟན་པ་རྒྱས་པར་མཛད་པས་མཚོན་སླར་ཡང་བསྟན་པའི་མེ་རོ་སྨད་ནས་ལང་། གླང་དར་གྱི་སྲས་འོད་སྲུང་ལ་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་དེ་ཉི་མ་མགོན་གཉིས་བྱུང་བའི་ཕྱི་མ་མངའ་རིས་སུ་སྤྱུགས་པ་ལས་སྲས་དཔལ་གྱི་མགོན།སྡེ་གཙུག་མགོན། བཀྲ་ཤིས་མགོན་གསུམ་བྱུང་ནས་སྟོད་དུ་རྒྱལ་སྲིད་ཞྭ་ཙམ་ཆགས། སྨད་དུ་བཀྲ་ཤིས་བརྩེགས་པས་བཞུགས་པ་ལ་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་སྟེ་སྲས་ལྡེ་ཡི་མཚན་ཅན་གསུམ་བྱུང་ནས་དབུས་གཙང་གི་ཆབ་སྲིད་བསྐྱངས་པས་སྨད་དུ་རྒྱལ་སྲིད་ལྷྭམ་ཙམ་ཆགས། བཀྲ་ཤིས་མགོན་ལ་སྲས་འོད་ཀྱི་རྒྱལ་མཚན་འཁྲུངས། དེ་ལ་སྲོང་ངེ་དང་། ཁོ་རེ་གཉིས་བྱུང་། སྲོང་ངེས་གུ་གེར་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས། བོད་ཕྲུག་བློ་རབ་འབྲིང་ཐ་གསུམ་དུ་ཕྱེ་བའི་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་སློབ་ཏུ་བརྫངས། ཁོང་རང་ཡང་བསྙེན་པར་རྫོགས་ཏེ་མཚན་ཡེ་ཤེས་འོད་དུ་བཏགས། གཅུང་གི་སྲས་ལྷ་ལྡེ་ལ་སྲས་གསུམ་བྱུང་བའི་ནང་གི་ལྷ་བཙུན་བྱང་ཆུབ་འོད་ལ་གཙིགས་སུ་མཛད། རྒྱ་གར་དུ་ཆོས་སློབ་པར་བརྫངས་པ་རྣམས་ལས་རིན་ཆེན་བཟང་པོ་དང་། ལེགས་པའི་ཤེས་རབ་གཉིས་མ་གཏོགས་གཞན་བཅུ་དགུ་པོ་རྣམས་ཁ་ཆེ་གྲིབ་བསྟན་དུ་གྲོངས། རིན་ཆེན་བཟང་པོས་བི་ཀྲ་མ་ཤྲཱི་ལར་མར་མེ་མཛད་བཟང་པོས་གཙོས་པའི་པཎྜི་ཏ་མང་པོར་གཏུགས་ནས་རྒྱུད་སྡེ་བཞིའི་སྒྲོ་འདོགས་བཅད་དེ་བོད་དུ་ལོག་ནས་ཆོས་བསྒྱུར། ཕྱིས་པཎྜི་དྷརྨ་པཱ་ལས་གཙོས་པཱ་ལ་རྣམ་གསུམ་དུ་གྲགས་པ་ལས་ཞང་ཞུང་རྒྱལ་བའི་འབྱུང་གནས་སོགས་ལས་བརྒྱུད་པ་དང་། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ལས་ས་པཎ་ལ་སོགས་དཔལ་གྱི་མཐའ་ཅན་གསུམ་སོགས་ལས་བརྒྱུད་པ་སྟོད་འདུལ་དུ་གྲགས་པའི་སྡོམ་རྒྱུན་ཤིན་ཏུ་མང་བར་འཕེལ། མདོར་ན་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད། ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་ངལ་བ་བརྒྱ་ཕྲག་གི་སྒོ་ནས་ཤར་ཕྱོགས་བངྒ་ལའི་པཎྜི་ཏ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་སྤྱན་དྲངས་ཏེ་མདོ་རྒྱུད་གསུང་རབ་མང་དུ་བསྒྱུར་ཞིང་འཆད་ཉན་གྱི་སྲོལ་བཙུག་པ་སོགས་བྱས་ཏེ་བསྟན་པའི་མེ་རོ་སྟོད་ནས་གསོས།འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ཇོ་བོ་དབུས་སུ་གདན་དྲངས་པ་ལས་འཁོར་ལོ་གསུམ་གྱི་མཛད་རྗེས་རྨད་དུ་བྱུང་བ་བསྐྱངས་པས་བསྟན་པའི་མེ་རོ་དབུས་ནས་འབར་ཞེས་གྲགས་སོ། །དེས་ན་བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་བཻ་རོ་སྐ་ཅོག་རྨ་གཉགས་ལ་སོགས་པས་མདོ་རྒྱུད་བཀའ་བསྟན་མང་པོ་བསྒྱུར་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་ཅིང་། དེའི་བཞེད་གཞུང་འཛིན་པ་རྣམས་ལ་སྔ་འགྱུར་རྙིང་མ་བ་དང་། ལོ་ཆེན་རིན་ཆེན་བཟང་པོས་ཐོག་དྲངས་འབྲོག་འགོས་མར་པ་ལ་སོགས་པས་གསུང་རབ་རྒྱུད་སྡེ་རྣམས་བསྒྱུར་ཞིང་འཆད་ཉན་གྱིས་བསྟན་པ་བསྐྱངས་པའི་བཞེད་གཞུང་འཛིན་པ་རྣམས་ལ་གསང་སྔགས་གསར་མ་བ་ཞེས་གྲགས་ལ། དེ་ཡང་སྤྱིར་ཡུལ་དུས་གདུལ་བྱའི་ཁམས་དབང་དང་འཚམས་པའི་ཆོས་ཀྱི་ཆུ་མགོའི་བརྒྱུད་ཚུལ་དང་། དགོན་གནས་གདན་ས་ལ་སོགས་པའི་མཚན་ལ་བརྟེན་ནས་ཆོས་ལུགས་གྲུབ་མཐའ་སོ་སོར་འཛིན་པ་འགའ་ཞིག་བྱུང་བ་སྟེ། དེ་ཡང་ཇི་ལྟར་ན། རྒྱ་གར་ཤར་ཕྱོགས་བངྒ་ལའི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་དུ་རྒྱལ་པོ་དགེ་བའི་དཔལ་གྱི་སྲས་སུ་འཁྲུངས་པ་དཔལ་ལྡན་ཨ་ཏི་ཤས་ལྟ་བ་ལུང་སྟོན་པ་པཎ་ཆེན་ན་རོ་པ་དང་། རྒྱུད་བྱིན་གྱིས་བརླབས་པ་གྲུབ་ཆེན་ཌོམྦི་པ། བློ་སྦྱོང་གི་རིམ་པ་སྟེར་བར་བྱེད་པ་ཇོ་བོ་གསེར་གླིང་པ་དང་། གཞན་ཡང་ལས་ཚོགས་མན་ངག་སྟོན་པ། རྫུ་འཕྲུལ་དངོས་སུ་སྟོན་པ། ཕག་མོའི་བྱིན་རླབས་མཛད་པ། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བ། བྱང་སེམས་བརྟན་པར་བྱེད་པ། ཚིག་དོན་རྒྱས་པར་བྱེད་པ་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོའི་ཁྲི་ལ་བཞུགས་ཤིང་། བི་ཀྲ་མ་ཤཱི་ལའི་དགེ་བསྐོས་མཛད། པཎ་ཆེན་ལྔ་བཅུ་རྩ་གཅིག་གིས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེའུ་མིག་གཏད་ནས་བསྟན་པའི་བདག་པོར་མངའ་གསོལ་བ་བཞིན་བསྟན་པ་རྨ་མེད་པར་བསྐྱངས། བོད་དུ་ཕེབས་ནས་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁམས་དང་བསྟུན་ནས་འདུལ་བ་ནས་སྔགས་བླ་མེད་གསང་བ་འདུས་པའི་བར་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་རྟོགས་པས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། དེ་དག་ཐམས་ཅད་དོན་སྙིང་པོ་རང་རྒྱུད་འདུལ་བར་སྦྱར་ནས་གསུང་རབ་མ་ལུས་པ་གདམས་ངག་ཏུ་འཆར་བའི་ཆེ་བ། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་རྩལ་དུ་བཏོན་པས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པའི་ཆེ་བ། འཁོར་བ་ལས་ངེས་པར་འབྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་ལ་གཞི་བཟུང་བས་ཉེས་སྤྱོད་ཐམས་ཅད་རང་འགགས་སུ་འགྲོ་བའི་ཆེ་བ་སྟེ་ཆེ་བ་རྣམ་པ་བཞི་དང་། མདོར་ན་ཐུབ་པ། སྤྱན་རས་གཟིགས། མི་གཡོ་བ། རྗེ་བཙུན་སྒྲོལ་མ་སྟེ་ལྷ་བཞིས་ལུས་བརྒྱན་པ། འདུལ་བ་མདོ་སྡེ་མངོན་པ་གསུམ་ལ་འཆད་ཉན་བྱེད་པ་སྟེ་སྡེ་སྣོད་གསུམ་གྱིས་ངག་བརྒྱན་པ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཤེས་རབ་སྟེ་བསླབ་པ་གསུམ་གྱིས་སེམས་བརྒྱན་པ་སྟེ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་སྒོ་ནས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་། དགེ་བཤེས་སྐུ་མཆེད་གསུམ་ལ་སོགས་སློབ་མ་མང་པོ་རྗེས་སུ་བཟུང་ནས་མདོ་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་བཀའ་གདམས་པ་དང་། གདུལ་བྱ་དམན་པ་དང་བསྟུན་ཏེ་བཀའ་བབས་བཞི་ཡི་བླ་མ་བསྟེན་པ་དང་། བར་མ་དང་བསྟུན་ནས་རྣལ་འབྱོར་མ་ཙིནྟོའི་སྲས་སུ་སྤྲུལ་པའི་བཀོད་པ་བཞེས་ནས་ཕྱག་ན་རྡོ་རྗེ་ལས་རྒྱུད་གསན་ཏེ་གྲུབ་པ་བརྙེས་པ། མཆོག་དང་མཐུན་པ་སྲིང་མོ་བདེ་སྟེར་མ་ཡི་མིང་པོ་པཉྩ་པ་ནིའི་མཚན་བཟུང་སྟེ་ཨོ་རྒྱན་དྷརྨ་གཉྫོར་བརྟོལ་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་མཇལ་ཞིང་། དེས་ཕྱག་རྒྱ་རྣམ་གསུམ་གྱི་བརྡ་རྟགས་བསྟན་པ་ན། ཙཀླི་སྐུ་ཡི་དཀོར་མཛོད་ནས། །བརྒྱུད་པ་ཡིད་བཞིན་ནོར་བུ་ཞུ། །ཡིག་འབྲུ་གསུང་གི་དཀོར་མཛོད་ནས། །རྨི་ལམ་ཡིད་བཞིན་ནོར་བུ་ཞུ། །ཕྱག་མཚན་ཐུགས་ཀྱི་དཀོར་མཛོད་ནས། །གྲོལ་ལམ་ཡིད་བཞིན་ནོར་བུ་ཞ། །ཞེས་གསོལ་བར། བཅོམ་ལྡན་འདས་མས། བདག་གི་ཡབ་གྱུར་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་བདེ་བའི་མཆོག །ཏེ་ལོ་སངས་རྒྱས་འགྲོ་བའི་མགོན། །ཡིད་བཞིན་ནོར་བུ་རྣམ་གསུམ་འབུལ། །ཞེས་བདེ་བ་ཆེན་པོའི་རྗེས་ཆགས་ཀྱི་མཆོད་པ་དང་བཅས་ཏེ་སྙན་བརྒྱུད་ཀྱི་གདམས་ངག་མ་ལུས་པ་ཕུལ་ཞིང་། རྒྱ་གར་གྱི་པཎ་ཆེན་ན་རོ་པ་དང་། བོད་ཀྱི་མར་མི་དྭགས་གསུམ་གྱིས་གཙོས་པའི་སྐལ་ལྡན་རྣམས་རྗེས་སུ་འཛིན་པ་གྲུབ་ཆེན་ཏེ་ལོའི་སྙན་བརྒྱུད་ཀྱི་གདམས་ངགས་ལ་རྩལ་དུ་བཏོན་ནས་བཀའ་བབས་ཀྱི་བརྒྱུད་པ་འཛིན་པ་བཀའ་བརྒྱུད་པ་དང་། སློབ་དཔོན་པདྨའི་སློབ་མ་འཁོན་ཀླུའི་དབང་པོའི་གདུང་བརྒྱུད་ལས་བྱོན་པ་དཀོན་མཆོག་རྒྱལ་པོས་བདག་མེད་མ་ལྷ་མོ་བཅོ་ལྔའི་དབང་ཡེ་ཤེས་ཀྱི་ལྷ་ལས་དངོས་སུ་གསན་པའི་གྲུབ་ཆེན་བིརྦ་པའི་གདམས་ངག་རྫོགས་པར་ཐོབ་པ་འབྲོག་མི་ལས་གསང་སྔགས་ཀྱི་ལམ་འབྲས་བུ་དང་བཅས་པས་ཉམས་ལེན་དངོས་གཞི། ཀུན་གཞི་རྒྱུའི་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་གཏན་ལ་འབེབས་པ། ཐབས་སམ་ལམ་གྱི་རྒྱུད་ལ་དབང་བཞི་དང་འབྲེལ་བའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ལམ་སྒོམ་པ། མཐར་ཐུག་འབྲས་བུའི་རྒྱུད་ལ་སྐུ་གསུམ་དང་། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ་སྟེ་སྐུ་ལྔ་དང་། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་གོ་འཕང་ལ་མངའ་དབང་བསྒྱུར་བ་སྟེ། བརྒྱུད་གསུམ་གྱི་བཤད་པ་གསན་པས་གཙོས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན། དབེན་པོ་རིའི་འགྲམ་ན་ས་དཀར་ལ་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་ལ་སོགས་ས་དཔྱད་ཀྱི་མཚན་ཉིད་ལེགས་པར་གཟིགས་ནས་ཆོས་གྲྭ་བཏབ། རིམ་བཞིན་རྗེ་བཙུན་གོང་མ་རྣམ་ལྔས་གཙོས་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་མང་དུ་བྱོན། མདོ་སྔགས་སྤྱི་དང་། ཁྱད་པར་སོ་ཐར་གྱི་མདོ། འདུལ་བ་མདོ་རྩ་བ། མངོན་པར་རྟོགས་པའི་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། ཆོས་དང་ཆོས་ཉིད་རྣམ་འབྱེད། སྤྱོད་འཇུག དབུ་མ་རྩ་བ་ཤེས་རབ། དབུ་མ་བཞི་བརྒྱ་པ། དབུ་མ་འཇུག་པ། མངོན་པ་ཀུན་ལས་བཏུས་པ། མངོན་པ་མཛོད། ཚད་མ་ཀུན་བཏུས། ཚད་མ་རྣམ་གྲོལ། ཚད་མ་རྣམ་ངེས། ཚད་མ་རིག་གཏེར། སྡོམ་གསུམ་རབ་དབྱེ་སྟེ་རིག་གཞུང་པུསྟི་གྲགས་ཆེན་བཅོ་བརྒྱད་ལ་འཆད་ཉན་རྩལ་དུ་བཏོན་ཅིང་། ཆོས་གང་ཞིག་ཡིན་འང་ལུང་དང་ལྡན་པ། ལུང་མན་ངག་དང་ལྡན་པ། མན་ངག་བརྒྱུད་པ་དང་ལྡན་པ། བརྒྱུད་པ་བྱིན་རླབས་དང་ལྡན་པ་སྟེ་སྙན་བརྒྱུད་ཚད་མ་བཞི་ལྡན་ལམ་འབྲས་བུ་དང་བཅས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད། ཁྱད་པར་སེ་ཆེན་གྱིས་བོད་འབངས་སུ་བཅུག་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཕུལ་བ་སོགས་བྱས་པས་གངས་ཅན་ལྗོངས་ཀྱི་སའི་ཁྱོན་ཧྲིལ་པོར་དབང་བསྒྱུར་བའི་མངའ་ཐང་དར་ཡང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་སྔོན་བྱོན་གོང་མའི་རྣམ་པར་ཐར་པའི་རྗེས་སུ་ཞབས་ཀྱི་རེ་ཁ་བཞག་པས་ཆོས་ལུགས་ཐམས་ཅད་རང་རང་གི་ལུགས་སུ་སྤྱད་ཆོག་པའི་གནང་བ་སྦྱིན་ནས་རྒྱལ་བསྟན་སྤྱི་ལའང་སྲི་ཞུ་བསྒྲུབ་པར་མཛད་པའི་ཕྱག་རྗེས་བླ་ལྷག་ཏུ་ཆེ་བ་དཔལ་ལྡན་ས་སྐྱ་པ་དང་། རྒྱ་གར་ལྷོ་ཕྱོགས་བཻ་ཏའི་ཡུལ་གྱི་བྱེ་བྲག་ཙར་སིངྷ་གྲགས་པར་དེད་དཔོན་བརྩོན་འགྲུས་གོ་ཆའི་སྲས་སུ་འཁྲུངས་པ་ཕ་དམ་པ་སངས་རྒྱས་ཀྱིས་སྐུ་གཞོན་ནུའི་དུས་ནས་བི་ཀྲ་མ་ཤཱི་ལར་ཞུགས་ནས་ཐོས་བསམ་མཛད། མཁའ་སྤྱོད་ཀྱི་བླ་མ་བཅུ་གསུམ་ལྷག་གིས་རྗེས་སུ་བཟུང་བས་གཙོས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་ངག་ཐམས་ཅད་རྫོགས་པར་མཛད་དེ་དགུང་ལོ་བདུན་ཅུ་ལྷག་ཅིག་སྒྲུབ་པ་མཛད་ནས་དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར། ཞི་བྱེད་སྒྲོན་མ་སྐོར་གསུམ་གྱི་གཙོས་པའི་ཕྱག་རྒྱ་ཆེན་པོ་དང་། རིག་པ་གཅེར་མཐོང་གི་མན་ངག རྟོགས་པ་ལམ་ཁྱེར་གྱི་གདམས་ངག་ལ་སོགས་པས་བོད་ཀྱི་རྨ་སོ་ཀམ་གསུམ་དང་། སྒོ་བཞིའི་རྣལ་འབྱོར་རྣམ་བཞི། མ་ཇོ་ཉི་ཤུ་རྩ་བཞི་སོགས་རྗེས་སུ་བཟུང་ནས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ལ་བརྟེན་པའི་སྐྱེ་འགྲོ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ཞི་བར་བྱེད་པ་ཞི་བྱེད་དང་། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མི་མོའི་གཟུགས་ཀྱིས་འགྲོ་བའི་དོན་དུ་བྱོན་པ་མ་ཅིག་ལབ་སྒྲོན་གྱིས་ཕ་དམ་པ་སངས་རྒྱས་དང་མཇལ། སྐྱོ་སྟོན་བསོད་ནམས་བླ་མ་ལས་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་གདམས་པ་བཞེས་ཤིང་། གནས་རི་སྒྲུབ་ཕུག་ངེས་མེད་རྣམས་དང་། ཁྱད་པར་ཟངས་རི་མཁར་དམར་གྱི་ཕུག་པར་ཡུན་རིང་བཞུགས་ནས་སྒྲུབ་པ་མཛད། གསུང་ལས། ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་ཅེས་བྱ་བ་འདི་ཡང་ཕྱི་ཕ་རོལ་ཏུ་ཕྱིན་པ་མདོ་དང་། ནང་གསང་སྔགས་བླ་ན་མེད་པ་གཉིས་ཀྱི་དོན་ཕྱོགས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ་ཕྱག་རྒྱ་ཆེན་པོ་གཅོད་ཟེར་བ་ཡིན་ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་ཕྱིན་དྲུག་གི་སྤྱོད་པ་ཐམས་ཅད་གཅིག་ཏུ་བསྡུས་པ་སྟོན་པའི་སྤྱོད་ཡུལ་ལམ། བདུད་བཞིའི་སྙེམས་ཐག་ཐམས་ཅད་ཐད་ཀར་གཅོད་པའི་གདམས་པའི་སྲོལ་གཏོད་ཅིང་། སྙིང་པོ་གྲུབ་པས་གཙོས་པའི་སྲས་བརྒྱུད་དང་། ཁུ་སྒོམ་ཆོས་སེང་གིས་གཙོས་པའི་སློབ་བརྒྱུད་མང་དུ་སྤེལ་ནས་ཕུང་པོ་ཟན་བསྐྱུར་གྱི་ཐབས་ལ་བརྟེན་ནས་ནད་གདོན་དབུལ་ཕོངས་ཀྱིས་ཉེན་པས་གཙོས་པའི་མི་དང་མི་མིན་གྱི་འགྲོ་བ་མཐའ་ཡས་པའི་དོན་མཛད་པ་གཅོད་པ་བ་དང་། རུ་མཚམས་ཀྱི་ཡུལ་སྙེ་མོ་ར་མང་དུ་འཁྲུངས་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་ལན་བདུན་བྱོན། མཻ་ཏྲི་པས་གཙོས་པའི་རྩ་བའི་བླ་མ་བཞི་དང་། བཀའ་དྲིན་ཅན་གྱི་བླ་མ་བཅུ་གསུམ། མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ལ་སོགས་བསྟེན་ནས་ཆོས་ཐམས་ཅད་རྫོགས་པར་ཞུས། ཁྱད་པར་རྡོ་རྗེ་འཆང་ལས་དངོས་སུ་ཆོས་གསན་པའི་མཁའ་འགྲོ་ནི་གུ་མ་ལས་ཆོས་དྲུག་གསན་ཅིང་། མཁའ་འགྲོ་མ་སུ་ཁ་སིདྡྷིས་ཉིད་དང་ཉིད་ཀྱི་བརྒྱུད་པ་རྣམས་ལ་སྐུ་དངོས་ཀྱིས་བྱིན་གྱིས་རློབ་པར་ཞལ་གྱིས་བཞེས་ནས་རྗེས་སུ་བཟུང་། བོད་དུ་ཕེབས་ནས་ཤང་ཞོང་ཞོང་གི་གཙུག་ལག་ཁང་སོགས་བསྟན་རྩའི་དགོན་གནས་བརྒྱ་དང་རྩ་བརྒྱད་ལོ་གསུམ་ཁོངས་སུ་བཞེངས། སྤྲུལ་པའི་དམག་གིས་གཡུལ་ངོ་བཟློག་པ་སོགས་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད། ལ་སྟོད་པ་དཀོན་མཆོག་མཁར་གྱིས་གཙོས་པའི་མཐར་ཐུག་གི་སློབ་མ་བཞི་དང་ཕྱི་བུ་གཅིག བརྒྱུད་པ་རིན་ཆེན་བདུན་བརྒྱུད་སོགས་མང་དུ་བྱོན་ནས་ཆོས་བརྒྱུད་འཛིན་པ་ལས་མཁས་གྲུབ་ཤངས་སྟོན་ཀྱིས་འཇག་པ་དང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་དཔའ་རྣམས་བསམ་ལྡིངས་བཏབ་པས་འཇག་བསམ་གཉིས་སུ་གྱེས་པའི་ཤངས་པ་བཀའ་བརྒྱུད་དུ་གྲགས་པ་དང་། གཞན་ཡང་ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན། བོ་གདོང་ཕྱོགས་ལས་རྣམ་རྒྱལ་སོགས་བྱོན་ནས་རང་རང་གི་བཞེད་པའི་ཁྱད་ཆོས་དང་བཅས་ཏེ་རྒྱལ་བསྟན་མདོ་སྔགས་ཀྱི་བསྟན་པ་གསལ་བར་མཛད་པ་ཡིན་ལ། དེ་ཡང་གོང་དུ་བརྗོད་མ་ཐག་པ་བཞིན་ཡུལ་དུས་གནས་སྐབས་དང་རྗེས་སུ་མཐུན་པའི་བརྒྱུད་པའི་བབ་ལུགས་དང་། གདན་ས་སོགས་ལས་ནང་གསེས་དབྱེ་བ་མང་དུ་བཞུགས་པ་ནི་དཔེར་ན་བཀའ་གདམས་ལ་གསར་རྙིང་གཉིས། བཀའ་བརྒྱུད་ལ་ཆེ་བཞི་ཆུང་བརྒྱད། ས་སྐྱ་ལ་ས་ངོར་ཚར་གསུམ། གཅོད་ལ་ཕོ་གཅོད་མོ་གཅོད་སོགས་ཁྱད་གཞི་གཅིག་ལས་ཁྱད་ཆོས་སོ་སོར་གྱེས་པའི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་མང་ཞིག་བཞུགས་པ་དེ་དག་ཀུན་ཀྱང་ས་དགེ་བཀའ་རྙིང་སྟེ་བསྟན་པའི་བཀའ་བབས་རྣམ་བཞིར་འདུ་བ་ལས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་གནད་དོན་གཅིག་པ་སྟེ་ཞིབ་པ་རང་རང་གི་ཆོས་འབྱུང་ལོ་རྒྱུས་སོགས་ལ་གཟིགས་པས་ཁྱབ་བོ། །དེ་ལྟར་རྩ་བའི་ས་བཅད་དང་པོ་སྤྱིར་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་སྨྲོས་ཟིན་ནས། ༈ །ས་བཅད་གཉིས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་སྨོས་ཀྱིས་མི་ལང་བ་ལས་ཅུང་ཟད་ཅིག་འཁྲུངས་རབ་གསོལ་འདེབས་ཞལ་གསུང་མ་ལས་བྱུང་བ་ལྟར་མཐར་ཆགས་སུ་སྨོས་པ་ལ།


༄༅། །བདེ་སྟོང་འགྱུར་མེད་ཀུན་བཟང་ཆོས་དབྱིངས་མཁར། །ཚད་མེད་མཁྱེན་བརྩེའི་ཡེ་ཤེས་སྤྲིན་བཀོད་དེ། །དགེ་ལེགས་ཐུགས་རྗེའི་གྲུ་ཆར་འབེབས་མཁས་པ། །ཁྱབ་བདག་བླ་མ་མཆོག་ལ་གསོལ་བ་འདེབས། །ཟག་པ་མེད་པའི་བདེ༷་བ་ཆེན་པོ་དང་སྐྱེ་བ་མེད་པའི་སྟོང༷་པ་ཉིད་སྟོང་དང་རྣམ་ཀུན་མཆོག་ལྡན་ཆོས་སྐུ་འགྱུ༷ར་མེ༷ད་ཀུ༷ན་ཏུ་བཟ༷ང་མོ་རྡུལ་བྲལ་ཆོ༷ས་ཀྱི་དབྱི༷ངས་ཀྱི་ནམ་མཁ༷ར། ཐབས་སྣང་བ་དམ་པ་ཚ༵ད་མེ༵ད་པའི་མཁྱེ༵ན་བརྩེ༵འི་ཡེ༵་ཤེ༵ས་ཀྱི་སྤྲིན༵་ཕུང་ལོངས་སྐུ་རྒྱལ་བ་རིགས་ལྔའི་སྐུ་དང་ཞིང་ཁམས་ཀྱི་རྣམ་པར་འཕྲུལ་པ་མཐའ་ཀླས་པར་བཀོ༵ད་དེ༵་འགྲོ་བ་རྣམས་གནས་སྐབས་དགེ༵་ཞིང་ལེ༵གས་པ་མངོན་མཐོ་ལྷ་མིའི་ཆོས་ཀྱི་སྣང་བ་དཀར་པོ་ནས། ངེས་ལེགས་གཏན་དུ་བདེ་བའི་སྣང་བ་དཀར་པོའི་མཐར་ཐུག་པ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པའི་ཐུ༵གས་རྗེ༵འི་ཆོས་ཀྱི་གྲུ༵་ཆ༵ར་གང་ལ་གང་འདུལ་དུ་འབེ༵བས་པ་ལ་མཁ༵ས་པ༵་རིགས་བརྒྱའི་ཁྱ༵བ་བད༵ག་རྩ་བའི་བླ༵་མ༵་མཆོ༵ག་ལ༵་གསོ༵ལ་བ༵་འདེ༵བས་སོ། །


༄༅། །བསྐལ་བཟང་ཞེས་གྲགས་སྒྲོན་མེའི་ཞིང་ཁམས་འདིར། །རྣམ་འདྲེན་སྟོང་རྩའི་རིགས་ཀྱི་ཅོད་པན་དུ། །རྣལ་འབྱོར་དབང་ཕྱུག་མཆོག་གི་སྐུར་སྟོན་པ། །ནུས་ལྡན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྤྱིར་བསྐལ་པ་བཟང་པོ་ཞེས་གང་དུ་སངས་རྒྱས་རྣམས་བྱོན་ཅིང་། དེ་དག་གི་བསྟན་པ་དར་བའི་གནས་དང་དུས་བསྐལ་པ་བཟང་པོ་ལ་བྱ་སྟེ། དེ་ཡང་མི་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་དང་། ཚེ་ལོ་གསུམ་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་གསེར་ཐུབ། ཚེ་ལོ་ཉིས་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འོད་སྲུང་། ཚེ་ལོ་བརྒྱ་ཐུབ་པའི་དུས་སུ་སངས་རྒྱ་ཤཱཀྱ་ཐུབ་པ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མ་འོངས་པར་རྒྱལ་བ་བྱམས་པ་བྱོན་ཏེ་ཆོས་ཀྱི་འཁོར་ལ་བསྐོར་བ་དང་། དེ་ནས་རིམ་བཞིན་སངས་རྒྱས་གཞན་རྣམས་བྱོན་ཏེ་ཆོས་ཀྱི་འཁོར་ལོས་བསྐོར་ཞིང་། ཀུན་གྱི་མཐའ་མར་སངས་རྒྱས་དེ་དག་ཀུན་གྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་བསྟན་པའི་གནས་ཚད་དང་བཅས་པ་གཅིག་ཏུ་བཟླུམས་པ་སངས་རྒྱས་སྣང་མཛད་དམ་བདེ་གཤེགས་མོས་པ་མཐའ་ཡས་བྱོན་ཏེ་ཆོས་ཀྱི་འཁོར་བསྐོར་བས་དཀར་པོ་དགེ་བའི་ཕྱོགས་ལ་སྣང་བ་དཀར་བའི་ལྷ་རྣམས་ཀྱིས་ཨ་ལ་ལ་བསྐལ་པ་བཟང་པོའོ་ཞེས་ཡོངས་སུ་གྲགས་སོ། །སངས་རྒྱས་སྟོང་གི་གྲངས་ངེས་སུ་མཛད་པ་ནི་སྔོན་ཚེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་ཐུགས་བསྐྱེད་སྨོན་ལམ་ལྷན་ཅིག་ཏུ་ཚོགས་པའི་དབང་ལས་བྱུང་བའོ། །བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཚུལ་ལ་ཡང་། ཐེག་དམན་ལྟར་ན་བདག་ཅག་གི་སྟོན་པ་འདི་སྔོན་རྒྱལ་པོ་འོད་ལྡན་དུ་འཁྲུངས་པའི་ཚེ་སྦྱིན་པ་བྱིན། སྨོན་ལམ་བཏབ་ཅིང་བྱང་ཆུབ་ཏུ་ཐུགས་བསྐྱེད་དང་། ཐེག་ཆེན་ལྟར་ན་སྔོན་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྲས་རྒྱ་མཚོའི་སྙིང་པོ་མངོན་པར་སངས་རྒྱས་ནས་རྒྱལ་བ་རིན་ཆེན་སྙིང་པོར་གྱུར་པ་དེ་རྩིབས་ཀྱི་མུ་ཁྱུད་སྲས་སྟོང་དང་བཅས་པས་མཆོད་ཅིང་དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཡང་དམྱལ་བར་ཤིང་རྟ་འདྲེན་པར་སྐྱེས་པའི་ཚེ་གྲོགས་ལ་སྙིང་རྗེ་མི་བཟོད་པ་འཁྲུངས་ཏེ་དམྱལ་སྲུང་བ་ལ་ངའི་གྲོགས་འདི་ཐོངས་ཤིག་ཤིང་རྟ་བདག་ཉིད་རང་ནས་འདྲེན་པར་བྱའོ་སྨྲས་པས་དམྱལ་སྲུང་བ་ཁྲོས་ཏེ་མགོ་ལ་རྩེ་གསུམ་བསྣུན་པ་དེ་ཉིད་དུ་ཚེ་འཕོས་ནས་ལྷ་ཡུལ་དུ་སྐྱེས་པ་ཐུགས་བསྐྱེད་ཀྱི་དང་པོར་བརྩི་ཞིང་། ཡང་ཕུང་པོ་གསུམ་པའི་མདོ་ལས་ནི། བདག་ཅག་གི་སྟོན་པ་འདི་ཚོང་དཔོན་གྱི་བུ་མངོན་དགའ་ཞེས་བྱ་བར་གྱུར་པ་ན་དེ་བཞིན་གཤེགས་པ་མཛེས་ཆེན་ལ་བརྟེན་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་སྐྱེད་པར་བཤད་པ་དང་། ཡང་རྒྱ་ཆེར་རོལ་པ་ལས། ཐོག་མར་ཁྱོད་ཀྱིས་དོན་ཡོད་མཐོང་ལ་ས་ལའི་མེ་ཏོག་གཅིག་གིས་མཆོད། །ཅེས་ཐོག་མར་དེ་བཞིན་གཤེགས་པ་དོན་ཡོད་མཐོང་གི་དྲུང་དུ་ཐུགས་བསྐྱེད་པར་གསུངས་སོ། །དེ་ལྟར་ཐོག་མར་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ཚུལ་ལ་ཐེག་པ་ཆེ་ཆུང་གི་བཞེད་པ་མི་འདྲ་བའི་ཁྱད་པར་དང་། ཐེག་ཆེན་ཉིད་ལའང་མདོ་རྣམས་སུ་མི་འདྲ་བ་དུ་མར་འབྱུང་བ་ནི་གདུལ་བྱའི་དུས་སྐབས་སམ་བསམ་པའི་ཁྱད་པར་དང་། སྨོན་འཇུག་སེམས་བསྐྱེད་དང་།དོན་དམ་སེམས་བསྐྱེད་ཀྱི་རྣམ་པར་བཞག་པའི་ཁྱད་པར་སོགས་དགོངས་གཞི་དང་དགོས་པས་ཐ་དད་པར་གསུངས་པར་སྣང་བས་ཐུགས་བསྐྱེད་ཀྱི་ཐོག་མ་འདི་ཁོ་ནའོ་ཞེས་ཕྱོགས་གཅིག་ཏུ་ཞེན་ཅིང་། གོ་རིམ་དཀྲིགས་ཅར་དུ་བསྒྲིགས་པ་ལ་ནི་སྙིང་པོ་མེད་དོ་ཞེས་མཁྱེན་རབ་ཀྱི་དབང་ཕྱུག་གོང་མ་རྣམས་ཀྱིས་གསུངས་སོ། །གང་ལྟར་ཡང་དེ་ལྟ་བུའི་བསྐ༵ལ་པ་བཟ༵ང་པོ་ཞེ༵ས་སུ་གྲ༵གས་པའི་སྒྲོན༵་མེ༵འི་ཞི༵ང་ཁ༵མས་འདི༵ར་སྔོན་བྱུང་འདས་པའི་དུས་ན་འཇིག་རྟེན་གྱི་ཞིང་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བ་ཞིག་བྱུང་། དེའི་ཁོངས་སུ་ཕོ་བྲང་རྣམ་པར་དག་པ་ན་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། བཙུན་མོ་བདུན་འབུམ་སྲས་སྟོང་ཚོ་གཅིག་དང་བཅས་པ་ལ་མངའ་དབང་བསྒྱུར་བ་ཞིག་བྱུང་། རེ་ཞིག་ནས་རྒྱལ་པོ་ཡུལ་འཁོར་སྲུང་དབེན་པར་སོང་སྟེ་གསང་སྔགས་ཀྱི་ཆོས་ལ་སྤྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་ནུས་ལྡན་རྡོ་རྗེ་ཞེས་བྱ་བ་ཞིག་བཞུགས་པའི་དྲུང་དུ་བརྟོལ་ནས་ཕྱག་བྱས་ཏེ་པུས་མོའི་ལྷ་ང་ས་ལ་བཙུགས་ཤིང་། ལག་གཉིས་ཐལ་མོ་སྦྱར་བ་སྙིང་གར་བཀོད་དེ་བདག་གི་བུ་གཞོན་ནུ་འདི་དག་ཐམས་ཅད་བླ་ན་མེད་པའི་ཆོས་ལ་ཞུགས་པ་ཤ་སྟག་སྟེ། འདི་དག་གི་ནང་ནས་ཐོག་མར་སངས་རྒྱས་ཀྱི་གོ་འཕང་གང་ཞིག་གིས་ཐོབ་པར་འགྱུར་གྲང་བ་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་ཁྱོད་ཀྱིས་ལུང་དུ་བསྟན་པ་ཅི་གནང་ཞེས་གསོལ་བ་དང་། ནུས་ལྡན་རྡོ་རྗེས་རིན་ཆེན་སྣ་བདུན་ལས་བྱས་པའི་བུམ་པའི་ནང་རྒྱལ་སྲས་གཞོན་ནུ་དེ་དག་གི་མིང་བཻ་ཌཱུརྻའི་མཐིང་ཞུན་གྱི་བྱང་བུ་ལ་ས་ལེ་སྦྲམ་བཞུ་བཏུལ་བྱས་པ་ལས་བྲིས་པ་བཅུག་དར་ལྔས་མགུལ་ཆིངས་བྱས་ཏེ་པདྨའི་སྟེང་དུ་བཞུགས་སུ་གསོལ། མེ་ཏོག་གི་རིགས་མི་འདྲ་བ་དང་། བདུག་སྤོས་ཀྱི་རིགས་མི་འདྲ་བ། བྱུག་པའི་རིགས་མི་འདྲ་བ། སིལ་སྙན་དང་རོལ་མོའི་བྱེ་བྲག་མི་འདྲ་བ། རྔེའུ་ཆུང་དང་རྔ་བོ་ཆེ་བྱེ་བྲག་མི་འདྲ་བ། ཞལ་ཟས་ལ་སོགས་བཟའ་བཅའི་རིགས་མི་འདྲ་བ། ཇ་དང་ཤིང་འབྲས་ཀྱི་ཁུ་བ་ལ་སོགས་བཏུང་བའི་རིགས་མི་འདྲ་བ། དཀར་གསུམ་མངར་གསུམ་དང་། ཤིང་འབྲས་ཀྱི་རིགས་མི་འདྲ་བ་ལ་སོགས་མཆོད་པའི་རིགས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མདུན་བདར་ནས་བཀའ་ཐམས་ཅད་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཞག་བདུན་གྱི་བར་དུ་མཆོད་པར་བྱས་པའི་མཐར་སྤྱི་དབང་ཉེར་ལྔ། བྱེ་བྲག་གི་དབང་བཅུ། སྒོས་དབང་ཆུ་བོ་བཞི་དང་བཅས་པ་བསྐུར་བའི་མཐར་བུམ་པའི་ནང་ནས་རྒྱལ་སྲས་གཞོན་ནུ་དེ་དག་གི་མིང་རིམ་བཞིན་ཕྱུང་བས་ཐོག་མར་གཞོན་ནུ་རྣམ་དག་བློ་གྲོས་ཀྱི་མིང་བྱུང་། དེ་མ་ཐག་ཏུ་ས་ཆེན་པོ་གཡོས། རོལ་མོ་ཐམས་ཅད་མ་བཀྲོལ་རང་འཁྲོལ་དུ་སྒྲ་གྲགས་པས་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན། དེའི་འོག་གཞོན་ནུ་རྣམ་པར་རྒྱལ་བའི་སྡེའི་མིང་བྱུང་བ་སངས་རྒྱས་གསེར་ཐུབ་ཏུ་ལུང་བསྟན། དེ་འོག་གཞོན་ནུ་དབང་པོ་ཞི་བའི་མིང་བྱུང་བ་སངས་རྒྱས་འོད་སྲུང་དུ་ལུང་བསྟན། དེ་འོག་གཞོ་ནུ་དོན་ཀུན་གྲུབ་པའི་མིང་བྱུང་བ་སངས་རྒྱསཤཱཀྱ་ཐུབ་པར་ལུང་བསྟན། དེ་འོག་གཞོམ་ནུ་སྐ་རགས་ཅན་གྱི་མིང་བྱུང་བ་རྒྱལ་བ་བྱམས་པ་ཞེས་བྱ་བར་ལུང་བསྟན་པ་ནས་མཐར་རྒྱལ་སྲས་གཞོན་ནུ་ཐ་ཆུང་བློ་མཐའ་ཡས་པའི་བར་ལུང་བསྟན་ཏོ། །བཙུན་མོ་དམ་པ་མ་སྨད་པ་དང་། དཔེ་མེད་མ་གཉིས་རྫིང་བུ་དགའ་བ་ཞེས་བྱ་བར་ཁྲུས་ཀྱི་བྱ་བ་ལ་ཞུགས་པའི་སྐབས་སུ་མཚན་ཉིད་ཕུན་སུམ་ཚོགས་པའི་བུ་གཉིས་བཙུན་མོ་དམ་པ་གཉིས་ཀྱི་པང་ན་བརྫུས་སྐྱེས་སུ་བྱུང་བ་མ་སྨད་པ་ཡི་བུ་ཆོས་སེམས་ཁུ་བོ་སྟོང་གི་ཆོས་ཀྱི་སྡུད་པ་པོ་ལག་ན་རྡོ་རྗེ་ཞེས་བྱ་བར་ལུང་བསྟན། དཔེ་མེད་མའི་བུ་གཞོན་ནུ་ཆོས་ཀྱི་བློ་གྲོས་ཁུ་བོ་སྟོང་ལ་ཆོས་ཀྱི་འཁོར་ལོ་བསྐུལ་བ་པོ་ཚངས་པའི་དབང་པོ་ཡིད་བཞིན་ནོར་བུ་ཞེས་བྱ་བར་ལུང་བསྟན་ཏེ་དབང་བསྐུར་བའོ། །དེ་ལྟར་རྣམ༵་འདེ༵ན་སྟོང༵་རྩ༵འི་རི༵གས་ཀྱི༵་ཅོ༵ད་པ༵ན་དུ༵་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་རྣལ༵་འབྱོ༵ར་གྱི་དབ༵ང་ཕྱུག༵་མཆོ༵ག་གི༵་སྐུར༵་སྟོན༵་པ༵་ནས་རྒྱལ་སྲས་གཞོན་ནུ་སྟོང་རྩ་གཉིས་ལ་དབང་བསྐུར་ཞིང་། འདས་པའི་སངས་རྒྱས་རྣམས་དང་། མ་འོངས་པའི་སངས་རྒྱས་རྣམས་དང་། ད་ལྟར་གྱི་སངས་རྒྱས་དང་བཅས་པ་ལུང་བསྟན་པ་པོ་ནུས༵་ལྡ༵ན་རྡོ༵་རྗེ༵་འཆ༵ང་ཡིན་པས་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །

༄༅། །རྒྱལ་བ་གཞན་གྱིས་སྤངས་པའི་རྩོད་ལྡན་འགྲོ། །ཉི་མའི་གཉེན་གྱིས་བདག་གིར་བཞེས་པ་ན། །ཉིད་དང་དབྱེར་མེད་ཤེས་རབ་ཅན་མཆོག་ཚུལ། །འཕགས་པ་ཤཱ་རིའི་བུ་ལ་གསོལ་བ་འདེབས། །སངས་རྒྱས་རྣམས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་མངའ་བ་ཡིན་པས་ཕྱོགས་དང་དུས་ཀྱིས་བསྡུས་པའི་སེམས་ཅན་རྣམས་ཀྱི་དོན་ལ་ཐུགས་རྗེ་ཉེ་རིང་མེད་པས་རྟག་ཏུ་གཟིགས་པ་ཡིན་ཀྱང་། སྔོན་ཐུགས་བསྐྱེད་པའི་དུས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ནས་ཐུན་མོང་གདུལ་བྱའི་སྐལ་པ་དང་འཚམས་པའི་སྨོན་ལམ་བཏབ་པའི་སྐབས་སུ་རེ་ཞིག་རྒྱལ༵་བ༵་གཞ༵ན་གྱི༵ས་གདུལ་བའི་སྐབས་སུ་མ་བབ་པ་སྟེ་སྤང༵ས་པ༵འི་རྩོད༵་ལྡན༵་སྙིགས་མ་ལྔ་བདོའི་འགྲོ༵་བ་རྣམས་ལ་ལྷག་པར་བརྩེ་བ་ཆེན་པོས་དགོངས་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པ་བཞིན་སྲིད་པ་ཉེ་བར་བཟུང་བ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་ཉི༵་མ༵འི་གཉེ༵ན་གྱི༵ས་སྙིགས་ལྔའི་འགྲོ་ལ་ཕན་པའི་ཕྲིན་ལས་སངས་རྒྱས་གཞན་གྱི་དྲིང་དུ་མི་འཇོག་པར་བདག༵་གི༵ར་བཞེ༵ས་པ༵་ན༵་ཞེས་དུས་དེའི་སྐབས་ན་ཞེས་པའོ། །དེ་ཡང་ཉི་མའི་གཉེན་ནི་སངས་རྒྱས་དང་། སངས་རྒྱས་ནི་ཉི་མའི་གཉེན་ཏེ་འཇིག་རྟེན་ན་རེ་ཟུང་ཙམ་ལས་རང་གར་ས་རྡོ་ཕལ་པ་བཞིན་དུ་རྙེད་པར་སླ་བ་མ་ཡིན་པས་ཤིན་ཏུ་དཀོན་པའི་དངོས་པོའི་རང་བཞིན་དཔེ་དང་དཔེ་ཅན་གྱི་ཆོས་སུ་སྦྱར་བའོ། །ཤཱ་རིའི་བུ་ནི་ཐུན་མོང་གདུལ་བྱའི་སྣང་ངོར་འཁོར་གྱི་ཚུལ་དུ་སྣང་ཡང་དོན་ལ་སོ་སོའི་སྐྱེ་བོ་མ་ཡིན་པར་སྤངས་རྟོགས་ཀྱི་ཡོན་ཏན་སངས་རྒྱས་ཉིད༵་དང༵་དབྱེ༵ར་མེ༵ད་པའི་ཚུལ་གྱིས་དགྲ་བཅོམ་པ་ཤེ༵ས་ར༵བ་ཅ༵ན་མཆོ༵ག་གི་ཚུལ༵་དུ་རྣམ་པར་རོལ་པ་འཕ༵གས་པ༵་ཤཱུ་རི༵འི་བུ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་འདིར་ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་མཽ་གལ་གྱི་བུ་སྟེ་མཆོག་ཟུང་རྣམ་གཉིས་ཞེས་གྲགས་པ་ལས་སྐབས་སུ་བབས་པ་ཤཱ་རིའི་བུའི་ལོ་རྒྱུས་དང་འབྲེལ་བ་མཽ་གལ་གྱི་བུའི་ལོ་རྒྱུས་ཏེ་གཉིས་ཀའི་ལོ་རྒྱུས་སྟབས་གཅིག་ཏུ་བཀོད་ན། སྔོན་རྒྱ་གར་དུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་དུས་ན། བྲམ་ཟེ་སྐར་རྒྱལ་ཞེས་བྱ་བ་རིག་བྱེད་ཡན་ལག་དང་བཅས་པ་ལ་མཁས་པ་ཞིག་བྱུང་བ་བུད་མེད་ཤཱ་རི་ཀ་ཞེས་བྱ་བ་དང་འདུས་པ་ལས་ཤཱ་རི་ཀའི་རྨི་ལམ་དུ་ལག་ཏུ་སྒྲོན་མེ་ཐོགས་པའི་མི་ཞིག་གིས་ཤཱ་རི་ཀའི་དཀུ་དྲལ་ཏེ་ནང་དུ་བཞུགས་པ་དང་།རང་ཉིད་རི་བོ་ཆེན་པོའི་རྩེ་ལ་འཛེག་པ། ནམ་མཁའ་ལ་འཕུར་བ། སྐྱེ་བོ་ཕལ་པོ་ཆེས་ཕྱག་འཚལ་ལོ་ཟེར་བ་སོགས་རྨི་ལྟས་བཟང་པོ་རྨིས་པ་བཞིན་དུ་འཁོར་བའི་ལུས་ཐ་མ་འཛིན་པའི་གང་ཟག་གཅིག་ལྷ་ཡུལ་ལས་ཚེ་འཕོས་ནས་ཤཱ་རི་ཀའི་མངལ་དུ་ཞུགས་སོ། །དེ་ནས་ཁྱེའུ་དེ་བཙས་པ་ན། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་ཤིང་གསལ་བ། པགས་པ་གསེར་མདོག་འདྲ་བ། མགོ་གདུགས་ལྟ་བུ་འཁྱིར་བ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འབྱར་བ། སྣ་ཡི་གཟེངས་མཐོ་བ་ཞིག་བཙས། སྐར་རྒྱལ་གྱི་ཕ་ཡིས་འདི་སྐར་རྒྱལ་གྱི་བུ་ཡིན་པས་མིང་དུ་ཉེ་རྒྱལ་ཞེས་གདག་གོ་སྙམ་སྟེ་དེ་ལྟར་བཏགས། སྐར་རྒྱལ་གྱིས་བསམ་པ་མེས་པོས་ཕའི་མིང་ལས་དྲས་ཏེ་ངའི་ཁྱེའུ་འདིའི་མིང་བཏགས་ཀྱི། བདག་གིས་ཁྱེའུ་འདིའི་མིང་མ་ཡི་མིང་ལས་དྲས་ཏེ་གདག་གོ་སྙམ་ནས་འདི་ངའི་ཆུང་མ་ཤཱ་རི་ཀའི་བུ་ཡིན་པས་ཤཱ་རིའི་བུ་ཞེས་བཏགས་སོ། །དེ་མ་མ་བརྒྱད་ལ་གཏད་དེ་བསྐྱེད་ཆེར་བསྲིངས་པ་ན། བྲམ་ཟེའི་ཀུན་ཏུ་སྤྱོད་པ་དང་རིག་བྱེད་ཡན་ལག་བཞི་དང་བཅས་པ་ལ་མཁས་ཤིང་གཞན་གྱིས་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར་གྱུར་ཏོ། །དེའི་ཚེ་གྲོང་ཁྱེར་ཤིང་ཐག་ཅན་ན་བྲམ་ཟེ་མདུན་ན་འདོན་གྲུ་འཛིན་ཞེས་བྱ་བ་རྣམ་ཐོས་སྲས་ཀྱི་བུའི་ནོར་ལ་འགྲན་པ་ལྟ་བུའི་མངའ་ཐང་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ་ལ་བུ་མེད་ནས། བུ་འདོད་པས་ཞི་བ་དང་། ཆུ་ལྷ་དང་། ཚངས་པ་ལ་སོགས་ལ་མཆོད་ཅིང་གསོལ་བ་བཏབ་ན་བུ་འབྱུང་ངོ་ཟེར་བ་བཞིན་བྱས་ཀྱང་བུ་མ་བྱུང་ནས་ཡིད་ཁོང་དུ་ཆུད། ཡང་གྲུ་འཛིན་གྱི་བསམ་པ་ལ་ཕ་མ་ཆགས་ཤིང་འདུས་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་པ་འཇུག་འདོད་པ་སྟེ་གནས་གསུམ་དུ་མངོན་དུ་གྱུར་པ་ན་བུ་འབྱུང་ངོ་ཞེས་ཐོས་པ་ལྟར་མི་རིང་བ་ན་སེམས་ཅན་སྲིད་པ་ཐ་མ་བ་ཞིག་གྲུ་འཛིན་གྱི་ཆུང་མའི་མངལ་དུ་བཞུགས་སོ། །བུད་མེད་མཁས་པ་ལ། མ་འདྲེས་པའི་ཆོས་ལྔ་ཡོད་དེ། སྐྱེས་པ་ཆགས་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་པ་ཤེས་པ་དང་། ཁྱེའུ་དང་བུ་མོར་འགྱུར་བ་ཤེས་པ་སྟེ། བུ་ཡིན་ན་དཀུ་གཡས་པར་བརྟེན། བུ་མོ་ཡིན་ན་དཀུ་གཡོན་པར་བརྟེན་པ་ལ། བུ་ཡིན་པར་ཤེས་ནས་ཁྱིམ་ཐབ་ལ། རྗེའི་སྲས། ངའི་མངལ་དུ་བུ་གྲུམ་པས་དགྱེས་པ་སྐྱེད་དུ་གསོལ་ཞེས་སྨྲས་པས། ཁྱིམ་ཐབ་ཡིད་དགའ་ནས་ཁོ་བོ་ཡུན་རིང་པོ་ནས་འདོད་པའི་བུའི་ངོ་མཐོང་བ་དང་། ཁོ་བོའི་རིགས་རྒྱུན་རིང་དུ་གནས་པར་བསྒྲུབ་པ་དང་། འདི་དེ་གང་དུ་སྐྱེས་ཤིང་གང་དུ་འགྲོ་བའི་ཕྱི་བཞིན་དུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བསྔོ་བ་བྱེད་པར་གྱུར་ཏོ། །དེ་ནས་ཟླ་བ་དགུ་འདས་ནས་ཁྱེའུ་གཟུགས་བཟང་བ་ཞིག་བཙས། ཉི་མ་ཉི་ཤུ་རྩ་གཅིག་ཏུ་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུ་འདི་ལྷ་པང་དུ་བླངས་ནས་ཐོབ་པས་མིང་པང་ནས་སྐྱེས་ཞེས་བཏགས་ཤིང་། མཽའུ་གལ་གྱི་རིགས་ཡིན་པས་མཽ་གལ་གྱི་བུ་ཞེས་མིང་བཏགས་ནས་མ་མ་བརྒྱད་ལ་གཏད་དེ་བསྐྱེད་བསྲིངས། ཆེར་བསྐྱེད་པའི་ཚེ་ཡི་གེ་ལ་སོགས་པའི་རིག་བྱེད་ལ་མཁས་པར་གྱུར་ཏོ། །དེ་ནས་ཉེ་རྒྱལ་དང་པང་ནས་སྐྱེས་དེ་གཉིས་བསྐྱེད་ཆེར་བསྲིངས་པ་ན་ཕན་ཚུན་གཅིག་གི་མིང་གཅིག་གིས་ཐོས་མ་ཐག་ཡིད་ལ་བབས་པར་གྱུར་ཏེ། ཉེ་རྒྱལ་ཕའི་གན་དུ་སོང་ནས། ཡབ། བདག་གྲོང་ཤིང་ཐགས་ཅན་དུ་འགྲོའོ། །ཕས་ཁྱོད་ཅིའི་ཕྱིར་དུ་དེ་ན་འགྲོ། ཉེ་རྒྱལ་གྱིས་སྨྲས་པ་གྲུ་འཛིན་གྱི་བུ་པང་ནས་སྐྱེས་ལྟ་བའི་སླད་དུ་འགྲོའོ། །ཕས་བུ་དེ་ཁྱོད་བས་ཤེས་རབ་ཆེ་བ་ཞིག་ཡིན་ནམ། ཉེ་རྒྱལ་གྱིས་མ་ཡིན་མོད། ཆེས་ཕྱུག་པ་ལགས་སོ་ཞེའོ། །ཕས་སྨྲས་པ། གལ་ཏེ་པང་ནས་སྐྱེས་དེ་འདིར་འོངས་ན་ཐོས་པ་བགོ་བཤའ་བྱ་ཡི། དེའི་གན་དུ་བགྲོད་པར་མི་བྱའོ་ཞེའོ། །དེའི་ཚེ་ཉིན་གཅིག་པང་ནས་སྐྱེས་ཀྱང་རང་གི་ཕའི་གན་དུ་སོང་ནས། །ཡབ། བདག་གྲོང་ན་ལ་དར་མཆིའོ། །ཕས་ཅིའི་ཕྱིར་དུ་འགྲོ། པང་ནས་སྐྱེས་ཀྱིས་སྐར་རྒྱལ་གྱི་བུ་ཉེ་རྒྱལ་བལྟ་བའི་སླད་དུའོ་ཞེའོ། །ཕ་ཡིས་བུ། དེ་ཁྱེད་བས་ཆེས་ཕྱུག་གམ་ཅི། པང་ནས་སྐྱེས་ཀྱིས་མ་ཡིན་མོད། ཤེས་རབ་ཅན་ལགས་སོ་ཞེའོ། །ཕས་སྨྲ་པ། གལ་ཏེ་དེ་འདིར་འོངས་ན་ནོར་གྱིས་བགོ་བཤའ་བྱ་ཡི། དེར་བགྲོད་པར་མི་བྱའོ། །དེ་ནས་པང་ནས་སྐྱེས་ཀྱིས་ནན་ཏན་ཞུས་པས་མཐར་བལྟ་བར་གནང་སྟེ་ཉེ་རྒྱལ་ག་ལ་བ་དེར་བརྟོལ་ཏོ། །ཉེ་རྒྱལ་གྱིས་པང་ནས་སྐྱེས་མཐོང་མ་ཐག་ཏུ་སྨྲས་པ། གྲོགས་པོ་ཚུར་ཤོག་ཡུ་བུ་ཅག་རབ་ཏུ་འབྱུང་ངོ་། །པང་ནས་སྐྱེས་ཀྱིས་སྨྲས་པ། གང་གི་དོན་དུ་ཆོས་སྦྱིན་དང་། སྦྱིན་སྲེག་དང་། དཀའ་ཐུབ་བྱེད་པའི་མདུན་ན་འདོན་ནི་བདག་གི་ལག་མཐིལ་དུ་འོངས། གླང་པོ་ཆེས་འགྲོ་བའི་རིགས་སུ་སྐྱེས་ན། ཅིའི་ཕྱིར་རབ་ཏུ་འབྱུང་། སླར་ཉེ་རྒྱལ་གྱིས་སྨྲས་པ། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་འདབ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་གཟུང་བས་ཅི་ཞིག་བྱ། །གྲོགས་པོ་ཚུར་ཤོག རབ་ཏུ་འབྱུང་ངོ་། །པང་་ནས་སྐྱེས་ཀྱིས་སྨྲས་པ། ཕ་མ་ལ་དྲི་བར་བྱའོ། །པང་ནས་སྐྱེས་ཕ་མའི་གམ་དུ་སོང་སྟེ། ཡབ་ཡུམ། མཁྱེན་པར་མཛོད་ཅིག བདག་རབ་ཏུ་འབྱུང་ངོ་། ཕ་མས། ཅིའི་ཕྱིར་རབ་ཏུ་འབྱུང། པང་ནས་སྐྱེས་ཀྱིས་སྨྲས་པ་། ནགས་ན་ཤིང་ཀུན་རྩྭ་གྱོན་ཞིང་། །རྩ་བ་འབྲས་བུ་འཆའ་བ་དང་། །རི་དྭགས་སྡུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིག་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་འཆིང་དང་རྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་སོ་ཞེའོ། །ཕ་མས་སྨྲས་པ། ཁྱོད་ངེད་ཀྱི་བུ་གཅིག་པུ་སྡུག་ཅིང་ཡིད་དུ་འོང་བ་ཡིན་པས་འབྲལ་མི་ཕོད་དོ། །ཡང་པང་ནས་སྐྱེས་ཀྱིས་སྨྲས་པ་ཡབ་ཡུམ། གནང་ན་ལེགས། མི་གནང་ན་སླན་ཆད་འཚལ་མའང་མི་འཚལ། ཕྱག་ཀྱང་མི་འཚལ་ལོ་ཞེས་སྨྲས་པས། ཕ་མས་བྱ་བ་གཞན་མ་སེམས་ཤིག་ཅེས་གནང་བ་མ་སྦྱིན་པས་པང་ནས་སྐྱེས་ཡིད་ཆད་དེ་ཉི་མ་དྲུག་གི་བར་དུ་ཟན་བཅད་དོ། །ཕ་མས་པང་ནས་སྐྱེས་ཁྱོད་ལོ་ན་གཞོན་པས་སྡུག་བསྔལ་མི་ཤེས་པ་ཡིན་གྱི། ཚངས་པར་སྤྱོད་པ་སྤྱད་དཀའ། རབ་ཏུ་དབེན་པ་བྱ་དཀའ། དེ་ཉིད་དུ་འདུག་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་གྱིས་ཤིག་ཅེས་སྨྲས་པས། པང་ནས་སྐྱེས་ཅང་མི་སྨྲའོ། །དེ་ནས་ཕ་མས་དེའི་ཉེ་དུ་རྣམས་བསགས་ནས་དེ་དག་གིས་ཀྱང་ཕ་མའི་འདོད་པ་བཞིན་པང་ནས་སྐྱེས་ལ་ལན་གསུམ་དུ་སྨྲས་ཀྱང་དེས་ཅང་མི་སྨྲའོ། །དེ་ནས་པ་མས་དེའི་ནེའུ་ལྡང་རྣམས་ལ་བསྒོ་ནས། དེ་དག་གིས་ཀྱང་ཕ་མའི་འདོད་པ་བཞིན་ལན་གསུམ་དུ་སྨྲས་ཀྱང་པང་ནས་སྐྱེས་ཅང་མི་སྨྲ་བ་སྔར་བཞིན་ནོ། །དེ་ནས་ནེའུ་ལྡང་དག་གིས་ཕ་མའི་དྲུང་དུ་སོང་ནས་སྨྲས་པ། ཁྱེད་ཕ་མ་གཉིས་མཁྱེན་པར་མཛོད་ཅིག་པང་ནས་སྐྱེས་གུམ་པས་ཅི་བགྱི། རབ་ཏུ་འབྱུང་བ་ནི་མཁས་པས་བསྔགས་པ་ལགས་པས། གལ་ཏེ་རབ་ཏུ་བྱུང་ནས་མངོན་པར་དགའ་བར་གྱུར་ནའང་གསོན་པོ་ཉིད་དུ་གཟིགས་པར་འགྱུར་ལ། དགའ་བར་མ་གྱུར་ནའང་དྲང་སྲོང་དག་ནི་སླར་ལྡོག་པ་ལགས་ཏེ། བུའི་གནས་ནི་ཕ་མ་མ་གཏོགས་པ་གཞན་མེད་པས་རབ་ཏུ་བྱུང་ན་ལེགས་སོ་ཞེས་སྨྲས་སོ། །དེ་ནས་ཕ་མས། གཞོན་ནུ་རབ་ཏུ་བྱུང་བའི་དུས་ལ་བབ་པར་ཤེས་ནས་རབ་ཏུ་བྱུང་བར་གནང་ངོ་། །དེ་ནས་པང་ནས་སྐྱེས་ཤིན་ཏུ་དགའ་ནས་ཉེ་རྒྱལ་སར་སོང་སྟེ་ཕ་མས་རབ་ཏུ་བྱུང་བར་གནང་ངོ་ཞེས་བཤད་པས། ཉེ་རྒྱལ་ཕ་མ་གཉིས་ཀྱི་དྲུང་དུ་སོང་སྟེ། ཡབ་ཡུམ། བདག་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཅི་གནང་ཞེས་སྨྲས་པ་དང་། ཕ་མ་གཉིས་ཀྱིས་སྨྲས་པ། བུ། ཁྱོད་རབ་ཏུ་བྱུང་བ་ལ་སྤྲོ་བ་ཡིན་ནམ། དེས་དེ་ནི་ཤིན་ཏུ་སྤྲོ་བ་སྟེ་ལགས་སོ། །དེར་ཕ་མ་གཉིས་ནས་འོ་ན་སོང་ལ་རབ་ཏུ་བྱུང་ཞིག་ཅེས་གནང་ངོ་། །དེ་ལས་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཡུན་རིང་པོར་གྲོགས་བཤེས་སུ་གྱུར་པ་དེ་གཉིས་བགྲོས་ཏེ་རབ་ཏུ་བྱུང་བ་མཐར་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་འགྲོ་སྐྱོང་གི་བུ་དང་། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ། མི་ཕམ་སྐྲའི་ལྭ་བ་ཅན། ཀ་ཏའི་བུ་ནོག་ཅན། གཉེན་གྱི་བུ་གཅེར་བུ་ཅན། ཡང་དག་རྒྱལ་བ་ཅན་ལ་སོགས་མུ་སྟེགས་ཀྱི་སྟོན་པ་དྲུག་པོ་རེ་རེ་ཞིང་ལ་ཆོས་ཉན་པར་སོང་བས་ཡིད་ལ་འབབ་པའི་ཚིག་གཅིག་ཀྱང་ཐོས་པར་མ་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ཏེ་རིམ་གྱིས་བྱོན་ནས་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འདུལ་བའི་དུས་ལ་བབ་ཅིང་། སྟོན་པའི་ཐུགས་ལ་སྟོན་པས་འདུལ་ལམ་ཉན་ཐོས་ཀྱིས་འདུལ་དགོངས་པས། ཉན་ཐོས་ཀྱིས་འདུལ། རྫུ་འཕྲུལ་གྱིས་འདུལ་ལམ། སྤྱོད་ལམ་གྱིས་འདུལ་དགོངས་པ་ན། སྤྱོད་ལམ་གྱིས་འདུལ་བར་དགོངས། དེའང་སྤྱོད་ལམ་གྱིས་ལྷ་དང་མིའི་ཡིད་སྡུད་པར་བྱེད་པ་ཚེ་དང་ལྡན་པ་རྟ་ཐུལ་གྱིས་འདུལ་བར་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་རྟ་ཐུལ། ཁྱོད་ཀྱིས་ཉེ་རྒྱལ་དང་པང་ནས་སྐྱེ་ལ་སོམས་ཤིག་ཅེས་བསྒོའོ། །རྟ་ཐུལ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས་ཞབས་གཉིས་ལ་ཕྱག་བཙལ་ནས་སོང་ངོ་། །དེ་ནས་རྟ་ཐུལ་གྱིས། སྔ་དྲོ་ཤམ་ཐབས་བགོས། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་ཉེ་རྒྱལ་གྱིས་རྟ་ཐུལ་ཐག་རིང་པོ་ནས་མཐོང་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་ལྟ་བུ་ནི་བདག་གིས་སྔོན་ཆད་མ་མཐོང་ངོ་སྙམ་སྟེ་རྟ་ཐུལ་གྱི་གན་དུ་སོང་ནས། ཁྱོད་ཀྱི་སྟོན་པ་ནི་གང་། གང་གི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ་ཞེས་དྲིས་པ་དང་། རྟ་ཐུལ་གྱིས་བདག་གི་སྟོན་པ་ནི་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་ནས་སངས་རྒྱས་པ་དེའོ། དེའི་ཕྱིར་རབ་ཏུ་བྱུང་། དེའི་ཆོས་ལ་དགའོ། །ཉེ་རྒྱལ་གྱིས་སླར་སྨྲས་པ། དགེ་སློང་། ཆོས་དེ་སྟོན་ཅིག་ཅེའོ། །རྟ་ཐུལ་གྱིས་ཁོ་བོ་ན་གཞོན་ཞིང་རབ་ཏུ་བྱུང་བ་གསར་བས། དེའི་བསྟན་པ་རྒྱ་ཆེར་བསྟན་མི་ནུས་ཀྱིས། དོན་ཙམ་བསྟན་པར་བྱའོ་ཞེའོ། །ཉེ་རྒྱལ་གྱིས་སླར་ཡང་སྨྲས་པ། དགེ་སློང་། ཁོ་བོ་ལ་ནི་དོན་དགོས་ཀྱིས། དོན་མང་ཡང་རུང་། ཉུང་ཡང་རུང་སྟོན་ཅིག་ཅེས་སྨྲས་སོ། །དེ་ནས་རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་ཏེ། །དེ་སྐད་གསུང་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་བཤད་པ་ན། ཉེ་རྒྱལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཉེ་རྒྱལ་གྱིས། བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། རྟ་ཐུལ་གྱིས་རྒྱལ་པོའི་ཁབ་འོད་མའི་ཚལ་ནའོ། །དེ་ཡི་རང་སྟེ། རྟ་ཐུལ་ལ་ཕྱག་བཙལ། བསྐོར་བ་བྱས་ནས། པང་ནས་སྐྱེས་ཀྱི་སར་སོང་བ་དང་། པང་ནས་སྐྱེས་ཀྱིས་ཉེ་རྒྱལ་ཐག་རིང་པོ་ནས་འོང་བ་མཐོང་སྟེ། ཁྱོད་ཀྱི་དབང་པོ་རྣམས་ནི་དྭངས། །བཞིན་གྱི་མདོག་ནི་ཡོངས་སུ་དག །པགས་པའི་མདོག་ནི་ཤིན་ཏུ་དཀར་ན། ཁྱོད་ཀྱིས་བདུད་རྩི་རྙེད་དམ། ཉེ་རྒྱལ་གྱིས་རྙེད་དོ། །པང་ནས་སྐྱེས་ཀྱིས་ཆོས་དེ་སྟོན་ཅིག །ཉེ་རྒྱལ་གྱིས་སྔར་གྱི་ཚིགས་བཅད་བརྗོད་པས། པང་ནས་སྐྱེས་ན་རེ་ད་དུང་ལན་གཅིག་བརྗོད་ཅིག ཡང་ལན་ཅིག་བརྗོད་པས། དེས་ཀྱང་བདེན་པ་མཐོང་ནས། སྔར་བཞིན་ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུས། འོད་མའི་ཚལ་ནའོ། །འོ་ན་དེའི་སྤྱན་སྔར་ཚངས་པར་སྤྱད་པར་བྱའོ་ཞེས་བགྲོས་ཏེ་དེ་གཉིས་འོད་མའི་ཚལ་དུ་སོང་བ་དང་། རྟ་ཐུལ་ཤིང་དྲུང་ཞིག་ན་འདུག་པ་མཐོང་ནས། ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། དང་པོར་བཅོམ་ལྡན་འདས་ལ་ཕྱག་བྱའམ། གང་ལས་ཆོས་ཐོས་པ་དེ་ལ་ཕྱག་བྱ། དང་པོར་ཆོས་ཐོས་པ་དེ་ལ་ཕྱག་བྱའོ། །དེ་གཉིས་རྟ་ཐུལ་ཅན་སོང་སྟེ། ཕྱག་བཙལ་བ་དང་། བྲམ་ཟེ་ཟླ་བ་ལ་དགའ་བ་ཞིག་ཀྱང་ཟླ་བ་ལ་ཕྱག་བྱེད་དོ། །བཅོམ་ལྡན་འདས་ཀྱིས། རྒན་པ་དང་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པས་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མའི་མེ་ལ་བཞིན། །ཞེས་གསུངས། དེ་ནས་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་དེ་གཉིས་གཟིགས་ཏེ་བཀའ་བསྩལ་པ། དགེ་སློང་དག ཁྱོད་ཀྱིས་དེ་གཉིས་མཐོང་ངམ། བཙུན་པ་མཐོང་ངོ་། །འདི་གཉིས་ནི་ངའི་ཉན་ཐོས་ཤེས་རབ་ཅན་གྱི་མཆོག་དང་། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་འགྱུར་རོ། །དེ་ནས་དེ་གཉིས་བཅོམ་ལྡནའདས་ཀྱི་དྲུང་དུ་སོང་སྟེ་ཞབས་གཉིས་ལ་ཕྱག་བཙལ་ནས། བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ། དགེ་སློང་། ཚུར་ཤོག ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དང་། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་ཏོ། །དགེ་སློང་རྣམས་ནས་བཅོམ་ལྡན་འདས་ལ་ཞུས་པ། ཤཱ་རིའི་བུས་ལས་ཅི་བགྱིས་ན་ཤེས་རབ་རྣོ་བ་དང་། ཤེས་རབ་ཟབ་པ་དང་། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག །སྔོན་རི་བྲག་ཤིག་ན་བྲམ་ཟེ་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དགའ་མགུར་སྤྱད་པས་བུ་བཙས་ནས་དེའི་མིང་ཞིབ་མ་ཞེས་བཏགས་སོ། །ཡང་དགའ་མགུར་སྤྱད་པས་བུམོ་ཞིག་བཙས་ནས་དེའི་མིང་ཞིབ་མོ་ཞེས་བཏགས་སོ། །རེ་ཞིག་ན་དེ་གཉིས་ཀྱི་ཕ་མ་ཤི་ནས། ཞིབ་མ་དབེན་པ་ལ་དགའ་བས་སྲིང་མོ་ཁྲིད་དེ་ནགས་སུ་སོང་ངོ་། །ཞིབ་མ་མོ་ཆེན་མོར་གྱུར་པའི་ཚེ། ཉོན་མོངས་པས་གནོད་པར་གྱུར་ནས། སྨྲས་པ། བདག་དགོན་པའི་སྨན་གྱིས་འཚོ་བར་མི་ནུས་ཀྱིས། གྲོང་མཐར་འདོང་ངོ་། །དེ་གཉིས་ཅིག་ཅར་ཁྱིམ་ཞིག་ཏུ་སློང་མོ་ལ་ཞུགས་པ་དང་། ནང་ན་འདུག་པའི་བྲམ་ཟེས་ཐོས་ནས་ཕྱིར་བྱུང་སྟེ། སྨྲས་པ། ཅི། དྲང་སྲོང་ཡང་ཆུང་མ་དང་ལྷན་ཅིག་རྒྱུའམ་ཞེའོ། །ཞིབ་མས་འདི་ནི་ཁོ་བོའི་ཆུང་མ་མ་ཡིན་གྱི། སྲིང་མོ་ཡིན་ནོ་ཞེའོ། །བྲམ་ཟེས་ཅི་ཁྱོད་ཀྱི་སྲིང་མོ་འདི་གཞན་ལ་བྱིན་ཟིན་ནམ་ཞེས་དྲིས་པས། ཞིབ་མས་མ་བྱིན་ནོ་ཞེའོ། །བྲམ་ཟེས་འོ་ན་ཁོ་བོ་ལ་ཆུང་མར་བྱིན་ཅིག་ཞེའོ། །ཞིབ་མས་འདིས་སྡིག་པའི་ཆོས་སྤངས་སོ་ཞེའོ། །ཞིབ་མ་མོས་སྨྲས་པ། བདག་ཉོན་མོངས་པས་གནོད་པར་གྱུར་ཏོ་ཞེའོ། །དེ་ནས་ཞིབ་མས་འོ་ན་ཁྱོད་གཉིས་ཤེས་སོ་ཞེའོ། །དེ་ནས་བྲམ་ཟེས་ཞིབ་མ་མོ་བག་མར་བླངས་སོ། །ཞིབ་མ་མོས་སྨྲས་པ།མིང་པོ། ཚུར་ཤོག འུ་ཅག་གཉིས་ལྷན་ཅིག་འཁོད་དོ་ཞེའོ། །ཞིབ་མས་སྨྲས་པ། ཁོ་བོ་ནི་འདོད་པ་དོན་དུ་མི་གཉེར་བས་དགོན་པར་འགྲོའོ་ཞེའོ། །ཞིབ་མ་མོས། དེ་ལྟ་ན་ཁྱོད་ཀྱིས་ནམ་ཡོན་ཏན་གྱི་ཚོགས་ཐོབ་ན་བདག་ལ་བརྗོད་ཅིག་ཟེར་རོ། །དེ་ནས་ཞིབ་མ་མཐའ་ཞིག་ཏུ་སོང་སྟེ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་སོ། །དེས་སྲིང་མོ་ལ་སྙིང་བརྩེ་བས་ངང་པའི་རྒྱལ་པོ་འདབ་མ་བརྐྱངས་པ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་སོ། །སོ་སོ་སྐྱེ་བོ་ནི་རྫུ་འཕྲུལ་ལ་སེམས་མྱུར་དུ་གཏོད་པ་ཡིན་པས། ཞིབ་མ་མོས་དེའི་རྐང་པ་གཉིས་ལ་གཏུགས་ནས། ཁྱོད་ཀྱི་ཡོན་ཏན་གྱི་ཚོགས་འདི་བརྙེས་སམ། ཞིབ་མས་ཐོབ་བོ། །ཞིབ་མ་མོས་འཕགས་པ། ཁྱོད་ནི་བསོད་སྙོམས་བཞེད་ལ། བདག་ནི་བསོད་ནམས་འཚལ་བས་འདི་ཉིད་དུ་བཞུགས་ཤིག །བསོད་སྙོམས་བསྟབ་པར་བགྱིའོ། །ཞིབ་མས་སྲིང་མོ། ཁྱིམ་ཐབ་ལ་དྲིས་ཤིག་ཞེའོ། །དེས་ཁྱིམ་ཐབ་ལ་དྲིས་པས། དེས་རབ་ཏུ་མ་བྱུང་ཡང་མི་འདོད་བཞིན་དུ་སྦྱིན་དགོས་ན། རབ་ཏུ་བྱུང་ནས་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་པ་ལ་ལྟ་ཅི་སྨོས། བསོད་སྙོམས་སྟོབས་ཤིག་ཅེས་བསྒོ་བ་བཞིན་དེས་རང་སངས་རྒྱས་དེ་ལ་ཟླ་བ་གསུམ་དུ་བསོད་སྙོམས་བསྟབས། རས་ཡུག་ཆེན་པོ་ལ་འོས་པ་ཞིག་བསྐོན་ཏེ། གྲི་དང་ཁབ་སྐུད་ཀྱང་ཕུལ་ལོ། །དེས་དེ་དག་བླངས་ཏེ་དེའི་མདུན་དུ་དྲས་པས་གྲི་དེ་རྣོ་བར་གཅོད་ནས། ཞིབ་མ་མོས། གྲི་འདི་རྣོ་བར་གཅོད་པ་དེ་ལྟར་བདག་ཀྱང་ཤེས་རབ་རྣོ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རང་སངས་རྒྱས་དེས་ཁབ་ཀྱིས་ཕུག་པ་ན་ཟབ་མོར་འབིགས་ནས། དགེ་བའི་རྩ་བ་འདིས། ཁབ་འདི་ཟབ་མོར་འབིགས་པ་ལྟར་བདག་ཀྱང་ཤེས་རབ་ཟབ་མོར་གྱུར་ཅིག །དེས་སྐུད་པས་དྲུབས་པས་སྐུད་པ་དེ་ཐལ་བྱུང་དུ་འགྲོ་ནས། དགེ་བའི་རྩ་བ་འདི། སྐུད་པ་འདི་ཐལ་བྱུང་དུ་འགྲོ་བ་ལྟར་བདག་ཀྱང་ངེས་པར་བྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག་ཅེས་སྨོན་ལམ་གཏབ་བོ། །དེའི་དུས་ཀྱི་ཞིབ་མ་མོ་དེ་ནི་ཤཱ་རིའི་བུ་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པས་ད་ལྟར་ཤེས་རབ་རྣོ་བ་དང་། ཟབ་པ་དང་། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཏོ་ཞེས་གསུངས་སོ། །


༄༅། །མི་ཤིགས་ཟག་མེད་ལང་ཚོས་རབ་མྱོས་པའི། །ཅིར་སྣང་བདེ་བ་ཆེན་པོའི་ཉག་ཕྲན་གྱིས། །ཁམས་གསུམ་བརྟན་གཡོའི་སྲོག་ལ་རྒྱས་འདེབས་པ། །བྲམ་ཟེ་ས་ར་ཧ་ལ་ན་མོ། །ཟེ་ས་ར་ཧ་ལ་གསོལ་བ་འདེབས། །སེམས་ཅན་རྣམས་ནི། ཐོག་མེད་ནས་གོམས་པའི་བག་ཆགས་མ་སྤངས་པས་ཡུལ་བཟང་ངན་ལ་བརྟེན་ནས་ཆགས་སྡང་ལ་སོགས་ཉོན་མོངས་པ་སྐྱེ་ཞིང་། དེས་ལས་སྣ་ཚོགས་བསགས་ཏེ་རྟག་ཏུ་འཁོར་བར་ལྷུང་བའམ་ཟག་པ་སྟེ་བདེ་སྡུག་གི་འཁྲུལ་སྣང་ཉམས་སུ་མྱོང་བའོ། །དེ་ལས་ཡོངས་སུ་འདས་པ་མི༵་ཤི༵གས་པའི་ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཡེ་ནས་རྣམ་དག་སྟོང་པ་ཆེན་པོ་རྣམ་མེད་ཆོས་ཀྱི་སྐུ་སྟེ། དེའི་དབྱིངས་ཀྱི་ཡོན་ཏན་ནི་རྣམ་པ་དང་བཅས་པའི་གཟུགས་ཀྱི་སྐུ་རུ་ཤར་བའི་སྐབས་ན་ལས་ཉོན་གྱི་སྒྲིབ་པས་རྡུལ་ཕྲན་ཙམ་ཡང་མ་གོས་པའི་ཟ༵ག་པ་མེ༵ད་པའི་ཡེ་ཤེས་ཀྱི་སྐུའི་སྣང་བ་བགྲེས་རྒུད་དང་བྲལ་བ་འབའ་ཞིག་ཏུ་འཆར་བའི་གཞོན་ཉམས་ཀྱི་ལ༵ང་ཚོ༵ས་ར༵བ་མྱོ༵ས་པ༵ས། འཁོར་འདས་ཀྱི་རྟོག་ཚོགས་ཅི༵ར་སྣང༵་ཐམས་ཅད་བདེ༵་བ༵་ཆེ༵ན་པོ༵འི་རྩལ་དུ་ཤར་བའི་ཉ༵ག་ཕྲ༵ན་གྱི༵ས་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཏེ་ཁ༵མས་གསུ༵མ་གྱི་བརྟ༵ན་པ་སྣོད་ལ་ཞེན་ཏེ་ཆགས་ཤིང་དུག་སྦྲུལ་གི་ཚང་ན་གནས་པ་ལྟ་བུ་ནམ་ཡང་བག་ཕེབས་པ་མ་ཡིན་པའི་གཡོ༵་བ་བཅུད་ཀྱི་སེམས་ཅན་རྣམས་ཀྱི་བདག་ཏུ་ལྟ་བའི་འབེན་ལ་འཕངས་ཏེ་དེ་དག་གི་རྒྱུད་སྲིད་པ་དང་ཞི་བའི་ཡོན་ཏན་ཀུན་གྱི་འབྱུང་གནས་གཞི་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པ་དང་། དབང་རབ་སྐལ་ལྡན་རྣམས་ལ་རྩེ་གཅིག་སྤྲོས་བྲལ་རོ་གཅིག་བསྒོམ་མེད་དེ་རྣལ་འབྱོར་བཞིའི་ལམ་གྱི་རིམ་པ་མཐར་ཆགས་སུ་བསྟན་པའམ་དབང་པོ་ཡང་རབ་རྣམས་ལ་ཕྱག་རྒྱ་ཆེན་པོ་ཅིག་ཆོད་དུ་གདམས་པའི་མན་ངག་སྟོན་པ་སྟེ་ལམ་ཕྱག་རྒྱ་ཆེན་པོ་བཅར་ཕོག་ཏུ་བསྟན་ནས། འབྲས་བུ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་བདེ་བླག་ཏུ་འཁོད་དེ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་དྲུང་ནས་འབྱིན་པར་བྱེད་པ་སྟེ་སྲོ༷ག་ལ༷་རྒྱས༷་འདེ༷བས་པ༷་བྲམ༷་ཟེ༷་ཆེན་པོ་ས༷་ར༷་ཧ༷་སྟེ་དེ་ལ༷་གསོ༷ལ་བ༷་འདེ༷བས་སོ། །དེ་ཡང་ལོ་རྒྱུས་ཅུང་ཟད་དང་སྦྱར་ན་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་གྲོང་ཁྱེར་གསེར་གྱི་བྲེ་ཞེས་བྱ་བ་ན་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བ་དགེ་སློང་མཁས་པ་ཞེས་བྱ་བ་དང་ཡང་དག་པར་རྒྱལ་བ་ཅན་ཞེས་བྱ་བ་གཉིས་འབྱུང་སྟེ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། དབང་ཆེ་བར་གྲགས་པ། གསལ་བ། དུལ་བ། འཇིགས་པ་མེད་པ། མང་དུ་ཐོས་པ། མདོ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། སྐྱེ་བོ་མང་པོ་ལ་ཡང་དག་པར་སྟོན་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། དེ་གཉིས་ཀྱང་ཚངས་པར་སྤྱོད་པ་རྫུ་འཕྲུལ་དང་བཅས་པས་འདིས་རྒྱས་པར་བྱེད་པའི་བར་དུ་འགྱུར་གྱི་ཞེས་གསུངས་སོ། །དོ་ཧ་ལ་སོགས་པའི་ལོ་རྒྱུས་ནས། སྟོན་པ་བྱོན་ནས་ལོ་སུམ་བརྒྱ་ན་བྱོན་ཞེས་འཆད། དེ་སྒྲ་གཅན་འཛིན་གྱི་མཁན་བུར་བཤད་པས་ཕྱིས་སྐྱོན་ཡོད་ལ། རྡོ་རྗེ་གདན་པའི་གསུང་རྒྱུན་ལས། དེ་ཡང་དབུས་འགྱུར་ཝཱ་རཱ་ཎ་སཱིའི་ཆར་གཏོགས་པ་གསེར་གྱི་བྲེ་ཞེས་བྱ་བའི་གྲོང་དུ། བྲམ་ཟེ་ལས་དྲུག་ལ་མངོན་པར་དགའ་བའི་རིགས་སུ་ཐོ་བཙུན་གྲུབ་རྗེའམ་དགེ་སློང་མཁས་པ་དང་། བདེ་བྱེད་བདག་པོའམ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་གཉིས་སྐྱེས། དེ་གཉིས་ཀྱིས་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་པ་དང་། འདི་སྙམ་དུ་བདག་ཅག་གི་ཁྱིམ་ན་ནི་དབང་ཕྱུག་ཆེན་པོ་མཆོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་ཤིན་ཏུ་ཕུལ་དུ་བྱུང་བར་སྣང་ན། ཡུ་བུ་ཅག་གི་དབང་ཕྱུག་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས། ཁྱད་པར་འཕགས་པ་ངེས་པར་བརྟག་པར་བྱའོ། །དེ་ལ་རི་ཏི་སེ་ན་དབང་ཕྱུག་ཆེན་པོ་དང་ཨུ་མ་མངོན་སུམ་དུ་གནས་སོ་ཞེས་ཐོས་ཀྱི། དེར་སོང་ལ་དྲིའོ་ཞེས་བགྲོས་ནས། དེར་འབད་པ་ཆེན་པོ་དང་བཅས་ཏེ་འགྲོ་བར་ཆས་ཏེ། ལྷ་དག་གིས་གྲོགས་བྱས་པས་མྱུར་བར་ཕྱིན་ཏེ། ལྷ་ཆེན་པོའི་གཞོན་པ་ཁྱུ་མཆོག་སྤྲིན་དཀར་པོའི་དུམ་བུ་ལྟ་བུ་བཟས་ལ་ཡན་པ་མཐོང་ངོ་། །དེ་མཐོང་བས་རབ་ཏུ་དགའ་དང་། དེའི་རྗེས་ཐོགས་ཉིད་ལ་ལྷ་མོ་ཨུ་མ་ནགས་ཚལ་ན་འབྲས་བུ་འཐུ་བ་མཐོང་ནས་གུས་པ་དང་བཅས་པས་ཕྱག་བྱས་ཏེ་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་གནས་ནས་ཡུ་བུ་ཅག་གི་རྗེ་བོ་གནས་སོ་ཞེས་ཐོས་ཏེ་ཉེ་བར་སོན་པ་ན། ལྷ་ཆེན་པོ་འཁོར་སྟོང་གི་ཚོགས་ཀྱིས་བསྐོར་བ་མཐོང་ངོ་། །དེར་ཚོགས་ཀྱི་བདག་པོས་ལག་པ་ནས་བཟུང་སྟེ་དེའི་ཐད་དུ་ཁྱེར་ཏེ་གུས་པས་ཕྱག་བྱས་སོ། །དབང་ཕྱུག་གིས་ཁྱེད་ཅག་གང་ནས་འོང་ཞེས་དྲིས་པ་དང་། ཇི་ལྟར་གྱུར་པ་སྨྲས་སོ། །དེ་ནས་དགེ་སློང་རྣམས་ཀྱི་ཟས་ཀྱི་དུས་ལ་བབ་པ་ན་མ་དྲོས་པའི་མཚོ་ལ་གནས་པའི་དགྲ་བཅོམ་པ་ལྔ་བརྒྱ་དེར་བྱོན་ཏེ། དེ་ལ་ལྷ་ཆེན་པོ་ཡབ་ཡུམ་འཁོར་དང་བཅས་པས་ཡོ་བྱད་ཐམས་ཅད་བསྟབས་ཏེ་ཟས་ཟོས་ཟིན་པ་དང་། དེ་དག་ལས་ཆོས་ཉན། དེ་རྣམས་ལོག་གོ། །དེའི་ཚེ་དབང་ཕྱུག་གིས་བྲམ་ཟེ་སྤུན་གཉིས་ལ། གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པ་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང་། །ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་དེ་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་པས་མཆོད། །དེ་བས་ཁྱེད་ཅག་གིས་སྟོན་པ་དེ་ཉིད་དང་དེའི་གསུང་རབ་ལ་མཆོད་པར་བྱའོ། །ཞེས་གསུངས། དེ་གཉིས་ཀྱིས་མཆོག་བསླངས་པས་ཉི་ཟླ་དང་མཉམ་པའི་ཚེ་སྦྱིན་ནོ། །དེ་ནས་རང་གི་ཡུལ་དུ་ལོག་སྟེ་རིག་བྱེད་ཀྱི་ཆོས་རྩྭ་ལྟར་དོར་ནས། ཁྱིམ་གྱི་ལོངས་སྤྱོད་ཐམས་ཅད་བགོས་ཏེ་གཅེན་གྱིས་ཤཱ་རིའི་བུ་འཁྲུངས་སར་ནཱ་ལེནྡྲ་བཏབ། གཅུང་གིས་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས་ནས་མཆེད་གཉིས་སྟོན་པའི་སྲས་པོ་སྒྲ་གཅན་འཛིན་ལ་རབ་ཏུ་བྱུང་སྟེ། གཅེན་ལ་སྒྲ་གཅན་འཛིན་བཟང་པོ། གཅུང་ལ་བཱིརྱ་བྷ་དྲ་ཞེས་བཏགས་ཏེ་སྡེ་སྣོད་གསུམ་པར་གྱུར་ཏོ། །དེ་དག་མཚན་ཉིད་ཀྱི་ཐེག་པ་དང་། དེ་ལས་ཀྱང་ཆེས་ལྷག་པ་ཞིག་འདོད་པ་ལ། མཁན་པོས་གཅེན་ལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་སྤྲུལ་ནས་དེ་ཉིད་དུ་དབང་བསྐུར་རྒྱུད་བཤད་མན་ངག་གདམས་ཏེ། གཞན་ཡང་གསང་སྔགས་དུ་མ་གསུངས་སོ། །དེ་ལྟར་མཆེད་གཉིས་ཀྱིས་སོ་སོས་བཞེངས་པའི་གཙུག་ལག་ཁང་དུ་བཞུགས་ཏེ་ཕྱི་ལྟར་ཉན་ཐོས་ཀྱི་བསྟན་པ་ལེགས་པར་བསྐྱངས་ལ། ནང་དུ་རྡོ་རྗེ་ཐེག་པའི་རྣལ་འབྱོར་ལ་གོམས་པར་མཛད་དེ་ལོ་ལྔ་བརྒྱར་ཉེ་བ་ཙམ་གནས་ལ། སྒྲ་གཅན་འཛིན་གྱིས་ཀླུ་སྒྲུབ་རབ་ཏུ་བྱུང་བས་གདམས་ངག་ཐམས་ཅད་བྱིན། སངས་རྒྱས་ཐོད་པའི་འགྲེལ་པ་སོགས་མཛད། ཀླུ་སྒྲུབ་ལ་ནཱ་ལེནྡྲ་གཏད་དེ། ཀླུ་ལས་གྱུར་པའི་རྣལ་འབྱོར་མ་གདོལ་པའི་ཆ་བྱད་ཅན་གྱིས་རྗེས་སུ་བཟུང་ལྷན་ཅིག་གནས་པས། ཐམས་ཅད་ཀྱིས་བྲམ་ཟེའི་རིགས་དང་། གནས་བརྟན་རྒྱལ་ཚབ་ཆེན་པོའི་ཚུལ་ལས་ཉམས་སོ་ཞེས་སྐུར་པ་བཏབ་པ་ན་མདའ་སྲོང་བའི་ཚུལ་གྱིས་དམངས། བཙུན་མོ། རྒྱལ་པོ་རྣམས་ལ་རིམ་པ་བཞིན། དོ་ཧ་སྐོར་གསུམ་གླུར་བླངས་ཏེ་དཔལ་གྱི་རི་ལ་གཤེགས་སོ་ཞེས་གྲགས་སོ། །སློབ་མའི་གཙོ་བོ་སློབ་དཔོན་ཀླུ་སྒྲུབ་ཡིན། དེ་སྔགས་ལུགས་ལ་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གྲུབ་པར་འདོད་ལ། དེས་གསང་འདུས་ལ་སོགས་གདམས་ངག་སྦྱིན་པའི་སློབ་མའི་མཆོག་བཞི་ནི། ཤཱཀྱ་བཤེས་གཉེན།ཨཱརྱ་དེ་ཝ། ཟླ་བ་གྲགས་པ། ཀླུའི་བྱང་ཆུབ་ལ་སོགས་པ་ཡིན་ནོ། །


༄༅། །ལས་ཅན་ལྷ་གཅིག་ཨིནྡྲ་བྷུ་ཏི་ཡི། །བཀའ་ལུང་དོ་ཤལ་གྱིས་སྤུད་རྒྱལ་པོའི་ཁྲིམས། །ཕན་དང་བདེ་བར་སྲོང་བའི་མདུན་ན་འདོན། །ཆོས་བློན་ཀྲྀཥྞ་འཛིན་ལ་གསོལ་བ་འདེབས། །དེ་ཡང་རྒྱ་གར་ཡུལ་གྱི་ནུབ་ཕྱོགས་དཔལ་ཨོ་རྒྱན་ཞེས་བྱ་བའི་ཡུལ་རིན་པོ་ཆེ་འབར་བ་ཞེས་བྱ་བའི་གྲོང་ཁྱེར་ན་བཻ་ཌཱུརྱའི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ནང་ན་མཆོག་ཏུ་བརྟན་བརྗིད་ཆགས་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་སྤུངས་པའི་ཁྲི་ཆེན་པོའི་སྟེང་ན་སྐྱེ་བ་མང་པོར་ཚོགས་བསགས་པ་ལས་བྱུང་བའི་ལ༵ས་ཅན༵་ལྷ༵་གཅི༵ག་སྟེ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཨི༵ནྡྲ༵་བོ༵་ངྷི་ཞེས་བྱ་བ་བཞུགས། རྒྱལ་པོ་དེ་ལ་བཙུན་མོ་བརྒྱ་རྩ་བརྒྱད་མངའ་ཡང་།རྒྱལ་བརྒྱུད་འཛིན་པའི་སྲས་མེད་ནས། ཚེས་བཅོ་ལྔ་ལ་སོགས་ཟླ་བ་ཉ་བའི་དུས་དང་། གཞན་ཡང་སྔོན་གྱི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་དུས་བཟང་ཁྱད་པར་ཅན་རྣམས་སུ་བླའི་མཆོད་གནས་ཐམས་ཅད་བསྡུས་ཏེ་མདོ་སྡེ་ཆོས་ཀྱི་སྤྲིན་བཀླགས་སུ་གཞུག་པ་དང་། ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ་གཏོང་བ་སོགས་སྲས་འདོད་པའི་དགེ་བ་རྒྱ་ཆེན་པོ་བསྒྲུབས་པས་རྒྱལ་པོའི་དཀོར་མཛོད་ཐམས་ཅད་སྟོང་ལ་ཉེ་ཡང་། སློང་མཁན་གྱི་འཕྲོ་མ་ཆད་པས་རྒྱལ་པོ་ཐུགས་མུག་སྟེ་ཕྱི་ནང་གི་བློན་པོ་རྣམས་ལ་རྒྱ་མཚོའི་གླིང་དུ་དགོས་འདོད་ཐམས་ཅད་ཟད་མི་ཤེས་པར་འབྱུང་བའི་ནོར་བུ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་ཡོད་ཀྱི་དེ་ངའི་ཕོ་བྲང་གི་དཀོར་མཛོད་དབྱིག་ཏུ་བླངས་ཐུབ་པ་བྱུང་ན་དེའི་མཐུ་ལས་བདག་ཉིད་རྒྱལ་པོ་ལ་སྲས་དང་། འབངས་རྣམས་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་སྐྱོབ་ཐུབ་པར་ངེས་སོ་སྙམ་དུ་དགོངས་ཏེ་གྲོས་བཏབས་སོ། །དེ་ལྟ་བུའི་རྒྱལ་པོ་ཡི༵་བཀ༵འ་ལ༵ང་མཆོག་ཏུ་འགངས་ཆེ་བ་རིན་པོ་ཆེའི་ཕྲེངབ་ལྟ་བུའམ་དོ༵་ཤ༵ལ་གྱི༵ས་རང་གི་མགུལ་པའི་རྒྱན་དུ་སྤུད༵་པ་ལ་མཆོག་ཏུ་སྤྲོ་བ་བརྟས་ཤིང་། རྣམ་པ་ཀུན་ཏུ་རང་འདོད་ཡིད་ལ་བྱེད་པའི་གཡོ་སྒྱུ་སྤངས་པས་རང་ཉིད་རྒྱལ༵་པོ༵འི་བཀའ་ཡི་ཁྲི༵མས་ལ་ཚུལ་བཞིན་གནས་པ་དང། འབངས་རྣམས་ལའང་དེ་བཞིན་བྱེད་དུ་བཅུག་པ། རྒྱལ་པོའི་ཐུགས་ལ་གང་དགོངས་པ་རང་གི་སེམས་ཀྱིས་ཤེས་པས་ལས་ཐམས་ཅད་མ་བསྒོས་ཀྱང་བསྒྲུབ་པ་སོགས་ཅི་བྱས་རྗེ་དང་འབངས་ལ་ཕ༵ན་པ་ད༵ང་བདེ༵་བ༵ར་འགྱུར་བའི་ཡིད་གཞུངས་པའམ་སེམས་སྲོང༵་བ༵འི་མདུན༵་ན༵་འདོ༵ན་ཏེ་དེ་ཡང་སྔོན་རྒྱ་གར་དང་ཨོ་རྒྱན་གྱི་ཡུལ་ལ་སོགས་པར་རྒྱལ་པོ་རྣམས་ཀྱི་མདུན་དུ་སྲིད་སྲུང་བའི་སླད་དུ་དྲང་སྲོང་རིགས་བྱེད་ཀྱི་ཆོ་ག་བྱེད་པ་རེ་ཡོད་པས་དེ་ལ་མདུན་ན་འདོན་ཟེར་བ་དང་། དེ་བཞིན་དུ་རྒྱལ་པོ་དང་ཉེ་བར་མཛའ་བའི་ནང་བློན་ཆབ་སྲིད་ཀྱི་དོན་ལ་གྲོས་ཇུས་འདོན་པར་བྱེད་པ་པོ་ལ་མདུན་ན་འདོན་ཞེས་འབོད་སྲོལ་ཡོད་པས་དེའི་སྐབས་སུ་ཕྱི་བློན་དང་ནང་བློན་བར་བློན་མང་པོའི་ཁྲོད་ན་ཆེས་མཆོག་ཏུ་གྱུར་པ་ཆོས་བློན་ཀྲྀཥྞ་འཛིན་གྱིས་རྒྱལ་པོ་ཆེན་པོས་བཀའ་ཇི་ལྟར་བསྒོས་པ་བཞིན་དུ་དེད་དཔོན་དང་ལྷན་ཅིག་གཟིངས་ལ་ཞུགས་ནས་རྒྱ་མཚོའི་གླིང་དུ་སོང་སྟེ། ནོར་བུ་རིན་པོ་ཆེ་བླངས་ནས་ཕྱིར་ཕོ་བྲང་དུ་ལོག་པ་ན་ལམ་དུ་མཚོ་གླིང་ཞིག་ན་རྒྱལ་སྲས་པདྨ་འབྱུང་གནས་ཁྱེའུ་གཞོན་ནུའི་རྣམ་པར་པདྨའི་སྦུབས་ལས་འཁྲུངས་པ་དང་མཇལ། དེ་རྒྱལ་པོའི་སྲས་ཀྱི་སྐལ་པར་སྤྱན་དྲངས་ཤིང་། རྒྱལ་པོའི་ཐུགས་ཀྱི་རེ་བ་ཡོངས་སུ་བསྐངས་ཏེ་དགྱེས་པ་བསྐྱེད། ནོར་བུའི་མཐུ་ལས་འབངས་ཀུན་དབུལ་བའི་སྡུག་བསྔལ་ལས་གྲོལ་ཞིང་། ཨོ་རྒྱན་གྱི་རྒྱལ་ཁམས་སྒོ་ཀུན་ནས་སྐལ་བ་དགེ་བར་བྱས་པ་ཆོ༵ས་བློ༵ན་ཀྲྀ༵ཥྞ༵་འཛི༵ན་ཏེ་དེ་ལ༵་གསོལ་བ༵་འདེ༵བས་སོ། །


༄༅། །ཧེ་རུ་ཀ་དཔལ་བདེ་ཆེན་སྒྱུ་མའི་གར། །མི་འགྱུར་མཆོག་གི་ཡེ་ཤེས་མངོན་དུ་གྱུར། །ཡང་དག་གྲུབ་པ་ཐུགས་ཀྱི་རིག་པ་འཛིན། །སློབ་དཔོན་ཧཱུྃ་ཀ་ར་ལ་གསོལ་བ་འདེབས། །དེ་ཡང་ཧེ་རུ་ཀཿ གལ་པོ་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་འབྱུང་བ་ལྟར་བདེ་སྡུག་གི་རྣམ་པར་ཤར་བའི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྡུལ་བྲལ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཀློང་དུ་སྒྲོལ་བར་བྱེད་པའི་ཧེ༵་རུ༵་ཀ༵ཿ དཔ༵ལ་ཏེ་ཁྲག་འཐུང་ཆེན་པོའོ། །དེའི་མཚན་ཉིད་ནི་ཁམས་གསུམ་གྱི་ཟག་པ་དང་བཅས་པའི་བདེ་བ་རྟག་མི་ཐུབ་པའི་སྒྲིབ་པ་ཀུན་དང་ཡོངས་སུ་བྲལ་བ་རྣམ་ཀུན་མཆོག་ལྡན་སྲིད་ཞིའི་ཁམས་ན་རང་བཞིན་གསལ་བའི་བདེ༵་ཆེ༵ན་ཡེ་ཤེས་སྒྱུ༵་མ༵འི་ག༵ར་གྱི་རྣམ་པར་རོལ་པ་ཅིར་ཡང་བསྒྱུར་བ་ལ་ངོ་བོ་སྟོང་པའི་ཡེ་ཤེས་མཐའ་བྲལ་ཐིག་ལེ་ཆེན་པོའི་དབྱིངས་སུ་རྒྱ་ཡིས་བཏབ་པས་རྟག་ཏུ་མི༵་འགྱུར༵་བའི་མཆོ༵ག་གི༵་ཡེ༵་ཤེ༵ས་གློ་བུར་དྲི་མའི་སྦུབས་སུ་ནམ་ཡང་བག་ལ་ཞ་བ་མ་ཡིན་པར་ཕྱིར་གསལ་སྐུ་དང་ཞིང་ཁམས་སུ་མངོ༵ན་དུ༵་གྱུར༵་བར་འཆར་ཞིང་། གཉིས་སྣང་གི་སྒྲིབ་པ་བག་ཆགས་དང་བཅས་པས་རྡུལ་ཙམ་མ་གོས་པའི་ཡ༵ང་དག༵་པའི་ཟག་མེད་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་མ་བཙལ་ཡེ་རྫོགས་སུ་གྲུ༵བ་པ༵་ལ་མངའ་དབང་བསྒྱུར་བ་རྒྱལ་བ་ཐམས་ཅད་ཀྱི་ཐུག༵ས་ཀྱི༵་རི༵ག་པ་འཛི༵ན་པ་སློ༵བ་དཔོ༵ན་ཆེན་པོ་ཧཱུ༵ྃ་ཆེན་ཀ༵་ར༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །གོང་དུ་སྒྲུབ་སྡེ་བཀའ་བརྒྱད་ཀྱི་ལོ་རྒྱུས་སྐབས་སུ་བཀའ་བབས་སོ་སོའི་ལོ་རྒྱུས་བསྡུས་ཙམ་རེ་སྤྲོས་པའི་སྐབས་ན་སློབ་དཔོན་འདིའི་ལོ་རྒྱུས་ཡང་དག་ཐུགས་ཀྱི་བཀའ་བབས་སྐབས་སུ་ཆ་ཤས་ཙམ་བརྗོད་ཟིན་པ་ལས་རྟོགས་པར་བྱའོ། །


༄༅། །སངས་རྒྱས་གཉིས་པ་པདྨ་ཀ་རའི་དྲུང་། །ཉིད་དང་དགོངས་མཉམ་སྔགས་ཀྱི་གྲུབ་བརྙེས་ཚུལ། །ལྟ་སྟངས་ཙམ་གྱིས་ནམ་མཁའི་བྱ་རྣམས་འགུགས། །སངས་རྒྱས་ཉིད་མྱ་ངན་ལས་འདའ་བར་བཞེད་པའི་སྐབས་སུ་ཀུན་དགའ་བོ་ལ་སོགས་པའི་ཐུན་མོང་གི་འཁོར་རྣམས་ལ། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་ངག་མ་འདོན་ཀུན་དགའ་བོ། །ང་ནི་འདི་ནས་མི་སྣང་ནས། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་འབྱུང་གནས་ཞེས་བྱ་བ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་ཐུགས་ཀྱིས་བརྩེ་བས་དགོངས་ཏེ། གསུང་གིས་ལུང་བསྟན་པ་བཞིན་སྔར་བརྗོད་པ་ལྟར་ཨོ་རྒྱན་ཡུལ་གྱི་མཚོ་གླིང་དུ་པདྨའི་སྦུབས་ལས་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་ཤིང་། ཨོ་རྒྱན་གྱི་རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དང་། དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་པ་ལ་སོགས་གང་འདུལ་འགྲོ་དོན་གྱི་ཕྲིན་ལས་བསྐྱངས། བོད་དུ་ཕེབས་ཏེ་ཐུན་མོང་མ་ཡིན་པའི་འཁོར་རྣམས་ལ་འབྲས་བུའི་ཆོས་གསང་སྔགས་རྡོ་རྗེའི་ཐེག་པ་གསུངས་ཏེ། ཚེ་ལུས་གཅིག་ལ་ཀུན་བཟང་ཆོས་སྐུའི་རྒྱལ་ཐབས་ལ་འགོད་པར་མཛད་པ་ཆགས་མེད་རང་བྱུང་གི་སང༵ས་རྒྱས༵་གཉི༵ས་པ༵་པ༵དྨ༵་ཀ༵་ར༵འི་དྲུང༵་དུ་ལས་ཅན་དག་པའི་འཁོར་གྱི་ཚོམ་བུ་རྣམས་དང་ལྷན་ཅིག་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་དང་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་ནོད་དེ་རྩེ་གཅིག་སྒྲུབ་ལ་གཞོལ་བས། ཐུན་མིན་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད༵་སློབ་དཔོན་ཆེན་པོ་ད༵ང་དགོ༵ངས་པ་མཉ༵མ་པ་ཉིད་དུ་གྱུར་ཅིང་། སྐལ་ལྡན་གདུལ་བྱའི་སྣང་ངོར་གསང་བ་ཟབ་མོའི་སྔག༵ས་ཀྱི༵་གྲུབ༵་པ་བརྙེས༵་པའི་ཚུ༵ལ་བསྟན་ནས་མིག་གིས་བར་སྣང་ལ་ལྟ༵་སྟང༵ས་བྱས་པ་ཙ༵མ་གྱི༵ས་ནམ༵་མཁ༵འི་བྱ༵་རྣམ༵ས་ཐོགས་མེད་དུ་འགུག༵ས་པ་སྐད་གཉིས་སྨྲ་བའི་དབང་ཕྱུག་འབྲོ༵ག་བ༵ན་ཁེ༵འུ་ཆུང༵་ལོ༵་ཙཱ༵་བ་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་ལོ་ཙཱ་བ་འདི་ནི་གདུང་རུས་འབྲོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་མཁྱེན་པས་མཚན་ཡང་དེ་ལྟར་གྲགས། སློབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པར་བསླབས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ལྕང་ལོ་ཅན་ནོ། །


༄༅། །སྨྲ་བའི་སེང་གེས་དངོས་སུ་རྗེས་བཟུང་བས། །ཇི་སྙེད་ཆོས་རྣམས་ཇི་བཞིན་ཡོངས་གཟིགས་ནས། །ཐབས་མཁས་མཛད་པས་འགྲོ་སྒྲོལ་སེམས་དཔའ་ཆེ། །ཇོ་བོ་སྨྲྀ་ཏི་ཛྙཱ་ན་ལ་ན་མོ། །གཉིས་འཛིན་རྟག་ཆད་ཀྱི་མཐར་ལྷུང་ཞིང་། ཐར་པའི་ལམ་དང་བྲལ་བའི་ཆོས་སྟོན་པ་གཅན་གཟན་མ་རུངས་པ་ལྟ་བུའི་སྟོན་པ་རྣམས་ཀྱི་མུ་ཅོར་སྨྲ་བའི་སྒྲ་རྣམས་རྨིང་མེད་དུ་ཟིལ་གྱིས་གནོན་པ་རྒྱལ་བ་ཀུན་གྱི་མཁྱེན་རབ་ཡེ་ཤེས་ཀྱི་ཕུང་པོ་སྨྲ༵་བའི༵་སེ༵ང་གེ༵ས་དངོ༵ས་སུ༵་ཞལ་བསྟན་ནས་བྱིན་གྱིས་བརླབས་ཤིང་རྗེས༵་སུ་བཟུ༵ང་བ༵ས། སྣང་བ་ཀུན་རྫོབ་ཀྱི་བདེན་པ་ཇི༵་སྙེད༵་པའི་ཆོ༵ས་སོ་ཅོག་རྣམ༵ས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་རྩལ་དུ་ཇི༵་ལྟ་བ་བཞི༵ན་དུ་མ་འདྲེས་པར་ཡོ༵ངས་སུ་གཟི༵གས་ནས༵། ཐ༵བས་ལ་མཁ༵ས་པའི་བྱང་ཆུབ་སེམས་དཔའི་གང་འདུལ་ཕྲིན་ལས་ཀྱི་མཛ༵ད་པ༵ས་འགྲོ༵་བ་ཉམས་ཐག་པ་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ༵་བའི་ཆོས་སྟོན་པ་སེ༵མས་དཔ༵འ་ཆེ༵་བའི་སློབ་དཔོན་ཏེ་ཇོ༵་བོ༵་སྨྲི༵་ཏི༵་ཛྙཱ་ན༵་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ལྟ་བུའི་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ནི། རང་དང་གཞན་གྱི་གཞུང་ལུགས་ཐམས་ཅད་མཁྱེན་པས་རྩོད་པ་ལ་སྨྲ་བའི་ཁྱུ་མཆོག་ན་རོ་པཎྜི་ཏ་ལ་སོགས་པ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཅིང་མངོན་པར་ཤེས་པ་མངའ་བ་དེས་ཡུམ་གྱི་དོན་དུ་བོད་དུ་བྱོན། ཁབ་གུང་ཐང་དུ་ཕྱུགས་རྫིའི་ཚུལ་བཟུང་། དེའི་དགོས་པ་རང་གི་མ་ཡུམ་དེའི་གྲོང་པ་གཅིག་གི་སྒྱེད་པུའི་ནང་དུ་སྡིག་པར་སྐྱེས་པ་འདོན་པའི་ཕྱིར་དུ་རྫུས་པ་ཡིན། དེའི་ཚེ་དཔྱལ་ལོ་ཙཱ་བ་རྒྱ་གར་ནས་འཁོར་བ་ལ་ཀུན་དད་དད་རུབ་རུབ་བྱེད། སྨྲྀ་ཏི་ཛྙཱ་ན་པཎྜི་ཏ་ཡིན་པ་མ་ཤེས་པས་མཐོང་མི་བྱེད་པས་གུང་ཐང་གི་སྒོའི་ཡ་ཐེམ་ལ། སཾ་སྐྲྀ་ཏའི་སྐད་དུ། རི་བོང་འཛིན་པ་རྒྱུ་སྐར་འཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་འདི་དོར་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། །གཟུགས་ལ་ཚད་མར་འཛིན་པ་བྱིས་པའི་བློ། །ཞེས་བྲིས་ཏེ་གླན། དེ་ལོ་ཙཱ་བས་གཟིགས་ནས། འདི་སུས་བཏབ། ཛོ་གི་ཞིག་ཕྱུགས་འཚོ་ཡི་འདུག་པ་དེས་བཏབ་ཟེར། ད་ལྟ་གར་ཡོད། ཕྱུགས་འཚོ་སར། ཙ་ན་བསླེབ། ཉི་མ་ནུབ་ཁ་ནའོ་ཟེར་བས། ལཱཉྩ་ཤིན་ཏུ་ལེགས་པས་ཡི་གེ་ངོ་མཁྱེན་ནས་སྨྲྀ་ཏིའོ་སྙམ་བསྒུགས་པས་མ་བྱོན། སང་སྔ་བར་གཤེགས་ལན་དུ་མའི་མཐར་མཇལ་བར་གནང་སྟེ། སྔ་སོར་ནས་དཔོན་སློབ་ཡིན་པས་ལོ་ཙཱ་བས་བཤུམས་ནས། འདི་ལྟ་བུའི་འོ་བརྒྱལ་བ་ཞུས་པས། ངས་མའི་དོན་དུ་འདི་ལྟར་བྱས་པ་ཡིན། མ་གར། འདི་ནའོ་གསུངས། དེར་ལོ་ཙཱ་བས་ཁོང་རང་གི་ནོར་གྱིས་སྒྱེད་པུ་བསླུས། ཕྱུགས་བཙོས་པའི་ཡོན་བླངས་ཏེ་ངན་སོང་སྦྱོང་བའི་ཆོ་ག་ལ་བརྟེན་ནས་མ་མཐོ་རིས་སུ་དྲངས། ལོ་ཙཱ་བས་སྒོར་མ་ཐུབ་པས་ཁམས་ལ་གཤེགས། ཕྱིས་བོད་དུ་འཕྲིན་ལས་དུམ་བུ་བྱུང་། དེ་ལ་ལོ་ཙཱ་བ་ནས་འདི་ཤིན་ཏུ་མཁས་པས་མུ་སྟེགས་བྱེད་རྣམས་ཀྱིས་ཁོང་གིས་བསྟན་པ་བསྣུབས་དྭོགས་ཀྱིས་བསྐྲད་པ་བྱས་པས་ལན་གསུང་ངོ་། །


༄༅། །བཅུ་ཕྲག་རིག་པའི་གནས་ཀུན་མཐར་སོན་པས། །རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ་འབར་བ། །ས་ལའི་ལྗོངས་ཀྱི་པཎྜི་ཏ་ཆེན་པོ། །རོང་ཟོམ་ཆོས་ཀྱི་བཟང་པོར་གསོལ་བ་འདེབས། །དེ་ཡང་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་རིན་ཆེན་བཻ་ཌཱུརྱའི་ཁ་དོག་གི་མཚན་དང་ལྡན་པ་ལས། རང་ཅག་གངས་ཅན་པ་རྣམས་ལ་གཙུག་གི་ནོར་བུ་གཅིག་དང་རྣ་བའི་རྒྱན་གཉིས་ཡོད་དེ། གཙུག་གི་ནོར་བུ་གཅིག་ནི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའོ། །རྣ་བའི་རྒྱན་གཉིས་ནི་རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོ་དང་། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའོ་ཞེས་ཆེ་ཐང་དུ་བསྔགས་པ་ལྟར་ཀུན་མཁྱེན་རོང་ཟོམ་པ་ནི་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཤིང་། སེམས་ཅན་ལ་ཕན་པ་བསྒྲུབ་པའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་འབུར་དུ་དོད་པ་དང་། རིས་སུ་བྲིས་པ་ལ་སོགས་རྒྱ་གར་དང་རྒྱ་ནག་བལ་ཡུལ་དང་བོད་ཡུལ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་ཁམས་བཟང་པོ་རྣམས་སུ་སྔོན་དུས་དར་འཕེལ་བྱུང་བའི་བཟོ་རྒྱུན་ལས་མཆེད་པའི་མཆོག་གི་བཟོ་ཡི་རིག་པ། ཕྱི་སྣོད་རང་བྱུང་གི་ཁམས་ལ་བརྟེན་པའི་ནང་བཅུད་སྐྱེ་འགྲོ་རྣམས་ཉེ་བར་འཚོ་བའི་གཞིར་གྱུར་པ་ཁང་ཁྱིམ་ཟས་གོས་ཀ་ཅ་གནས་མལ་ལ་སོགས་ཐུན་མོང་བཟོ་ཡི་རིག་པ། རྒྱུ་དུག་གསུམ་ལ་བརྟེན་ནས་རྐྱེན་རླུང་དང་མཁྲིས་པ་བད་ཀན་ལ་སོགས་ནད་ཀྱི་རིགས་མི་འདྲ་བ་མང་པོས་ཤ་ཁམས་ས་དང་། ཆུ་ཁམས་ཁྲག །མེ་ཁམས་དྲོད། དབུགས་ཁམས་རླུང་སྟེ་འབྱུང་བཞིའི་འདུ་བ་འཕེལ་ཟད་འཁྲུགས་པའི་ནད་ཀྱི་རིགས་རྣམས་སེལ་བར་བྱེད་པའི་གསོ་བ་སྨན་གྱི་རིག་པ། ལེགས་སྦྱར་གྱི་བརྡ་སྤྲོད་པའི་བསྟན་བཅོས་ལ་བརྟེན་ནས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཁོག་།དབུབས་ཏེ་མིང་ཚིག་གི་བརྗོད་བྱ་ཐམས་ཅད་རྗོད་བྱེད་ཚིག་ལས་རབ་ཏུ་གསལ་བར་བྱེད་པ་སྒྲ་ཡི་རིག་པ། གཞལ་བྱའི་ཡུལ་ཤེས་བྱའི་ཆོས་ལ་འཇལ་བར་བྱེད་པའི་ཡུལ་ཅན་གྱི་ཤེས་པ་མ་འཁྲུལ་བས་མངོན་སུམ་རྗེས་དཔག་ལུང་གི་ཚད་མ་གསུམ་ལ་བརྟེན་ཏེ་དོན་གྱི་གནས་འཁྲུལ་པ་མེད་པར་གཏན་ལ་འབེབས་པར་བྱེད་པ་གཏན་ཚིགས་སམ་ཚད་མ་རིག་པ། རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ལ་དཀྲི་བར་བྱེད་པའི་རིམ་དགུའི་ཐེག་པ་སོ་སོའི་ལྟ་སྒོམ་སྤྱོད་པའི་རྣམ་པར་བཞག་པ་ནང་དོན་རིག་པ་སྟེ་རིག་པའི་གནས་ཆེན་ལྔ་དང་།བརྗོད་བྱའི་དོན་བསམ་པ་བརྗོད་འདོད་ཀྱི་ཀུན་ནས་བསླངས་པའི་མིང་དང་ཚིག་དང་ཡི་གེ་གསུམ་གྱི་བདག་ཉིད་ཅན་གྱི་ཚིགས་སུ་བཅད་པ་དང་། ལྷུག་པ་དང་། སྤེལ་མ་གསུམ་སྟེ་སྙན་ངག་གི་ལུས་དང་། རང་བཞིན་གྱིས་ལྟ་ན་སྡུག་པའི་སྐྱེས་བུ་གང་ཞིག་གི་གཟུགས་ལ་རྒྱན་ཆས་ལེགས་པར་སྤྲས་པ་ལྟ་བུ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་དངོས་མིང་དང་བཏགས་མིང་ལ་སོགས་སྣ་ཚོགས་རྗོད་བྱེད་ཚིག་གིས་མཛེས་པར་བྱས་པ་རྒྱན་ཏེ་སྙན་ངག་གི་གཙོ་བོ་ལུས་རྒྱན་ཕུན་སུམ་ཚོགས་པའི་སྒོ་ནས་རིགས་མཐུན་མི་ཡི་འགྲོ་བ་རྣམས་ཀྱི་བདེ་སྡུག་གི་ཚོར་བ་ངག་གི་ལམ་ལས་སམ་ཡི་གེའི་ལམ་དུ་སྙན་ཞིང་འཇེབས་པར་དྲངས་པ། སངས་རྒྱས་དང་དེའི་གསུང་དམ་པའི་ཆོས་ལ་བརྟེན་ནས་འཕགས་པའི་གང་ཟག་རྣམས་ལ་བསྟོད་པའི་ཚོགས་ཚིགས་སུ་བཅད་པའམ། བཅད་ལྷུག་སྤེལ་མ་ལ་སོགས་པ་རྗོད་བྱེད་ཚིག་གི་རོ་བཅུད་སྙན་ལ་འཇེབས་པས་བརྗོད་བྱའི་དོན་ཁྱད་པར་དུ་འཕགས་པར་སྟོན་པ་སྙན་ངག ཕན་ཚུན་ལྟོས་པར་བཅས་པའི་ཆོས་རྣམས་ལ་མིང་དུ་གདགས་ཤིང་། དེ་ཡང་མིང་མང་པོ་དོན་གཅིག་ལ་འཇུག་པ་དང་། མིང་གཅིག་དོན་མང་པོ་ལ་འཇུག་པའི་མངོན་བརྗོད། བྲྀཏྟའི་སྒྲ་ལས་དྲངས་པའི་ཚིགས་སུ་བཅད་པ་དང་། ཚིགས་སུ་བཅད་པ་མ་ཡིན་པར་ལྷུག་པའང་རུང་སྟེ་ཐུན་མོང་འཇིག་རྟེན་དང་། ཐུན་མིན་དམ་པའི་ཆོས་དང་འབྲེལ་བའི་ལོ་རྒྱུས་བསྡུས་དོན་བཀྲལ་བ། རྒྱས་དོན་བསྡུ་བ། གོང་འོག་མ་འཁྲུགས་པ། གོ་རིམ་འབྲེལ་ཆགས་པར་བྱེད་པ་སྡེབ་སྦྱོར། ཆེས་སྔ་མོའི་དུས་ནས་དར་བའི་ཡུལ་ཁམས་སོ་སོའི་ལྷ་དང་ལྷ་མོ། འདྲེ་དང་འབྱུང་པོ། རྒྱལ་པོ་དང་བཙུན་མོ། བུ་དང་བུ་མོ། ཁྱོ་ཤུག་དང་བྲན་ཁོལ་ལ་སོགས་འཇིག་རྟེན་སོ་སོའི་སྐྱེ་བོ་རྣམས་ཀྱི་བདེ་སྡུག་གི་སྣང་བ་མི་འདྲ་བ་རྣམ་པ་སྣ་ཚོགས་སྐྱེ་རྒུ་རང་རང་སོ་སོའི་སྣང་བ་ལ་ཇི་ལྟར་འཆར་བ་ལ་བརྟེན་ནས་ལས་དང་ལས་ཀྱི་འབྲས་བུའི་རྣམ་པར་བཞག་པ་གཞན་ལ་སྒྲུང་གཏམ་གྱི་ཚུལ་དུ་སྒྲོག་པ་དང་། ཁྱད་པར་ཆེས་མཆོག་ཏུ་ངོ་མཚར་ཆེ་བའི་གཏམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་དཔེར་ན་བདག་ཅག་གི་སྟོན་པའི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ལྟ་བུ་དང་ཉེ་བའི་སྲས་བརྒྱད་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམ་ཀྱི་རྟོགས་བརྗོད། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ལ་སོགས་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་། བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་རྣམ་པར་ཐར་བ་སྐྱིད་ན་གོང་ནོན་ཅིང་། སྡུག་ན་སེམས་གསོ་གཏོང་བ། མཐར་ཐུག་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པ་ལ་སོགས་དགོས་པ་དང་དགེ་མཚན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་འཕགས་པའི་གང་ཟག་རྣམས་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟར་བྱུང་བ་བརྗོད་པའི་གཏམ་འབེལ་གཏམ་གྱི་ཚུལ་དུ་སྒྲོགས་པ་ཉན་བྱའི་ཟློས་གར་དང་། སྟོན་བྱའི་ཟློས་གར་གང་ཞིག་རྒྱན་དང་ཆས་གོས་ཆ་ལུགས་སུ་བྱས་ནས་མིག་གི་དབང་པོའི་ཡུལ་དུ་མངོན་སུམ་བལྟ་བྱར་ཡོད་པར་འཁྲབ་པ་བལྟ་བྱའི་ཟློས་གར་རམ་གཟུགས་ཅན་གྱི་ཟློས་གར། ནམ་མཁའི་གཟའ་དང་སྐར་མའི་འགྲོས་ལས་ས་ལ་དུས་བཞིའི་འགྱུར་ལྡོག་ཇི་ལྟར་འབྱུང་བ་སྔོན་དུ་དཔོག་ཐུབ་པ་དང་། ཟླ་བའི་དཀྱིལ་འཁོར་གྱི་འཕེལ་འགྲིབ་ཇི་ལྟར་འབྱུང་བའི་རྒྱུ་མཚན་སྟོན་པ། ཉི་མ་ལྷོ་རུ་བགྲོད་པ་དང་། བྱང་དུ་བགྲོད་པའི་དུས་ཀྱི་ཁྱད་པར་ལས་ལོ་དང་ཟླ་བ་ཞག་དང་ཚེས་གྲངས་ལ་སོགས་དུས་ཚོད་འཆུག་པ་མེད་པར་སྟོན་པ། གནམ་ལ་གནས་ཤིང་རྒྱུ་བའི་གཟའ་སྐར་འཕྲོད་སྦྱོར་བཟང་ངན་གང་ཞིག་ཤར་བ་ལ་བརྟེན་པའི་ས་ལ་གནས་ཤིང་རྒྱུ་བའི་སྐྱེ་རྒུའི་ལུས་ངག་ཡིད་གསུམ་གྱི་ཁམས་ལ་བདེ་སྡུག་གི་ཚོར་བ་གང་ཞིག་ཉམས་སུ་མྱོང་བ། རྟེན་འབྲེལ་ཉེས་པའི་ཚོགས་རྣམས་སེལ་ཞིང་། ལེགས་པའི་ཚོགས་སྤེལ་བའི་ཐབས་དང་གཏོ་བཅོས་གསལ་བར་སྟོན་པ། ཁྱད་པར་དུ་ཕྱི་དུས་ཀྱི་འཁོར་ལོའི་ལུགས་ཀྱི་རི་རབ་གླིང་བཞི་གླིང་ཕྲན་གཟའ་སྐར་དང་བཅས་པའི་རྣམ་པར་བཞག་པ། དེ་དག་གི་འཕྲོ་གཞི་ནང་དུས་ཀྱི་འཁོར་ལོ་རྡོ་རྗེའི་ལུས་ཀྱི་རྣམ་པར་བཞག་པ། གཞན་དུས་ཀྱི་འཁོར་ལོའི་དགོངས་པ་བསྙེན་སྒྲུབ་ཡན་ལག་བཞིས་ཁོག་དབུབས་ཏེ་རྡོ་རྗེ་བཞིའི་གནད་བཅིངས་པས་སད་རྨི་གཉིད་འཐུག་སྙོམས་འཇུག་སྟེ་གནས་སྐབས་བཞིའི་དྲི་མ་སེལ་ཞིང་། སྦྱང་འབྲས་སྐུ་བཞིའི་བདག་ཉིད་རྣམ་པ་ཀུན་གྱི་མཆོག་ལྡན་བདེ་སྟོང་ཟུང་འཇུག་འཁོར་འདས་ཀུན་ལ་ཁྱབ་པའི་ཧེ་རུ་ཀ་ཆེན་པོའི་གོ་འཕང་ལ་སྦྱོར་བར་བྱེད་པ་སྟེ་དོན་བསྡུ་ན་བཟོ་དང་། གསོ་བ། སྒྲ་དང་། ཚད་མ། ནང་དོན་རིག་པ་སྟེ་རིག་པའི་གནས་ཆེན་ལྔ་དང་།དབྱེ་གཞི་སྒྲ་ཡི་རིག་པ་ལས་མཆེད་པའི་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། རྩིས་ཏེ་བཅུ༵་ཕྲ༵ག་རི༵ག་པ༵འི་གན༵ས་ཀུན༵་ལ་མཁྱེན་རབ་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་སྟེ་མཐ༵ར་སོ༵ན་པ༵ས། སྐྱེ་རྒུ་རྣམས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་བྱེད་པའི་རྒྱལ༵་བའི་བསྟན༵་པ་རིན་པོ་ཆེ་སྔོན་བྱོན་བོད་ཀྱི་ཡུལ་དུ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཇི་ལྟར་ནམ་ལངས་པ་བཞིན་དུ་དར་བའི་སྟེང་། ཉིན༵་མོ༵ར་བྱེད༵་པ༵འི་དཔལ་གྱིས་ཆེས་ཆེར་གསལ་བར་བྱེད་པ་ལྟར་རྟོགས་པ་ཆོས་སྐུ་བདག་གི་དཔལ་དང་། ཐུགས་རྗེས་གཟུགས་སྐུ་གཞན་གྱི་དཔ༵ལ་འབ༵ར་བ༵། ལྗོན་ཤིང་བརྒྱ་ཕྲག་མང་པོའི་དབུས་ནས་ཆེས་མཆོག་ཏུ་མཐོ་བ་ས༵་ལ༵འི་ཤིང་ལྟ་བུ་ཡུལ་ཁམས་བརྒྱ་ཕྲག་མང་པོའི་ནང་ནས་ཆེས་ཁྱད་པར་དུ་འཕགས་པ་ཆོས་ལྡན་བོད་ཡུལ་ལྗོང༵ས་ཀྱི༵་མཁས་པ་མང་པོའི་དབུས་ནས་འགྲན་ཟླ་དང་བྲལ་བའི་མཁས་པ་མ་ཧཱ་པཎྜི་ཏ༵་ཆེ༵ན་པོ༵་རོ༵ང་ཟོ༵མ་ཆོ༵ས་ཀྱི༵་བཟ༵ང་པོ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་ལོ་རྒྱུས་ཆ་ཤས་ཙམ་སྤྲོས་ན་འཇམ་དཔལ་དབྱངས་དངོས་མི་ཕམ་ཆོས་རྗེས། གསང་སྔགས་སྔ་འགྱུར་དང་ཕྱི་འགྱུར་ཞེས་པའི་མཚན་གྱི་ཐ་སྙད་ཆགས་པའི་མགོ་རྩོམ་པའི་དུས་སྐབས་དེར། འཇམ་དཔལ་གཞོན་ནུ་མི་ཡི་ཟོལ་དུ་བཞེངས་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཞེས་གངས་ཅན་འདི་ན་དུས་གསུམ་དུ་ཡང་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་འདི་བྱོན་པ་ཡིན་ཏེ། དེ་ཡང་གཙང་རུ་ལག་སྨད་ཀྱི་སའི་ཆ་སྣར་ལུང་རོང་ཞེས་པར། གྲུབ་པའི་སྔགས་བརྒྱུད་ཁྱད་པར་ཅན་གྱི་རིགས་རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་བྱ་བའི་སྲས་སུ་འཁྲུངས། སྐུ་བལྟམས་པ་ཙམ་ནས་མཁྱེན་པའི་ཡོན་ཏན་ལྷུན་གྲུབ་ཏུ་མངའ་ཞིང་དམ་པའི་མཛད་སྤྱོད་སྒྲིབ་མེད་དུ་གསལ་བའི་རྒྱུ་དེས། ཡབ་སོགས་སྐྱེ་བོ་ཁ་ཅིག་གིས་པཎྜི་ཏ་སྨྲྀ་ཏི་ཛྙཱ་ནའི་སྐུའི་སྐྱེ་བ་དེ་མ་ཐག་པ་ཡིན་པར་གླེང་། ཁ་ཅིག་གིས་པཎྜི་ཏ་ཕྲ་ལ་རིང་པ་ཞེས་བོད་དུ་བྱོན་པ་དེའི་སྐུ་སྐྱེར་གླེང་། བྱིས་པ་མ་ཡི་པང་དུ་བཞུགས་པའི་དུས་ནས་ཀྱང་ལེགས་སྦྱར་གྱི་སྐད་དང་ཆོས་གཏམ་སྣ་ཚོགས་མཛད་པར་འདུག་པ་དེ། མས་པང་དུ་བཟུང་ཞིང་གཉེན་དག་དང་བཅས་ཇོ་བོ་ཆེན་པོ་མར་མེ་མཛད་ཀྱི་སྤྱན་སྔར་སོང་སྟེ་རོང་གི་ཆུ་ཆེན་ཁར་མཇལ་ཞིང་། བྱིས་པ་འདི་སྐྱེས་ཙམ་ནས་རྒྱ་སྐད་དང་ཆོས་གཏམ་སྣ་ཚོས་སྨྲ་བ་ཞིག་འདུག་པ་འདི་ཇི་འདྲ་ཞིག་ཡིན། ཇོ་བོས་འདི་ལ་ཆོས་གཏམ་ཞིག་མཛོད་ཅེས་ཞུས་པ་དང་། ཇོ་བོས་བྱིས་པ་དེ་སྐུ་པང་དུ་བཞེས་ནས་ཞལ་འཛུམ་པ་དང་ལྡན་པར་ཀི་ན་ཧོ། ཞེས་སོགས་རྒྱ་གར་གྱི་སྐད་ཀྱིས་དྲི་བ་མཛད་པ་ལ་བྱིས་པས་ལན་ཐོགས་པ་མེད་པར་བཏབ་པས། ཇོ་བོའི་ཞལ་ནས། ཨ་ཙརྱ་ནག་པོ་སྤྱོད་པ་ཆེན་པོ་དེ་ཉིད་ཚེ་འཕོས་མ་ཐག་པ་འདི་ཡིན་ཏེ། ཁོ་བོས་འདི་ལ་ཆོས་གཏམ་བྱ་ག་ལ་བཏུབ་ཅེས་བསྔགས་ཤིང་གུས་པར་མཛད་པས་སྤྲུལ་པའི་སྐུ་རྩོད་མེད་དུ་ཐམས་ཅད་ལ་གྲགས་པར་གྱུར། དེ་སྐབས་ཁ་ཅིག་གིས་ནག་པོ་སྤྱོད་པ་བར་དོར་སངས་རྒྱས་པས་སྐྱེ་བ་ལེན་པ་མི་འཐད་ཅེས་མ་བརྟག་པར་སྨྲ། ཁ་ཅིག་གིས་ནག་པོ་པ་བར་དོར་མཆོག་གྲུབ་པར་གསུངས་མོད་གལ་ཏེ་སངས་རྒྱས་ཡིན་ན་ཡང་། བཟོ་དང་སྐྱེ་བ་བྱང་ཆུབ་ཆེན་པོའི་སྤྲུལ་པ་ཅི་སྟེ་མི་འབྱུང་ཞེས་གླེང་། བྱིས་པའི་དུས་སུ་རྒྱ་གར་གྱི་ཨ་ཙ་ར་མཐོང་ཚད་ལ་དགྱེས་ཤིང་རང་བཞིན་གྱིས་ཕན་ཚུན་སྐད་བརྡ་འཕྲོད་པར་བྱུང་། སྐུ་ན་ཆུང་ངུའི་སྐབས་སུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་པ་མཛད་པའི་ཚེ། ཆོས་གཏམ་གྱིས་རྩེད་མོའི་བགྲོ་གླེང་གིས་དེར་འཁོད་རྣམས་ཀྱི་སྤོབས་པ་ཟིལ་གྱིས་མནན་པར་གྱུར་པས། རེས་གཅིག་ཡབ་རྒྱག་སྐྱེལ་དུ་བྱོན་དུས། དེར་འཁོད་ཆོས་གྲྭ་པ་དག་ན་རེ། ཁྱོད་ཀྱི་བུ་ཆུང་ངུ་འདི་ཐོ་ཅོ་ཆེ་བས། ངེད་ཅག་རྣམ་ཀུན་སུན་འབྱིན་ལ་རྣོ་བས་འདི་ཕྱིར་ཁྲིད་ན་འཐད་ཅེས་ཟེར་བ། ཡབ་ཀྱིས་སློབ་དཔོན་ལ་ཞུས་ནས་ཕྱིར་འཁྲིད་དམ་བྱས་པ་ལ། སློབ་དཔོན་གྱིས་དེ་སྐད་མ་ཟེར་ཅིག །ཁོས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་གོ་ནས་ཡོད་པས་ཡིན། དོན་མེད་ཀྱི་སུན་འབྱིན་མིན་གསུངས། ལོ་བཅུ་གཉིས་པ་ལ་མཚན་ཉིད་དང་ཚད་མའི་རིགས་ལམ་སྦྱང་། ཆོས་མཚམས་རྣམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱིས་གང་གསུངས་ཚད་ཆད་ལྷག་མེད་པ་སྤར་བཏབ་པ་ལྟ་བུ་ཤར་རེ་གསུངས་པར་མཛད། གང་གསན་པ་ཐམས་ཅད་ཚར་གཅིག་ཁོ་ནས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་བཅུ་གསུམ་ན་གསན་བསམ་མཐའ་དག་རྫོགས་ཏེ་གསར་དུ་དེ་ལ་སུས་ཀྱང་བསླབ་པའི་སྐྱེད་འདོན་དུ་མེད་པ་ལྟ་བུར་གྱུར། བི་བརྟའི་པུས་ཏི་སོགས་ལ་བསླབ་པ་མེད་ཀྱང་གཟིགས་པ་ཙམ་གྱིས་མཁྱེན་པ་ཚེགས་པ་མེད་པར་བྱུང་། སཾསྐྲྀ་ཏ་སོགས་སྐད་རིགས་སྣ་ཚོགས་དང་ཐ་ན་དུད་འགྲོ་རྣམས་ཀྱི་བརྡ་དང་སྐད་ཀྱི་རིམ་པ་ཡང་རང་བཞིན་གྱིས་མཁྱེན་པར་གྲགས། བྱིས་པ་ཆུང་ངུའི་དུས་ནས་སྨྲ་སྒོའི་འགྲེལ་པ་སོགས་བསྟན་བཅོས་མང་པོ་མཛད། ཆོས་ལ་མོས་པ་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་ལས་དང་དངོས་གྲུབ་སྒྲུབ་པའི་གདམས་པ་སྣ་ཚོགས་ཀྱིས་ཕན་པ་ཚད་མེད་པར་མཛད། ཕྱི་ནང་གི་རིག་གནས་དང་གཙུག་ལག་ཐམས་ཅད་དང་། རིག་བྱེད་དང་། ཚད་མའི་བསྟན་བཅོས་དང་ཚིགས་བཅད་དང་སྙན་ངག་གི་གཞུང་སོགས་འཕགས་བོད་དུ་ཡོངས་སུ་གྲགས་པ་རྣམས་ལྟ་ཅི་སྨྲོས་ཀྱི། སོ་སོའི་གཞུང་ཉི་ཚེ་བ་ཙམ་ལ་བརྟེན་པ་མིན་པའི་གཞུང་ལུགས་རྒྱ་ཆེ་མུ་མེད་པའི་རྣམ་བཞག་རང་བཞིན་གྱི་ཐུགས་ལ་མངའ་བས་སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་གྱི་མཚན་ཉིད་དངོས་སུ་གསལ་བར་གྱུར། མདོ་རྒྱུད་བསྟན་བཅོས་ཀྱི་རྒྱ་གཞུང་བརླིང་བ་སྔར་མ་གཟིགས་པ་རྣམས་ཀྱང་ཚར་རེའམ་མང་ཡང་གཉིས་ལས་ལྷག་པར་གཟིགས་མ་དགོས་པར་དེ་དག་གི་ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་ཅིང་། སླར་དཔེ་ལ་ལྟོས་མི་དགོས་པའི་མི་བརྗེད་པའི་གཟུངས་ཐོབ་པར་གྲགས། རྗེ་ཉིད་ཀྱི་ཞལ་ནས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། བོད་དུ་འགྱུར་བའི་ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཧ་ཅང་མྱུར་བར་མི་འཛིན་པ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཚར་རེ་ལས་མ་དགོས་སོ་ཞེས་གསུངས་སྐད། འདི་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་ཆོས་ཚད་མེད་པ་སྐད་ཅིག་རེ་རེས་འཛིན་མོད་ཀྱི། ཐུན་མོང་གི་ངོར་གསན་བསམ་མཛད་ཚུལ་དང་བསྟུན་པའི་གསུང་གོ་རྒྱུ་ཅན་ཡིན་པར་སྣང་ངོ་། །རྒྱ་བོད་ཀྱི་སྐད་ཤན་སྦྱར་ནས་དོན་གྱི་འཇུག་ཚུལ་སྟོན་པའི་བརྡ་ཆད་ལ་འགྲན་ཟླ་མེད་ཅིང་། ཤེས་བྱ་མཐའ་དག་གི་དོན་ལ་རིགས་པའི་ལམ་གྱིས་མཐའ་རྗེན་པར་དཔོགས་པའི་མཁྱེན་རབ་དྲི་མ་མེད་པ། ཟབ་པ་དང་རྒྱ་ཆེ་ལ་མྱུར་བའི་སྤོབས་པ་འགྲན་ཟླ་དང་བྲལ་བའི་དབང་གིས། ཕྱོགས་ཀྱི་གླང་པོའི་ཤེས་རབ། ཆོས་ཀྱི་གྲགས་པའི་བརྒལ་བརྟག དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙནྡྲ་གོ་མིའི་བརྗོད་པ། སློབ་དཔོན་དཔའ་བོའི་རྩོམ་པ་ལྔ་གང་ཟག་གཅིག་ལ་འཛོམ་པ་ལྟ་བུ་ཡིན་ཞེས་མཁས་པ་དུ་མས་ཚོགས་ཀྱི་དབུས་སུ་བསྟོད་པའི་འོས་སུ་གྱུར། ཁྱད་པར་སྒྲ་དང་ཚད་མའི་གཞུང་ལ་འདི་ལས་ལྷག་པ་བོད་དུ་མ་ཟད་འཕགས་ཡུལ་དུའང་མེད་ཅེས་དེ་དུས་ཀྱི་མཁས་པ་རྣམས་ཀྱིས་བསྔགས། གཞན་ཡང་དེ་དུས་ཀྱི་སྐྱེ་བོ་དག་གིས། མུར་བ་ཚུར་སྟོན་ཡི་གེ་མཁས། །ཆོག་སྒྲིག་གྲངས་ཀྱི་མེ་གྲགས་མཁས། །སྒྲ་ཚད་འགོས་ལོ་ཁུག་པ་མཁས། །ཐམས་ཅད་འཛོམ་པ་ཆོས་བཟང་ཙམ། །ཞེས་སོགས་དེ་འདྲ་བའི་ཚིགས་བཅད་སྣ་ཚོགས་མཚར་གཏམ་དུ་བྱས་པར་གྲགས།དེ་ལྟ་བུར་ཤེས་བྱ་མཐའ་དག་ལ་མ་རྨོངས་པའི་པཎྜི་ཏ་ཆེན་པོ་འདིས། གཞན་ལ་ཕན་པ་ཁོ་ནའི་ཐུགས་ཀྱིས་མདོ་དང་རྒྱུད་དང་རིག་གནས་དང་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ། དཀར་ཤེ་ཇི་ལྟར་བསྒྲུབ་པ་ཚུན་ཆོད་ཀྱིས་བསྟན་བཅོས་ཆེས་མང་པོ་མཛད་དེ། སྔར་གྱི་ལོ་རྒྱུས་འགའ་ཞིག་ཏུ་པོ་ཏི་དྲུག་ཅུར་ལོང་བ་ཙམ་ཡོད་ཅེས་དང་། འགའ་ཞིག་ལས་གྲངས་མང་པོ་ཡོད་པར་བཤད། དེ་དག་ལས་སྔགས་ཀྱི་མན་ངག་ཕལ་ཆེ་བ་མཁའ་འགྲོས་གདན་དྲངས་ནས་སོང་ངོ་ཞེས་ཀྱང་གྲགས། གདུལ་བྱའི་རྒྱུད་དང་དུས་མཁྱེན་པའི་མངོན་ཤེས་ཐོགས་མེད་མངའ་ཞིང་སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་ཕན་འདོགས་པའི་ཆེད་དུ་བརྩམ་པ་འབའ་ཞིག་ཡིན་ཕྱིར། གང་བརྩམ་པ་དེ་དག་གདུལ་བྱའི་དོན་དུ་འགྱུར་བ་དང་། འདིས་མཛད་པའི་སྔགས་ཀྱི་གདམས་ངག་རྣམས་ཀྱང་སློབ་བརྒྱུད་པ་དག་གིས་ལུང་མ་ཐོབ་ཀྱང་ཡི་གེ་བཞིན་ཉམས་སུ་བླངས་པས་བྱིན་རླབས་ཀྱི་མཚན་མ་མ་བྱུང་བ་མེད་ཅེས་སྔར་ཡོངས་སུ་གྲགས་ཤིང་། སྐུ་གཤེགས་པའི་རྗེས་སུ་ཡང་ཁ་ཅིག་གིས་གསོལ་བ་བཏབ་པས་དངོས་སུ་བྱོན་ནས་གདམས་ངག་རྣམས་ཀྱི་དོགས་པ་བཅད་པ་སོགས་གསུང་རྣམས་བྱིན་རླབས་དང་ཕན་ཐོགས་ཁྱད་པར་འཕགས་པར་གྲགས། གཞུང་ལུགས་གང་རྩོམ་པར་ཞུས་ཀྱང་མི་མཁྱེན་པ་མེད་ལ། རྩོམ་པའི་ཚེ་གླེགས་བམ་བསྡུ་གཟིགས་སོགས་ལ་ཅུང་ཟད་ལྟོས་མི་དགོས་པར་ཐོགས་མེད་དུ་བརྩོམ་པར་མཛད་ཅིང་། དེ་ལྟར་བརྩམས་པ་རྣམས་ལ་ལུང་རྣམས་ཀྱི་ཚིག་ཟུར་ཙམ་ཡང་ཉམས་པ་མེད་ཅིང་། ཚིག་འབྲུ་བཟང་པོ། དོན་བཟང་པོ། རིགས་པ་དང་འབྲེལ་བ། སྒྲོས་གཙང་བ། ཚིག་དོན་གང་ཐད་ནས་ཆོས་དང་མཐུན་པར་སྐྱོན་གདགས་པའི་གཞི་མི་སྲིད་པར་གྱུར་ཅིང་། གོ་བའི་གནད་གཏིང་ཕྱིན་པར་གསལ་བའི་བསྟན་བཅོས་རྣམ་དག་འབའ་ཞིག་ཏུ་བྱུང་བས། སངས་རྒྱས་ཀྱི་གསུང་དང་རྗེས་སུ་མཐུན་པར་མཁས་པ་མཐའ་དག་གིས་དང་དུ་ལེན་པར་གྱུར། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཝརྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཀ་ར་བྷ་དྲ་དང་། དེ་བཱ་ཀ་ར་ཙནྡྲ་དང་། པ་ར་མི་ཤྭ་ར་དང་། ཨ་ཤོ་ཀ་བཛྲ་ལ་སོགས་པ་རྒྱ་གར་གྱི་པཎྜི་ཏ་མང་པོ་བསྟེན་ནས་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། རྟོག་པ་གསུམ་དང་། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་དང་། སྔགས་དོན་རྡོ་རྗེ་རབ་འབྱེད་སོགས་བཀའ་དང་བསྟན་བཅོས་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་ནང་ན་ཕུལ་དུ་བྱུང་བའི་ཚད་དུ་འཇོག་པ་བྱུང་། རྒྱ་གར་གྱི་པཎྜི་ཏ་དེ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཆོས་མང་བ་རྩོམ་ལ་འགྲོ་བ་རྣམས་སྐྱོབས་ཤིག ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་མི་ཤེས་པས་ཀྱང་ངེད་རྒྱ་གར་ཕྱོགས་སུ་རྩོམ་པ་མཐོང་ན་ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས། སྔར་སྐུ་ན་གཞོན་པའི་དུས་ཤིག མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གྱི་ཆོས་སྐོར་གསན་པའི་ཚེ་མནལ་ལམ་དུ་གསང་བ་སྙིང་པོའི་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱི་ཚོད་མ་བྱས་ནས་གསོལ་བ་རྨིས་པ། སློབ་དཔོན་ལ་ཞུས་ཚེ་ཆོས་དེ་དག་ཁོང་དུ་ཆུད་པའི་རྟགས་ཡིན་པས་ཁྱོད་ཀྱིས་དེ་དག་ལ་འགྲེལ་པ་གྱིས་གསུངས་པས་བླ་མའི་བཀའ་བསྒྲུབ་ཕྱིར། སྔགས་ཀྱི་བསླབ་པ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་སླད་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་བྱེད་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་གསུམ་དང་། གཞན་ཡང་མཉམ་སྦྱོར་འགྲེལ་པ། ངན་སོང་སྦྱོང་རྒྱུད་འཇིགས་བྱེད་སོགས་གཤེད་སྐོར་གྱི་འགྲེལ་པ་དང་མན་ངག་སྣ་ཚོགས་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པ་སོགས་བསྟན་བཅོས་གྲངས་ཤིན་ཏུ་མང་པོ་མཛད་པ་ལ། དུས་དེའི་བོད་ཡུལ་རུ་བཞིའི་མཁས་པ་ཕལ་མོ་ཆེ་ལས། ཁ་ཅིག་གིས་གུས་པས་དང་དུ་བླང་། སངས་རྒྱས་དངོས་ཀྱི་སྤྲུལ་པར་གྲགས་པ་ཡང་བྱུང་། ཁ་ཅིག་གིས་བོད་དུ་སྐྱེས་པ་ཞིག་གིས་རྒྱ་གར་མཁས་པ་རྣམས་ཀྱི་བསྟན་བཅོས་ལས་ཀྱང་མང་བ་དེ་ཙམ་རྩོམ་པ་ཇི་འདྲ་བ་ཞིག་ཡིན་ནམ་སྙམ་དུ། ཤངས་ཀྱི་ཡང་ཁྱེད་བླ་མ། མར་པ་དོ་བ། འུ་ཡུག་པ་མདའ་བ་བསམ་གཏན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སེ་ཁྲོཾ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྔ་ཁ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་སོགས་མཁས་པ་དུ་མས་སུན་འབྱིན་ནུས་སམ་སྙམ་དུ་ཁྱུ་མཆོག་རྭ་བརྡར་བ་ལྟར་རྗེ་འདི་ཉིད་ཀྱི་དྲུང་དུ་ཕྱིན་པ་ན། བདག་ཉིད་ཆེན་པོ་སྨྲ་བའི་སེང་གེ་རྣམ་པར་བསྒྱིངས་པ་འདི་ཉིད་ཀྱིས་ལུང་དང་རིགས་པ་དང་། སྒྲ་དང་དོན་གྱི་རྣམ་བཞག་དཔྱིས་ཕྱིན་པའི་གསུང་གདོང་ལྔའི་སྒྲ་དབྱངས་ཐོས་པ་ཙམ་ནས་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་པད་གུས་པའི་གཙུག་གིས་ལེན་པའི་སློབ་མ་ཤ་སྟག་ཏུ་གྱུར་པར་གྲགས། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་ཐོས་པ་མང་པོའི་གཟུངས་ཐོབ་པར་གྲགས་པ་དེས་ཀྱང་དང་པོ་ཁ་བཏང་བྱས། བར་དུ་ཐེག་ཆེན་ཚུལ་འཇུག་མཐོང་བས་གུས་པ་ཆེན་པོ་སྐྱེས་ནས། མཐར་ཟང་ཟིང་མང་པོས་བསྙེན་བཀུར་བཅས་སྔར་གྱི་རང་ཉེས་བརྗོད་དེ་བཤགས་ཤིང་རྗེས་སུ་བཟུང་བར་གསོལ་བ་བཏབ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་འཇམ་དཔལ་གསང་བའི་རྒྱུད་སོགས་ཆོས་མང་དུ་གསན། གསང་རྒྱུད་གསན་སྐབས་རོང་ཟོམ་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་ད་ལྟ་རྒྱ་དཔེ་ཡོད་ན་འགྱུར་འདི་འདྲ་ཞིག་ཐོབ་པ་ཡིན་ཚུལ་གསུངས་པ། གོ་རུབ་ལོ་ཙཱ་བས་ཡིད་ལ་བཟུང་ནས་ཕྱིས་ཇོ་བོ་ཀྲིཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་བ་གཟིགས་ཤིང་དེ་ལས་མཉན་པས་རོང་ཟོམ་ཆེན་པོས་ཇི་སྐད་གསུངས་པ་བཞིན་བྱུང་བས་ཤིན་ཏུ་གུས་པ་ཐོབ་ཅིང་རྒྱ་དཔེ་རོང་ཟོམ་པའི་ཕྱག་ཏུ་ཕུལ་ནས་རྒྱུད་ལ་འགྱུར་བཅོས་མཛད་ཅིང་སླར་ཡང་བཤད་པ་གསན་སྐད། ལོ་རྒྱུས་འདི་དག་ངོར་ཆེན་གྱི་སྤྱོད་རྒྱུད་རྣམ་བཞག་ཏུ་ཡང་གསུངས། ཚུལ་དེ་དང་ཆ་མཚུངས་རོང་ཟོམ་པའི་ངོ་མཚར་ལོ་རྒྱུས་དུ་མ་གསར་མའི་ལོ་ཙཱ་བ་དག་གི་གསུངས་རྣམས་ན་སྣང་། མར་པ་ཆོས་ཀྱི་དབང་ཕྱུག་སོགས་བོད་ཀྱི་ལོ་ཙཱ་བ་དང་མཁས་པར་གྲགས་པའི་བློ་ལྡན་མཐའ་དག་གིས་ཞབས་ལ་བཏུད་ཅིང་མཁས་པའི་རྣམ་ཐར་རྩོད་མེད་དུ་གྲགས། དེང་སང་ཡང་འདིའི་བསྟན་བཅོས་ཆེ་ཕྲ་གང་ཡང་རུང་ལ་བློ་མིག་ཡོད་པ་སུས་བལྟས་ཀྱང་འགྲན་ཟླ་མེད་པའི་ཡིད་ཆེས་སྐྱེ་བ་ལ་བསྙོན་དུ་མེད། དེའི་ཕྱིར་བོད་གངས་ཅན་ན་འདི་དང་མཚུངས་པའི་མཁས་པ་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོ་སོགས་ཀྱིས་བསྔགས་ཤིང་ཡོངས་སུ་གྲགས་པའོ། །དེ་ལྟར་སུས་ཀྱང་འགྲན་དུ་མེད་པའི་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་ཐོབ་ཀྱང་བདག་བསྟོད་གཞན་ལ་སྨད་པའི་རྣམ་པ་ཆ་ཙམ་ཡང་མི་མངའ་བར་དམན་ས་འཛིན་ཅིང་ཞི་དུལ་གྱི་སྤྱོད་ལམ་སྐྱོང་བ་སློབ་དཔོན་ཞི་བ་ལྷའི་ངང་ཚུལ་ལ་གནས་ཤིང་། གཞན་ལ་གནོད་སེམས་དང་ཁྱད་གསོད་མེད་པར་ཤིན་ཏུ་བྱམས་ཤིང་སྙིང་རྗེའི་སྟོབས་དང་ལྡན་པའི་ཕྱིར་བདག་ཉིད་ཆེན་པོ་འདིས་ཆོས་ལམ་ལ་ཞུགས་པ་དག་ལ་ཆོས་ཀྱི་སྦྱིན་པ་དང་། ཕལ་པ་དག་ལ་ཟང་ཟིང་གི་སྦྱིན་པ་སེར་སྣས་མ་གོས་པའི་གཏོང་བ་ལྷུག་པར་མཛད་ཅིང་གདུལ་བྱ་མཐའ་དག་སྙིང་རྗེ་ཆེན་པོས་ཡལ་བར་མི་འདོར་བའི་བརྩོན་པ་དང་། སྲུང་སྡོམ་དང་ཐུགས་དམ་ནོར་བུ་རིན་པོ་ཆེ་དང་སྲོག་གི་དབང་པོ་ལྟར་གཅེས་སྤྲས་མཛད་ཅིང་གཞན་ཡང་དེ་ལ་འགོད་པ་སོགས་དམ་པའི་རྣམ་ཐར་རྩོལ་མེད་ངང་གིས་གསལ་བ་དང་། བྲག་མེ་ལོང་གི་ངོས་ལྟ་བུར་མཐོ་ཞིང་ཡངས་ལ་གཟར་བར་བྱ་ལྟར་འཕུར་བ་དང་། བྲག་ལ་ཕུར་པ་བཏབ་པ། ནམ་མཁར་འཕུར་བ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་གནས་དང་སྤྱོད་པ་མཁྱེན་པ། གདུལ་བྱའི་རྒྱུད་མཁྱེན་པ་སོགས་ཐ་མལ་པ་རྣམས་ཀྱི་ཡ་མཚན་དུ་བྱེད་ཅིང་སྒྲུབ་པའི་རྟགས་སུ་མངོན་པ་ཚད་མེད་པ་ཡོད་པར་དེ་དུས་ཀྱི་སྐྱེ་བོ་རྣམས་ལ་ཡོངས་སུ་གྲགས་མོད་ཀྱི། སོ་སོ་ཡང་དག་རིག་པ་བཞི་ཐོབ་པའི་འཕགས་ཆེན་འདི་ལྟ་བུ་ལ་དེ་འདྲའི་མངོན་རྟགས་ཕྲ་མོ་བགྲང་བ་ཙམ་ཡ་མཚན་གྱི་གཏམ་དུ་མི་འགྱུར་བས་སྨོས་མ་དགོས་སོ། །བདག་ཉིད་ཆེན་པོ་འདི་བོད་གངས་ཅན་དུ་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆེད་དུ་རྟེན་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོའི་རྣམ་པར་བཞུགས་ཤིང་དགུང་ལོ་བརྒྱ་དང་བཅུ་དགུར་བཞུགས་ཏེ་སྐུ་ལ་སྙུན་མེད་པར་གཤེགས། སྲས་བརྒྱུད་རྣམས་ཕྱི་དུས་བར་བྱོན་ཞིང་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་ཏུ་གྱུར། སློབ་བརྒྱུད་ནི་གོ་རུབ་ལོ་ཙཱ་བ། མར་པ་དོ་བ། འགོས་ལ་སོགས་པའི་ལོ་ཙཱ་བ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་ཅིག་ཞ་མའི་མིང་པོ་རྗེ་དགོན་ཕུ་བ་སོགས་སྒོམ་ཆེན་རྣལ་འབྱོར་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་ལྔ་བརྒྱས་མཚོན་པའི་སློབ་ཚོགས་མང་པོ་བྱུང་བར་བཤད། ཁྱད་པར་གསང་སྔགས་སྔ་འགྱུར་གྱི་ཆོས་བཀའ་པདྨ་འབྱུང་གནས། བི་མ་མི་ཏྲ། བཻ་རོ་ཙ་ན་སོགས་ཀྱི་གདམས་པ་ཐམས་ཅད་རོང་ཟོམ་ཆེན་པོ་ལ་འདུས་ཤིང་བཀའ་བབས་པས། ཉམས་ལེན་གྱི་གཙོ་བོ་སྔ་འགྱུར་པའི་ཆོས་ལ་མཛད། མ་གཤིན་ཕུར་པའི་བསྙེན་བསྒྲུབ་མཐར་ཕྱིན། དེའི་མཐུས་བོད་ཡུལ་གྱི་སྡེ་བརྒྱད་ཀུན་ཀྱང་དབང་དུ་འདུས་ནས་སྲོག་སྙིང་ཕུལ། བོད་ཀྱི་ལྷ་འདྲེ་རྣམས་ཀྱི་སྲོག་སྙིང་དང་མཐུན་རྫས་སོགས་ཀྱིས་གདམས་པ་སྣ་ཚོགས་མཛད། སྐུ་ཚེའི་མཇུག་ལ་ཉིད་ཀྱི་སྲས་མོ་ཡེ་ཤེས་མཁའ་འགྲོ་མ་མི་ཡི་བུ་མོའི་ཚུལ་འཛིན་པ་ལེགས་སྦྱར་གྱི་སྐད་འབའ་ཞིག་སྨྲ་བ་དེ་ལ་རོང་ཟོམ་པ་ཉིད་ཀྱིས་ལེགས་སྦྱར་ཁོ་ནའི་སྐད་ཀྱིས་ཆོས་མང་པོ་གསུངས། བུ་མོ་དེ་དགུང་ལོ་བཅུ་དྲུག་བཞེས་དུས་རྡོ་ཁྲི་རྒྱབ་ཡོལ་མར་རྗེ་ཉིད་བཞུགས་ནས་རྒྱུད་བཤད་གནང་བའི་ཚེ། བུ་མོ་དེ་དངོས་སུ་འཕུར་ནས་མཁའ་སྤྱོད་དུ་སོང་། གསང་མཚལ་ཐིགས་པ་ཞིག་ཆོས་ཁྲིའི་མདུན་དུ་ལྷུང་བ་ལས་སྨན་སེ་བའི་སྡོང་པོ་མེ་ཏོག་སྣ་ལྔ་འཆར་བ་ཞིག་མོས་པའི་རྟེན་དུ་བཞག་པ་དེའི་མེ་ཏོག་ལྔ་ཀ་མཐོང་བའི་མི་རྒན་གཉིས་ཙམ་སྣང་ཡང་ད་ལྟ་ནི་དཀར་སེར་གཉིས་ལས་གཞན་མི་སྣང་ཞེས། རོང་ཟོམ་རྟོགས་བརྗོད་ཡལ་འདབ་བཞི་པ་ཞེས་པ་དབུས་སྤར་དུ་འཁོད་པ་ལས་བཤད། མདོར་ན་རྗེ་འདི་ཉིད་ངེས་པར་འཕགས་ཆེན་གྱི་ས་ལ་བཞུགས་པའི་གང་ཟག་འགྲན་ཟླ་དང་བྲལ་བ་ཡིན་པས་འདིའི་མཁས་པ་དང་གྲུབ་པའི་རྣམ་ཐར་མཐའ་དག་ཕལ་པའི་བློས་དཔག་པར་མི་ནུས་མོད་ཀྱི། ཐུན་མོང་གི་ངོར་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བའི་མཁས་པའི་རྣམ་ཐར་རྩོད་མེད་ཡོངས་སུ་གྲགས་པའི་ཆ་ཤས་འདི་ཙམ་ཞིག་རྗེས་ཉིད་ཀྱི་དངོས་སློབ་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་གིས་བྲིས་པ་ལ་བརྟེན་ནས་འགོས་ལོ་ཆེན་པོའི་དེབ་སྔོན་དུ་བཀོད་པ་ལ་གཞི་བྱས། བོད་སྔ་རབས་པའི་མཁས་པ་བདག་གི་གསུང་ལས་ཁོལ་བུར་བྱུང་བ་རེ་ཟུང་གིས་བརྒྱན་ཏེ་ཅུང་ཟད་བརྗོད་པ་ཡིན་ལ། ཞེས་གསུངས་པའི་རྗེས་སུ་དད་པའི་པདྨོའི་འདབ་བརྒྱ་དགྲོལ་བར་འཚལ་ལོ། །


༄༅། །རྒྱལ་དབང་པད་འབྱུང་ཐུགས་རྗེའི་ཆུ་གཏེར་ལས། །ཡོངས་ཐོན་ཕུལ་བྱུང་ཕྲིན་ལས་འོད་སྟོང་ཅན། །སྔ་འགྱུར་བསྟན་པའི་ཉི་མ་ཀཿཐོག་པ། །དམ་པ་བདེ་གཤེགས་ལ་ན་མོ། །བདེ་གཤེགས་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་དབང་པོ་པདྨ་འབྱུང་གནས་ཀྱི་རྒྱུན་ཆད་མེད་པའི་ཐུགས་རྗེ་ཆུ་གཏེར་ལས་ཡོངས་སུ་ཐོན་པའི་ཕུལ་བྱུང་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་དང་བཅས་པའི་འོད་ཟེར་སྟོང་འཕྲོ་བ་ཅན། བོད་ཀྱི་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་ཆེ་བ་དྲུག་ལྡན་རིམ་དགུའི་ཐེག་པ་བྷོ་ཊའི་ཡུལ་གྱི་སྐྱེ་རྒུའི་བསོད་ནམས་ཀྱི་སྐལ་པར་ཤར་རིའི་ཕྲག་ལས་ཤར་བ་སྔ་འགྱུར༵་བསྟན༵་པ༵འི་ཉི༵་མ༵་རྒྱལ་བ་ཀ༵ཿཐོ༵ག་པ༵་སྟེ། དེ་ནི་གནས་སྐབས་འཇིག་རྟེན་པའི་བདེ་སྐྱིད་ཡུད་ཙམ་རེའི་ཐབས་སྟོན་པའི་སྐྱབས་གནས་ཕལ་པ་མ་ཡིན་པར། དམ༵་པ༵་ཆོས་ཀྱི་ལམ་ལས་མཁའ་མཐས་གཏུགས་པའི་འགྲོ་བ་མ་ལུས་པ་འཕྲལ་ཡུན་ཕན་བདེའི་གོ་འཕང་ལ་འགོད་པའི་སླད་དུ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སྙིང་པོར་ཇི་ལྟར་གཤེགས་པ་དེ་བཞིན་དུ་དཀའ་ཚེགས་ཡོངས་ཡེ་མི་མངའ་བར་བདེ༵་བར་གཤེ༵གས་པ་ཆེན་པོ་སྟེ། དེ་ཡི་ཞ༵བས་ལ༵་གསོ༵ལ་བ༵་འདེ༵བས་སོ། །རྒྱལ་བ་ཀཿཐོག་པ་ཆེན་པོ་བདེ་གཤེགས་ཤེས་རབ་སེངྒེའམ་བླ་མ་སྤོབས་པ་མཐའ་ཡས་ཞེས་ཡོངས་སུ་གྲགས་པ་དེ་ནི་བོད་ཆེན་པོ་ཆུ་བཞི་སྒང་དྲུག་གི་ནང་ཚན་འབྲི་རྫ་སྒང་གི་ས་ཆ། གཡས་ནས་ཆུ་བོ་གསེར་ལྡན་དང་། གཡོན་ནས་གཏེར་ཀླུང་སྤོས་ཆུ་འབབ་པའི་འགྲམ། ཀྲེ་ཤོད་གངས་ཀྱི་ར་བ། འབེལ་མོ་ཞེས་པར། ད་ལྟ་གསེར་ཁང་དུ་གྲགས་པ་དེར། ཡབ་སྔགས་ཀྱི་རྣལ་འབྱོར་པ་གཙང་པ་དཔལ་གྲགས། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ལ་སྲས་བཞི་སྲས་མོ་གཅིག་ཡོད་པའི་ཆེ་བ་རྗེ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་དང་། དེའི་འོག་རྒྱལ་བ་ཀཿ ཐོག་པ་དམ་པ་བདེ་གཤེགས་འདི་ཉིད་རབ་བྱུང་གཉིས་པ་ཆུ་ཕོ་སྟག་གི་ལོར་ངོ་མཚར་བའི་མཚན་རྟགས་དང་བཅས་ཐོག་མར་སྐུ་བལྟམས། ཡབ་ཀྱིས་མཚན་དགེ་བ་འཕེལ་ཞེས་གསོལ། སྐུ་ཆུང་དུས་ནས་གཟུགས་བྱད་མཛེས་ཤིང་སྨྲ་ལྕེ་བདེ་བ། འཁོར་བ་ལ་བློ་ལོག་པ། ཤ་ཆང་སྤང་ཞིང་སྤྱོད་ལམ་གཙང་བ། སེམས་རྒྱུད་དུལ་ཞིང་སྙིང་རྗེ་ཆེ་བ། ཐོས་བསམ་སྒོམ་པའི་གནས་ལ་མོས་པ། དམ་པའི་སྤྱོད་ཚུལ་རྨད་དུ་བྱུང་བ་ཞིག་བཞུགས། དགུང་ལོ་དྲུག་ནས་དགུའི་བར་ཡི་གེ་འབྲི་ཀློག་དང་། སྐུ་གཟུགས་ཆག་ཚད། ལྷ་འབྲི་བཟོ། གསོ་རིག་གསར་རྙིང་། རྩིས་དཀར་ནག སུམ་རྟགས་སོགས་བརྡ་དག འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོ་ལུགས་ཀྱི་ཁྲིམས་སྲོལ་སོགས་ལ་བསླབ་སྦྱོང་མཛད། འཕགས་པ་བརྒྱད་སྟོང་པ་ཐུགས་ལ་བཟུང་ནས་ཞལ་འདོན་གནང་། བླ་མ་དཔལ་འཛིན་ལས་དགེ་བསྙེན་གྱི་སྡོམ་པ་བླངས། དགུང་ལོ་དགུ་ནས་འཁོར་བར་སྐྱོ་ནས་ཡབ་ཀྱི་བཀའ་བཞིན་གླིང་གི་དགོན་པ་དཔལ་གྱི་ཆོས་འཁོར་ན་རྗེ་ཕག་མོ་གྲུ་པའི་མདུན་བྱོན། དེར་འདུལ་བ་དང་། མདོ་སྡེ། ཤེར་ཕྱིན། རྒྱུད་དང་བསྟན་བཅོས་སྣ་ཚོགས་གསན་སྦྱོང་མཛད། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས། མདོ་ཏིང་འཛིན་རྒྱལ་པོ་དང་། དགོངས་པ་ངེས་འགྲེལ། ལང་གཤེགས། བརྒྱད་སྟོང་པ་རྣམས་གསན་སྦྱོང་བྱས་ནས་བཤད་རྒྱུག་ཕུལ་བས་བླ་མ་ཐུགས་མཉེས། རྡོ་རྗེ་གཏུམ་མོ་དང་། བདེ་མཆོག་གི་དབང་དང་གདམས་པ་ཞུས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། དཔལ་ལྡན་ལྷ་མོའི་སྲོག་དབང་གསན་པས་ལྷ་མོ་མ་སྒྲུབ་ཀྱང་དངོས་སུ་ཞལ་གཟིགས། བླ་མ་ཕག་གྲུ་དང་ལྷན་དུ་དྲག་པོ་མངོན་སྤྱོད་ཀྱིས་བསྟན་དགྲ་མེ་ཉག་རྒྱལ་པོ་དངོས་སུ་བསྒྲལ། དགུང་ལོ་བཅུ་དྲུག་དུས་ཀཾ་པོའི་གནས་སུ་ཕེབས། དགེ་བཤེས་བྱམས་པ་རྣམ་དག་དང་མཇལ། གཞུང་འགྲེལ། རྒྱུད་བཤད། དབང་གདམས་མང་པོ་གསན་ནས་བླ་མ་དགྱེས་པར་མཛད། དགུང་ལོ་བཅུ་དགུའི་དུས་དབུས་གཙང་རྣམས་སུ་བྱོན། དགེ་བཤེས་རྡོ་ཐོག་ཐེལ་པ་རྒྱལ་མཚན་དང་། དགེ་བཤེས་རྒྱ་དམར་བ་སོགས་ལས་བཀའ་དང་། བསྟན་བཅོས་མང་པོ་དང་། དུས་འཁོར་སོགས་ཀྱི་རྒྱུད་བཤད་དང་དབང་བཅས་གསན། ཉེར་གཅིག་པ་དཔལ་རྭ་སྒྲེང་དུ་བཀའ་གདམས་པའི་མཁས་པ་སེངྒེ་བཟང་པོ་ལས། བྱང་ཆུབ་ལམ་སྒྲོན་དང་། ཕར་ཕྱིན་དབུ་ཚད་སོགས་ཀྱི་བཤད་པ་དང་། རྒྱུད་དང་དབང་ཁྲིད་རྒྱ་ཆེར་གསན། ས་སྐྱ་པ་བསོད་ནམས་རྩེ་མོ་དང་། ཀུན་དགའ་ལེགས་པ་སོགས་ལས། དགྱེས་རྡོར་དང་། ལམ་འབྲས། རྡོ་རྗེ་གུར། ས་ཕུར་སོགས་དང་། འགོས་ལུགས་དང་། རྔོག་ལུགས། གནུབས་ལུགས་གཤིན་རྗེ་རྣམས་ཀྱི་དབང་ལུང་དང་གདམས་ཁྲིད་མང་དུ་གསན། ཁྱད་པར་དགའ་ལྡན་དུ་དངོས་སུ་ཕེབས་ནས་བྱམས་པ་ལས་ཆོས་ཉན་པས་ཐེ་ཚོམ་ཐམས་ཅད་ཆོད་པའི་དག་སྣང་ཤར། རྭ་ལོ་ཙཱའི་སློབ་མ་ཀཾ་ལོ་ཙཱ་ལས་བདེ་མཆོག་དང་། ཅོག་རོ་ལོ་ཙཱ་ལས་ཕག་མོ། བཱ་རི་ལོ་ཙཱ་ལས་འཕྲུལ་ཡིག་བཅས་དང་། དབང་གདམས་མང་པོ་ནོས། ཉེར་གཉིས་པ་སློབ་དཔོན་རཏྣ་སེང་གེ་ལས་བདེ་མཆོག་དང་། གདན་བཞིའི་དབང་དང་བཤད་པ་ཞུས། བཅུད་ལེན་ལ་བརྟེན་ནས་དཀའ་སྤྱད་མཛད། ཉེར་བཞི་པ་འཕེན་ཡུལ་རྒྱབ་ཏུ་བྱང་ཆུབ་སེངྒེའི་དྲུང་དུ་རབ་ཏུ་བྱུང་། མཚན་ཤེས་རབ་སེངྒེར་གསོལ། དེའི་མདུན་ནས་གསང་སྔགས་རྙིང་མའི་ཕྱོགས་ཀྱི་ཆོས་མང་པོ་གསན། བསྐྱེད་རིམ་དང་རྩ་རླུང་ལ་རང་དབང་ཐོབ། རང་ལུས་ལྷ་སྐུ་སྒྲིབ་མེད་དུ་གསལ། འདི་སྐབས་རྣམས་སུ་མཁས་པའི་ཐོག་ཆོད། རྩོད་པའི་དམ་བཅའ་འཇོག །གྲུབ་པའི་རྟགས་ཐོན། བསྒོམ་པའི་ཞལ་མཐོང་། རྟོགས་པའི་ཡོན་ཏན་ཡོངས་སུ་རྫོགས། དམ་པ་རྣམས་ཀྱི་ཐུགས་དགྱེས་པའི་བསྔགས་བརྗོད་གནང་། མཁས་དང་གྲུབ་པའི་སྙན་པ་དབུས་གཙང་གི་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ། ཉེར་ལྔ་པ་གངས་ལ་ཕྱིར་རྗེ་བཙུན་རས་ཆུང་པ་དང་མཇལ། བདེ་མཆོག་སྔོན་མོ་དང་ལུས་མེད་མཁའ་འགྲོའི་ཆོས་སྐོར་གསན། རས་པ་ཞི་བ་འོད་ལས་གཏུམ་མོའི་ཆོས་སྐོར་གསན། དཔལ་སྣར་ཐང་གི་ཆོས་གྲྭར་ཀླུ་མེས་ཀྱི་བརྒྱུད་པ་ལས་བྱུང་བ་སྡེ་པ་ནགས་ཀྱི་མཁན་ཆེན་ལས་བསྙེན་པར་རྫོགས་ཏེ་འདུལ་བ་འཛིན་པ་ཆེན་པོ་ཉེ་བ་འཁོར་ལྟ་བུའི་སྤྱོད་པ་གཙང་མ་མཛད། མཁན་པོ་དེ་ལས་སྔ་འགྱུར་གྱི་བཀའ་གཏེར་མང་པོ་གསན། ཁྱད་པར་ཟུར་པ་མེས་དབོན་རྣམ་གསུམ་ལས་ཟུར་ཤཱཀྱ་སེངྒེའི་དངོས་སློབ་འཛམ་སྟོན་ཆེན་པོ་འགྲོ་བའི་མགོན་པོའི་མདུན། སྒྱུ་འཕྲུལ་དང་། རྩ་བའི་མདོ་བཞིའི་རྒྱུད་བཤད་དང་དབང་། སེམས་ཀློང་མན་ངག་བཅས་ཀྱི་ཟབ་གནད་མཐའ་དག་རྫོགས་པར་གསན། དགུང་ལོ་ཉེར་དགུའི་དུས་བླ་མ་འཛམ་སྟོན་པས་ཁྱེད་ཀཾ་པོར་སྒྲུབ་པ་མཛད་ན་ཕུང་པོ་འོད་ལུས་སུ་གྲུབ། ཁམས་ཀཿཐོག་ཏུ་སོང་ན་སློབ་དཔོན་པདྨ་ཞག་ཉེར་ལྔ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། བཻ་རོ་ཙ་ནའི་སྒྲུབ་གནས་ཡིན་པས་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འོང་ཞེས་ལུང་བསྟན་གནང་། ཟངས་རི་མཁར་དམར་དུ་བྱོན་ནས་མ་གཅིག་སྲས་ཐོད་སྨྱོན་བསམ་འགྲུབ་དང་། གྲུབ་ཐོབ་སྨྱོན་པ་དོན་ལྡན་སོགས་ལས་ཞི་བྱེད་དང་གཅོད་ཡུལ་གྱི་གདམས་ངག་མང་དུ་གསན། དེ་ནས་དྭགས་པོ་ཁོག་ཏུ་བྱོན། མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། ཕྱག་ཆེན་ལྷན་གཅིག་སྐྱེས་སྦྱོར་སོགས་བཀའ་བརྒྱུད་པའི་དབང་ཁྲིད་མང་དུ་གསན། ཙཱ་རིར་སྒྲུབ་པ་ཟླ་བ་བཞི་མཛད། སྒྲུབ་པའི་རྟགས་ཐོན་རྟོགས་པ་སྐྱེས། སླར་ཕ་རྒན་ངའི་དྲུང་དུ་ཤོག་གསུངས་པ་བཞིན་དྭགས་པོའི་མདུན་དུ་བྱོན་ནས་རྟོགས་འབུལ་ཞུས། རླུང་སེམས་ལས་སུ་རུང་། ཡིག་དྲུག་གི་སྒྲ་དང་འཇའ་འོད་འཕྲོ་བ་སོགས་ངོ་མཚར་བའི་རྟགས་མཚན་ཁྱད་པར་ཅན་བྱུང་། བླ་མས་ན་བཟའ་དང་བྱིན་རྟེན་བཅས་གནང་ནས་སྔར་འཛམ་སྟོན་པས་གསུངས་པ་བཞིན་ལུང་བསྟན་པས། བླ་མ་འཛམ་སྟོན་དང་དྭགས་པོ་རིན་པོ་ཆེ་ཟུང་གི་བཀའ་བཞིན་རང་དོན་འོད་དུ་དེངས་པ་ལས་བསྟན་པ་ཡུན་དུ་གནས་པ་དོན་ཆེ་བར་དགོངས་ཏེ་ཁམས་ཀཿཐོག་ཚོལ་ཕྱིར་རིམ་བཞིན་ཁམས་ཕྱོགས་སུ་ཕེབས། ལམ་ཁར་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་དང་མཇལ་རྟོགས་པ་བསྡུར་བས་ཐུགས་ཡིད་གཅིག་ཏུ་འདྲེས། སླར་དབང་ཁྲིད་མང་དུ་ཞུས་པས་རྗེ་དེའི་སློབ་མ་གདུགས་ཐོག་སྟོང་གི་གཙོ་བོར་གྱུར། དེ་ལྟར་ཁམས་དབུས་ཀུན་ཏུ་ཚད་ལྡན་གྱི་བླ་མ་བརྒྱ་ལྷག་བསྟེན་ནས་ཐེག་པ་མཐའ་དག་ལ་གསན་སྦྱོང་མཛད། དགུང་ལོ་སོ་གསུམ་ནས་སོ་ལྔའི་བར་མེ་ཉག་གི་ཡུལ་དང་། འཇང་ཡུལ། གླིང་ཡུལ་རྣམས་སུ་ཕེབས། དེ་དག་གི་རྒྱལ་པོ་རྣམས་དང་ཡོན་མཆོད་དུ་གྱུར། རབ་བྱུང་དགུ་བརྒྱ་ཙམ་གནང་། རིས་མེད་ཀྱི་བུ་སློབ་རྣམས་ལ་མོས་པ་དང་བསྟུན་པའི་དབང་ལུང་བཤད་ཁྲི་རྒྱ་ཆེར་བསྩལ། དགུང་ལོ་སོ་དྲུག་པར་རང་ཡུལ་དུ་ཕེབས་ནས་སྒྲུབ་པར་བཞུགས། ཤར་ཀཾ་པོའི་གཞི་བདག་བསུ་མར་བྱུང་བ་ལ་ཆོས་འབྲེལ་གནང་སྟེ་རྟེན་འབྲེལ་འཕྲོ་ཅན་དུ་གསུང་ནས་ཕྱིར་བཏང་། དེ་ནས་ཉེ་གནས་ཚུལ་ཁྲིམས་རིན་ཆེན་དང་། རྡོ་རྗེ་རྒྱལ་མཚན་གཉིས་ཕྱག་ཕྱིར་ཁྲིད་དེ་ཀཿཐོག་ཚོལ་གྱིན་བྱོན་པས་ཧོར་པོ་གཡུ་དྲུང་ཐང་དམར་ཕེབས་པར་བོད་དགོན་གྱི་ཁང་སྟེང་ནས་ལྷ་མོ་རང་བྱུང་རྒྱལ་མོས་དངོས་སུ་ཞལ་སྟོན་ནས་ཕུ་ཡ་ཀིར་བྱོན་དང་ཞབས་ཞུ་བསྒྲུབ་གསུངས་པའི་བརྡ་མཛད། ཀཿམཐིལ་དུ་ཐོག་མར་སླེབས། ཕྱུགས་རྫི་བྱིས་པ་བཅུ་གསུམ་དང་འཕྲད་པས་ཀཿཐོག་གར་ཡོད་དྲིས་པས་ཡ་ཀི་ན་ཡོད་ཅེས་སྟོན་པ་ལྟར་དེར་ཕེབས་པས་སེང་གེ་བྲག་གཡུ་མཚོ་འཁྱིལ་བའི་སྟེང་ཡི་གེ་ཨ་དང་ཀཿཐོག་རང་བྱོན་རྙེད། བཻ་རོའི་སྒྲུབ་ཕུག་ཏུ་བསྒྲུབ་པ་མཛད་པས་རྟགས་མཚན་བཟང་པོ་བྱུང་། ཡང་ཁྲོད་ཀྱི་ཟུར་ནས་ཚེ་ཆུ་བརྡོལ། ཧོར་པོ་ཡུལ་སྡེ་སྟོང་ཕྲག་བཞི་ཙམ་ཡོད་པའི་དཔོན་དགེ་ལུ་ཟེར་བས་ཆོས་རྗེ་རིན་པོ་ཆེའི་མཚན་དང་རྫུ་འཕྲུལ་གྱི་བཀོད་པ་མཐོང་ནའང་སྡེ་དཔོན་རྣམས་བོན་པོ་ཡིན་གཤིས་ཐོག་མར་མོས་པ་ཆེར་མ་བྱུང་། དེ་ནས་རིམ་བཞིན་ལས་སྨོན་དུས་སུ་སྨིན་རྟེན་འབྲེལ་ངང་གིས་འགྲིགས་ནས་ཡོན་བདག་ཏུ་གྱུར། ཧོར་པོའི་གཞོན་ནུ་བརྒྱ་ཁ་ལྷག་རབ་ཏུ་བྱུང་། ཆོས་ཞུ་བའི་སློབ་མ་ཉིན་རེ་བཞིན་ཇེ་འཕེལ་དུ་གྱུར། དཔོན་དགེ་ལུའང་བླ་མའི་མཛད་སྤྱོད་ལ་ཡི་རངས་ཏེ་ཤིན་ཏུ་དད་ནས་གཙུག་ལག་ཁང་བཞེངས་པའི་གྲོགས་སུ་གྱུར། ཆོས་རྗེ་རིན་པོ་ཆེ་ལ་གདན་ས་འདིར་རྒྱུན་བཞུགས་དགོས་པའི་ཞུ་བ་ཕུལ། དགུང་ལོ་སོ་བརྒྱད་པར་རབ་བྱུང་གསུམ་པའི་ས་ཡོས་ལོར་དཔལ་ཀཿཐོག་གདན་ས་ཐོག་མར་བཏབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་གྱུར། དེའང་གཙུག་ལག་ཁང་བཞེངས་ལ་བོན་གྱི་ཐ་ཚིག་ལ་གནས་པའི་གཞི་བདག་རྡོ་གཉན་གྱིས་བར་ཆད་བརྩམས་པ་ལས། ཆོས་རྗེ་རིན་པོ་ཆེས་བདེ་མཆོག་རྒྱུད་བཤད་མཛད་པའི་སྐབས་ཞིག ཁ་བ་ཅུང་ཟད་བབས་ཡོད་པ་དང་དགེ་སློང་ལྡིང་པོ་དང་། རྡོ་རྗེ་རྒྱལ་མཚན་གཉིས་ཁྲིད་དེ་རྗེས་དེད་དེ་ཕེབས་པས། རྡོ་གཉན་དམ་སྲི་དང་བཅས་པའི་རྗེས་ཕ་ཝཾ་ཞིག་ལ་ཐིམ་པར་གཟིགས་ཏེ། ཕ་ཝཾ་དེ་སྣ་ཕུག་ནས་སློབ་མ་གཉིས་ལ་ཁྲིད་བཅུག ཆོས་རྗེས་ཕྱག་ལྕགས་གནང་བཞིན་དགོན་པའི་ཟུར་གྱི་ཆུ་འགྲམ་དུ་བསྐྱལ་བས་རྡོ་གཉན་གྱིས་ཅི་གསུང་སྒྲུབ་པའི་ཐ་ཚིག་བོར། ཆོས་ཞུ་སྟོང་ཙམ་ཡོད་པ་ཚང་མས་ཉིན་མོ་ལྷ་ཁང་རྩིག་མཚན་མོ་ཆོས་ཞུ། སྐབས་རེར་ཆོས་ཞུ་བ་དང་སྒྲིབ་སྦྱོང་བསྦྲགས་མ་མཛད། རྩིག་བཟོ་དང་རྡོ་བཟོ་ལྷ་བཟོ་ཚང་མས་རང་རང་གི་ལས་ཀ་རྣམས་སྒྲུབ་པས་ཕྱིའི་གཙུག་ལག་ཁང་གཙང་ཁང་ཁྱམས་དང་སྒོ་ཁང་ཀུན་དགའ་ར་བ་བཅས་ལེགས་པར་གྲུབ། ནང་དུ་ཆོས་རྗེ་རིན་པོ་ཆེས་དབུ་མཛད་དེ། ཉེ་སྲས་བརྒྱད། སྒོ་སྲུང་། ཆོས་སྐྱོང་བཅས་ཀྱི་སྐུ་རྣམས་བཞེངས། དེ་དག་གི་ནང་གཞུག་བསམ་ཡས་ནས་བྱུང་བའི་པདྨ་དང་བི་མ་ལའི་ཕྱག་དཔེ། སྒྱུ་འཕྲུལ་སྡེ་ལྔའི་རྒྱ་དཔེ་ཁ་ཚང་། སྒྲོ་ཕུག་པའི་ཆོས་གོས། ཟུར་ཆེན་པའི་ཚེམས། ཇོ་བོ་རྗེའི་པཎ་ཞུ། སངས་རྒྱས་ཡེ་ཤེས་ཀྱི་རྐེད་ཕུར། སངས་རྒྱས་ཀྱི་རིང་བསྲེལ་སོགས་ཁྱད་པར་ཅན་གྱི་ནང་རྟེན་བཅས་ལེགས་པར་གྲུབ། གཞན་ཡང་གསེར་བྲིས་བཀའ་འགྱུར། གསེར་འབུམ། དངུལ་འབུམ་སོགས་མདོར་ན་བཀའ་བསྟན་པོད་ཆིག་སྟོང་སུམ་བརྒྱ་ལྷག་བཅས་བཞུགས་སུ་གསོལ། མཐར་རབ་གནས་མཛད་དུས་ནམ་མཁའ་དྭངས་པ་ལ་འཇའ་ཚོན་གྱི་གུར་ཕུབས། མེ་ཏོག་གི་ཆར་བབས། དངོས་གཟུགས་མེད་པའི་སྒྲ་སྙན་གྱི་རོལ་མོ་འཁྲོལ། ཡེ་ཤེས་དངོས་སུ་ཞུགས་པའི་རྟགས་མཚན་མངོན་སུམ་དུ་བྱུང་བས་སྐྱེ་འགྲོ་ཀུན་གྱི་ཡིད་དབང་འཕྲོག མེ་ཉག་དང་། གླིང་པ། ཁམས་ལྷོ་པ༑ ཙོང་ཀ་བ། འཇང་པ། ཇི་ཏན་པ་སོགས་ཀྱི་གྲྭ་བཞི་སྟོང་ཉེ་བ་དགེ་ཚུལ་བསྒྲུབ། མདོ་དང་། སྒྱུ་འཕྲུལ། བདེ་མཆོག དུས་འཁོར། ཀྱཻ་རྡོར་སོགས་ཀྱི་སྒྲུབ་མཆོད་མང་དུ་བཙུགས། གླིང་རྒྱལ་པོ་དགྲ་ལྷ་གཤེགས་པའི་སར་ཕེབས། རྒྱ་ཚའི་ཁྲབ་རྨོག་དང་གྲི་ཡ་ཟི་སོགས་འབུལ་བ་བྱུང་། དེ་སྐབས་བོན་གྱི་བླ་མ་བརྒྱད་ཀྱིས་ཆགས་སྡང་མ་བཟོད་ནས་སྒམ་ཕུག་ཏུ་མཐུ་སྒྲུབ་པས། དཔལ་ལྡན་ལྷ་མོས་སྒྲུབ་ཕུག་གཏིབས། ཆོས་རྗེས་རིན་པོ་ཆེས་དེ་སྟེང་ཕ་ཝཾ་གིས་རྒྱ་གྲམ་བྲིས་པ་ད་ལྟ་ཕ་ཝཾ་བརྒྱད་སླེབ་ཏུ་གྲགས། དེ་ལྟར་ས་མོ་ཡོས་ནས་ལྕགས་ཕོ་འབྲུག་གི་བར་ལོ་གཉིས་ཀྱི་ནང་གཙུག་ལག་ཁང་ལེགས་པར་གྲུབ། དགུང་ལོ་བཞི་བཅུ་པར། སྲིབ་རིར་བཤད་གྲྭ་དང་། ཉིན་རིར་སྒོམ་གྲྭ་བཙུགས། དགེ་སློང་སྟོང་ཕྲག་ཉེ་བ་བསྒྲུབས། ཤིན་ཏུ་གསང་བ་འདུས་པ་མདོ་ཡི་སྒྲུབ་ཆེན་མཛད། དབྱར་གནས་སྐབས་དགེ་སློང་དགུ་བརྒྱ་དང་དགེ་ཚུལ་ཉིས་བརྒྱ་ཙམ་གྱིས་ཚུལ་ཤིང་ལེན། དབྱར་དུས་བཤད་གྲྭ་རྣམས་ལ་མདོ་སྔགས་ཀྱི་གཞུང་མང་པོ་འགྲེལ་བཤད་དང་། དགུན་དུས་སྒོམ་གྲྭ་རྣམས་ལ་དབང་ཁྲིད་གདམས་ངག་བཅས་གནང་། ལོ་གསུམ་གྱི་རིང་། ཕྱིའི་རིག་གནས་སྒྲ་ཚད། བཟོ་གསོ། རྩིས་དང་དག་ཡིག་རྣམས་དང་། འདུལ་བ། ཕར་ཕྱིན། དབུ་མངོན་སོགས་མཚན་ཉིད་ཐེག་པ་དང་། བྱང་ཆུབ་ལམ་རིམ། ཀྱཻ་རྡོར། ལམ་འབྲས། ན་རོ་ཆོས་དྲུག ཕྱག་ཆེན། ཞི་གཅོད། དུས་འཁོར་སོགས་གསར་མའི་རྒྱུད་དང་སྒྲུབ་ཐབས་རྣམས་ཀྱི་དབང་ཁྲིད་ལུང་བཅས་དང་། སྔ་འགྱུར་རྙིང་མའི་ལུགས་ཀྱི་མདོ་སྒྱུ་སེམས་གསུམ། སེམས་ཀློང་མན་ངག་སྡེ་གསུམ་སོགས་ཀྱི་དབང་དང་གདམས་ཁྲིད་མན་ངག་སོགས་གདུལ་བྱ་རང་རང་གི་བློ་ཚོད་དང་བསྟུན་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར། སྐབས་རེར་ཉི་མ་གཅིག་ལ་ཆོས་ཐུན་བཅུ་གསུམ་ཙམ་རེ་གསུང་དགོས་པ་བྱུང་། ཧོར་པོའི་དཔོན་དགེ་ལུ་དང་། མེ་ཉག་ཏཱ་འཛིན། འཇང་གི་རྒྱལ་པོ། གླིང་དགྲ་ལྷ་དར་རྒྱས། ཀང་པོ་ཀ་ལེ་བ། ཤར་ཙོང་ཁ། རྒྱལ་མོ་རོང་སོགས་ཁམས་དབུས་གཙང་གསུམ་གྱི་ཆེ་དགུ་མང་པོས་ཞབས་ཏོག་རྒྱ་ཆེར་འབུལ། འདི་སྐབས་འཛམ་སྟོན་པ་དགུང་ལོ་བརྒྱ་བཞེས་ནས་སྐུ་འཇའ་ལུས་སུ་གྲུབ་པའི་རྟགས་མཚན་བྱུང་བས་བླ་མའི་དུས་དྲན་མཆོད་པ་བཙུགས། སྐལ་ལྡན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལྟར་བྱོན་པ་ལས་ཉི་ཟླ་ལྟར་མངོན་པར་མཐོ་བ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་། མཁན་པོ་གྲགས་ཡེ་གཉིས། འོད་ལུས་གྲུབ་པའི་སློབ་མ་བཻ་རོའི་ཕུག་ཏུ་བླ་མ་འབུམ་སྟོན། ཙཱ་རིར་བླ་མ་མགོན་རྒྱལ། དབུས་པ་ཡོན་ཏན་འབུམ། མེ་ཉག་འཇམ་དབྱངས་ཡོན་ཏན། གླིང་གི་དགེ་སློང་ཤེས་རབ་དང་ལྔ། ཐོས་པས་ཆོག་པའི་རྒྱལ་མོ་རོང་གི་དགེ་སློང་གསུམ། གཞན་ཡང་མཆོག་དང་ཉེ་བ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག་སོགས་བྱོན་པ་ཡིན་ནོ། །དེ་དུས་སུ་དགེ་འདུན་པ་ཁྲི་བརྒྱད་ཉེ་བ་ཚོགས་པ་ལས་ཚུལ་འཆལ་གྱི་སྤྱོད་པ་ཅན་དྲུག་ཅུ་ཁ་ལྷག་འདུལ་བའི་ཕྱག་ལེན་བཞིན་གཎྜིའི་སྒྲ་དང་བཅས་གནས་དབྱུང་མཛད། དེར་བཞུགས་པའི་དགེ་འདུན་ཐམས་ཅད་ནི་ཁྱིམ་ལས་གྲོལ་བ། ཚེ་འདི་བློས་ཐོངས་བ། འཚོ་བ་བསོད་སྙོམས་ལ་བརྟེན་པ། ཕྱི་འདུལ་བའི་སྤྱོད་ལམ་དང་མཐུན་པ། ནང་བྱང་སེམས་ཀྱི་སྙིང་རྗེ་ཆེ་བ། གསང་བ་སྔགས་ཀྱི་ལྟ་སྤྱོད་ལ་མངའ་བརྙེས་པ། རྩེ་གཅིག་སྒྲུབ་པ་ལ་གཞོལ་བ་ཤ་སྟག་བྱུང་བས་གངས་ཅན་གྱི་ལྗོངས་འདིར་ཀཿཐོག་རྡོ་རྗེའི་གདན་གྱི་ཆོས་གྲྭ་ཞེས་མཁས་དང་གྲུབ་པ་འབུམ་གྱི་འབྱུང་གནས་ཐུབ་བསྟན་མཛེས་པར་བྱེད་པའི་རྒྱན་དུ་གྱུར་པས་གྲགས་པའི་བ་དན་ས་གསུམ་དུ་ཁྱབ་པ་འདི་འབྱུང་བའོ། །ཆོས་རྗེས་འདིས་མཛད་པའི་བསྟན་བཅོས། ཕར་ཕྱིན་སེང་བཟང་ལུགས་ཀྱི་འགྲེལ་པ་དོན་གསལ་རྣམ་འབྱེད་དང་། འདུལ་བ་དགེ་སློང་ཕའི་སོ་ཐར་མདོ་འགྲེལ་དངུལ་དཀར་མེ་ལོང་། མངོན་མཛོད་སྤྱི་དཔྱོད་ནོར་བུའི་མཛོད་ཁང་། དབུ་མ་རྩ་ཤེའི་མཆན་ཊཱིཀ སྤྱོད་འཇུག་ཁོག་དབུབ་རིན་ཆེན་སྒྲོན་མེ་དང་དེའི་བསྡུས་དོན། སེམས་བསྐྱེད། ཆོ་ག་བསླབ་བྱའི་སྟོང་ཐུན། ལམ་རིམ་འགྲེལ་ཊཱིཀ མཚན་བརྗོད་མཆན། ཕྱག་ཆེན་ཁྲིད་ཀྱི་སྟོང་ཐུན་གསེར་གྱི་མྱུ་གུ། གསང་འགྲེལ་སྤར་ཁབ་མཆན། ལམ་རིམ་མཆན་དང་བསྡུས་དོན། སྒྱུ་འཕྲུལ་རྒྱ་མཚོའི་མཆན། ཐབས་ཞགས་མན་ངག་སྟོང་ཐུན། སྒྲུབ་གཞུང་། མདོའི་འགྲེལ་ཆེན་ལེའུ་ཉེར་ལྔ་པ། སྤྱི་དོན། བསྡུས་དོན། ཁོག་དབུབ། ཀུན་འདུས་རིག་པ་རྡོ་རྗེ་བཀོད་པའི་མཆན་ཀུན་བཟང་དགོངས་པའི་སྤར་ཁབ། རྫོགས་ཆེན་ལམ་གྱི་ཁོག་དབུབ། བསམ་གཏན་མིག་སྒྲོན་སྤྱི་འགྲེལ་རྒྱས་འབྲིང་བསྡུས་གསུམ། ས་ལམ་སྟོང་ཐུན། དུག་སྦྲུལ་གྱི་སྟོང་ཐུན། རལ་གྲིའི་སྟོང་ཐུན། རྒྱུད་ཀྱི་དབྱེ་བ་རྒྱས་འབྲིང་བསྡུས་གསུམ་དབང་གི་སྟོང་ཐུན། ཀུན་བྱེད་རྒྱལ་པོའི་རྒྱུད་འགྲེལ་ཆེན་མོ། རང་རིག་ལ་བཟླ་བ་རྡོ་རྗེའི་ཐར་རམ། སྤྱི་གཅོད་རྒྱན་གྱི་མེ་ཏོག་ཐེག་པ་སྤྱི་ཆིངས་སོགས་གཞུང་འགྲེལ། ཁྲིད་ཡིག སྒྲུབ་ཐབས། དག་སྣང་། ཞལ་གདམས། དོ་ཧ་སྐོར་བཅས་པོད་བཅུ་དགུ་ཁ་ལྷག་ཙམ་ཡོད་པ་ཕལ་ཆེར་ནུབ་སོང་བས་ད་ལྟ་ཆེར་མི་བཞུགས། རྗེ་འདི་སྐུ་ཆུང་དུས་ནས་དཔལ་ལྡན་ནག་པོ་ཆེན་པོ་དང་། རང་བྱུང་རྒྱལ་མོ་སོགས་དང་འབྲལ་མེད་དུ་གནས། ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་རྣམས་ཀྱིས་ཕྲིན་ལས་སྒྲུབ་པའི་མཚན་མ་བསྟན། འཕགས་པ་རིགས་གསུམ་མགོན་པོ་དང་། བྱམས་པ། ཕག་མོ། སྒྲོལ་མ་སོགས་དང་། སྒྱུ་འཕྲུལ། འདུས་མདོ། བདེ་མཆོག དགྱེས་རྡོར། ཡང་དག་ཕུར་པ་རྣམས་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཞལ་མཇལ། ས་ར་ཧ་དང་། བིརྦ་པ། ཨིནྡྲ་བྷོ་དྷི། བྷ་ར་དྷྭ་ཛ་སོགས་ལ་མི་དང་མི་ལབ་པ་ལྟ་བུ་བྱུང་། ཁྱད་པར་ཨོ་རྒྱན་རིན་པོ་ཆེ་དང་། འོད་དཔག་མེད་ཀྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་དུས་རྒྱུན་གཟིགས་ནས་ལུང་བསྟན་གནང་། གྲུབ་པའི་རྟགས་མཚན་ཡང་སྐུ་ལུས་ལ་གྲིབ་མ་མེད་པ་དང་། གྱང་དང་རྩིག་པ་ལ་ཐལ་བྱུང་དུ་བྱོན་པ། རྡོ་ལ་མ་ཎི་སོགས་རི་མོ་བྲི་བ། ཕྱག་ཞབས་ཀྱིས་རྗེས་བཞག་པ། སྒྲུབ་རྫས་བདུད་རྩི་ཁོལ་བ། མཁའ་འགྲོའི་ཚོགས་ཀྱི་བྲོ་གར་དང་བརྡ་གླུ་སྒྲོགས་པ། འཇའ་འོད་འཕྲོ་བ། མེ་ཏོག་གི་ཆར་བབས་པ། ཡི་གེ་དྲུག་མ་དང་ཨ་མི་དྷེ་བ་སོགས་ཀྱི་རང་སྒྲ་ཀུན་གྱིས་ཐོས་པ། སྒྲིབ་མེད་ཀྱི་མཁྱེན་པས་དུས་གསུམ་ཀུན་ཏུ་མ་འདྲེས་པར་གཟིགས་པ་སོགས་ཀུན་གྱི་མཐོང་ཆོས་སུ་གྱུར། དགུང་གྲངས་བདུན་ཅུ་པར་མི་ཁྲི་བདུན་ལས་བརྒལ་བ་ལ་སེམས་བསྐྱེད་འབོག་ཆོག་དང་དབང་བསྐུར་གནང་། སློབ་བུ་རྣམས་ལ་ཞལ་གདམས་དང་། ཐུགས་ཀྱི་སྲས་གཙང་སྟོན་རྡོ་རྗེ་རྒྱལ་མཚན་རྒྱལ་ཚབ་ཏུ་བཞག་པའི་བརྡར་པཎ་ཞུ་དང་། བེར་ཐུལ་རྙིང་པ་ཞིག་གནང་། བཤད་གྲྭ་མཁན་པོ་ཡེ་རྒྱལ་དང་། སྒྲུབ་གྲྭ་མཁན་པོ་ཀོང་པོ་བླ་མ་བུ་ཆུ་བས་སྐྱོངས་དགོས། གཉིས་ཀ་ལ་རྡོ་རྗེ་རྒྱལ་མཚན་གྱིས་ཆོས་ཤོད་གསུངས་ནས་མངའ་གསོལ་མཛད། དཔལ་ལྡན་ཟུར་པ་ཡབ་སྲས་ལས་བརྒྱུད་པའི་ནང་རྒྱུད་སྡེ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་ལག་ལེན་བཅས་ཀུན་མཁྱེན་དམ་པ་རིན་པོ་ཆེ་ལས་ཆོས་རྗེ་གཙང་སྟོན་པ་འདིས་གསན་ཏེ་རིམ་པར་བརྒྱུད་པའི་བཀའ་སྲོལ་མི་ནུབ་པ་ད་ལྟའི་དུས་སུའང་ཁམས་དབུས་ཐམས་ཅད་དུ་ཁྱབ་པར་བཞུགས། དགུང་ལོ་དོན་གཅིག་པར། ཐུགས་ཀྱི་བུ་ཆེན་རྣམས་ལ་བླ་མ་དྭགས་པོ་ཆོས་རྗེས་བདག་ལ་ཁོང་གི་སྐུ་རྒྱབ་ཏུ་དྲེག་པ་ཆགས་ནས་དཀའ་སྤྱད་ཀྱིས་སྨིན་པ་དེ་བསྟན་ནས་འདིའོ་ཞེས་གསུངས། དེ་བས་ཁྱེད་རྣམས་ཀྱིས་ཀྱང་རྟོགས་པ་ཇི་ལྟར་མཐོ་རུང་། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་འདུལ་བ་ཡིན་པས་སྤྱོད་པ་ཞིབ་དགོས། ཚིག་ལ་ཇི་ལྟར་མཁས་ནའང་། ཚིག་གི་རོ་ཡིན་པས་དོན་ཉམས་སུ་བླངས་ཏེ་སྒོམ་དགོས། དེ་ཡང་གནད་དུ་ཨི་འགྲོ་ལྟ་དགོས། ཐེག་པ་ཆེ་ཆུང་གང་ཡིན་ཡང་རང་རྒྱུད་འདུལ་བ་ལས་གལ་ཆེ་བ་གཅིག་ཀྱང་མེད། དམན་ས་བཟུང་ནས་སྒྲུབ་པ་ལ་རྩེ་གཅིག་མཛོད་དང་། ང་ཡི་བླ་མ་བརྒྱུད་པ་ཟམ་མ་ཆད་པ་འོད་དུ་ཡལ་བའང་སྒྲུབ་པའི་དྲིན་ཡིན། ང་ཡང་ཀཾ་པོར་འགྲོ་ན་གཞན་སྣང་ལ་འོད་དུ་དེངས་པ་ཞིག་འོང་མོད། བསྟན་པ་ལ་ཕན་དུ་རེ་ནས་འཁོར་སློབ་བསྐྱངས་ནས་འཆད་རྩོད་སོགས་ཀྱི་བྱ་བ་ལ་ཞུགས་པ་ཡིན། རང་སྣང་ལ་ཁྱད་མེད། གཏན་གྱི་འདུན་མ་ལེགས་པར་གྲུབ་པ་ཡིན་ཞེས་དང་། གཞན་ཡང་ཞལ་གདམས་མང་དུ་གསུངས་ནས། ཅི་ནས་ཀྱང་འཁོར་བ་ལ་བློ་ལོག་པ་དང་ཁ་ནང་དུ་ལྟོས་ལ་བྱང་ཆུབ་ཀྱི་སེམས་སྒོམ་པར་མ་བརྗེད་ཅེས་ཡང་ཡང་གདམས། དེ་ནས་ཚོགས་འཁོར་རྒྱ་ཆེར་མཛད། སློབ་ཚོགས་རྣམས་ཀྱིས་བཞུགས་ཞུས་ཕུལ་བ་ལ། ད་ནི་དངོས་དོན་ཟིན་གྱི་བདེ་ཆེན་ཞིང་། །འོད་སྣང་མཐའ་ཡས་རྒྱལ་བའི་དྲུང་དུ་འགྲོ། །ཞེས་སོགས་ཉམས་མགུར་དང་། སྟོན་པའི་བསྟན་པ་ཡུན་རིང་གནས་གྱུར་ཅིག་སོགས་བདེན་ཚིག་སྨོན་ལམ་བཅས་གསུངས་བཞིན། རབ་བྱུང་གསུམ་པའི་ཆུ་བྱི་ལོར། ས་ག་ཟླའི་ཚེས་བཅོ་ལྔའི་ཉིན། ཙཱ་ར་ཆོས་ཀྱི་ཀུན་དགའ་ར་བའི་ཚལ་དུ་ཞལ་ནུབ་ཏུ་གཟིགས། ཕྱག་སེམས་ཉིད་ངལ་བསོའི་རྒྱ་དང་བཅས་ཞི་བར་གཤེགས་སོ། །


༄༅། །བདེ་གཤེགས་ཕག་མོ་གྲུ་པའི་ཐུགས་ཀྱི་སྲས། །ནང་གི་ལམ་ནས་རྟོགས་པ་ཀློང་དུ་གྱུར། །གངས་ཅན་གྲུབ་པའི་ཁྱུ་མཆོག་ཧེ་རུ་ཀ །དཔལ་ལྡན་གླིང་རྗེ་རས་པ་ལ་ན་མོ། །རྗེ་རས་པར་གསོལ་བ་འདེབས། །བོད་ཡུལ་གངས་ཅན་ལྗོངས་ན་བསྟན་པའི་སྙིང་པོ་གསང་བ་སྔགས་ཀྱི་ཆོས་ལ་གནས་དུས་གདུལ་བྱའི་ཁམས་དབང་བསམ་པ་དང་འཚམས་པ་གསར་རྙིང་གཉིས་སུ་དར་བ་ལས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ཚན་གསང་སྔགས་གསར་མའི་རིང་ལུགས་འཛིན་པའི་ཁོངས་སུ་གཏོགས་པ་དྭགས་པོ་ལྷ་རྗེའི་དངོས་སློབ་བཀའ་བརྒྱུད་བསྟན་པའི་སྲོག་ཤིང་བདེ་གཤེགས་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་སྟེ། དེ་ལ་སློབ་བརྒྱུད་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས་མོས་གུས་མཐར་ཕྱིན་སྟག་ལུང་ཐང་པ་བཀྲ་ཤིས་དཔལ། ཤེས་རབ་མཐར་ཕྱིན་སྤར་བུ་བ་བློ་གྲོས་སེང་གེ །ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་ལ་སོགས་བྱོན་པ་ལས་ནང་ཐུགས་ཀྱི་སྲས་གཅིག་ཏུ་རྟོགས་པའི་མཐར་ཐུག་སྣ་ཕུ་བ་གླིང་རས་པདྨ་རྡོ་རྗེ་སྟེ། དེ་ལ་སྤྱིར་སྲས་ཞེས་པ་བླ་ན་མངོན་པར་མཐོ་བའི་བཟང་པོའི་ཡོན་ཏན་དང་ལྡན་པ་མི་མཆོག་སྐྱེས་བུའི་རིགས་ལ་འཇུག་པ་སྟེ། དཔེར་ན་སྐུ་ཡི་སྲས་སྒྲ་གཅན་འཛིན་ཟེར་བ་ལྟ་བུ། གསུང་ལས་སྐྱེས་པའི་སྲས་ཉན་རང་ཟེར་བ་ལྟ་བུ། ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཟེར་བ་ལྟ་བུ་སྐབས་སུ་བབས་པའི་བརྗོད་བྱ་གང་ཞིག་གཙོ་བོར་བསྟན་པར་འདོད་པའི་རྗོད་བྱེད་མིང་ཚིག་སོ་སོར་རྣམ་པར་དབྱེ་བ་ཡོད་ཅིང་། དེ་ཡང་སྐབས་རེ་འཕགས་པའི་གང་ཟག་གཅིག་ཤོས་གསང་བ་གསུམ་གའི་སྲས་སུ་གྱུར་པའང་ཡོད་པས་མཐའ་གཅིག་ཏུ་ངེས་བཟུང་འོས་པ་མ་ཡིན་མོད། འདིར་ནི་བདེ༵་གཤེ༵གས་ཕ༵ག་མོ༵་གྲུ༵་པ༵འི་ཐུག༵ས་ཀྱི༵་སྲ༵ས་ཏེ་ཕྱི་ལུས་ངག་གི་རྣམ་པ་རིག་བྱེད་ཙམ་དུ་ཟད་པ་མ་ཡིན་པར་ནང༵་གི༵་རྣལ་འབྱོར་རྣམ་བཞིའི་ལ༵མ་ནས༵་ཕྱག་རྒྱ་ཆེན་པོའི་གནས་ལུགས་བག་ལ་ཞ་བ་མ་ཡིན་པར་སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་རྟོག༵ས་པ༵་ཀློང༵་དུ༵་གྱུར༵་ཏེ་སྐུ་ཚེ་དེ་ཉིད་དུ་མཆོག་གི་དངོས་གྲུབ་བརྙེས་པ་ག༵ངས་ཅན༵་གྲུབ༵་པ༵འི་ཁྱུ༵་མཆོ༵ག་གཉིས་སྣང་མཚན་མའི་རྟོག་པ་བདག་མེད་མཉམ་པ་ཉིད་ཀྱི་དབྱིངས་སུ་སྒྲོལ་བའི་ཧེ༵་རུ༵་ཀ༵་དཔལ་བདེ་མཆོག་བདེ་བའི་འཁོར་ལོ་དང་གཉིས་སུ་མེད་པ་དཔ༵ལ་ལྡན༵་གླིང༵་རྗེ༵་ར༵ས་པ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་ཡུལ་གཙང་ཉང་སྟོད་གླང་པོ་སྣར་གདུང་གླིང་སྨད་པ། ཡབ་སྨན་དང་སྔགས་མཁྱེན་པ་རྒྱལ་པོ་སྒྲུབ་བེ་དང་ཡུམ་གཏུམ་མོ་དར་སྐྱིད་ཀྱི་སྲས་སུ་ས་སྤྲེལ་ལོར་འཁྲུངས། སྨན་དང་སྔགས་ལ་སྦྱངས། འོ་མ་ཐང་བ་ལས་རབ་ཏུ་བྱུང་། ཞང་དང་ར་ལོ་སོགས་བསྟེན། ཇོ་མོ་སྨན་མོ་དང་བསྡོངས་རྣལ་འབྱོར་པའི་ཆ་བྱད་མཛད། སྔོན་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་བུད་མེད་ལ་ཆོས་བསྟན་པ་ལ་དགེ་སློང་དྲུག་ཅུས་འཁྲིག་པའི་སྐུར་པ་བཏབ་པས་དེ་གཉིས་ལ་ཀུན་མ་མོས།དེས་དྲུག་ཅུ་པོ་ངན་སོང་དང་མི་ཁོམ་པ་མཐའ་ཡས་མྱོང་ནས་མཐར་སྟོན་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་དྲུག་ཅུར་གྱུར་ནས་གཤེགས་ཤིང་ཕྱིས་སྡོམ་པར་ཁས་བླངས་པའི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འོད་དུ་གྱུར་པའི་སྐྱེ་བ་དཀོན་བརྩེགས་གཟིགས་པས་མཁྱེན། སྨན་མོ་དང་འབྲེལ་བའང་དེའི་ལས་ཀྱི་ལྷག་མ་ཡིན། རྒྱལ་བ་ཁྱུང་ཚང་བ་ལ་གདམས་པ་ཞུས། ཁྱུང་ཚང་པ་རས་ཆུང་པ་དངོས་དང་མཇལ་བའི་ལོ་རྒྱུས་མང་པོ་གསུངས་པ་ལ་མ་དད་པས་ཕྱིས་ཀྱང་དྲོད་ཆུང་བར་བྱུང་། ལོ་རོར་བྱོན་ཏེ་ལོ་ལ་དབང་ཞུས། སུམ་པ་ལ་གདམས་པ་ཐམས་ཅད་རྫོགས་པར་ཞུས། མནལ་ལམ་དུ་མི་དཀར་པོ་གཅིག་གིས་ད་དེ་ལོ་ཕྱེད་དང་ལྔ་ན་དོན་འགྲུབ་ཅེས་པ་བྱུང་། སོ་བརྒྱད་པ་ཤིང་བྱའི་དགུན་ཕག་མོ་གྲུར་བྱོན་དད་པ་དབང་མེད་དུ་སྐྱེས། བྱ་རི་དྭགས་འདི་རྣམས་ཀྱང་བླ་མའི་སྤྲུལ་པ་ཡིན་སྙམ་པ་བྱུང་། རྗེ་འགྲོ་མགོན་དེ་རྣལ་འབྱོར་པ་དང་ཁྱིམ་ཐབ་ཅན་ལ་མི་མཉེས་ཀྱང་ཉིད་ལ་ཤིན་ཏུ་ཐུགས་ལ་འདོགས་པར་བྱུང་། ལོ་བདུན་ཟླ་བ་བདུན་གྱི་མཚམས་ཀྱི་དམ་བཅའ་བྱས་ནས་བསྒོམས་པས་ཞག་གསུམ་ན་རྟོགས་པ་ཟང་ཐལ་དུ་ཤར་ཚོགས་སུ་བྱོན་ཏེ། རྗེའི་ཞལ་ནས་གཉུག་མའི་དོན། །སྒོམ་ཤིག་གསུངས་ནས་བསྒོམ་ལགས་པས། །སྒོམ་བྱ་དང་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་བཟུང་རྒྱུ་ཡང་མི་གདའོ། །སོགས་ཀྱི་རྟོགས་པ་ཕུལ་བས་མཉེས་ཤིང་ཆུ་བོ་གངྒཱ་ཚུན་ལ་རྟོགས་པ་མཐོ་བར་གྲགས། འགྲོ་མགོན་གྱིས་རྟེན་འབྲེལ་མཛད་དེ་ཇོ་མོ་ཕྱིར་སློག །ཟང་ཟིང་ཅི་ཡང་མ་བསྣམས་པར་ཁམས་སུ་བྱོན། ལོ་རོའི་བླ་མ་རྣམས་མཇལ་ནས་ཕག་མོ་གྲུར་བྱོན་པས་གདུང་ཡང་སྦྱངས་ཟིན་འདུག་ནས། གྲོང་ཁྱེར་རྩྭ་མཆོག་ལྟ་བུ་ཡི། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་དུ། །སོགས་ཀྱི་གདུང་དབྱངས་མཛད། སྦྲགས་ཡང་རྫོང་སོགས་དབུས་གཙང་གི་ས་མང་པོར་བཞུགས། སྣ་ཕུར་གཙད་པོས་གདན་དྲངས་ཏེ་དགོན་པ་བཟུང་། བསམ་ཡས་སུ་བུད་མེད་ཅིག་གིས་པོ་ཏི་གཅིག་བྱིན་པ་མིད་པར་དེ་ཕྱིན་ཆོས་ཐམས་ཅད་མི་མཁྱེན་པ་མ་བྱུང་། རྒྱུད་ཀྱི་འགྲེལ་པ་བྱེད་པར་མཁའ་འགྲོ་མས་བཀའ་གནང་ནས་ཅུང་ཞིག་མཛད་པས་རང་གིས་མ་ཉན་པར་གཞན་ལ་བཤད་ཟེར་ནས་སྐུར་པ་འདེབས་པ་བྱུང་བས་བཟོད་གསོལ་མགུར་དུ་བཞེངས་ནས་འཕྲོ་བཅད། དཔལ་ཧེ་རུ་ཀ་དངོས་སུ་བཞུགས་པས་འགྲོ་བའི་དོན་མཛད་དེ། ང་མེད་མ་སེམས་རང་གི་སེམས་ལ་ལྟོས། །སེམས་ཀྱི་དེ་ཉིད་མཐོང་ན་ང་དང་མཇལ། །ཞེས་སོགས་ཀྱི་ཞལ་ཆེམས་དཔེ་གསེབ་ཏུ་བཅུག་ཏེ་རེ་གཅིག་ལ་ཆོས་གསུང་འཕྲོ་ལ་དམ་སེལ་ཅན་གཉིས་བྱུང་བས་གཤེགས་པར་བསྟན། གདུང་བཞུ་ཚེ་དུ་བ་གཏན་མེད་ཅིང་དྲི་བཟང་ཁྱད་པར་ཅན་དང་མེ་ལྕེ་ལ་རི་མོ་སྣ་ཚོགས་པ་བྱུང་ངོ་། །དེའི་སློབ་མ་ཀུན་གོ་གཅིག་གིས་ཆོད་པ་གཙང་པ་རྒྱ་རས་སོགས་མང་དུ་བྱོན་པའོ། །


༄༅། །རྨད་བྱུང་མཁྱེན་བརྩེའི་སྣང་བ་སྟོང་འབར་བས། །བསིལ་ལྗོངས་ཕན་བདེའི་པད་ཚལ་གཅིག་ཅར་འབྱེད། །འཇམ་དབྱངས་མི་ཡི་རྗེ་བོའི་ལྷར་གྱུར་འདེབས། །ངོ་མཚར་རྨད་དུ་བྱུང་བའི་མཁྱེན་པའི་ཡེ་ཤེས་དང་ཡེ་ཤེས་དང་བརྩེ་བའི་སྙིང་རྗེ་དབྱེར་མེད་ཟུང་དུ་འཇུག་པའི་ཕྲིན་ལས་ཀྱི་སྣང་བ་ཉི་མའི་འོད་ཟེར་ལྟར་གྲངས་ལས་འདས་པ་སྟེ་སྟོང་དུ་འབར་བས་གངས་ཀྱི་རི་བོས་ཁོ་ར་ཁོར་ཡུག་ཏུ་བསྐོར་བའི་བསི༵ལ་ལྗོང༵ས་བོད་ཀྱི་ཡུལ་ན་སྐྱེ་རྒུ་རྣམས་ལ་གནས་སྐབས་སུ་མངོན་པར་མཐོ་བ་ལྷ་དང་མི་ཡི་ཆོས་ལུགས་བཟང་པོ་དང་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་པ་ཕ༵ན་བ༵དེའི་པ༵ད་ཚ༵ལ་རིམ་བཞིན་བཞད་པའི་དུས་ཡུན་ལ་རེ་ལྟོས་མ་དགོས་པར་ཅི༵ག་ཅ༵ར་དུ་འབྱེ༵ད་པར་བྱེད་པ་རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་འཇ༵མ་དཔལ་དབྱང༵ས་དངོས་རྣམ་པ་མི༵་ཡི༵་རྗེ༵་བོ༵འི་ཚུལ་བཟུང་ཡང་དོན་དུ་སྐྱབས་ཀྱི་ལྷར༵་གྱུར༵་པ༵་འགྲོ༵་བའི་མགོ༵ན་པོ་ཆོ༵ས་རྒྱལ༵་འཕ༵གས་པ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ནི། ཡབ་བཟང་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་ཀྱི་སྐལ་པར་བྱོན། དེ་ཡང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་མིའི་སྲིད་པར་བཟུང་བས། ཐོག་མ་ནས་རིགས་དང་། བརྩེ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་སོགས་གཞན་ལས་ཆེས་ཁྱད་པར་དུ་གྱུར་པས། འཕགས་པ་ཞེས་པའི་མཚན་གྱི་མེ་ཏོག་བྱེ། རིག་པ་དང་གྲོལ་བའི་སྤོབས་པ་ཟད་མི་ཤེས་པའི་གཏེར་བརྡོལ། ཡན་ལག་ལྔ་མཚོན་རྣོན་པོས་སོ་སོར་ཕྲལ་བ་རྒྱལ་བ་རིགས་ལྔའི་བཀོད་པར་བསྟན་པ་སོགས་རྫུ་འཕྲུལ་གྱི་སྤྱོད་པ་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་ཕུན་སུམ་ཚོགས་པས་གདུག་ཅན་ཧོར་གྱི་རྒྱལ་པོའང་མི་ཕྱེད་པའི་དད་པ་འཁྲུངས་ཏེ་དབང་བསྐུར་ལན་གསུམ་གསན་པའི། དང་པོའི་དབང་ཡོན་དུ་དབུས་གཙང་ཁྲི་སྐོར་གསུམ། བར་པ་བོད་ཆོལ་ཁ་གསུམ། ཐ་མ་རྒྱ་ཡི་ལི་ཡུལ་ཆེན་མོ་ཕུལ་བས་ཕན་བདེའི་ཉེར་འཚོ་བླ་ན་མེད་པར་གྱུར། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དྷི་ཞེས་པ་བློ་གྲོས་ཀྱི་སྐད་དོད་ཡིན་པས་མཚན་གྱི་ཟུར་དང་པོ་བསྟན། སྡོམ་བརྩོན་གྱི་རྣམ་པར་རོལ་པས་སྟོན་པའི་བསྟན་པ་གསལ་བར་བྱེད་པ་ལུང་གིས་བསྟན་པ་ལྟར་སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་། ཆགས་སྡང་གི་ཀུན་རྟོག་ཟད་པའི་འཕགས་པའི་དགོངས་པ་ལ་མཉམ་པར་བཞུགས་པས་གྲུབ་མཐའ་ལ་ཉེ་འཁོན་མེད་པར་བསྐྱངས་ཏེ་ཡོངས་རྫོགས་བསྟན་པའི་བཤད་སྒྲུབ་དང་། གངས་ཅན་གྱི་བདེ་སྐྱིད་ཉིན་མོ་ལྟར་གསལ་བར་མཛད། མང་དུ་ཐོས་པའི་མཆོག་སྣར་ཐང་པ་བཅོམ་ལྡན་འདས་རིག་པའི་རལ་གྲི་ཡང་ཆོས་རྒྱལ་འཕགས་པའི་གྲུབ་པའི་ཡོན་ཏན་གྱིས་རང་དབང་མེད་པའི་དད་པར་བཀོད་པ་སོགས་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་། སློབ་མ་བཤད་པའི་སྲོལ་འཛིན་ཤར་ནུབ་གུང་གསུམ་དང་། བླ་མ་གྲགས་པ་འོད་ཟེར། བླ་མ་བཀྲ་ཤིས་དཔལ་ལ་སོགས་པ་མང་དུ་བྱུང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་བསྔགས་པའི་སྤྲིངས་ཡིག་འཇིག་རྟེན་གསུམ་ན་གྲགས་པ་ཉིད་ཀྱང་མཛད་དོ། །


༄༅། །སྤྲོས་བྲལ་ཆོས་ཉིད་དོན་དམ་བདེན་པ་མཆོག །ཇི་བཞིན་གཟིགས་ལས་སྲིད་པའི་འཆིང་བ་གྲོལ། །གཡོ་མེད་ཆོས་སྐུའི་རྒྱལ་ཐབས་མངའ་བརྙེས་པ། །གྲུམ་གྱི་མཁར་ནག་པ་ལ་གསོལ་བ་འདེབས། །གཉིས་སྣང་ཆོས་ཅན་སེམས་ཀྱི་རྟོག་ཚོགས་ཀྱི་སྤྲོས་པ་ཀུན་དང་བྲལ་བའི་ཆོས་ཉིད་དོ༵ན་དམ་པའི་བདེ༵ན་པ༵་གཉིས་སུ་མེད་པའི་ཡེ་ཤེས་དགོངས་པའི་མཆོ༵ག་སྒྲིབ་མེད་ཇི༵་བཞི༵ན་གྲུམ་གྱི་མཁར་ནག་པ་ལ་ན་མོ། ཕུང་པོ་ནམ་ཡང་མི་ཆགས་པ་བཞིན་དུ་སྲི༵ད་པ༵འི་འཆི༵ང་བ༵་མཐའ་དག་རང་ཞིག་ཏུ་གྲོ༵ལ་ཏེ་དུས་གསུམ་ཀུན་ཏུ་ཡིན་པ་གསུམ་གྱི་བདག་ཉིད་ལས་གཡོ༵་བ་མེ༵ད་པ་ཆོ༵ས་སྐུ༵་ཀུན་ཏུ་བཟང་པོའི་རྒྱལ༵་ཐ༵བས་ལ་མང༵འ་བརྙེས༵་པ༵་གྲུམ༵་གྱི༵་གཏེར་སྟོན་མཁ༵ར་ན༵ག་པ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་ཇི་སྐད་དུ། བོད་འབངས་ཡོངས་ཀྱི་ཆོས་ལུགས་གོད་རེ་བྲོ༔ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ༔ ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེར༔ རྒུང་ལ་བསིལ་སྦྱར་ཡས་གདོན་ཡིན་ནོ་ཟེར༔ མཚང་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེད༔ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ༔ རྨོངས་ཁྱུ་ཁ་འདྲིལ་མཁས་པ་བསྐྱར་ལ་འདོན༔ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གྲུམ་གྱི་མཁར་ནག་པ་ཞེས་འབྱུང་༔ ཞེས་གཏེར་སྟོན་གྲུམ་དང་སྤ་གྲོ་བའི་ཡོན་བདག་ནག་པོ་མཁར་བྱ་བའི་ཡོན་མཆོད་གཉིས་བསྡེབས་ཏེ། སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གི་ཁྱུང་རུམ་སྨུག་པོའི་མཆུ་ནང་བསེའི་གྭའུ་ནས་གདན་དྲངས་པར་མཛད་པའི་གཟའ་རྒོད་སྤུ་གྲིའི་དྲག་སྔགས་བར་སྣང་ཧོམ་ཁུང་མར་གྲགས་པའི་དཔེ་ལུང་གི་རྒྱུད་ད་ལྟའང་བཞུགས་པར་སྣང་ཞིང་། རིག་འཛིན་ཀུ་མཱ་རཱ་ཛའི་གཟའ་མཐུ་འཇིགས་པོ་དེའང་འདི་ཉིད་ཡིན་པར་བཤད་པས་ཐོག་སྔ་མོ་ཞིག་ཏུ་བྱོན་པར་གསུངས་སོ། །


༄༅། །རྒྱ་ཆེན་བརྟུལ་ཞུགས་སྨོན་ལམ་གྲུབ་པ་ལས། །མ་རུང་གདུལ་དཀའི་ཀླད་པ་འགེམས་པ་ལ༑ ༑མཐུ་སྟོབས་ཞོ་འཐུང་རྡོ་རྗེའི་མཚོན་འཆང་བ། །ཧེ་པ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སླད་དུ་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་བསྐལ་པ་མང་པོའི་གོང་ནས་ཚོགས་གཉིས་རྒྱ༵་ཆེ༵ན་པོ་བསགས་ཤིང་། ༈ ཧེ་པ་ཆོས་འབྱུང་ལ་ན་མོ། གང་འདུལ་སྨོ༵ན་ལ༵མ་གྱི་མཐུ་ཡོངས་སུ་གྲུབ༵་པ༵་ལ༵ས། སེམས་ཅན་ལ་འཚེ་ཞིང་། སངས་རྒྱས་ཀྱི་བསྟན་པ་ལ་འཁུ་བར་བྱེད་པའི་གདུལ་བྱ་མ༵་རུང༵ས་པ་ཞི་བའི་ལས་ཀྱིས་འདུ༵ལ་བར་དཀ༵འ་བའི་མི་སྲུན་པ་རྣམས་ཀྱི་ཀླད༵་པ༵་འགེ༵མས་པ་སྟེ་ཚར་གཅོད་པ༵་ལ༵་ཇི་ལྟར་ལྷ་མིན་གྱི་གཡུལ་རྣམས་བདེ་བླག་ཏུ་ཕམ་པར་བྱེད་པའི་མཐུ༵་སྟོབ༵ས་འགྲན་ཟླ་དང་བྲལ་བ་ཞོ༵་འཐུང༵་སྟེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱི་རྡོ༵་རྗེ༵འི་མཚོ༵ན་འཆ༵ང་བ༵་ཧེ༵་པ༵་ཆོ༵ས་འབྱུང༵་དུ་གྲགས་པ་སྟེ་དེ་ཡི་ཞ༵བས་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་འདི་ཉིད་ས་ངན་གྱི་ཡུལ་བྲག་དཀར་དུ་འབོད་པར་སྐུ་འཁྲུངས། ཀོང་པོ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་མདུན་ནས་པདྨ་གླིང་པའི་ཞི་ཁྲོའི་དབང་ལུང་རྣམས་གསན། ཞི་ཁྲོར་ཆོག་ཁྲིགས་ལྷན་ཐབས་སོགས་མང་དུ་མཛད། རྒྱལ་བ་ཀཿཐོག་པ་དམ་པ་བདེ་གཤེགས་ཀྱི་ཆོས་བརྒྱུད་འཛིན་པའི་བརྒྱུད་འཛིན་ཆེན་པོར་བཞུགས། མཆོག་ཐུན་གྱི་དངོས་གྲུབ་རྣམ་པ་གཉིས་ལ་མངའ་དབང་འབྱོར་ཞིང་། ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཐོགས་རྡུགས་བྲལ་བའོ། །


༄༅། །སྦས་ཡུལ་ཆོས་ནོར་དམ་རྫས་ལ་སོགས་པ། །ངོ་མཚར་གནས་གཏེར་བརྒྱ་རྩའི་མངའ་བདག་ཆེ། །ས་བཅུའི་དབང་ཕྱུག་གྲུབ་པའི་འཁོར་ལོས་སྒྱུར། །ཁྲག་འཐུང་བདུད་འདུལ་རྡོ་རྗེར་གསོལ་བ་འདེབས། །ཨོ་རྒྱན་དུས་གསུམ་མཁྱེན་པས་གཙོས་པའི་རིག་འཛིན་མཁའ་འགྲོ་གྲུབ་པ་རྒྱ་མཚོས་ཕྱིས་འབྱུང་སྐལ་ལྡན་སྒྲུབ་པ་པོ་རྣམས་ཀྱི་དོན་དུ་ལུང་དུ་བསྟན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་འཁོར་ལྔ་ཡི་ཞིང་ཁམས་ཀྱི་བྱེ་བྲག་སྦ༵ས་པའི་ཡུལ༵་ལྗོང་རྣམས་སུ་གཤེགས་ཏེ་རྒྱལ་རྣམས་དགྱེས་པ་བསྐྱེད་པའི་སྒྲུབ་ལ་བརྩོན་ཞིང་རབ་ཏུ་གནས་པའི་མེ་ཏོག་འཐོར་བ་དང་། ལས་ཅན་གྱི་གདུལ་བྱ་འདུལ་བར་བབས་པའི་དུས་ལས་མི་ཡོལ་བར་བྱ་བའི་སླད་དུ་གནས་སྒོ་ལ་ལ་གསར་དུ་འབྱེད་པ། རྩ་གསུམ་ཆོས་སྲུང་ཞི་ཁྲོ་རབ་འབྱམས་བླ་རྫོགས་ཐུགས་གསུམ་མན་ངག་ལས་ཚོགས་དང་བཅས་པའི་ཆོ༵ས་སྐོར་ཅི་རིགས་པ་གཏེར་ནས་བཞེས་ཤིང་། བདེ་སྐྱིད་ཀྱི་གཞི་མ་ཚེ་བསྲིང་བའི་ཐབས་དང་། ཐུན་མོང་འཇིག་རྟེན་པའི་སྐྱེ་རྒུ་རྣམས་ཟང་ཟིང་མཐུན་རྐྱེན་གྱིས་ཕོངས་པའི་སྡུག་བསྔལ་ལས་སྐྱོབ་པའི་ནོར་གྱི་གཏེར། ཐུན་མིན་ཐར་པ་དོན་གཉེར་ཅན་རྣམས་ལ་མེད་དུ་མི་རུང་བའི་འཕགས་པའི་ནོ༵ར་བདུན་གྱི་ཆོས། གདུལ་བྱ་དབང་པོ་རྟུལ་པོ་ཐོས་བསམ་དང་སྒོམ་སྒྲུབ་བྱེད་པ་ལ་དཀའ་ཚེགས་ཀྱི་ཚོར་བས་གདུངས་པ་རྣམས་ལ་མྱོང་བ་ཙམ་གྱིས་གྲོལ་བ་མྱང་གྲོལ་སྟོང་རྩས་གཙོས་པའི་གྲོལ་བ་བཞི་ལྡན་གྱི་དམ༵་རྫས༵་ལ༵་སོ༵གས་པ༵་སྟེ་མདོར་ན་སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པའི་ངོ༵་མཚ༵ར་བའི་གན༵ས་ཁྱད་པར་དུ་འཕགས་པ་དང་། གཏེ༵ར་རིགས་བཅོ་བརྒྱད་ཀྱིས་མཚོན་པའི་གཏེར་གྱི་རིགས་བྱེད་བརྒྱ༵་རྩ༵འི་རིགས་ལ་གཞན་དྲིང་དུ་མི་འཇོག་པར་རང་དབང་ཉིད་དུ་མང༵འ་དབང་བསྒྱུར་བའི་བདག༵་ཉིད་ཆེ༵་སྟེ། ས༵་བཅུ༵འི་དབ༵ང་ཕྱུག༵་རིག་འཛིན་གྲུབ༵་པ༵འི་འཁོ༵ར་ལོ༵ས་སྒྱུར༵་བ་མེད་བཞིན་དུ་སྣང་བའི་སྒྱུ་མའི་སྣང་བ་ལ་མངོན་སུམ་དུ་བདེན་ཞེན་སྐྱེས་ཏེ་ཆགས་པའི་སྲིད་པ་ཁམས་གསུམ་འཁོར་བའི་ཁྲག༵ འཁོར་བའི་དགྲ་ཆེན་བདག་མེད་གནས་ལུགས་ཀྱི་ངང་དུ་བསྒྲལ་ནས་མཉམ་པ་ཉིད་ཀྱི་ངང་དུ་རོལ་པ་སྟེ་འཐུང༵་ཞིང་། བདུ༵ད་བཞི་སྐུ་བཞིའི་དབྱིངས་སུ་འདུ༵ལ་བའི་སྟོང་ཆེན་ཆོས་སྐུ་ཡེ་ཤེས་ཀྱི་རྡོ༵་རྗེ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་ས་བཅུའི་དབང་ཕྱུག་ཅེས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་ལྟར་ན་ཆོས་ཀྱི་སྤྲིན་ཏེ་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཤས་ཆེར་སྤྱོད་པས་ཐེག་པ་སྣ་ཚོགས་ཀྱི་ཆོས་ཆར་ཕབ་ནས་སེམས་ཅན་སྣ་ཚོགས་པའི་དོན་བྱེད་ནུས་པ་ལ་དབང་ཕྱུག་པ་དང་། གྲུབ་པའི་འཁོར་ལོས་སྒྱུར་ཞེས་སྔགས་ལམ་ལྟར་ན་ཕྱག་རྒྱའི་རིག་འཛིན་ནམ་ལྷུན་གྲུབ་རིག་འཛིན་ལ་སྦྱར་དུ་རུང་བ་སྟེ། མདོ་སྔགས་གཉིས་གང་རུང་གི་ལམ་གང་ལྟར་སྦྱར་ཡང་གཞན་སྣང་གདུལ་བྱའི་དོན་དུ་སྣང་བ་ལ་གོ་དགོས་ཤིང་། དོན་ལ་སངས་རྒྱས་གཉིས་པ་པདྨའི་རྣམ་རོལ་དུ་གོ་དགོས་སོ། །དེ་ཡང་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐྱེས་མཐའ་གཏེར་སྟོན་རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་འདི་ནི། སྔོན་གྱི་གཏེར་སྙིང་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ཁབ་དང་ཉེ་བའི་དངུལ་ཕུ་ནང་དུ་གྲགས་པའི་སྲིབ་ཕྱོགས་སུ་ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྐྱབས་དང་། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་ཤིང་མོ་ཡོས་ཀྱི་ལོ་ལ་འཁྲུངས། ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་སོགས་སྦྱངས་བདར་མཛད། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་མང་པོ་ཤར། ཆུང་ངུའི་དུས་ནས་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཞུགས། རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་སུ་གསོལ། ཕ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་པོའི་ཤར་སྒོའི་རྒྱབ་ཏུ་ཡོད། དཔལ་ས་སྐྱ་བའི་གཞུང་ལ་བསླབ་སྦྱང་གསན་བསམ་ཅི་རིགས་མཛད་པའི་སྐབས་སྙིང་པོ་ཡེ་ཤེས་ཀྱི་དོན་ཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་པས་རྨུག་སངས་ཀྱི་སྒྲུབ་གནས་སུ་བྱོན། འདྲེན་པ་དཀོན་མཆོག་རྒྱལ་མཚན་ལས་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་མང་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། དེ་ནས་དབུས་ཕྱོགས་སུ་ཕེབས། ཉང་པོ་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ། སྨིན་གྲོལ་གྱི་གདམས་པ་མང་དུ་གསན། བྲག་དཀར་ལྷ་ཆུང་དུ་ཁམས་ཟས་སྤངས་ཏེ་བཅུད་ལེན་ཁོ་ནས་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་པར་མཛད། དང་པོའི་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་གྱིས་གཙང་ས་ངོར་མན་ཆད་དུ་བྱོན་ནས་གསུང་ངག་ལམ་འབྲས་སོགས་གསན། སླར་ཕྱིར་བྱོན་སྐབས་ཀོང་པོ་བང་རིར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་དབང་ཁྲིད་མན་ངག་རྫོགས་པར་གསན། ལྷག་པར་འདིའི་སྐབས་ས་གཏེར་གྱི་སྐལ་བ་ཅན་དུ་ལུང་བསྟན་པ་ལྟར། སྤུ་བོར་བྱོན་ཏེ་ཕོ་བྲང་གཡུ་མཚོར་རཏ་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་མ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཐུགས་ཉམས་དང་། གུ་རུ་རིན་པོ་ཆེ་ལས་སྨིན་གྲོལ་རྫོགས་པར་གསན་ཅིང་གཏེར་གྱི་ལུང་བསྟན་བསྩལ་བ་སོགས་རྗེ་རང་གི་གསུང་དག་སྣང་དབང་གི་རྒྱལ་པོར་གསལ། དཔལ་ཨོ་རྒྱན་བསྟན་འཛིན་མཇལ་དུ་བྱོན་པས་མཚན་ལམ་ལ་དཔག་སྟེ་ཐུགས་ཤིན་ཏུ་དགྱེས་པས་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་གནང་། རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཚུལ་དུ་བཞུགས། ཟབ་གཏེར་གྱི་ཐོག་མ་ཁ་བྱང་ཕྱག་ཏུ་བྱུང་བ་དང་བསྟུན། དགུང་ལོ་ཉེར་དགུ་པར་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བསྟེན་ནས་གཡུ་མཚོ་རིན་ཆེན་བྲག་ནས་ཁ་བྱང་དང་། སྤུ་བོ་འདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་སྐོར་རྣམས་སྤྱན་དྲངས་ཤིང་ཉིད་ཀྱི་ཟབ་གཏེར་གྱི་གཙོ་བོ་ཡིན་པས། ཕྱིས་སུ་བཞེས་པ་ཐམས་ཅད་དེའི་ཡན་ལག་ཡིན་པར་གསུངས། དེ་ནས་རིམ་བཞིན། ཚ་བ་སྒྲོ་བྲག་ནས་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་བཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ཕུག་ནས། ཟབ་དོན་གསང་བ་སྙིང་ཐིག །དཔལ་བདེ་མཆོག །བཀའ་སྲུང་ཕྱག་བཞི་པའི་སྐོར་དང་བཅས་པ། སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས། སྙིང་ཐིག་ཚེ་གཡང་ཕུར་གསུམ་དྲིལ་སྒྲུབ་སྒོས་སྒྲུབ་དང་བཅས་པ། སྲུང་མ་ཨེ་ཀ་ཛཱ་ཊི་དང་རང་བྱུང་རྒྱལ་མོའི་སྐོར། སྤུ་བོ་མདུང་ཆུའི་བྱང་ངོས་ཀྱི་བྲག་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་ཡིག །མདོ་ཁམས་སྡེ་དགེའི་ས་གནས་ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ནས་ཡི་དམ་དམར་ནག་འཇིགས་གསུམ་གྱི་སྐོར་རྣམས་སྤྱན་དྲངས་པ་ལས། འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་རྣམས་ཞལ་བཤུས་པ་ལས་གཞན་གཏན་ལ་ཕབས་པ་མི་སྣང་། བྱ་ཕུ་ལྕགས་ཕུར་ཅན་ནས་དཔལ་མགོན་གདོང་བཞིའི་སྐོར་དང་ལྷ་ཆེན་སྒྲུབ་སྐོར། བསམ་ཡས་དབུ་རྩེའི་སྟེང་ཁང་ནས་བླ་མ་རིག་འཛིན་འདུས་པ། ཚེ་སྒྲུབ་ཚ་བ་དམར་ཐག་བཀའ་སྲུང་ཞང་བློན་དང་སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེང་ཁང་ནས་སྙན་བརྒྱུད་གཙུག་རྒྱན་ཡིད་བཞིན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའང་གཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་སྐོར་བཀའ་སྲུང་བཅས། ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་ནས་ཕྱག་ཏུ་ཕུལ་བ་དང་། གཞན་ཡང་གཡུ་མཚོ་གཤིན་རྗེའི་དོང་ཁ། རིག་འཛིན་གསང་ཕུག །བསེ་ར་ཅོག །ན་བུན་རྫོང་། རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ། སྦས་ཡུལ་པདྨ་བཀོད་ཀྱི་གཙོས་མཐའ་དབུས་ཀྱི་གནས་ཆེན་མང་པོའི་སྒོ་ཕྱེས། གོང་གི་གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱོང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེས་གཉིས་པར་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས། རྗེ་ཉིད་སྔར་བཞུགས་ཀྱི་གྲྭ་ཁང་དུ་བདུད་འདུལ་ལྷ་ཁང་དུ་གྲགས་པ་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་སྒྲུབ། ཀཿཐོག་རྡོ་རྗེ་གདན་ཡན་སྔ་འགྱུར་རྙིང་མའི་གདན་ས་རྣམས་སུ་ཞབས་བཀོད་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང་། འཛིང་རྣམ་རྒྱལ་དང་ཉེ་བའི་ནོབས་ཀྱི་ཕུ་སྟག་ཕུ་བྲག་རིང་དུ་རྒྱུན་རིང་ཙམ་བཞུགས་ཤིང་ཐུགས་དམ་མཛད་པའི་གཟིམས་སྤྱིལ་ད་ལྟའང་ཡོད། གླིང་ཚང་དུ་ཕྱག་ཕེབས་ནས་གླིང་དཔོན་པོ་དང་ཡོན་མཆོད་རྟེན་འབྲེལ་ལེགས་པར་འགྲིགས། ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་བུམ་སྒྲུབ་མཛད་སྐབས་རྟགས་མཚན་ངོ་མཚར་བསམ་ལས་འདས་པ་བྱུང་བའི་སྒྲུབ་རྒྱུན་ད་ལྟའང་མཆིས། སྨར་ཁམས། སྒ་སྟོད། བར་མ་ལྷ་སྟོང་། རི་བོ་ཆེ་སོགས་སུ་རིམ་པར་གདན་དྲངས་པ་ལྟར་ཕེབས། བསྟན་འགྲོའི་དོན་མཐའ་ཡས་པ་མཛད། ཁྱད་པར་སྤོར་ཤེ་བྲག་ཏུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་མཇལ་འཛོམ་ཆོས་གསན་རེས་སོགས་རྟེན་འབྲེལ་ལེགས་པར་འགྲིགས། དེ་དག་གི་མཚམས་སྦྱོར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཆོས་བདག་གི་གཙོ་བོ་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད། རིག་འཛིན་ཀློང་གསལ་སྙིང་པོ། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ་དང་། གྲུབ་ཆེན་པདྨ་ནོར་བུ་སོགས་ཏའུའི་ཕྱོགས་ཀྱི་རྡོ་རྗེ་འཛིན་པ་མང་པོས་མཚོན་མཐའ་ཡས་ཤིང་། ཁྱད་པར་སྐུའི་གདུང་བརྒྱུད་རྒྱལ་སྲས་ནོར་བུ་ཡོངས་གྲགས་སོགས་རིམ་པར་བྱོན་པས་ཆོས་བརྒྱུད་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་བོ། །དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་སྦས་ཡུལ་པདྨ་བཀོད་པའི་གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་པའི་རྗེས། དགུང་ལོ་ང་བརྒྱད་པར་ཆུ་ཕོ་བྱི་བའི་ལོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང་། ཁྱད་པ་སྐུ་གདུང་ཅུང་ཟད་ཙམ་མ་གཏོགས་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཕྱིས་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །


༄༅། །པདྨ་དྲག་པོ་དངོས་སྣང་ཀློང་གསལ་སྙིང་། །གང་གི་ཆོས་དང་རིགས་ཀྱི་གདུང་བཟུང་ནས། །ངེས་དོན་སྙིང་པོའི་རིང་ལུགས་གསལ་མཛད་པ། །རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལ་གསོལ་བ་འདེབས། །སྐྱེ་འགག་གནས་གསུམ་གྱི་ཆོས་ལས་འདས་པའི་སྟོང་ཆེན་ཆོས་ཀྱི་སྐུ་ཡི་ཡོན་ཏན་ནི་སྣང་བའི་ཕྱོགས་གང་དུའང་རྡུལ་ཕྲ་རབ་ཙམ་དུའང་ལྷུང་བ་མེད་ཀྱང་། དབྱིངས་དེའི་ཡོན་ཏན་འགག་པ་མེད་པ་རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་འདུལ་བྱེད་ཤིན་ཏུ་ཁྲོས་པའི་ཉམས་ཀྱིས་ཞི་བས་མི་ཐུལ་བའི་གདུལ་བྱ་ཁྲོ་བོ་མི་སྲུན་པ་རྣམས་བདེ་བླག་ཏུ་འདུལ་བ་པ༵དྨ༵་དྲག༵་པོ༵་མི་ཡི་གཟུགས་སུ་དངོ༵ས་སུ་སྣང༵་བ་ངོ་བོ་ཀ་དག་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་ཀློང༵་ལས་རང་བཞིན་ལྷུན་གྲུབ་གས༵ལ་བའི་ཡེ་ཤེས་ཀྱི་རང་གདངས་ཐུགས་རྗེ་མ་འགག་ཕྱིར་གསལ་དུ་སྤྲུལ་པའི་སྐུ་ཡི་རྣམ་འགྱུར་འབར་བ་ཆེན་པོའི་རྣམ་པ་ཇི་སྙེད་པར་འཆར་བ་དེ་དག་ཀུན་གྱི་གཙོ་བོའམ་སྙིང༵་པོ་སྟེ། དེ་དག་གི་གསུང་བརྡར་སྣང་བ། བརྡར་གྲགས་པ། བརྡར་གྱུར་པ་སྟེ། གདུལ་བར་བྱ་བ་ག༵ང་དག་གི༵་མོས་པའི་རྗེས་སུ་འགྲོ་བའི་ཆོ༵ས་དང༵་། དེ་དག་འཛིན་པའི་སྤྲུལ་པ་སྐུ་ཡི་རི༵གས་ཀྱི༵་གདུང༵་བཟུ༵ང་ནས༵། ངེ༵ས་པ་དོ༵ན་གྱི་བསྟན་པའི་སྙིང༵་པོ༵འི་སྙིང་པོ་བཀའ་གཏེར་བསྟན་པའི་རི༵ང་ལུ༵གས་གས༵ལ་བར་མཛ༵ད་པ༵་སྙིང་རྗེའི་བདག་ཉིད་སྔོན་བྱོན་རྒྱལ༵་བའི་སྲས༵་པོ་རྣམས་ཀྱི་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོ་བདག་གིར་བཞེས་ཏེ། སྙིང་རྗེའི་ཡུལ་གང་ལ་དམིགས་པའི་གདུལ་བྱའི་རྒྱུད་ལ་ཐར་པའི་ས་བོན་གྲུང་པོ་འཆུགས་པ་མེད་པར་འདེབས་པའི་བསོ༵ད་ནམ༵ས་ལེ༵འུ་བཙ༵ན་པ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ཏེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེའི་སྐུ་སྐྱེ་དེ་མ་ཐག་པ་རྒྱལ་སྲས་རིན་པོ་ཆེ་བསོད་ནམས་ལྡེའུ་བཙན་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོར་སྐུ་བལྟམས། ཡབ་རྗེ་གཏེར་ཆེན་བླ་དང་། ཁྱབ་གདལ་ལྷུན་གྲུབ། གཏེར་ཆེན་སྟག་ཤམ་རྡོ་རྗེ། ཞྭ་དམར་བ་བརྒྱད་པ། རྫོགས་ཆེན་པདྨ་རིག་འཛིན་སོགས་མཁས་ཤིང་གྲུབ་པའི་བླ་མ་མང་པོར་བསྟེན། དེ་དག་རྣམས་ཀྱི་གསུང་གི་བདུད་རྩི་ཚིམས་པར་གསོལ། ཀཿཐོག་པའི་གདན་སར་བཞུགས་ནས་འདུས་པ་ཡུན་དུ་བསྐྱངས། དགུང་ལོ་ཞེ་དགུ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་སོ། །


༄༅། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་བརླབས་ཤིང་། །ལས་འཕྲོའི་དབང་གིས་མཁའ་འགྲོའི་གསང་མཛོད་འཛིན། །འབྲེལ་ཚད་པདྨ་འོད་དུ་འཁྲིད་མཛད་པ། །བདུད་འདུལ་རོལ་པ་རྩལ་ལ་གསོལ་བ་འདེབས། །སྤྱིར་ལྷ་ཞེས་པ་ནི་འཇིག་རྟེན་ན་སྔོན་བྱུང་ལོ་རྒྱུས་སུ་རྒྱལ་པོས་སྐྱོང་བའི་ཡུལ་ཁམས་མང་པོར་མཐོ་རིས་ལྟ་ལས་མཆེད་པར་གྲགས་པའི་མིའི་རིགས་དབང་ཐང་ཆེ་བའི་དཔོན་པོའམ། རྒྱལ་པོ་ལ་ལྷ་ཞེས་འབོད་པ་དང་། རྟག་པར་ལྟ་བའི་གྲུབ་མཐའ་འཛིན་པ་རྣམས་ནས་ཚངས་པ་དང་། བརྒྱ་སྦྱིན་དང་། དབང་ཕྱུག་དང་། ཁྱབ་འཇུག་སོགས་འཇིག་རྟེན་སྣོད་བཅུད་ཀྱི་བྱེད་པ་པོར་དམིགས་པའི་ཡུལ་ཁྱད་པར་ཅན་ཞིག་ལ་ལྷ་ཞེས་འབོད་པ་དང་། ཡང་འདོད་ལྷ་རིགས་དྲུག གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་འཇིག་རྟེན་པའི་ལུས་སེམས་ཀྱི་དགའ་བདེ་ལ་ལོངས་སུ་སྤྱོད་པའི་མཐོ་རིས་ཀྱི་འགྲོ་བ་རྣམས་ལ་ལྷ་ཞེས་འབོད་པ་སྟེ། དེ་དག་ཐམས་ཅད་ལས་ཀྱང་ཆེས་མཆོག་ཏུ་འཕགས་པ་དཀོན་མཆོག་གསུམ་མམ། སྔགས་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་འཇིག་རྟེན་ལས་འདས་པའི་ལྷག༵་པ༵འི་ལྷ༵་ཡི༵ས་རྗེས༵་སུ་བཟུ༵ང་ནས་སྣང་གྲགས་རིག་གསུམ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན༵་གྱིས་བརླ༵བས་ཤི༵ང་། བསྐལ་མང་གོང་ནས་ཚོགས་གཉིས་རླབས་པོ་ཆེ་བསགས་པའི་ལ༵ས་འཕྲོ༵འི་དབ༵ང་གི༵ས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཟག་མེད་བདེ་བ་ཆེན་པོར་དག་མཉམ་དུ་རོལ་པའི་ཡེ་ཤེས་དབྱིངས་ཀྱི་མཁ༵འ་འགྲོ༵འི་གས༵ང་བའི་མཛོ༵ད་ཁང་འཛི༵ན་ཅིང་། བཟང་ངན་གྱི་འབྲེ༵ལ་པ་ཐོགས་ཚ༵ད་པ༵དྨ༵་འོ༵ད་ཀྱི་ཞིང་དུ༵་ཁྲི༵ད་པར་མཛ༵ད་པ༵། བདུད་བཞི་སྐྱེ་བ་མེད་པའི་དབྱིངས་སུ་འདུལ་བའི་དཔའ་བོ་ཆེན་པོའི་ཕྲིན་ལས་ཀྱི་རོལ་པ་ཅིར་ཡང་རྩེན་པ་རྒྱལ་བའི་སྲས་པོ་བསོད་ནམས་ལྡེའུ་བཙན་གྱི་སྤྲུལ་པའི་རྣམ་རོལ་དེ་མ་ཐག་པ་བདུད་འདུལ་རོ༵ལ་པ༵་རྩལ༵་ཏེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་འདི་ཉིད་མདོ་ཁམས་ཆུ་བཞི་སྒང་དྲུག་ལས། མདོ་སྨད་ཟལ་མོ་སྒང་གི་ཆ་ས་ཡི་མདུད་བཞིར་གྲགས་པའི་བྱེ་བྲག་རེ་ཁེ་ས་ཡི་མདུད་པ་སྟེ། གང་དུ་གཏེར་ཆེན་བདུད་འདུལ་རྡོ་རྗེ་དང་རིག་འཛིན་ཀློང་གསལ་སྙིང་པོ་རྣམ་གཉིས་ནས་ཟབ་གཏེར་བཞེས་ཤིང་། བདེ་ཆེན་གླིང་པ་དང་། རིག་འཛིན་ཚེ་དབང་ནོར་བུ་སོགས་དམ་པ་དུ་མས་རྡོ་རྗེའི་གནས་སུ་བསྔགས་ཤིང་། ཕྲིན་ལས་ཕུར་པའི་བཀའ་སྲུང་ལྕགས་ཀྱི་སྐྱེས་བུས་བདེ་བར་སྐྱོང་བའི་ཡུལ་ལྗོངས་ས་ངན་རེ་ཁེའི་ནང་གསེས་ཨ་བྱམས་ཞེས་པའི་ས་ཡི་ཆར། ཡབ་མེས་རིག་འཛིན་རྩལ་འཆང་གི་བརྒྱུད་པ། གུ་རུའི་རྒྱལ་ཚབ་ནུས་ལྡན་ཉེར་ལྔའི་ཡ་གྱལ་བདུད་འདུལ་ནུས་ལྡན་རྡོ་རྗེའི་གདུང་བརྒྱུད་མདོ་ཁམས་གསེར་ཐང་ཕྱོགས་སུ་བཞུགས་སྟན་ཆགས་པ་ཀཿཐོག་བདུད་འདུལ་རྒྱལ་སྲས་པདྨ་རྣམ་རྒྱལ་ཞེས་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་མངོན་པར་ཤེས་པ་མངའ་བ་ཞིག་བྱུང་ལ། དེ་ཉིད་ཀྱི་སྲས་གསེར་པ་གཏེར་རྒན་བདུད་འདུལ་རོལ་པ་རྩལ་ནུས་ལྡན་ནམ་མཁའི་རྣལ་འབྱོར་ཞེས་མཁྱེན་བརྩེ་ནུས་པའི་ཡོན་ཏན་འགྲན་ཟླ་དང་བྲལ་བ་འདི་ཉིད་འཁྲུངས། སྐུ་ཚེ་ལ་མངའ་བརྙེས་པས་དགུང་ལོ་བརྒྱ་དང་བརྒྱད་ཅུ་ཙམ་བཞུགས་ཤིང་། ཁྱུང་དམར་མེ་གཤོག་སོགས་ཟབ་གཏེར་ཡང་མང་དུ་བཞེས། སྐུ་ཚེའི་སྨད་ལ་བྲག་ཡབ་དང་ས་ངན་ཕྱོགས་སུ་རིམ་པར་ཕེབས། མི་དང་མི་མིན་གྱི་འགལ་བྱེད་མ་རུངས་པ་མཐའ་དག་མངོན་སྤྱོད་ཀྱི་ནུས་མཐུ་དྲག་པོས་ཚར་བཅད་ཅིང་དབང་དུ་བསྡུད་པ་སོགས་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལ་མངའ་དབང་བསྒྱུར། ཀཿཐོག་རྡོ་རྗེ་གདན་ཆོས་སྡེ་ཆེན་པོ་ནས་ས་ངན་ཕྱོགས་ཀྱི་དགོན་བདག་ཏུ་མངའ་གསོལ་བ་བཞིན་ཆིབས་ཞལ་བསྒྱུར་ཏེ་བཞུགས་གདན་ཆགས་པར་གྲགས་སོ། །


༄༅། །མི་མིན་རང་སྣང་སྟོན་པའི་ཕ་ཕོག་ཐོབ། །ཀུན་བཟང་ཐུགས་ཀྱི་གཏེར་ཁ་ཀློང་ནས་བརྡོལ། །ནམ་མཁའི་རྣལ་འབྱོར་འཆོལ་བའི་ཁྲོ་རྒྱལ་དངོས། །གར་དབང་བདུད་འཇོམས་དཔའ་བོ་ལ་གསོལ་བ་འདེབས། །ཆོས་ཅན་བློ་ཡི་སྣང་བ་གཞན་སྣང་མི་ཡི་སློབ་དཔོན་གྱི་རྣམ་པར་ཤར་བ་ལ་ལྟོས་པ་མིན་པར་ཇི་ལྟར་གུཧྱ་གརྦྷ་ལས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཀྱིས་ཆེད་དུ་གླེང་ངོ་ཞེས་གསུངས་པ་དང་རྗེས་སུ་མཐུན་པ་ཆོས་ཉིད་ཤིན་ཏུ་རྣམ་པར་དག་པ་ལས་ར༵ང་སྣང༵་སྟོན༵་པ༵འི་སྣང་བ་རང་ལ་ཤར་བའི་རོལ་པའི་རྩལ་གྱིས་ཆོས་ཉིན་མོར་བྱེད་པས་རང་གི་འོད་ཟེར་ལ་རོལ་པ་བཞིན་དུ་ཕ༵་གཅིག་གདོད་མའི་མགོན་པོའི་དགོངས་བརྒྱུད་བྱིན་རླབས་ཟམ་མ་ཆད་པའི་སྐྱེས་སམ་ཕྱོ༵གས་ཐོ༵བ་ཅིང་། ཐམས་ཅད་ནས་ཐམས་ཅད་དུ་སྤང་བླང་བྱ་བའི་ཆོས་སུ་ནམ་ཡང་གྲུབ་པ་མེད་པ་དུས་གསུམ་ཀུན་ཏུ་འཁོར་འདས་མཉམ་པ་ཉིད་དུ་དག་པ་ཀུ༵ན་ཏུ་བཟ༵ང་པོའི་ཐུག༵ས་ཀྱི༵་གཏེར་ཁ་སྟེ་ཟད་མི་ཤེས་པའི་སྣང་སྲིད་དག་པ་རབ་འབྱམས་ཀྱི་ཆོས་ཀྱི་གཏེ༵ར་ཁ༵་སྦྱང་བརྩོན་ལ་མ་བརྟེན་པར་གཏིང་མཐའ་མི་མངོན་པའི་དགོངས་པའི་ཀློང༵་ནས༵་བརྡོ༵ལ་ཞིང་། མཚན་མ་དང་བཅས་པའི་ལམ་རིམ་པ་གཉིས་ཀྱི་འཆིང་ཞགས་ལས་གྲོལ་བ་གཉིས་མེད་རྫོགས་ཆེན་ནམ༵་མཁ༵འི་རྣལ༵་འབྱོ༵ར་གྱི་དགོངས་པ་ལས་མ་གཡོས་བཞིན་དུ་རང་བཞིན་ལྷུན་གྲུབ་ཀྱི་རང་གདངས་ཐུགས་རྗེ་སྤྲུལ་པའི་ཁྲོ་བོ་གཏུམ་དྲག་འབར་བའི་རྣམ་པ་བདུད་ཀྱི་བདུད་ཆེན་དུ་ཤར་བ་འཆོ༵ལ་བ༵འི་ཁྲོ༵་རྒྱལ༵་གུ་རུ་དྲག་པོ་དངོ༵ས་ཉིད་སྲིད་པའི་ཁམས་ན་ག༵ར་གྱི་དབ༵ང་ཕྱུག་གི་རྣམ་པར་རོལ་ཏེ་དབང་དྲག་གི་ཕྲིན་ལས་འཇིགས་སུ་རུང་བས་ལྟ་བ་ལོག་པའི་བ༵དུད་ཀྱི་སྡེ་རྣམས་འཇོ༵མས་པ་ཁྲག་འཐུང་བདུད་འཇོམས་དཔ༵འ་བོ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་ཁྲག་འཐུང་བདུད་འཇོམས་གླིང་པ་ནི། གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ལུང་ལས། ལྔ་བརྒྱའི་དུས་སུ་ཁམས་ཀྱི་གཏེར་ལུང་དུ༔ བདུད་འཇོམས་རྡོ་རྗེས་ཟབ་གཏེར་སྒོ་ཡང་འབྱེད༔ ཅེས་དང་། གཏེར་སྟོན་ར་ཤགས་པའི་གཏེར་ལུང་ལས། ཁམས་ཀྱི་ས་ཆར་འབྲོག་མིའི་སྤྲུལ་པ་འབྱུང་༔ སྙིང་གར་ཤ་མཚན་སྨུག་ནག་གྲུ་གསུམ་ཤར༔ ཞེས་དང་། བོན་པོ་ལྷ་འབུམ་གྱི་གཏེར་ལུང་ལས། གཏེར་སྟོན་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱིས༔ ཟབ་གཏེར་སྒོ་འབྱེད་སྙིང་ཐིག་བསྟན་པ་སྐྱོང་༔ཞེས་དང་། གྲུབ་ཐོབ་མཁར་ནག་པའི་གཏེར་ལུང་ལས། སྙིགས་མའི་ཡང་མཐར་ཁྱོད་ཉིད་ཡང་སྲིད་དེ༔ བདུད་འཇོམས་དཔའ་བོས་མཁའ་འགྲོའི་སྙིང་ཐིག་འདོམས༔ ཞེས་དང་།སངས་རྒྱས་གླིང་པའི་གཏེར་ལུང་ལས། ཡབ་ནི་སྔགས་འཆང་རྣལ་འབྱོར་ཞིག་པོའི་ཚུལ༔ སྤྲོ་ཐུང་སྐྱོ་ཤས་བརྩོན་འགྲུས་ཆོས་ལ་སྤྱོད༔ སྨྱོན་པའི་མིང་ཅན་སྒྲུབ་ལ་མངའ་བརྙེས་འབྱུང་༔ཞེས་དང་། རང་རུང་སྨན་པའི་གཏེར་ལུང་ལས། མ་འོངས་བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ པད་འབྱུང་ང་ཉིད་བདུད་འཇོམས་རྡོ་རྗེར་སྤྲུལ༔ ཞེས་དང་། ཨོ་རྒྱན་གླིང་པའི་གཏེར་ལུང་ལས། གཏེར་སྟོན་རྡོ་རྗེ་གྲོ་ལོད་ཅེས་བྱ་འབྱུང་༔ ཞེས་དང་། བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། གར་དབང་ལྷ་ཡི་མིང་ཅན་བརྟུལ་ཞུགས་ལྡན༔ མཆན་གཡས་རྨེ་བ་ནོར་བུའི་དབྱིབས་འདྲ་ཡོད༔ ཅེས་དང་། གཡག་ཕྱར་སྔོན་མོའི་གཏེར་ལུང་ལས། སྙིགས་དུས་པད་འབྱུང་རྡོ་རྗེ་ཁྲོ་བོ་ལོད༔ མི་ཡི་རྫུ་ལ་ཞུགས་ནས་གདུལ་བྱ་སྐྱོངས༔ ཞེས་དང་།བདུད་འདུལ་གཉིས་པའི་ཞལ་ན་རེ། ཆུ་སྦྲུལ་ལོ་ལ་ང་ཉིད་དབྱིངས་སུ་གཤེགས༔ ཤིང་མོ་ལུག་ལོར་ཁམས་ཀྱི་གསེར་ལུང་དུ༔ ང་ནི་བདུད་འཇོམས་རྡོ་རྗེ་ཞེས་བྱར་འགྱུར༔ ལུས་ལ་ལྟེ་སྨེ་སྙིང་གར་གྲུ་གསུམ་ཤར༔ རྣ་ལྟག་གཡས་སུ་སེང་ཞལ་སྨེ་ཤ་ཤར༔ ཟབ་གཏེར་རྣམ་གཉིས་སྒོ་འབྱེད་འབྲེལ་ཚད་ཀུན༔ ལྷོ་ནུབ་པདྨ་འོད་དུ་ལམ་སྣ་འདྲེན༔ ཡུམ་ཡང་ཤ་ཟ་ཊཀྐིའི་སྤྲུལ་པ་མཆོག༔ པུཎྜེའི་མིང་ཅན་སྨྱོན་པའི་ཚུལ་དུ་སྤྱོད༔ ཞེས་དང་། ཡང་སངས་རྒྱས་གླིང་པའི་གཏེར་ལུང་ལས། ཡུམ་ནི་དུར་ཁྲོད་ཊཀྐིའི་རིགས་ཅན་ལ༔ རྒྱན་གྱི་མིང་འཛིན་ཁྲོ་གཏུམ་ཅན་ཞིག་འབྱུང་༔ ཞེས་དང་། བདུད་འདུལ་རྡོ་རྗེའི་ཞལ་ན་རེ། མཁའ་འགྲོའི་གཙོ་མོ་ལྷ་ལྕམ་ཁྲོམ་པ་རྒྱན༔ བུདྡྷའི་མིང་འཛིན་བདེ་ཆེན་རོལ་པར་སྟོབས༔ བལ་འབངས་སྤྲུལ་པ་སྒྲོན་གྱི་མིང་མཐའ་ཅན༔ བདེ་སྟོང་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ བུ་ཡང་ཆོས་རྒྱལ་ཡབ་སྲས་ཨ་ཙརྱ་དབྱངས༔ ཡར་ལུང་སྦ་མིའི་སྤྲུལ་པ་དང་བཅས་འབྱུང་༔ དེ་དུས་རྗེ་འབངས་སྤྲུལ་པ་བཅུ་དྲུག་འཛོམས༔ ཞེས་དང་། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། མགོ་དམན་ལ་ལྕགས་ཀྱི་མྱུ་གུ་འབྱུང་༔ མི་འགྱུར་ནམ་མཁའ་རྡོ་རྗེ་ཡིས། སྟག་སེར་ཁྲ་ལ་ཞོན་ནས་རྩ་བ་གསུམ༔ སྤྲུལ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ ཤར་དེ་ནས་ཆུ་ལྷའི་ཕྱོགས་སུ་འབྱོན༔ འོད་བརྒྱ་འབར་རི་བོང་འཛིན་པ་ཤར༔ ཡང་ཅིག་པདྨའི་གཏེར་ལུང་ལས། མ་འོངས་དུས་ཀྱི་ཐ་མ་ལ༔ ང་དང་མི་གཉིས་ངའི་སྤྲུལ་པ༔ སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ༔ ཆོས་ཉིད་བདེན་པ་མངོན་གཟིགས་ཤིང་༔ ཆོས་ཀུན་ཀློང་རྡོལ་གཏེར་གསུམ་འདོམས༔ ལྷུན་གྲུབ་རིག་འཛིན་སྒྱུ་འཕྲུལ་རོལ༔ ཁྲག་འཐུང་རྡོ་རྗེ་ཁྲོ་བོ་ལོད༔ པདྨའི་གསང་མཛོད་བདག་པོ་འབྱུང་༔ འདི་འཕྲད་རྟེན་འབྲེལ་གནད་ལྡན་ན༔ སྐལ་ལྡན་སྟོང་གིས་རིག་འཛིན་བརྙེས༔ མངའ་བདག་རྗེ་འབངས་ཞལ་འཛོམས་འགྱུར༔ ཅེས་དང་། དེ་ལྟར་འཕགས་པའི་ལུང་གིས་གྲུབ་པ་ཡིས༔ ཟབ་མོའི་ཆོས་ལ་ཐེ་ཚོམ་མ་བྱེད་དང་༔ གདུལ་བྱ་དུས་ལ་ཅུང་ཟད་མ་བབས་ཀྱིས༔ དུས་བབ་ཚད་དུ་ཕྱིན་ཚེ་འགྲོ་དོན་འབྱུང་༔ དེང་དུས་དཔོན་སློབ་ཀུན་གྱིས་དད་བརྩོན་ནས༔ ངེས་པར་དངོས་གྲུབ་ཐོབ་ངེས་རེ་བྱེད་ན༔ གདུལ་བྱ་ཐེར་འབུམ་ཡང་དག་ས་ལ་སྦྱོར༔ ཞེས་དང་། གཏེར་ལུང་ལས། ཆོས་ཉིད་སྒྱུ་མར་རོལ་པ་ལས༔ དག་སྣང་ཡེ་ཤེས་དྲྭ་བ་འཆར༔ ཞེས་པ་བཞིན་འཇམ་དཔལ་སྨྲ་བའི་སེང་གེའི་ཞལ་མངོན་སུམ་དུ་གཟིགས་ཤིང་ཕྱག་ནས་གསེར་གྱི་སྒྲོམ་བུ་བྱི་རུའི་ཁ་དོག་ཅན་ཆེ་ཆུང་སྒོ་ང་ཙམ་ཞིག་གཏད་ནས་དག་སྣང་ཡེ་ཤེས་དྲྭ་བའི་ཆོས་སྐོར་གྱི་བཀའ་བབས། ཡང་ལུང་ལས།འོད་གསལ་བདེ་ཆེན་རོལ་པ་ནས༔ ཟབ་ཆོས་དགོངས་པ་ཀློང་ནས་བརྡོལ༔ ཞེས་པ་བཞིན་འཕགས་པ་སྤྱན་རས་གཟིགས་དང་མཇལ་ནས་ཤེལ་གྱི་སྒྲོམ་བུ་ཆེ་ཆུང་མཐེ་བོང་ཙམ་གྱི་ངོགས་སུ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་ཡི་གེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿ ཞེས་ཁ་དོག་སྣ་ལྔར་སྣང་བ་ཞིག་གཏད་པས་ཟབ་ཆོས་དགོངས་པ་ཀློང་བརྡོལ་བྱོན། གཞན་ཡང་ཐུགས་རྗེ་ཆེན་པོའི་དབང་ལུང་སྒྲུབ་ཐབས་བཅས་པ་དང་། ཡང་ལུང་ལས། ཐུགས་དགོངས་ཀློང་ཆེན་ཡངས་པ་ནས༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་བརྡོལ༔ ཞེས་པ་ལྟར་དཔལ་ཆེན་གསང་བའི་བདག་པོ་དང་མཇལ་ནས་གཡུ་ཡི་མཆོད་རྟེན་ཆེ་ཆུང་མཐེ་བོང་ཙམ་པ་ཞིག་གི་ནང་དུ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རི་མོ་ཤར་བ་ཞིག་གནང་བས་ཆོས་ཉིད་ནམ་མཁའི་ཀློང་མཛོད་བརྡོལ། གསང་བདག་གི་སྒྲུབ་ཐབས་དང་གནོད་སྦྱིན་དམར་ནག་གཟའ་བཙན་རྣམས་དང་། རྡོར་ལེགས་སོགས་ཀྱི་སྒྲུབ་ཐབས་དང་དབང་ལུང་ཡོངས་རྫོགས་དང་། ལྷ་ཆེན་མ་ཧཱ་དེ་ཝའི་དབང་ལུང་དང་སྒྲུབ་ཐབས་ཡོངས་རྫོགས་དང་། ཨོ་རྒྱན་ཆེན་པོའི་གཏེར་ལུང་ལས། ཁམས་ཀྱི་རྡོ་བྲག་དམར་ཐག་ལས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་འབྱིན༔ ཞེས་དང་། རྔ་ལ་སྟག་རྩེའི་ལྟོ་བ་རུ༔ ཡང་ཟབ་རྡོ་རྗེའི་སྙིང་པོ་ཡོད༔ ཅེས་དང་། བདག་འདྲ་པདྨ་འབྱུང་གནས་ངས༔ ལྔ་བརྒྱའི་འགྲོ་བ་མཐའ་དག་ལ༔ རྗེས་ཆགས་སྙིང་པོ་བསམ་པ་ཡིས༔ འཛམ་གླིང་ས་གནས་ཐམས་ཅད་དུ༔ གཏེར་ཁ་སྟོང་དང་རྩ་བཞི་སྦས༔ དེང་སང་སྙིགས་མའི་མར་གཤམ་འདིར༔ སེམས་ཅན་ལས་ངན་དམུ་རྒོད་པས༔ ཤེས་རྒྱུད་འདུལ་བར་དཀའ་མོད་ཀྱང་༔ སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི༔ གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར༔ ཁྱོད་ནི་ཕྲིན་ལས་བདག་པོར་བསྐོས༔ ཞེས་སོགས་སྔོན་གྱི་གཏེར་རྙིང་བཅུ་ཕྲག་ཙམ་ནས་ཤིན་ཏུ་གསལ་བར་ལུང་བསྟན་པ་ལྟར། ཕུར་པ་གནམ་ལྕགས་སྤུ་གྲིའི་ལོ་རྒྱུས་ཆོས་ཀྱི་བྱུང་ཚུལ་ལས་འདི་སྐད་དུ། སྨད་མདོ་ཁམས་སྒང་དྲུག་ལས་ཤར་མི་ཉག་ར་བ་སྒང་གི་སའི་ཐིག་ལེ་ཝ་ཞབས་སེང་གེ་བྲག་དཀར་རམ་འདྲ་ལྕགས་ཁུང་ཞེས་པའི་གནས་སུ། ཡབ་གནུབས་ཀྱི་རུས་བརྒྱུད་ཨ་བརྟན་ཞེས་པ་དང་། ཡུམ་དམུ་ཚ་བོ་རྫོགས་ཞེས་པའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་ལ་སྐུ་འཁྲུངས། བལྟམས་པའི་ཚེ་ཁ་བ་མེ་ཏོག་གི་དབྱིབས་ཅན་འབབས་པ་དང་སྦྲ་ཁང་ལ་འཇའ་ཚོན་གྱི་ལྡིང་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། དེ་ནས་དགུང་ལོ་གསུམ་གྱི་བར་དུ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་སྲུང་སྐྱོབ་མེལ་ཚེ་བྱེད་པ་དང་། སྐབས་འགར་རྒྱལ་བསེན་དམ་སྲིས་བར་ཆད་རྩོམ་པ་སོགས་གཟིགས་སྣང་སྣ་ཚོགས་པ་ཤར། སྐབས་ཤིག་མཁའ་འགྲོ་མ་བསྐྱེད་ཡུམ་མའི་ཚུལ་ཅན་ཞིག་གིས་བྱང་ཕྱོགས་བཻ་ཌཱུརྱ་སྣང་བའི་ཞིང་ཁམས་སུ་འཁྲིད་པར་མཛད་པ་ན། དེར་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་དང་མཇལ་ཏེ་དབང་དང་བྱིན་རླབས་བསྩལ་ནས་རྒྱལ་ཚབ་ཏུ་མངའ་གསོལ་བའི་སྣང་ཉམས་བྱུང་བ་ལ་བརྟེན་ནས་སྔོན་གནས་ཀྱི་བག་ཆགས་སད་ཅིང་ལྷ་སྔགས་ཏིང་ངེ་འཛིན་མང་པོ་རྗེས་སུ་དྲན་པའི་མཐུས་བར་ཆད་ཀྱི་དཔུང་ལས་རྒྱལ་བར་གྱུར། སྐུ་རྩེད་ཀྱི་དུས་སུ་ཆུ་ཀླུང་ཆེན་པོ་རྦ་རླབས་རབ་ཏུ་འཁྲུགས་པའང་ཐོགས་མེད་དུ་བརྒལ་བ་དང་། རི་ཆེན་པོའི་ཁོང་གསེང་ཐལ་མར་འབིགས་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་དུ་བསྟན་ཅིང་། མནལ་ལམ་གང་བྱུང་ཐོག་ཏུ་ཁེལ་བའི་ལུང་བསྟན་ཤ་སྟག་བསྩལ་བ་ལ་བརྟེན་ཡབ་ཡུམ་གཉིས་ཀྱིས་མཆོག་ཏུ་གཅེས་པར་འཛིན་ཅིང་ཧ་ཅང་རྒོད་བག་ཆེ་བས་རྟག་པར་བསྲུང་དགོས་པ་བྱུང་། དགུང་ལོ་བཅུ་པའི་ཐོག་ཞང་པོས་བུ་ཟླར་ཁྲིད་ནས་དེའི་ཁྱིམ་དུ་རེ་ཞིག་བཞུགས་དགོས་པ་བྱུང་བའི་ཚེ་ཕྱུགས་འཚོ་བ་སོགས་ལས་ཀ་སྣ་ཚོགས་བཀོལ་བ་ན། སྐྱེར་མདས་ཁྲོ་ཟངས་ལྕགས་ཡོབ་མཁར་གཞོང་ཐམས་ཅད་ཁྲོལ་མར་ཕུག་ཅིང་བཅག་གྲུམ་ཤ་སྟག་བྱས་པས། ཞང་པོ་དང་སྲུ་མོ་རྣམས་ཀྱི་ན་རེ། བུ་འདི་ཐེའུ་རང་གིས་རྒྱུད་བརླམ་པ་ཡིན་འདུག་པས་ཡི་གེ་ཞིག་བསླབ་ན་བནྡྷེ་རེ་ཨེ་འོང་། དེ་མིན་མི་སྐྱ་བྱས་ན་མི་ཕུང་རང་བརླག་བྱེད་མཁན་ཞིག་འོང་ངེས་རེད་ཟེར་ནས་ཆོས་སློབ་པར་གཏོང་རྩིས་བྱ། དེར་མཁའ་འགྲོ་མས་ལུང་བསྟན་པ་བཞིན་ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་བྱང་སེམས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པར་གྲགས་པ་མཉྫུའི་མཚན་གྱི་ཞབས་ལ་བཏུད་དེ་ཆོས་སྒོར་བཞུགས། འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན། རིམ་པར་སྔོན་འགྲོའི་ཁྲིད་བཀའ་དང་། གོང་མ་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཆོས་སྐོར་གྱི་དབང་ལུང་རྣམས་གསན་ཏེ་གྲོ་ལོད་ལ་ཉམས་བཞེས་མཛད་པས་དངོས་གྲུབ་ཀྱི་མཚན་མ་ཐོབ། གུ་རུ་རིན་པོ་ཆེའི་ཞལ་དངོས་སུ་བསྟན་ནས་རྫོགས་པ་ཆེན་པོའི་ལྟ་བ་ངོ་སྤྲོད་ཅིང་འབྱུང་གྱུར་གྱི་ལུང་བསྟན་དང་བསླབ་བྱ་མང་པོ་བསྩལ། གཞན་སྐུ་ཚེ་དེ་ཉིད་ལ་སྦྱངས་བརྩོན་གྱི་ངལ་བ་ལ་གཏན་ནས་མ་ལྟོས་པར་སྔོན་གོམས་ཀྱི་ལས་འཕྲོ་རིམ་པར་སད་ཅིང་། དུས་སྐབས་ཅི་རིགས་པར་ཡུམ་ཆེན་ཁྲོས་མ། ས་ར་ཧ། རིག་འཛིན་བརྒྱད། རྗེ་འབངས་ལོ་པཎ། ཀློང་ཆེན་རབ་འབྱམས་སོགས་ཀྱི་ཡེ་ཤེས་སྒྱུ་མའི་སྐུས་ཡང་ཡང་རྗེས་སུ་བཟུང་བས་ཟབ་རྒྱས་ཀྱི་ཆོས་ཚུལ་རྣམས་ལ་མཁྱེན་རབ་ཀྱི་རྩལ་ཁ་ཕྱོགས་མེད་དུ་འབར། ཀ་དག་ལྷུན་གྲུབ་ཀྱི་ལམ་ལ་སྒོམ་མེད་དུ་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་རྣལ་འབྱོར་དུ་མཛད་པས་རྟོགས་པ་ཀློང་དུ་གྱུར་ནས་ཆོས་ཉིད་བདེན་པ་མངོན་སུམ་གཟིགས་ཏེ་རིག་པ་ཚད་ལ་ཕེབས་པའི་སྟོབས་ཀྱིས་དག་པའི་སྣང་བ་འབྱམས་སུ་ཀླས་པས་སྐད་ཅིག་རེའི་ཚེ་ནའང་གྲངས་མེད་པའི་ཞིང་ཁམས་སུ་རྒྱལ་བའི་རྫུ་འཕྲུལ་གྱི་བཀོད་པ་དཔག་ཏུ་མེད་པ་གཟིགས། རིགས་གསུམ་མགོན་པོས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་དབང་བསྐུར་ཞིང་དོན་བརྒྱུད་ཀྱི་བྱིན་རླབས་འཕོས་པའི་རྟེན་འབྲེལ་ལས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ་རང་ཤུགས་སུ་གྲོལ་ཏེ་དགོངས་པའི་གཏེར་ཁ་ཀློང་ནས་བརྡོལ། གུ་རུ་ཡབ་ཡུམ་དང་མཁའ་འགྲོ་མ་རྣམས་ཀྱིས་ལུང་གིས་སྐབས་ཕྱེས་ཏེ་ཡང་ཡང་རྗེས་སུ་བསྐུལ་བ་ལྟར། དགུང་ལོ་ཉེར་ལྔ་བཞེས་པ་ས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཚེས་བཅུའི་ཉིན་སྨར་གྱི་རྦ་གཏེར་བྲག་ནས་བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྒྲོལ་མའི་སྐུ་དང་། ས་ར་ཧའི་ཕྱག་ཕྲེང་། གཏེར་གྱི་ཁ་བྱང་རྣམས་དང་། སླར་ཡང་དངུལ་རྒོད་ཅེས་པའི་བྲག་ནས་གཏེར་གྱི་ཡང་བྱང་བཅས་བཏོན་པར་མཛད། དེར་གསལ་བ་ལྟར་མགོ་ཟླ་བའི་ཤེས་རབ་ཕྱོགས་ཀྱི་ཚེས་བཅུའི་སྔ་དྲོར་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ཅན་ནས་ཟབ་གཏེར་བཞེས་པའི་སྐབས་སུ། གཏེར་སྲུང་མཁའ་འགྲོ་མས་དངོས་སུ་གླུ་བླངས་པ་གཏེར་གྲོགས་སོགས་ཀྱིས་ཀྱང་ཐོས་ཤིང་། བྲག་གཡང་ཤིན་ཏུ་གཟར་བ་མེ་ལོང་ངོས་ལྟར་འཇམ་པའི་ངོས་འཇའ་འོད་ཀྱི་ཐེམ་སྐས་གསལ་བ་ལས་ཐོགས་མེད་དུ་བྱོན་ནས་མཐོ་དམན་གཞུ་འདོམས་ལྔ་ཙམ་གྱི་སར་གཏེར་སྒོ་བྲག་སྲུབ་ཟླ་གམ་དབྱིབས་སུ་ཡོད་པ་ཉིད་ཕྱེས་པའི་ནང་ནས། ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐུགས་སྒྲུབ་གསང་བ་རྒྱ་ཅན་གྱི་གཙོས་རྩ་གསུམ་ཆོས་སྐྱོང་དང་བཅས་པའི་གདམས་སྐོར་གཏེར་སྒྲོམ་བདུན་ཕྲག་ཙམ་བཞེས་ཏེ་ཤུལ་དུ་གཏེར་ཚབ་བཅུག་ནས་གཏེར་སྒོ་སླར་རྒྱས་བཏབ་པར་མཛད། དེའི་ཚེ་ཁ་བྱང་དུ། འཇའ་འོད་འབར་བ་བརྒྱུད་འཛིན་གྲོལ་བའི་ལྟས༔ མེ་ཏོག་འབབས་པ་བསོད་ནམས་རྒྱས་པའི་མཚན༔ དྲི་བཟང་འཐུལ་བ་བྱིན་རླབས་མ་ཡལ་ལྟས༔ ཉི་འོད་འབར་ན་འཛམ་གླིང་ཁྱབ་པའི་རྟགས༔ སྲོག་སྐྱོབ་ཐུབ་ན་འགྲོ་བའི་སྡུག་བསྔལ་སེལ༔ དགོས་ལྔ་འཛོམ་ན་ལེགས་པའི་ཡོན་ཏན་ལྡན༔ རྟེན་འབྲེལ་ཀུན་འཛོམ་ཕྱོགས་ལས་རྣམ་པར་རྒྱལ༔ ཅེས་གསུངས་པའི་ལྟས་མཚན་རྣམས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་། དེ་སྐབས་ཡུལ་གྱི་མི་དྲག་སྐྱ་སེར་འགའ་ཞིག་ན་རེ། བྱང་ཐང་དགུན་ཟླའི་ནང་དུ་རི་ཀླུང་མེད་པར་འཇའ་ཚོན་གྱིས་གང་ལུགས་ལ་བལྟས་ན། ངེད་ཀྱི་གཞི་བདག་ལ་མ་རུངས་པ་ཞིག་བྱས་པ་འདྲ་བས་ཁྱོད་ཀྱིས་གཏེར་ནས་གང་བཏོན་ཐམས་ཅད་ངེད་ལ་མ་སྤྲད་ན་དམག་གི་ལས་ཀ་ཞིག་མི་བྱེད་རེ་ཟེར་བ་བྱུང་ཚེ། ཨོ་རྒྱན་ཆེན་པོས། ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་ཚེ༔ རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་འཚོགས༔ ལེགས་པ་ལྟར་བསྟན་ཉེས་པ་སྣ་ཚོགས་གཏོང་༔ ཀི་སྒྲ་དི་རིར་ཧབ་ཤ་བྱེད་པ་འབྱུང་༔ ཞེས་གསུངས་པ་ལྟར་ལོས་ཡིན། ཁྱོད་ཚོས་དམག་དྲོང་ལ་ཤོག་དང་བཟོ་ཐབས་ལེགས་པོ་ཡོད་གསུངས་ནས་རྟོག་མེད་དུ་བཞུགས་པས་མཐར་དགྲ་གྱོད་རང་ཡལ་དུ་སོང་། བར་སྐབས་རྒིས་ལི་ཚང་ཞེས་པ་ཞིག་གིས་སྦྱིན་བདག་ཞུས་ཏེ་རེ་ཞིག་དེར་བཞུགས་པས་བླ་དྭགས་སུ་རྒིས་ལི་གཏེར་སྟོན་ཞེས་གྲགས། སྐུ་གཞོན་པའི་སྐབས་འདིར་སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ་དུ་བཞུགས་ཤིང་ཡབ་ཡུམ་མཁོས་སྟབས་ཞན་པ་སོགས་ཀྱིས་བརྙས་བཅོས་བྱེད་པའང་འགའ་ཞིག་བྱུང་ཞིང་།ཁྱད་པར་བྱང་འབྲོག་ཨར་ཇག་མང་པོས་ཉིད་དང་གྲྭ་སློབ་སྦྱིན་བདག་རྣམས་ལ་གནོད་འཚེ་སྐྱེལ་བར། ཉམས་ཆུང་ངང་དུ་བཞུགས་པས་ས་མི་ཟིན་པར་དགོངས་ནས་བཀའ་སྲུང་ཤན་རྒོད་ཆེན་པོ་དང་གཟའ་བདུད་དུག་གི་སྤུ་གྲི་བསྐུལ་བས་གནོད་བྱེད་མཁན་རྣམས་འགའ་ཞིག་གི་མིག་ལོང་། ལ་ལ་སྨྱོས། ཕལ་ཆེར་སྙིང་ཁྲག་ཁ་ནས་སྐྱུགས་ཏེ་ཤི། ཁྱིམ་འཁོར་མི་ཕྱུགས་རྣམས་ཁ་ཕུང་རྗེས་མེད་དུ་སོང་བས། དེ་ནས་བཟུང་རྒིས་ལི་གཏེར་སྟོན་ལ་དགྲ་མ་བྱེད་མིན་པ་མཐུ་རྒྱག་འོང་ཞེས་གླེང་སྟེ་མཐུའི་གྲགས་པས་ཡུལ་ཕྱོགས་དེ་དག་ཁྱབ། རིམ་བཞིན་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དང་། འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་བྱོན་ནས་དེར་གདན་ས་མཛད་ནས་བཞུགས། སྐབས་ཤིག་མཁའ་འགྲོ་མ་རྣམས་ཀྱིས་ཟངས་མདོག་དཔལ་རིར་གདན་དྲངས་ནས་ལོ་བཅུ་གཉིས་སུ་བཞུགས་ཏེ་གུ་རུ་རིན་པོ་ཆེ་ལས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གསན་ཅིང་རྒྱལ་ཚབ་ཏུ་མངའ་གསོལ་བའི་ཐུགས་ཉམས་ཤར། གཞན་ཡང་ཨོ་རྒྱན་རང་བྱུང་། བསིལ་བ་ཚལ། རི་བོ་རྩེ་ལྔ། སིནྡྷུའི་གྲོང་ཁྱེར། གྲུ་འཛིན། ལྕང་ལོ་ཅན། གཡུ་ལོ་བཀོད་སོགས་ས་སྤྱོད་དང་མཁའ་སྤྱོད་ཀྱི་ཞིང་ཁམས་མང་པོར་བྱོན་ཏེ་རིག་འཛིན་དྷཱ་ཀི་རྣམས་ལས་ཆོས་གསན་པ་དང་། དཔའ་བོ་མཁའ་འགྲོའི་ཚོགས་དང་ལྷན་དུ་ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་ལོངས་སྤྱོད་པ་སོགས་གཟིགས་སྣང་མཐའ་ཡས། དེ་ནས་ལུང་བྱང་ལྟར་ས་མོ་གླང་གི་ལོར་ཟབ་གཏེར་གྱི་བཀའ་རྒྱ་ཁྲོལ་ཞིང་ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བསྐུལ་མ་བྱུང་བ་བཞིན། ཐོག་མར་ཕུར་པའི་ཤོག་སེར་ཞལ་ཕྱེས་ཏེ་གཏན་ལ་ཕབས་པ་ན། ས་ཕྱོགས་ཐམས་ཅད་འུར་སྒྲ་དང་བཅས་ཏེ་རབ་ཏུ་གཡོས་ཤིང་འབྲུག་སྒྲ་དྲག་པོ་ལྡིར། ཁ་བ་མེ་ཏོག་གི་དབྱིབས་ཅན་བབས། བཞུགས་གནས་ཐམས་ཅད་འཇའ་ཚོན་གྱི་དྲྭ་བས་སྦྲེལ་ཞིང་། རླུང་འཚུབས་ཞིག་གཡོས་པས་ཤོག་སེར་གཏན་ལ་ཕབ་ཟིན་གྱི་དཔེ་ལྡེབ་ཁ་ཤས་ཡོད་པ་རྣམས་ཕྱོགས་ཀུན་ཏུ་ཁྱེར་བ་སོགས། ནག་ཕྱོགས་ཐུལ་བ་དང་། བརྒྱུད་འཛིན་བཀྲ་ཤིས་ཤིང་གྲོལ་བ་ཐོབ་པ་དང་། ཟབ་ཆོས་ཕྱོགས་ཀུན་ཏུ་ཁྱབ་ཅིང་དར་བའི་རྟེན་འབྲེལ་གྱི་མཚན་མ་མཆོག་ཏུ་གྱུར། གཏེར་གནས་དེ་ཉིད་ནས་ལྷན་ཅིག་ཏུ་བཞེས་པའི་རྩ་གསུམ་ཆོས་སྐྱོང་གི་གདམས་སྐོར་གཞན་རྣམས་ཀྱང་རིམ་པ་བཞིན་གཏན་ལ་ཕབ་པར་མཛད། དེ་ཙ་ན་ཕྱོགས་ཀྱི་སྐྱེས་ཆེན་དུ་མས་ཀྱང་ཆོས་དང་གང་ཟག་རྩོད་བྲལ་དུ་ཡོངས་སུ་བསྔགས་ཤིང་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཆུ་འཛིན་གྱི་སྒྲིབ་གཡོགས་ལས་གྲོལ་བ་བཞིན་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། བཀའ་བབས་ལུང་ཟིན་གྱི་ཆོས་བདག་རྣམས་ཀྱིས་གཙོས་སློབ་མའི་འདུ་བ་ཡང་དྲི་ལྡན་གྱི་པདྨོར་བུང་བའི་ཚོགས་བཞིན་རྒྱུན་ཆད་མེད་པར་འདུས་པ་ལ་སྨིན་གྲོལ་གྱི་བདུད་རྩི་འཆད་སྤེལ་ཁོ་ནས་དུས་འདས། མཆོག་དམན་སུ་ལའང་ངོ་སྲུང་ཚུལ་འཆོས་ཕྱོགས་ཙམ་མི་གནང་བར་གང་ཤར་ཐུགས་ཕྲད་བྱུང་རྒྱལ་གྱི་སྤྱོད་པ་བསྐྱངས་པས་ཀུན་གྱིས་བག་ཚ་བའི་གནས་སུ་བྱེད། ལུང་ཟིན་གྱི་ལས་རྒྱ་མ་དག་ལས་བྱང་ཆུབ་སེམས་དཔའི་སྤྲུལ་པའི་མྱུ་གུ་འགའ་ཞིག་བྱོན་པ་ཡང་བསྟན་འགྲོའི་གསོས་སུ་སྨན་ངེས་ཅན་ཤ་སྟག་བྱུང་། ཁ་བྱང་ལྟར་ན། མདོ་སྨད་གཡུང་དྲུང་ལྕགས་རྩེ། ལྕགས་རི་ཅན། ཨ་མྱེ་དྲིལ་དཀར། རྨ་ཡུལ་ཨོ་རྒྱན་པད་ཞྭ། བྲག་དཀར་སྤྲེལ་རྫོང་། སྤུ་བོ་དྭགས་རི་གསང་བ་གཉན་པོ། སྤུ་རི་དྭགས་རྫོང་ཕུག ཀོང་སྨད་རྒྱ་ལ་སེང་འདམ། ལྷ་རི་ཐོད་དཀར། བསམ་ཡས་མཆོད་རྟེན་དཀར་པོ། གཙང་གི་ཆུ་ལུང་བྲག་དམར་ཏེ། དེ་རྣམས་སུ་རང་སྐལ་གྱི་ཟབ་གཏེར་ཇི་སྙེད་པ་ཞིག་མཆིས་པར་སྣང་ཡང་ཉམས་སུ་ལེན་པའི་གང་ཟག་གིས་ནུས་ན་རྩ་བའི་ཟབ་ཆོས་གདམས་སྐོར་འདི་ཙམ་གྱིས་དོན་འགྲུབ་པར་དགོངས་ནས་འབྱིན་པའི་ཐུགས་རྩོལ་མ་གནང་། ཁྱད་པར་སྦས་ཡུལ་པདྨ་བཀོད་ཀྱི་འཆི་མེད་ཡང་གསང་གི་གནས་སྒོ་འབྱེད་པ་པོར་གུ་རུ་ཡབ་ཡུམ་གྱིས་ཡང་ནས་ཡང་དུ་བསྔགས་ཤིང་རྗེས་སུ་བསྐུལ་བ་ལྟར་གནས་དེར་ཆིབས་ཞལ་བསྒྱུར་བར་བཞེད་ནའང་། སྐབས་དེའི་སྐྱེ་འགྲོ་སྤྱི་མཐུན་གྱི་བསོད་ནམས་དང་སྐལ་བའི་ཉེར་ལེན་གྱིས་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། །ཐུགས་སྲས་ཞལ་སློབ་ཀྱི་རིགས་ཀྱང་བརྒྱུད་འཛིན་གཞན་དོན་ལ་དབང་བའི་གཏེར་སྟོན་བཅུ་ཕྲག ཚེ་གཅིག་ལ་ཟུང་འཇུག་འཇའ་ལུས་འགྲུབ་པའི་སྐྱེས་བུ་བཅུ་གསུམ། གྲུབ་པ་བརྙེས་པའི་རིག་འཛིན་བརྒྱ། ཐུན་མོང་གི་དངོས་གྲུབ་ཐོབ་པ་སྟོང་། ཟབ་ཆོས་ཀྱི་ཕྲིན་ལས་ཀྱང་མཐའ་ནས་མཐའ་རུ་རྒྱས་པར་འགྱུར་བའི་ལུང་དོན་རྣམས་མངོན་དུ་གྱུར། དེར་སྐུ་དངོས་ཀྱི་གདུལ་བྱ་དེ་ཙམ་དུ་དགོངས་ཏེ་ཐུགས་སྲས་བུ་སློབ་ཀྱི་ཚོགས་ལ་ད་ནི་མཐའ་དམག་ཀླ་ཀློའི་སྡེ་དཔུང་རིམ་བཞིན་དབུས་སུ་ལུད་དེ་བདེ་བའི་གོ་སྐབས་ཉུང་བས་ན། གུ་རུའི་སྦས་པའི་ཡུལ་ལྗོངས་སུ་བསྐྱོད་རན་པ་ཡིན་པས་ཁྱེད་རྣམས་གནས་དེར་གསོལ་བ་ཐོབ་ལ་སོང་། ང་ཡང་དེར་འགྲོ་བ་ཡིན་པས་ཁྱེད་ཅག་གི་སྔོན་དུ་ང་རྒན་པོ་སླེབས་པ་ཞིག་བྱེད་ནས་འོང་གསུངས་ཏེ་སྐྱེ་བ་ལ་དབང་བ་ལ་སོགས་དབང་བཅུའི་ཡོན་ཏན་མངའ་བས་དགུང་ལོ་དྲུག་ཅུ་རྩ་དགུ་པ་ཆུ་ཡོས་ཟླ་བ་བཅུ་གཅིག་ཚེས་བརྒྱད་ལ་བསྙུན་གྱི་རྣམ་པ་སོགས་མི་མངའ་བར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང་། ཁྱད་པར་སྐུ་གདུང་ཡང་འོད་དུ་ཡལ་བའི་ལྷག་མ་བྱིས་པ་ལོ་བརྒྱད་ཀྱི་ཚོད་ཙམ་ལུས་པ་ཉིད་ཞུགས་སུ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །དེ་ལྟར་འདིར་ཐུན་མོང་གི་རྣམ་ཐར་མདོར་བསྡུས་སུ་གསུངས་པ་བཀོད་པ་སྟེ་རྒྱས་པ་གཏེར་འབྱིན་ཆེན་པོ་ཉིད་ཀྱི་གསུང་རྣམ་ཞལ་གསུང་མ་ལས་རྟོགས་པར་བྱའོ། །ཟབ་ཆོས་དངོས་ལ། མཁའ་འགྲོ་སྙིང་ཐིག་ས་གཏེར་གྱི་སྐོར། དགོངས་པ་ཀློང་བརྡོལ་དགོངས་གཏེར་གྱི་སྐོར། ཡེ་ཤེས་དྲྭ་བ་དག་སྣང་གི་སྐོར་ཏེ་སྐོར་ཚོ་གསུམ་དུ་བཞུགས་སོ། །དེ་ལྟར་ས་བཅད་གཉིས་པ་སྐུ་ཕྲེང་གོང་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུའི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་སྨྲོས་ཀྱིས་མི་ལང་བ་ལས་ཅུང་ཟད་ཅིག་བཀོད་པ་སོང་ཟིན་ནས། ༈ ས་བཅད་གསུམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་ཐར་པ་མདོ་ཙམ་བཀོད་པ་ནི།


༄༅། །རྔ་ཡབ་གླིང་ནས་གུ་རུ་ཡབ་ཡུམ་གྱིས། །དགོངས་པའི་དྲོད་གཏད་དབུགས་དབྱུང་ཐོབ་པ་ལས། །གསང་ཆེན་བསྟན་པའི་རྒྱལ་མཚན་ཀུན་ཏུ་བསྒྲེང་། །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་འབྲས་ཆོས་ཉི་ཤུ་རྩ་ལྔའི་སྐུ་དང་ཞིང་ཁམས་ལ་དུས་གསུམ་དུས་མེད་ཀུན་ཏུ་མངའ་དབང་བསྒྱུར་བ་ལས་སྤྲུལ་པ་སྐུ་ཡི་ཞིང་ཁམས་རྔ༵་ཡ༵བ་དཔལ་རིའི་གླི༵ང་ན༵ས་སངས་རྒྱས་ཀུན་གྱི་གསུང་པདྨའི་རིགས་ཀྱི་ཁྱབ་བདག་ཆོས་སྐུའི་སྟོན་པ་འོད་སྣང་དཔག་མེད་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས་ལ་བརྩེ་བས་རྗེས་སུ་ཆགས་པའི་སྒྱུ་འཕྲུལ་མ་ཧཱ་ག༵་རུ༵་རིགས་སྔགས་འཆང་བ་ཐམས་ཅད་ཀུན་གྱི་སྤྲུལ་གཞིའམ་ཡ༵བ་གཅིག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། གང་གི་ཐུགས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་ཀུན་མཆོག་ལྡན་སྟོང་ཆེན་དབྱིངས་ཀྱི་ཡུམ༵་ཆེན་མོ་རྣམ་བཅས་གཟུགས་སྐུའི་རྣམ་པར་རོལ་པ་ཡེ་ཤེས་མཚོ་རྒྱལ་གྱི༵ས་གང་ལ་གཉིས་སུ་དབྱེར་མ་མཆིས་པའི་དགོ༵ངས་པ༵འི་དྲོ༵ད་གཏ༵ད་ཅིང་གང་འདུལ་འགྲོ་དོན་དུས་ལས་མི་ཡོལ་བར་བྱ་བ་གདམས་པ་སྟེ་གསུང་གི་དབུ༵གས་དབྱུང༵་ཐོ༵བ་པ༵་ལ༵ས་ཞིང་ཁམས་འདི་ཉིད་དུ་གདུལ་བྱ་སྐལ་ཅན་རྣམས་ཀྱི་ངོར་ཐུན་མོང་གི་ཐེག་པ་ལས་ཚུལ་བཞིས་ཁྱད་པར་དུ་འཕགས་པ་གས༵ང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་གསལ་བར་བྱེད་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་མང་དུ་བྱོན་པ་ལས་རྒྱུ་སྐར་གྱི་དབུས་ན་ཟླ་བ་ཉ་གང་བ་ལྟར་གསང་བ་ལས་ཀྱང་ཆེས་གསང་བ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལུང་རྫོགས་པ་ཨ་ནུ་ཡོ་ག མན་ངག་རྫོགས་པ་ཆེ༵ན་པོ་ཨ་ཏི་ཡོ་ག་སྟེ་རྒྱུད་ལུང་མན་ངག་གསུམ་གྱིས་གསང་ཆེན་བསྟན༵་པ༵འི་རྒྱལ༵་མཚ༵ན་ཐུབ་བསྟན་རྣམ་པར་རྒྱལ་བའི་ཁང་བཟང་གི་རྩེ་མོར་ཀུན་ནས་ཀུན༵་ཏུ༵་བསྒྲེང༵་ཞིང་། རང་དོན་དུ་སྲིད་པ་ཁམས་གསུམ་འཁོར་བའི་འཇིགས་པ་དང་བྲལ་ཞིང་གཞན་དོན་དུ་ཞི་བདེ་དམན་པའི་མཐའ་ལ་ཞེན་པའི་འཇི༵གས་པ་ལས་བྲལ༵་བ་གཉིས་སྣང་མཚན་རྟོག་གི་དགྲ་བོ་གཉིས་མེད་ཡེ༵་ཤེ༵ས་རྡོ་རྗེས་རྨེག་མེད་དུ་བཅོམ་པ་ངེས་པ་དོན་གྱི་དཔའ་བོ་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ༵་རྗེ༵་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་། བསམ་གྱིས་མི་ཁྱབ་ཁྱོད་ཀྱི་གསང་གསུམ་བསམ་པའི་ཡུལ་ལས་རབ་འདས་ཀྱང་། །བསམ་པ་ཅན་གྱི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་སྤྲུལ་པའི་གར། །བསམ་དུ་ཡོད་པའི་རྣམ་པའི་རོལ་རྩེད་འདྲ་དང་མི་འདྲ་སྣ་ཚོགས་པ། །བསམ་པ་བཞིན་དུ་ཉེ་བར་སྟོན་པ་སྐུ་གསུམ་དཔལ་ལྡན་བླ་མར་འདུད། །ཞེས་མཆོད་པར་བརྗོད་པའི་མེ་ཏོག་སྔོན་དུ་འཐོར་ནས། མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་དོན་སྨོན་ལམ་དབང་དག་དང་། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་སངས་རྒྱས་བྱང་སེམས་སེམས་ཅན་རྣམས་རང་རང་གི་རིགས་ལ་ལྟོས་ནས་སྐྱེ་བ་འཛིན་ཚུལ་བཞིར་གསུངས་པ་ལས། འདིར་ཕྱི་མའི་དོན་ལ་གནས་པར་ལྟ་དགོས་ཏེ། གང་ཞེ་ན་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག་ཅེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་བས། །བླ་མ་གཉན་པ་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་ཀུན། །བླ་མ་དག་ལ་བརྟེན་ནས་འབྱུང་། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པ་བཞིན་མདོ་རྒྱུད་གཞན་ལས་ཀྱང་དེ་བཞིན་དུ་བསྔགས་པའི་ཕྱིར་རོ། །འོ་ན་ཚུལ་ཇི་ལྟར་ན། གང་དུ་སྣང་གསུམ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་མ་ལུས་པ་ཡོངས་སུ་སྤངས་པའི་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ལས་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་བཞིན་དུ་ཁ་སྦྱོར་ཡན་ལག་བདུན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་གྱི་ངོ་བོར་ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐུ་དང་ཞིང་གི་བྱེད་པོར་གཉིས་སུ་མེད་པར་བཞུགས་པ་ལས། ཇི་ལྟར་ནམ་མཁའི་ཟླ་བ་ནམ་མཁའ་ལས་འཕོ་བ་མེད་ཀྱང་ཆུ་སྣོད་བྱེ་བ་སྙེད་ན་དྭངས་པའི་གཟུགས་བརྙན་དེ་སྙེད་དུ་འཆར་བ་བཞིན་གདུལ་བྱའི་ཞིང་ལ་སྤྲུལ་པའི་རོལ་གར་ཅིར་ཡང་སྣང་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀུན་ཏུ་འགྲོ་བའི་ཕྲིན་ལས་ཀྱི་ངོ་མཚར་ཡིན་པའི་ཕྱིར་ཇི་སྐད་དུ་ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས། མ་འོངས་བོད་ཡུལ་གངས་རི་རྩེ་དགུའི་ཤར༔ རང་བྱུང་ཕག་མོའི་གསང་བའི་ཞིང་ཁམས་སུ༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་སྔགས་ཀྱི་བརྟུལ་ཞུགས་འཛིན༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནམ་གཏེར་རྙིང་བསྟན་པ་སྐྱོངས༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འཁྲིད་པ་འབྱུང་༔ ཞེས་རྡོ་རྗེའི་ལུང་གིས་ཇི་ལྟར་དྲིལ་བསྒྲགས་པ་བཞིན་གུ་རུའི་ཐུགས་ཀྱི་དྭངས་མ་འབངས་རིགས་ཉེར་ལྔའི་ནང་ཚན་འབྲོག་བན་ཁྱེའུ་ཆུང་ལོ་ཙཱའི་སྐུ་ཡི་སྤྲུལ་པ། དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་གྱི་གསུང་གི་སྤྲུལ་པ། རྒྱལ་དབང་པདྨ་ཀ་རའི་ཐུགས་ཀྱི་སྤྲུལ་པ་སྟེ་རྣམ་གསུམ་ཡེ་ཤེས་སྒྱུ་མའི་རོལ་རྩལ་འཕགས་པ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱི་ཇི་ལྟར་བསྔགས་པའི་མེ་ཏོག་འཐོར་བ་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས་རྒྱལ་སྲས་རིགས་གསུམ་སེམས་དཔའི་གདུལ་ཞིང་གངས་ཅན་བོད་ཀྱི་ཤར་ཕྱོགས་སྦས་ཡུལ་རྒྱལ་པོ་གསུམ་གྱི་ཡ་གྱལ་པདྨ་རྣམ་པར་བཀོད་པའི་ཞིང་དུ་ཡབ་བྱ་ཁྲིའི་བརྒྱུད་པ་སྤུ་བོ་ཀཿགནམ་པའི་རྒྱལ་བརྒྱུད་གམ་པ་དཔོན་ཚང་གི་སྲས་ཀཿ ཐོག་སྤྲུལ་སྐུ་ནོར་བུ་བསྟན་འཛིན་དང་། ཡུམ་གཏེར་ཆེན་རཏྣ་གླིང་པའི་གདུང་བརྒྱུད་ལྷོ་ལྗོངས་དབྱར་རྔའི་སྒྲ་ལྡན་གྱི་ཡོན་ཕུ་ཆོས་རྗེའི་རིགས་ཀྱི་ཁ་ཚར་མ་ཉམས་པ་རྣམ་རྒྱལ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོ་ལ་ངོ་མཚར་བའི་ལྟས་དང་བཅས་པ་མཚན་དཔེའི་པདྨོ་བཞད་པར་གྱུར་ཏོ། །དེར་རིག་འཛིན་གོང་མས་ལྐོག་གྱུར་གྱི་གནས་མངོན་དུ་གཟིགས་པའི་ལུང་བསྟན་ཇི་ལྟར་བསྩལ་བ་བཞིན་མི་རིང་བ་ན་མཁྱེན་ཀོང་རྣམ་གཉིས་ཀྱི་ཐུགས་སྲས་ཀྱི་ཐུ་བོ། རིག་འཛིན་གོང་མ་བདུད་འཇོམས་གླིང་པའི་ལུང་ཟིན་གྱི་ཆོས་བདག་བདེ་གཤེགས་སྨན་པའི་རྒྱལ་པོ་དུར་སྨྲིག་འཛིན་པའི་ཟོལ་གྱིས་ལྔ་བརྒྱའི་བསྟན་འགྲོའི་མ་འདྲིས་པའི་མཛའ་བཤེས་སུ་བྱོན་པ་རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་།གླིང་བླ་མ་ཐུབ་བསྟན་ཆོས་འབྱོར་གྱིས་གཙོས་པའི་གོང་མའི་དངོས་སློབ་དང་ཡང་སློབ་འགའ་ཤས་པདྨ་བཀོད་དུ་བྱོན་ནས་རིག་འཛིན་བླ་མ་མཆོག་གི་ཡང་སྲིད་དུ་ངེས་པ་རྙེད་ནས་རིགས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་ཏུ་འཛིན་ནས་གསེར་གྱི་ཁྲི་ལ་མངའ་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཐེག་པ་ཆེན་པོའི་རིགས་ཀྱི་བག་ཆགས་སད་པས་ཀུན་ལ་ཕན་སེམས་དང་། ལྷ་དང་བླ་མའི་ཕྱོགས་སུ་དག་པའི་སྣང་བ་གཅིག་ཏུ་དཀར་ཞིང་། གུ་རུས་མངོན་སུམ་ཞལ་བསྟན་ནས་ཨོ་རྒྱན་འགྲོ་འདུལ་གླིང་པ་ཞེས་མཚན་གྱི་ཅོད་པན་དཔྱངས་ཏེ་རང་གི་རྒྱལ་ཚབ་ཏུ་མངའ་གསོལ་ནས་ལུང་བསྟན་དབུགས་དབྱུང་བསྩལ། ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་ལས་སྐྱབས་འགྲོའི་སྡོམ་པ། འཇམ་དཔལ་དབྱངས་དངོས་མི་ཕམ་ཆོས་རྗེའི་ཞལ་སློབ་ཉག་རོང་མཁན་ཆེན་འཇམ་དཔལ་བདེ་བའི་ཉི་མའམ་ཕན་བདེའི་འོད་ཟེར་ཅན་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་དང་། ངག་དབང་དཔལ་ལྡན་བཟང་པོ་སོགས་ནས་ཟབ་མོ་ལྟ་བའི་ལུགས་དང་། རྒྱ་ཆེན་སྤྱོད་པའི་ལུགས་ཏེ་སྲོལ་གཉིས་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་སྡོམ་པ་འབོགས་ཤིང་། བླ་མ་དཀོན་མཆོག་རབ་བརྟན་སོགས་ལས་འབྲི་ཀློག་གི་སྦྱངས་པ་ཅུང་ཟད་མཛད་དེ། སུམ་རྟགས་སྙན་ངག་སྤྱོད་འཇུག་བཤེས་སྤྲིངས་སྡོམ་གསུམ་སོགས་ཀྱི་བཤད་ཁྲིད། བླ་མ་པདྨ་བསྟན་འཛིན་ལས་རྩིས་དཀར་ནག་ཨ་དགེ་དགེ་འདུན་རབ་རྒྱས་ལས་སྨན་གྱི་རྒྱུད་བཞི། མཁན་ཆེན་མཉྫུའི་མཚན་ཅན་ལས་སྔ་འགྱུར་བཀའ་མ། ཟུར་པ་ལུགས་ཀྱི་གསང་སྙིང་བཤད་སྲོལ། མཁན་ཆེན་ཉིད་ཀྱིས་མཛད་པའི་ གསང་བ་སྙིང་པོའི་འགྲེལ་པ་སོགས་རྒྱུད་ཀྱི་འགྲེལ་ཊིཀ་མང་པོ། བཀའ་བརྒྱད་སྒྲུབ་དབང་ཆེན་མོ། སངས་རྒྱས་གླིང་པའི་བླ་མ་དགོངས་འདུས། འོད་གསལ་ཐེག་པའི་ཤིང་རྟ་ཆེན་པོ་ཀུན་ མཁྱེན་ཀློང་ཆེན་པའི་སྙིང་ཐིག་ཡ་བཞི་དང་། རྟོགས་ལྡན་བརྟན་པ་རབ་རྒྱས་ནས་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ནས་བརྒྱུད་པའི་སྙིང་ཐིག་ཡ་བཞིའི་དབང་ལུང་སོགས་མན་ངག་མྱོང་ཁྲིད་ཆེན་མོའི་རྒྱུན་གསན། ཁམས་རི་བོ་ཆེའི་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས་སམ་བདུད་འཇོམས་ནམ་མཁའི་རྡོ་རྗེའི་མདུན་ནས་སྙིང་ཐིག་ཡ་བཞི་དང་། རྩ་བའི་རྒྱུད་སྒྲ་ཐལ་འགྱུར་དང་དེ་ལས་འཕྲོས་པའི་རིག་པ་རང་གྲོལ་སོགས་གསང་ཆེན་ངེས་པའི་མན་ངག་གི་རྒྱུད་བཅུ་བདུན། གདམས་ངག་མཛོད། རྒྱལ་བའི་བཀའ་འགྱུར་ཅོག་གི་བཀླག་ལུང་། ཡང་བྱང་ སེམས་བློ་གྲོས་རྒྱལ་མཚན་དང་། དུང་དཀར་ངེས་དོན་རྒྱ་མཚོ་གཉིས་ལས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཀླག་ལུང་ཡོངས་རྫོགས་རེ་གསན། སྔགས་བཙུན་དགེ་འདུན་རྒྱ་མཚོ་ལས་གཏེར་ཆེན་པདྨ་གླིང་པའི་ཆོས་སྐོར་བཅུ་གསུམ་ཡོངས་རྫོགས་དང་། ཀུན་མཁྱེན་མཛོད་བདུན། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོ་ལས་བཻ་རོའི་རྣམ་འཕྲུལ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཕྱག་བཞེས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྒྲུབ་ཕྲིན་དང་འབྲེལ་བའི་སྤྲོས་བཅས་དབྱངས་རོལ་གར་འཆམ་ལ་སོགས་པ་དང་། གཞན་ཡང་ཟབ་ཆོས་དུ་མ་གསན། བི་མ་ལས་ལོ་བརྒྱ་རེ་ན་བོད་དུ་ཉིད་ཀྱི་རྣམ་རོལ་རེ་འབྱོན་པར་ཞལ་གྱི་བཞེས་པ་བཞིན་དངོས་སུ་བྱོན་པར་ཡོངས་སུ་གྲགས་པ་སྨྱོ་ཤུལ་མཁན་ཆེན་ངག་དབང་དཔལ་བཟང་པོ་སྟེ། དེའི་དངོས་སློབ་བྱ་བྲལ་བ་སངས་རྒྱས་རྡོ་རྗེ། བླ་མ་ཨོ་རྒྱན་རིག་འཛིན། ཀཿཐོག་ཕྱག་ཚ་སྤྲུལ་སྐུ། མཆོག་སྤྲུལ་འགྱུར་མེད་རྡོ་རྗེ། སྤུ་སྟོད་ཕུ་ལུང་དགོན་གྱི་སྤྲུལ་སྐུ་སངས་རྒྱས་སོགས་འཕགས་ཆེན་གྱི་ས་ལ་བཞུགས་པའི་སྐྱེས་མཆོག་མང་དུ་བསྟེན་ཏེ་ཕན་ཚུན་ཟབ་ཆོས་ཀྱི་སྐྱེས་མཆོག་ཏུ་གྱ་ནོམ་པ་འབུལ་རེས་མཛད་པ་དང་། ལྷག་པར་ཕུག་ཁུང་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ངེས་དོན་དབང་པོ་དང་། གཏེར་སྟོན་ཟིལ་གནོན་ནམ་མཁའི་རྡོ་རྗེ་གཉིས་ནི་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་རང་ངོ་སྤྲད་ཅིང་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་ཁྲི་ལ་མངའ་གསོལ་བར་བྱེད་པའི་བདག་རྐྱེན་བླ་ན་མེད་པར་མཛད་པའི་རིགས་ཀྱི་བདག་པོར་བཀུར་བར་མཛད་པ་ཡིན་ལ། ཁྱད་པར་རྫ་ཕུག་ཁུང་སྤྲུལ་སྐུ་རིན་པོ་ཆེ་འགྱུར་མེད་ངེས་དོན་དབང་པོ་ནི་མི་ལོ་བཅུ་དྲུག་གི་ཡུན་ལ་བསྟེན་ནས། མཁྱེན་ཀོང་རྣམ་གཉིས་དང་ཆོས་རྗེ་མི་ཕམ་རིན་པོ་ཆེ་སོགས་ནས་བརྒྱུད་པའི་གསང་བ་སྙིང་ཐིག་གི་རྒྱུད་ལུང་མན་ངག་ཐམས་ཅད་དང་། ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་ཆོས་སྐོར་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པར་གསན། དེ་ཡང་ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་རྟགས་བརྒྱད་འཆང་བ། །ཞེས་འབྱུང་བ་ལྟར་གྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ནས་ཐུན་མོང་ཕྱི་ཡི་རྒྱུད་སྡེ་རྣམས་ཀྱི་རྗེས་གནང་དང་དབང་། ཐུན་མིན་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་དང་བཅས་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན། ངལ་བསོ་སྐོར་གསུམ།རང་གྲོལ་སྐོར་གསུམ། གསང་སྙིང་གི་མུན་སེལ་སྐོར་གསུམ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་རྩ་འགྲེལ། སྨིན་གླིང་གཏེར་ཆེན་རིན་པོ་ཆེ་སྐུ་མཆེད་དང་། པདྨ་འགྱུར་མེད་རྒྱ་མཚོའི་གསུང་གསང་སྙིང་གི་འགྲེལ་པ། མཁས་པ་ཆེན་པོ་ཀོང་པོ་བ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་འབུམ་སྐོར། གཏེར་ཆེན་དང་།གཏེར་ཕྲན་གང་ན་སུ་བྱོན་རྣམས་ཀྱི་ཆོས་སྐོར་སོགས་བཀའ་གཏེར་ཕྱོགས་ཀྱི་ཆོས་རྒྱུན་བཞུགས་སོ་ཅོག་གནས་དུས་སོ་སོར་སྐུ་ངལ་ལ་མ་འཛེམ་པར་འབད་པ་ཆེན་པོས་གསན་ཞིང་། དེ་ཙམ་དུ་མ་ཟད། སྟོན་པ་ཐུབ་པའི་དབང་པོས། རྒན་པའམ་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པས་ཕྱག་བཅས་ཏེ། །བྲམ་ཟེ་གཙང་མའི་མེ་ལ་བཞིན། །ཞེས་ཇི་ལྟར་གསུངས་པ་དང་རྗེས་སུ་མཐུན་པར་དམ་པ་རྣམས་ཀྱི་མཚན་ཉིད་ནི་རང་གི་ཆེ་བ་ཤོར་གྱིས་དོགས་པ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་ཏུ་རྟོག་པའི་གཞན་དབང་དུ་རྣམ་པ་ཀུན་ཏུ་འགྲོ་བ་མ་ཡིན་པས་དུས་སྐབས་ཅི་རིགས་པར་ཡོངས་སུ་གྲགས་པའི་བླ་ཆེན་ནམ། ཉམས་ཆུང་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་བཞུགས་པ་སོགས་རྣམ་པ་གང་ཅི་ཡང་རུང་དོན་ལ་ཆོས་ཁུངས་ཀྱི་བརྒྱུད་པ་གཙང་བར་བཞུགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ཕྱིན་དེ་དང་དེ་དག་རང་གི་བསྟི་གནས་སུ་ཚུར་གདན་འདྲེན་པའམ་ཕར་བཅར་བ་སོགས་གང་དགོས་ཡུལ་དུས་གནས་སྐབས་བླ་མའི་བཀའ་དགོངས་སོགས་དང་སྦྱར་ཏེ་བསྟེན་ནས་བཀའ་གཏེར་དབང་ལུང་གི་རྒྱུན་ཁ་དཀོན་རིགས་མཐའ་དག་དང་། རྗེས་གནང་། བཀླག་ལུང་། ཆོས་འབྲེལ་ཚུན་འབད་པ་ཆེན་པོས་གསན། དེ་ཡང་ཆོས་དོན་གཉེར་བ་ཁ་ཅིག་གི་ལུགས་ལྟར་བསྟེན་བྱ་སློབ་དཔོན་མཁས་པའི་ཡོན་ཏན་ནམ་སྒྲུབ་པའི་ཉམས་རྟོགས་མངའ་བའི་གྲགས་པ་ཐོབ་པའམ་སྲིད་ཕྱོགས་ནས་གོ་ས་མཐོན་པོར་བཞུགས་པ་རྣམས་ལ་དེ་ལ་སྐུ་ཡོན་འདི་དང་འདི་ལྟ་བུ་མངའོ་ཞེས་ཟོལ་བསྟོད་དང་བཅས་ཏེ་ཀུན་གྱི་མདུན་མངོན་གསལ་དུ་བསྟེན་པ་དང་། འཇིག་རྟེན་སྐྱེ་བོའི་ལྟར་སྣང་དུ་ལུགས་གཉིས་གང་ས་ནས་ངན་ངོན་གྱི་ཚུལ་དུ་བཞུགས་པ་ལྟ་བུ་རྣམས་ལ་གཞན་ངོར་མི་མངོན་པའི་ཐབས་སུ་གསང་བའི་སྒོ་ནས་བསྟེན་པ་སོགས་མཛེ་ཡིས་ཤི་བའི་སྐྱེ་བ་བདུན་པའི་མཾ་ས་རེ་བས་བླངས་དགོས་པ་དང་དོགས་པས་འཛེམ་དགོས་པ་ལྟ་བུའི་བསྟེན་ཚུལ་དེ་རིགས་མིན་པར། གུས་པ་དང་། ཞེ་ས་དང་། བཀའ་བཞིན་བྱེད་པ་དང་། གསུང་མི་གཅོག་པ་དང་།མཛད་པ་མི་བརྟག་པ་དང་། ངོ་མི་བརྟག་པ་དང་། ཉེས་པར་བལྟ་བ་མེད་པ་ཕྱི་བཞིན་དུ་འབྲང་བར་བྱའོ་ཞེས་སྟོན་པས་ཇི་སྐད་གསུངས་པའི་དོན་ལས་མི་འདའ་བར་བསྟེན་པ་སོགས་མདོར་ན་གསལ་བཀྲ་ལས་གསུངས་པའི་སློབ་དཔོན་གྱི་རྣམ་པ་དྲུག་གང་དུ་གཏོགས་པ་དེ་དག་ལ་འདུ་ཤེས་བཞི་དང་། ཤེས་བྱ་ལྔ་དང་། དམ་ཚིག་གི་གནད་དྲུག་ལ་སོགས་པ་མདོ་རྒྱུད་ནས་ཇི་སྐད་གསུངས་པ་བཞིན་གྱི་བླང་དོར་གྱི་གནས་ལ་མ་རྨོངས་པའི་ཆ་ནས་མཉེས་པ་གསུམ་གྱི་སྲི་ཞུས་བསྟེན་པར་མཛད་པ་ནི་ཉིད་ཀྱི་གསུངས་ལས། རང་ནས་ཀྱང་དངོས་སུ་བླ་མ་རྣམས་ཀྱི་ཐུགས་དང་འགལ་བའི་བྱ་བ་ཕྲ་མོ་ཙམ་ལྟ་ཅི། ཐ་ན་བྱ་བ་དེ་ནི་མ་འོས་སོ་སྙམ་པའི་ཉམས་ཆག་ཀྱང་བསགས་མ་མྱོང་བ་འདི་ངའི་ཡོན་ཏན་གྱི་གཙོ་བོ་ཡིན་ཞེས་གསུངས། དེ་ལྟར་གནས་དུས་སོ་སོར་དགེ་བའི་བཤེས་གཉེན་རྣམས་ལས་གསན་བསམ་མཛད་པའི་སྐབས་བླ་ན་མངོན་པར་མཐོ་བའི་མཚན་སྙན་གྱི་རོལ་མོ་སྐྱེ་རྒུའི་ཐོས་འཛིན་གྱི་བཅུད་དུ་ལོན་པར་འཁྲོལ་བའང་མགོན་པོ་གང་གི་གསུང་ལས་འདི་སྐད་དུ། ཐོག་མེད་གོམས་པའི་ལས་ཀྱི་བག་ཆགས་ཀྱི། །ལུས་འདིའི་དབང་པོ་དང་པོར་སད་པའི་ཚེ། །རིག་བྱེད་མཁས་པའི་སློབ་དཔོན་སྔགས་འཆང་གིས། །ཉི་མ་རྒྱལ་མཚན་བཏགས་ལ་གསོལ་བ་འདེབས། །ཡབ་རྗེ་ལྷ་རིགས་འཇམ་དཔལ་ནོར་བུ་ལ། །ཌཱ་ཀིས་ཕ་བས་ལྷག་པའི་བུ་འབྱུང་ཞེས། །ལུང་བཞིན་མ་བཙས་གོང་ནས་བཏགས་པའི་མིང་། །ཡེ་ཤེས་རྡོ་རྗེར་གྲགས་ལ་གསོལ་བ་འདེབས། །འཆི་མེད་ཡང་གསང་གོ་དཱ་ཝ་ར་ན། །པདྨའི་རྒྱལ་ཚབ་ནམ་མཁའི་རྣལ་འབྱོར་གྱིས། །འཇིགས་བྲལ་བདེ་ཆེན་རྡོ་རྗེ་དྲག་པོ་ཞེས། །མིང་དབང་ཅོད་པན་བྱིན་ལ་གསོལ་བ་འདེབས། །མཁས་བཙུན་བཟང་པོའི་ཁྱུ་མཆོག་མཁན་ཆེན་རྗེར། །ཐ་སྙད་རིག་ལམ་གནས་ལ་སྦྱངས་པའི་ཚེ། །མཚོ་བྱུང་དགྱེས་པའི་ལང་ཚོ་སྔོན་མེད་ཀྱི། །ཟླ་བ་གསར་པར་གཏགས་ལ་གསོལ་བ་འདེབས། །ཐུགས་རྗེའི་བདག་ཉིད་མཉྫུའི་མཚན་ཅན་ལས། །བདག་རྒྱུད་སོ་ཐར་དགེ་བསྙེན་སྡོམ་ལྡན་དུ། །བསྒྲུབས་ཚེ་འགྱུར་མེད་དགེ་ལེགས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བར་གྲགས་ལ་གསོལ་བ་འདེབས། །སེམས་དཔའ་ཆེན་པོ་ངག་དབང་དཔལ་ལྡན་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གོ་བགོས་ཚེ། །རྒྱལ་སྲས་བློ་གྲོས་དྲི་མེད་ཕན་བདེའི་ཟླ། །འོད་ཟེར་དཔལ་འབར་བཏགས་ལ་གསོལ་བ་འདེབས། །དྲིན་ཅན་རིགས་ཀྱི་བདག་པོ་ངེས་དོན་དབང་། །གང་གིས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེར། །བཅུག་སྟེ་ཉེ་བའི་སྲས་སུ་དབང་བསྐུར་ཚེ། །རྡོ་རྗེ་འདུས་རྩལ་གྲགས་ལ་གསོལ་བ་འདེབས། །དྲན་མཆོག་རྒྱལ་པོ་འཁྲུལ་ཞིག་ཆོས་ཀྱི་རྗེས། །མན་ངག་སྙིང་ཐིག་ཡང་གསང་བླ་མེད་ཀྱི། །དལ་དུ་བཅུག་ནས་སྙན་བརྒྱུད་གཏད་པའི་ཚེ། །ཡན་པ་བློ་བདེར་བཏགས་ལ་གསོལ་བ་འདེབས། རིགས་འདུས་པདྨ་ཐོད་ཕྲེང་ཡབ་ཡུམ་གྱིས། །གསང་ཆེན་ལམ་གྱི་ཤིང་རྟར་དབུགས་ཕྱུང་སྟེ། །ལུང་བསྟན་སྨོན་ལམ་དབང་ཆེན་བསྐུར་བའི་མིང་། །འགྲོ་འདུལ་གླིང་པར་བསྔགས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་གོང་དུ། ཐོགས་མེད་གོམས་པའི་ལས་ཀྱི་བག་ཆགས་ཀྱི། །ལུས་འདིའི་དབང་པོ་དང་པོར་སད་པའི་ཚེ། །ཞེས་ཚིག་རྐང་གཉིས་མཛད་པ་པོ་རྗེ་ཉིད་ནས་ཁེངས་སྐྱུང་བའི་གསུངས་ཏེ་རང་རེ་ཁོང་གི་རྗེས་འཇུག་པ་རྣམས་ནས་ལས་རླུང་གི་བག་ཆགས་ཡེ་ནས་དག་པའི་རང་གི་རྩ་བའི་བླ་མ་སྤྲུལ་པའི་སྐུ་འབའ་ཞིག་ཏུ་བསམ་པ་ལས་བག་ཆགས་ཀྱི་ལུས་སུ་སྐྱེ་བ་བཞེས་པ་མ་སེམས་ན་བསོད་ནམས་ཆེ་བས་དེའི་ཕྱིར། ཐོག་མ་མེད་ནས་ཐུགས་བསྐྱེད་དམ་བཅས་བཞིན། །ཞིང་འདིར་མཚན་དཔེའི་དཀྱིལ་འཁོར་བཞད་པའི་ཚེ། །རིག་བྱེ་མཁས་པའི་སློབ་དཔོན་སྔགས་འཆང་གིས། །ཉི་མ་རྒྱལ་མཚན་བཏགས་ལ་གསོལ་བ་འདེབས། །ཞེས་འདོན་པར་བྱས་ན་བསོད་ནམས་ཆེའོ་སྙམ་མོ། །དེ་བཞིན་དུ་གང་གི་ཐུན་མོང་མ་ཡིན་པའི་རིགས་ཀྱི་བདག་པོ་རྣམས་ནི་གསན་ཡིག་ལས། ཁྱད་པར་རྒྱལ་དབང་པདྨའི་གདུང་འཚོབ་གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར། །བདག་སོགས་སྙིགས་མའི་གདུལ་བྱ་འདུལ་ལ་སངས་རྒྱས་དངོས་ཀྱི་ཕྲིན་ལས་ཅན། །བདུད་འཇོམས་ནམ་མཁའི་རྡོ་རྗེ་རྩལ་དང་བདེ་ཆེན་ཟིལ་གནོན་རྡོ་རྗེ་སྟེ། །མཚུངས་མེད་གཏེར་ཆེན་རྣམ་གཉིས་ཞབས་པད་མི་ཤིགས་སྙིང་གི་ཟེའུ་འབྲུར་བསྟི། །ཕུལ་བྱུང་སྡོམ་གསུམ་ས་བོན་སྣུམ་པོ་བདག་རྒྱུད་ཞིང་སར་ལེགས་བཏབ་ནས། །དབང་རྒྱུད་མན་ངག་ཆོས་ཆར་ཕབ་ལས་གཏན་བདེའི་འབྲས་བཟང་སྨིན་མཛད་པ། །འགྱུར་མེད་ཕན་བདེའི་འོད་ཟེར་དང་ནི་འགྱུར་མེད་ངེས་དོན་དབང་པོ་སྟེ། །ཟླ་མེད་སློབ་དཔོན་རྣམ་གཉིས་ཞབས་པད་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །རྨོངས་པའི་བློ་གྲོས་པད་རྩ་ཉག་ཕྲ་སྨིན་གྲོལ་གདམས་པའི་ཚ་ཟེར་གྱིས། །ཉེ་བར་བསྐྱངས་ལས་སྐལ་བཟང་ཀུན་དགའི་དགའ་སྟོན་འདབ་རྒྱ་གྲོལ་མཛད་པ། །འགྱུར་མེད་རྣམ་གྲོལ་རྒྱ་མཚོའི་ཞབས་དང་ཨོ་རྒྱན་ཆོས་འབྱོར་རྒྱ་མཚོ་སྟེ། །འགྲན་མེད་ཡོངས་འཛིན་རྣམ་གཉིས་ཞབས་རྡུལ་ཡན་ལག་དང་པོའི་དཔྱིད་དུ་བསྙེན། །ཞེས་ཇི་ལྟར་མངོན་པར་བསྟོད་པར་མཛད་པའི་ཡུལ་དམ་པ་རྣམས་ནས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་ཡོངས་སུ་རྫོགས་པ་གསན་པ་མཐའ་དག་འདིར་སྨོས་ཀྱིས་མི་ལང་བར་མ་ཟད། ཞིབ་ཅིང་ཕྲ་བ་མགོན་པོ་གང་གི་གསན་ཡིག་རིན་ཆེན་སྒྲོན་མེ་ལས་ཞལ་གསལ་བས་ན་འདིར་ཉི་མའི་འོད་ཟེར་གྱི་མདུན་དུ་སྒྲོན་མེ་བཏེགས་པའི་སྤྲོས་པ་སྐྱུང་བར་བྱས་སོ། །སྒྲུབ་པ་ཉམས་བཞེས་ཀྱི་སྐོར་ཡང་བླ་མ་རྣམས་ནས་ཇི་ལྟར་གསན་པ་རྣམས་གསན་པ་ཙམ་དུ་མ་བཞག་པར་རིགས་བདག་བླ་མའི་བཀའ་བཞིན་གནས་ཆེན་གངས་བྲག་དབེན་གནས་སྒྲུབ་ཕུག་རྣམས་སུ་རྩ་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་དང་། སྒྲུབ་སྡེའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་བསྙེན་སྒྲུབ་ཡན་ལག་བཞི་ཡི་གཞུང་བསྲངས་ནས་གྲངས་དུས་མཚན་མའི་བསྙེན་པ་དུས་སྐབས་དང་མཐུན་པ་ཉམས་བཞེས་མཛད་པས་དངོས་ཉམས་རྨི་ལམ་གང་རུང་དུ་རང་རང་གི་གཞུང་ནས་ཇི་སྐད་བཤད་པ་བཞིན་གྱི་གྲུབ་པའི་རྟགས་དང་མཚན་མ་ཐོན། མཆོག་ཐུན་གྱི་དངོས་གྲུབ་ལ་མངའ་དབང་འབྱོར། བུདྡྷ་ཚེ་ཕུག་ཏུ་རྡོ་རྗེ་ཚེ་ཡི་སྒྲུབ་པ་མཛད་པས་མགོན་པོ་ཚེ་དཔག་མེད་ཀྱི་ཞལ་གཟིགས་ཤིང་ཚེ་ཆང་བདུད་རྩི་ཁོལ། རྟོགས་པ་ཀློང་དུ་གྱུར་པའི་འཕགས་པའི་གང་ཟག་རྣམས་ནི་མཆོག་འཛིན་མངོན་ཞེན་བདུད་ཀྱི་འཇུག་པའི་རྗེས་སུ་ནམ་ཡང་འགྲོ་བ་མ་ཡིན་གཤིས་རྒྱུད་ལས་ཇི་སྐད་གསུངས་པ་ལྟར་གྱི་གསང་བ་བཅུ་ཡི་རྒྱ་ལས་ནམ་ཡང་འགོངས་པར་མི་མཛད། མཚོ་སྐྱེས་ཐུགས་ཐིག་དང་གྲོ་ལོད་སོགས་བླ་མ་ཞི་དྲག་སྐོར། རྟ་མགྲིན་དང་ཕུར་པ་སོགས་ཡི་དམ་གྱི་སྐོར། མཁའ་འགྲོ་ཞི་དྲག་གི་སྐོར་སོགས་དགོངས་གཏེར་གྱི་རིགས་སུ་གྱུར་པ་མ་གཏོགས་ས་གཏེར་རྩ་གསུམ་སྒྲུབ་སྐོར་རྒྱས་འབྲིང་བསྡུས་གསུམ་དང་། སྐུ་གསུང་ཐུགས་རྟེན་ལ་སོགས་པ་དང་། དམ་རྫས་མྱང་གྲོལ་ཆེན་མོ་ལ་སོགས་པ་རང་སྐལ་དུ་བཞུགས་པ་མང་ཞིག་ཡོད་ཀྱང་སྔ་འགྱུར་བཀའ་མ་དང་གཏེར་རྙིང་གི་བསྟན་པ་སྐྱོང་བ་ཁོ་ན་ལ་ཐུགས་ཕྱོགས་ཏེ་རྩོལ་བ་མ་གནང་སྟེ། དེ་ཡང་ལོ་རྒྱུས་ལུང་གི་བྱང་བུ་ལས། དེ་ཡང་གདོང་དམར་བོད་ཡུལ་མཐའ༔ ཁ་ཁྲ་མོན་གྱི་ས་མཚམས་ནི༔ སྤ་གྲོ་སྟག་ཚང་དཔལ་གྱི་ཕུག༔ སེངྒེ་བསམ་འགྲུབ་ཀེའུ་ཚང་དུ༔ ཁྲོ་བོས་ཁྲོ་བ་འདུལ་བའི་ཕྱིར༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔དབང་དྲག་འཚོལ་བའི་སྐུར་ལངས་ཏེ༔ མོན་བོད་གངས་ཅན་མཐའ་དབུས་ཀྱི༔ འདྲེ་བགེགས་རྒྱལ་བསེན་དམ་སྲི་བཏུལ༔ དྲེགས་ལྡན་ལྷ་འདྲེ་གཞི་བདག་ཚོགས༔ དབང་བསྡུས་སྲོག་སྙིང་དངོས་སུ་བླངས༔ གནས་དང་གཏེར་གྱི་གཉེར་ཁ་གཏད༔ དངོས་ཀྱི་གདུལ་བྱས་སྒོ་ཕྱེས་ཏེ༔ བརྒྱུད་ནས་མ་འོངས་ལས་ཅན་དོན༔ སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཚུལ༔ མང་དུ་བསྟན་ཅིང་སོ་སོར་སྦས༔ དེ་དག་ཀུན་གྱི་སྙིང་པོའི་བཅུད༔ རྩ་གསུམ་ཐུགས་ཀྱི་སྒྲུབ་པའི་སྐོར༔ ཟབ་རྒྱས་ཁ་ཚང་དོན་འདྲིལ་བར༔ འབྲོག་བན་ལོ་ཙཱར་བརྩེ་བས་གདམས༔ རྒྱས་བསྡུས་སྐོར་ཚོ་བཞི་རུ་ཕྱེས༔ རྒྱས་པ་བདེ་གཤེགས་ཡོངས་འདུས་སྐོར༔ སྐུ་ཚབ་ཡིད་བཞིན་དཔལ་འབར་དང་༔ མྱང་གྲོལ་བདེ་ཆེན་རིལ་བུར་བཅས༔ མོན་གྱི་སྟག་ཚང་དཔལ་ཕུག་གི༔ སྒོ་གདོང་སེངྒེ་འདྲ་བའི་མགུལ༔ རྡོ་རྗེའི་ཀེའུ་ཚང་སུལ་དུ་གཏམས༔ འབྲིང་པོ་རིག་འཛིན་ཡོངས་འདུས་སྐོར༔ བོད་ཁམས་བདེ་བའི་མན་ངག་དང་༔ བདག་གི་ཕྱག་མཚན་ཐུགས་རྟེན་བཅས༔ མཆིམས་ཀྱི་གནམ་ལྕགས་འབར་བའི་བྲག༔ མཁར་རྔ་འདྲ་བའི་ལོགས་སུ་སྦས༔ བསྡུས་པ་གསང་བ་ཡོངས་འདུས་སྐོར༔ པདྨ་བཀོད་ཀྱི་ལམ་ཡིག་དང་༔ སྦས་ཡུལ་བདེ་བའི་མན་ངག་བཅས༔ རྒྱ་ལ་དཔལ་གྱི་རི་བོའི་འགྲམ༔ ཕ་ཝཾ་རྟེན་སྒམ་འདྲ་བར་སྦས༔ ཀུན་གྱི་སྙིང་པོའི་ཞུན་ཐིག་ནི༔ ཡང་གསང་འདུས་པ་རྩ་བའི་སྐོར༔ ཐུགས་ཀྱི་ཐིག་ལེ་དྭངས་མའི་བཅུད༔ ཕྱི་རོལ་གདོས་པོའི་ས་གཏེར་དུ༔ སྦ་ཞིང་འཇོག་པར་བློས་མ་ཐོངས༔ ང་སྤྲུལ་སྒྱུ་མའི་སྐྱེས་བུ་ཡི༔ དགོངས་ཀློང་དབྱིངས་ཀྱི་སྒྲོམ་བུར་སྦས༔ ཡེ་ཤེས་རིག་པའི་གཟུངས་སུ་གཏམས༔ ཞེས་འབྱུང་བ་བཞིན་ནོ། །དགུང་ལོ་བཅུ་གསུམ་ཐོག་གུ་རུ་དངོས་སུ་མཇལ་བའི་སྣང་ཉམས་ཤིག་གི་རྗེས་ཐོག་ཏུ་བུ་མོ་འགའ་ཞིག་ནས་ཤོག་སེར་བརྡའ་ཡིག་ཅན་གྱི་བྱང་བུ་ཁ་ཤས་ཕྱག་ཏུ་ཕུལ་བ་དང་། དགུང་ལོ་ཉེར་བཞི་སོན་པའི་སྐབས་ནའང་སྤོ་བོ་དགའ་བ་ལུང་གི་རང་བྱུང་རྟ་ཕག་ཡབ་ཡུམ་གྱི་གསང་བའི་གནས་ནས་ཤོག་སེར་མཁའ་འགྲོའི་བརྡ་ཡིག་ཅན་ཞེང་དུ་སོར་གསུམ་དང་། རིང་ཐུང་ཐོ་གསུམ་ཙམ་ཡོད་པ་ཞིག་དངོས་སུ་ཕྱག་ཏུ་སོན་ཅིང་། དེ་བཞིན་དུ་དགུང་ལོ་སུམ་ཅུ་པའི་ཐོག་སྤ་གྲོ་སྟག་ཚང་དུ་ཕྲིན་ལས་ལྷ་མཆོག་ཕུར་པའི་བསྙེན་སྒྲུབ་ལ་བརྩོན་ཞིང་བཞུགས་པའི་སྐབས་ན་ཤོག་སེར་ཞིག་ཕྱག་ཏུ་སོན་པ་སོགས་སྔ་ཕྱིར་ཤོག་སེར་ཅི་རིགས་ཕྱག་ཏུ་སོན་ཀྱང་གནས་དུས་གྲོགས་འཁོར་སོགས་ཀྱི་ཕྱི་ནང་གི་རྐྱེན་དུ་མས་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར། དགོངས་གཏེར་གྱི་སྐོར་ནི། དགུང་ལོ་ལྔ་པའི་ཐོག་ནས་དགོངས་གཏེར་བྱུང་བ་ཡིན་ཅེས་བླ་མ་དཀོན་རབ་ནས་གསུངས་ཞེས་ཐོས། དགུང་ལོ་བཅུ་གསུམ་གྱི་ཐོག་ཏུ་ཕེབས་པའི་ཚེ་ན་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་གྲོ་ལོད་ཀྱི་བསྙེན་སྒྲུབ་མཛད་པའི་སྐབས་སུ་རྗེ་ཉིད་ཀྱི་དགོངས་གཏེར་པདྨའི་སྲོག་སྒྲུབ་ཀྱི་བསྐྱེད་རྫོགས་སྐོར་དགོངས་པ་ཀློང་བརྡོལ་དུ་ཤར་ཞིང་། ཕྱིས་དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་པའི་སྐབས་ན་གོང་མ་ཁྲག་འཐུང་བདུད་འཇོམས་གླིང་པའི་གྲོ་ལོད་ཀྱི་བསྙེན་སྒྲུབ་མཛད་པའི་ཚེ་བླ་མ་དྲག་པོའི་གསང་སྒྲུབ་པདྨའི་སྲོག་སྒྲུབ་སླར་ཡང་དགོངས་པའི་ཀློང་ནས་ཐོལ་བྱུང་དུ་གསལ་བར་ཤར་བ་བཞིན་གཏན་ལ་འབེབས་པ་མཛད། དེ་བཞིན་ལྷོ་མོན་སྤ་གྲོ་སྟག་ཚང་དུ་ཕུར་སྒྲུབ་མཛད་པའི་སྐབས་ཕུར་པའི་ཆོས་སྐོར་ཇི་ལྟར་བཀའ་བབ་པའི་ཚུལ་ནི་རེག་ཕུང་རྩ་གཞུང་ལས། ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་ཁྲུམས་སྟོད་ཀྱི་ཉ་བར་མོན་སྤ་གྲོ་སྟག་ཚང་སེང་ཕུག་ཏུ་ཕུར་པ་གནམ་ལྕགས་སྤུ་གྲིའི་སྒོ་ནས་བདུད་རྩིའི་སྨན་གྱི་སྒྲུབ་པ་བགྱིས་པའི་སྐབས་ཤིག་རྨི་ལམ་དུ་མཚོ་རྒྱལ་ཡིན་སྐད་བུ་མོ་རྒྱན་བཟང་མ་ཞིག་གིས་གནམ་ལྕགས་ཀྱི་ཕུར་པ་མཐོ་གང་ཙམ་པ་ཤིན་ཏུ་སྒྲོས་གཙང་ཞིག་གཏད་ནས། འདི་གུ་རུ་རིན་པོ་ཆེ་གནས་འདིར་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་དུས་སྡེ་བརྒྱད་དམ་ལ་འདོགས་ཤིང་རྒྱལ་བསེན་ཚར་གཅོད་བྱེད་ཀྱི་ཕྱག་མཚན་ངོ་མ་དེ་རེད། ཕྱིས་གུང་ཐང་ལ་ཁར་ཕེབས་སྐྱེལ་གྱི་དུས་སུ་ཁོ་མོར་གནང་བ་ཡིན། ད་ལན་ཁྱེད་ལ་སྦྱིན་པ་ཡིན་གྱིས་སྙིང་ནོར་དུ་ཆོངས་ཞེས་རུམ་དུ་བཅུག་བྱུང་བར། དགའ་ཆེས་པས་ཕྱག་ནས་བཙན་ཐབས་སུ་འཕྲོག་སྟེ། ཐོག་མར་དབང་བཞི་ལེན་དགོས་སྙམ་སྤྱི་བོ་དང་མགྲིན་པར་གཏུགས། སྙིང་གར་རེག་མ་ཐག་ཕྱག་མཚན་ཕུར་པ་དང་རང་ལུས་དབྱེར་མེད་དུ་འདྲེས་ནས་ཁོག་སྟོད་ད་ལྟའི་ལུས་འདི་རང་ལ་ཁོག་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་ཏེ་ངག་ནས་ཀཱི་ལ་ཡ་སྒྲོགས་པས་ས་ཀུན་གཡོ་བ་སྙམ་བྱེད། དེར་བུ་མོ་དེས་འོ་དབང་དང་བྱིན་རླབས་དངོས་གནས་དེ་རེད། རྒྱུད་ལུང་མན་ངག་གཅིག་དྲིལ་གྱི་གཏེར་མཛོད་དེ་ཡིན། འདི་ཡལ་བར་མ་དོར་ན་དགོས་པ་ཆེན་པོ་ཡོད། སྔོན་དུས་གུ་རུ་རིན་པོ་ཆེའི་དྲུང་ནས་དབང་དང་གདམས་ངག་བཀའ་རྫོགས་ལུང་རྫོགས་སུ་ཞུས་པ་ཨེ་དྲན་ཟེར་ཞིང་ལག་ནས་འཇུས་ཏེ་འཐེན་བྱུང་བས་གཉིད་སད། དེ་འཕྲལ་སྔར་གྱི་བག་ཆགས་མང་པོ་འལ་འོལ་དྲན་ཅིང་། ཁྱད་པར་ཕུར་པའི་ཆོས་སྐོར་བཀྲ་ལམ་གྱིས་ཡིད་ངོར་གསལ་བ་བྱུང་སྟེ། རིག་པའི་ཀློང་ནས་གང་བརྡོལ་བརྡ་ཐད་ཀར་བསྒྱུར་ན་གཏེར་སྟོན་གོང་མ་གཉིས་ཀྱི་ཆོས་སྐོར་ལས་ཀྱང་རྒྱས་ཤིང་མན་ངག་ཕྲིན་ལས་ཚོགས་ཀྱི་རིམ་པ་སྔར་མ་གྲགས་པའང་ཇི་སྙེད་ཅིག་སྣང་མོད་ཀྱི། འོན་ཀྱང་དེང་དུས་འདི་རིགས་གསར་དུ་འབེབས་པ་ངལ་བ་དོན་མེད་དུ་མཐོང་ནས་བཏང་སྙོམས་སུ་བཞག ཕྱིས་རང་ལོ་ཞེ་ལྔ་པ་ས་བྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུར་ཕྱི་ནང་གི་རྐྱེན་དུ་མས་བསྐུལ་ཏེ་རང་སྐལ་ཡལ་བར་མི་དོར་བའི་ས་ཁོངས་འཛིན་ཕྱིར་སྙིང་པོའི་ཞུན་ཐིག་རྩ་ཐོ་ཙམ་གཏན་ལ་ཕབ་པ་སྟེ། ཆོས་བདག་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་གཉེར་ཁ་ཐུབ་པར་མཛོད་ཅིག ཞེས་གསུངས་པ་ལྟར་དང་། ཆོས་ཀྱི་བདག་པོ་རྣམས་ཀྱང་ལུང་དུ་བསྟན་པ་ནི། ཕུར་པ་སྤུ་གྲི་རེག་ཕུང་གི་རྩ་གཞུང་ཕབ་ཟིན་པའི་རྗེས་ཐོག་ཏུ་འཁྲུལ་སྣང་ལ་གཡུའི་ཁྱི་མོ་ཡིད་དུ་འོང་བ་ཞིག་མདུན་དུ་བྱུང་ནས་དགའ་བའི་ཉམས་ཀྱིས་འདི་སྐད་དོ། །དམ་ཅན་ཐམས་ཅད་འདུ་བའི་གནས༑ དམ་མེད་ཤིན་ཏུ་དབེན་པའི་ཚལ༑ དམ་ཚིག་ཅན་གྱི་ཚོགས་ཁང་དུ་དམ་པའི་བརྡ་ཚིག་འདི་ལྟར་རོ༑ སྔོན་གྱི་ལས་སྨོན་དུས་སུ་སྨིན་པ་ལས༑ མ་འོངས་འགྲོ་བ་ཀུན་ལ་ཕན་པའི་སྨན༑ གཅིག་དྲིལ་མཆོག་གི་གསང་བའི་མཛོད་འདི་ཉིད༑ སློབ་དཔོན་རྣམ་གསུམ་གུ་རུ་རིན་པོ་ཆེ། བི་མ་ལ་མི་ཏྲ། བཻ་རོ་ཙ་ན། དགོངས་པ་འི་མཐིལ་ཡང་ཡིན། བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་རུ། ཐེག་པ་རིམ་པ་དགུ་ཡི་མདོ་ཆིངས་ཀྱིས། བཅིངས་པ་ཚིག་ཉུང་དོན་རྒྱས་ཡི་གེའི་རིས། ཀུན་གསལ་ངོས་ནས་འཇའ་ཚོན་ལྟ་བུར་ཤར། ཀུན་བཟང་བརྒྱུད་པ་གསུམ་གྱི་སྙིང་བཅུད་འདི། དུས་བབས་མནོག་པའི་ཆོས་སུ་ཤེས་ནས་ཀྱང་། ཛྙཱ་ན་བཛྲ་ཀརྨ་མ་ཎི་དང་། པུཎྱེ་པདྨ་ཨོཾ་ཌིའི་མིང་ལ་གདམས། རོང་ཆེན་བཞི་དང་ཤོད་ཆེན་བཞི་ལ་སྤེལ། བསྟན་པའི་མེ་རོ་ཅུང་ཟད་སོས་པར་འགྱུར། ཁྱད་པར་སྙིང་པོའི་དོན་ལ་དགའ་བ་ཡི། རང་བྱུང་མཚན་བཟང་ཁྱེའུ་སྤྲེལ་ལོ་པ། དེ་ཉིད་ཀུན་བཟང་ཆོས་སྐུའི་ཀློང་དུ་ཐིམ། ནམ་མཁའ་ལས་བྱུང་རང་བྱུང་ཆེན་པོའོ། སྟག་མོ་དགྲ་ལ་རྔམས་འདྲའི་ཁྱི་མོ་ང་། སྔོན་ཚེ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། གུ་རུ་ཆེན་པོའི་བཀའ་རྟགས་རྡོ་རྗེ་བཟུང་། ལས་འཕྲོ་ཅན་གྱི་མཆོག་ལ་འཕྲིན་དུ་སྒྲོགས། མ་བསླུས་མི་བསླུ་བསླུ་བར་མི་འགྱུར་རོ། ས་མ་ཡ། ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ། །ཞེས་སོ། །ངོ་མཚར་སྐུ་ཡི་ཡོན་ཏན་ནི། སྤྱིར་ཛམ་གླིང་ལས་ཀྱི་ས་པ་འདིར་སྐྱེས་པའི་མི་ཡི་རིགས་རྣམས་ཕལ་ཆེར་ཡུལ་སོ་སོའི་ཕྱི་ཡི་འབྱུང་ཁམས་ཚ་གྲང་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་པའི་ནང་ལུས་ཀྱི་སྨིན་སོ་བྱད་དབྱིབས་ཁ་དོག་སོགས་སོ་སོའི་རིགས་ཀྱི་སྡེ་ཚན་གང་ཡིན་ཕན་ཚུན་བལྟས་པས་ངོ་འཕྲོད་ཐུབ་པ་འབྱུང་བ་ཡིན་ཏེ། དཔེར་ན་བོད་ཀྱི་མི་རིགས་རྣམས་ཀྱི་བྱད་དབྱིབས་ཕལ་ཆེར་ལེབ་མོའམ་སྒོར་མོ་སྣ་གཟེངས་མཐོ་བ་མ་ཡིན་པ་གཅིག་ལ་གཅིག་འདྲ་བར་ཡོང་བ་བཞིན་རྗེ་ཉིད་ཀྱང་འཁྲུངས་ཡུལ་བོད་དུ་ཡིན་པ་ལྟར་དེ་ལྟར་སྐུ་བྱད་བོད་ཀྱི་མི་རིགས་སྤྱི་དང་འདྲ་བ་ལྟ་བུ་མཇལ་དགོས་མོད། འོན་ཏེ་རྗེ་འགྲོ་བའི་མགོན་པོ་འདི་ནི་སྐུ་ཤ་ཤིན་ཏུ་འཇམ་ཞིང་དྭངས་པ། སྤྱན་དཀར་ནག་འབྱེད་ལ་དྭངས་པ། ལྗགས་མཆོག་ཏུ་བདེ་ཞིང་མཉེན་པས་བཀླག་ལུང་སོགས་གནང་བའི་སྐབས་ན་པུསྟི་རེ་ཡུད་ཙམ་ལ་གྲུབ་པ། དབུ་སྐྲའི་ཁ་དོག་གནག་ཅིང་ཤིན་ཏུ་སྟུག་ལ་ཕན་ཚུན་མ་འཛིངས་པ་སོགས་མཚན་དཔེའི་ཡོན་ཏན་མང་པོ་ཀུན་གྱིས་མཐོང་ཆོས་སུ་མངའ་ཞིང་། ཁྱད་པར་ཤངས་ཀྱི་གཟེངས་མཐོ་ལ་ཤངས་རྩེ་ཡིད་ཙམ་གུག་པ་སྟེ་དེ་ཡང་། ཨཱ་ཙརྱ་གཞོན་ཚུལ་དཀར་དམར་མདངས༔ ཞེས་སོགས་གུ་རུའི་བླ་སྒྲུབ་བླ་མ་སྤྲུལ་པའི་སྐུའི་ལུགས་སུ་སྒྲུབ་པའི་སྒྲུབ་ཐབས་རྣམས་ལས་ཇི་སྐད་བསྐྱེད་དགོས་པར་གསུངས་པ་དང་འདྲ་བའི་ཞལ་གྱི་དཀྱིལ་འཁོར་ལས་ཅན་རྣམས་ཀྱིས་ཡིད་ཀྱི་འབད་པ་ཆེན་པོས་བསྐྱེད་མ་དགོས་པ་དངོས་སུ་མཇལ་བ་ཙམ་གྱིས་ཨོ་རྒྱན་དངོས་ཉིད་མཇལ་བར་འདྲ་བ་མཐོང་ན་མི་མཐུན་པ་མེད་པའི་སྐུ་བྱད་ལྟ་བས་ཆོག་མི་ཤེས་པ་ནི་སྔོན་རྗེ་ཉིད་རིགས་སྔགས་འཆང་བའི་ཆ་ལུགས་སུ་བཞུགས་པའི་སྐབས་ན་སྤྲོན་པའི་སྐུ་དཔར་རྣམས་ལ་མཇལ་བས་ཀྱང་དང་བའི་དད་པ་རང་བཞིན་ཤུགས་ལ་འཆར་ཐུབ་པ་ཡོད་ཅིང་། བཀོད་པ་སྐུ་ཡི་རྩ་ཁམས་ཅིར་སྣང་ཡེ་ཤེས་ཀྱི་ཁམས་སུ་རྣམ་པར་དག་པས་ཐུན་མོང་སོ་སོའི་སྐྱེ་བོའི་སྣང་ངོར་ཡང་མི་ལོའི་བགྲང་བྱ་ལོ་མང་འཚོ་ཞིང་གཞེས་པའི་རིང་ལའང་ལང་ཚོ་རྒུད་པ་མེད་པའི་ཉམས་ཀྱིས་སྒེག་པ། ཐབས་ཤེས་ཉི་ཟླའི་རྒྱུ་བ་དབུ་མ་འོད་གསལ་ཆོས་སྐུའི་དབྱིངས་སུ་དག་པས་གསུང་གི་གདངས་ལ་འཛེར་བག་སོགས་མེད་ཅིང་ཤིན་ཏུ་གསལ་ལ་ཟབ་ཅིང་སྙན་པ། གཞན་ལ་གསུང་ཞིག་བྱོན་ཡང་།དམུ་རྒོད་སོ་སོའི་སྐྱེ་བོའི་ངག་བརླང་པོར་སྨྲ་བ་མི་གཙང་ལྟ་བུའི་ཚིག་ལས་ལྡོག་པའི་སྙིང་ལ་འབབ་པ་སྦྲང་རྩི་ལྟ་བུའི་ཚིག་དང་། བདེན་པར་སྨྲ་བ་མེ་ཏོག་ལྟ་བུའི་ཚིག་སྟེ་པདྨའི་ལྗགས་ལྡན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདོམས་པར་མཛད་པའི་རྗེས་སུ་གུས་ཤིང་སྨྲ་བ། སྐྱེ་རྒུ་མཆོག་དམན་སྤྱི་དང་། ཁྱད་པར་སྔོན་ལས་ཀྱིས་འཚོ་གོས་གནས་མལ་སོགས་ཀྱིས་ཕོངས་པའི་སྐྱེ་བོ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་བསྡུས་པའི་བསྟོད་དང་དབུགས་དབྱུང་སྤྲོ་བ་བསྐྱེད་པ་སོགས་བསྡུ་བའི་དངོས་པོ་རྣམ་པ་བཞི་ཡི་སྒོ་ནས་རང་རང་གི་རེ་འབྲས་སྐོང་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ནས་བསྐྱེད་བསྲིངས་པའི་རྒྱལ་བའི་རིགས་ཀྱི་མྱུ་གུའི་ཡོན་ཏན་མངོན་པར་འབར་བའི་སྟོབས་ཀྱིས་འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྟག་ཏུ་མཆོད་པའི་བྱ་བ་ལ་བརྩོན་པ། དེ་ཡང་ཞི་བ་ལྷས། མགོན་པོ་ཡི་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་སྨོན་པ་ལྟར་སྐལ་ལྡན་ལས་འཕྲོ་ཅན་རྣམས་ནི་བྱིན་བརྒྱུད་རྟོགས་པའི་ཡེ་ཤེས་རྒྱུད་ལ་འཆར་ཞིང་ཚེ་གཅིག་ལ་མགོན་པོ་གང་གི་རྒྱལ་སར་སྙོགས་པའི་སླད་དུ་ཡིད་ཁྱེད་ཤེས་ཀྱི་དད་པ་ལ་བརྩོན་པར་གྱུར་པའི་ཡེ་ཤེས་སྒྲིབ་བྲལ་ཆེན་པོའི་སྐུ་བརྙན་ནོ། །རྨད་བྱུང་གསུང་གི་ཡོན་ཏན་ནི། གསུང་ཡི་གེ་འཁོར་ལོའི་སྤྲིན་དུ་ཤར་བ་ན་རྩོམ་པ་པོ་ཕལ་པ་བཞིན་ཚིགས་སུ་བཅད་པ་ལ་འགྲེལ་མཁས་ཀྱང་ལྷུག་པར་སྨྲ་བ་ལ་རྡུགས་པ། ལྷུག་པར་རྩོམ་པ་ལ་མཁས་ཀྱང་ཚིགས་སུ་བཅད་དེ་སྨྲ་བ་ལ་རྡུགས་པ། ཚིགས་ལ་བྲིམས་ཀྱང་དོན་གྱི་སྙིང་པོ་དབེན་པ་ལ་སོགས་པ་ལྟ་བུ་མིན་པར་མིང་གི་མངོན་བརྗོད་ཀྱིས་སྒོ་ཀུན་ནས་ཕྱུག་ཅིང་། མཁས་རྣམས་ཁོང་ནས་སྤྲོ་བ་སྐྱེས་པའི་སྙན་ལ་འཇེབས་པའི་སྡེབས་སྦྱོར་ཕུན་སུམ་ཚོགས་པས་ཚིགས་བཅད་ལྷུག་སྤེལ་མ་གང་ཞིག་གསུང་ཡང་ཐོག་རྡུགས་མི་མངའ་བ། རྟོག་གེ་བ་རྣམས་ནས་ནམ་ཡང་འབིགས་པར་མི་ནུས་པའི་ལོ་རྒྱུས་གཏན་ཚིགས་ཀྱི་ཁུངས་བཙན་པ། མདོར་ན་དོན་བཟང་པོ། ཚིག་འབྲུ་བཟང་པོ། ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་སྟེ་དམ་པའི་ཆོས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པར་ཚང་བ། དེ་བཞིན་དུ་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་སྒྲིག་དང་འབྲེལ་བ། ཆོག་སྒྲིག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་དམ་པའི་མན་ངག་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་གྱི་ཚུལ་དུ་གང་དགོས་པར་གསུངས་པའི་བསྐྱེད་རྫོགས་སྒྲུབ་ཕྲིན་ཆོག་སྒྲིག་སྐོར་གང་ཞིག་མཛད་ཀྱང་ཡེ་ཤེས་པའི་ལྷ་རྣམས་དམ་ཚིག་པའི་རྟེན་དུ་དངོས་སུ་དགུགས་པའི་སྣང་ཉམས་འཆར་ནུས་པའི་གསུང་བཻ་རོ་ཙ་ན་དངོས་བྱོན་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་དང་རྣམ་དབྱེར་མ་མཆིས་པ། དེ་ཡང་དཔལ་སྤྲུལ་ཆོས་ཀྱི་དབང་པོས། ཕན་དང་སྒྲུབ་པ་ལྟུར་ལེན་དམ་པའི་གཞུང་། །སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་ཏེ། །ཕལ་དང་གྲོང་པའི་ཚིག་གིས་ཡང་དག་ལམ། །ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན། །ཅེས་གསུངས་པ་ལྟར་སྙིང་ནས་ཐར་པ་དོན་དུ་གཉེར་བ་ཅན་དག་ལ་ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པ་སོགས་རང་རང་གི་ཁམས་སམ་དབང་པོ་དང་འཚམས་པའི་མན་ངག་གི་མྱོང་ཁྲིད་གང་ཞིག་གནང་ཡང་ཚིག་གི་ན་ཡམ་གྱི་ལོ་མས་དོན་གྱི་རྩ་བ་སྒྲིབ་པ་ལྟ་བུའི་པྲ་ཡས་པ་མ་ཡིན་པར་སྨན་པ་མཁས་པའི་མེ་བཙའ་གཞན་དུ་འཕྱུག་པ་མེད་པར་གནད་ཐོག་ཏུ་བཏབ་པ་བཞིན་རྒྱུད་ཐོག་ཏུ་འཕྱུག་པ་མེད་པར་བཀལ་ཏེ་སྒོམ་ཆེན་པ་རྣམས་ཤེས་ཉམས་ནད་ཀྱི་ཟུག་རྔུ་ལས་ཅིག་ཅར་གྲོལ་བར་བྱེད་པ་ཀློང་ཆེན་པའི་གསུང་ལྟ་བུ། མགུར་དང་ཚོགས་གླུའི་སྐོར་གང་ཞིག་མཛད་ཀྱང་གདུལ་བྱའི་རྒྱུད་ལ་ངེས་འབྱུང་གི་བསྐུལ་མ་ཐེབས་པ་དང་། ཚེ་འདིའི་འཁྲུལ་སྣང་གི་བག་ཆགས་ཐམས་ཅད་རང་འགགས་སུ་འགྲོ་ཞིང་། སྣང་སེམས་ཐམས་ཅད་ལྷ་དང་བླ་མའི་སྣང་བ་འཆར་བ་རིག་འཛིན་འཇིགས་མེད་གླིང་པའི་གསུང་དང་རྣམ་དབྱེར་མ་མཆིས་པ་དགུང་ལོ་ཆེས་གཞོན་པའི་དུས་ནས་འདི་སྐད་དོ། །ཨ་ཧོ་ཡེ། འོག་མིན་ཟངས་མདོག་དཔལ་རིའི་ཕོ་བྲང་གི་དབུས་ན། །རིག་འཛིན་དཔའ་བོ་མཁའ་འགྲོ་འདུས་པ་ཡི་ཚོགས་ཀྱི། །བདེ་ཆེན་ཉམས་བརྒྱས་སྒེག་པའི་རྩེ་འཇོ་དེ་བསམ་ཞིང་། །ཕ་གཅིག་མཚོ་སྐྱེས་རྡོ་རྗེ་སྙིང་དབུས་ནས་ དྲན་བྱུང་། །སྣང་སྲིད་ཟིལ་གནོན་མཚན་དཔེའི་གཟུགས་སྐུ་རུ་ལྷང་ངེ། །གསང་ཆེན་ནཱ་དའི་གསུང་དབྱངས་རྒྱུད་མང་གི་སྙན་འགྱུར། །ཐུགས་མཆོག་ཟག་མེད་འོད་གསལ་ཡེ་ཤེས་ཀྱི་རང་ བཞིན། །གུ་རུའི་དགྱེས་ཞལ་ལྟ་བའི་དགའ་སྟོན་ལ་སུས་འགྲན། །འཛུམ་འཛུམ་དགའ་བའི་ཟུར་མིག་གཡོ་བ་ཡི་ངང་ནས། །སྙན་སྙན་ཌཱ་ཀིའི་གསང་གཏམ་བརྡ་གླུ་དེ་ཉན་ཅིང་། །ཁྱུག་ ཁྱུག་གར་སྟབས་བསྒྱུར་བ་ཡ་མཚན་གྱི་ལྟད་མོར། །ཡང་ཡང་བལྟ་བའི་རེ་བ་བཟོད་མེད་དུ་ཡོད་རུང་། །ཉམ་ཐག་བུ་ཆུང་གཞོན་ནུའི་ཆུ་བུར་གྱི་མིག་ལ། །གཉིས་རྟོག་དྲི་མ་འཐུག་པོའི་ ལིང་ཏོག་དེས་བཀབ་ནས། །གཟིགས་མོ་བྱེད་སྐལ་མི་འདུག་འགྱོད་སེམས་ཀྱི་གདུང་ཡུས། །སྨྲེ་སྔགས་འོ་དོད་འབོད་འདི་པད་འབྱུང་གིས་ཨེ་གསན། །གསན་ན་ཡེ་ཤེས་ཐུགས་རྗེའི་ གསེར་ཐུར་དེ་ཕྱུངས་ནས། །མ་རིག་སྒྲིབ་གཡོགས་འཐུག་པོའི་ཤུན་པ་འདི་སོལ་ལ། །མངོན་སུམ་བདག་གི་ལག་པའི་མཛུབ་མོ་ནས་བཟུང་སྟེ། །ཕ་གཅིག་བཞུགས་ཡུལ་ཉམས་དགའི་སྐྱིད་ཚལ་དུ་ཁྲིད་རོགས། །ད་ལྟ་ཉིད་དུ་ཁྲིད་པའི་སྐལ་བ་རང་དབེན་ན། །རིག་འཛིན་དཔའ་བོ་མཁའ་འགྲོ་སྐྱོ་གྲོགས་ལ་ཐོངས་དང་། །ཟག་མེད་བདེ་བ་ཆེན་པོའི་དགའ་སྟོན་གྱི་དཔལ་ལ། །དགའ་མགུར་སྤྱོད་བཞིན་རིམ་པར་ཕ་རྗེས་སུ་བསྙེགས་ཡོང་། །དད་གསུམ་ལང་ཚོ་རྒྱས་པའི་ཐང་དཀར་གྱི་ལུས་ལ། །ལྟ་སྤྱོད་ཟུང་དུ་འབྲེལ་བའི་གཤོག་པ་དང་ལྡན་ཅིང་། །དམ་ཚིག་རྣམ་པར་དག་པའི་རྩལ་དྲུག་ཞིག་རྫོགས་ན། །པདྨ་འོད་ཀྱི་གྲོང་ཁྱེར་ཐག་རིང་ན་མི་འདུག །ལས་སྐལ་མཐུན་པའི་ལྷ་གྲོགས་ཕོ་མོ་ཡི་ཚོགས་རྣམས། །རིག་པ་འཛིན་པའི་གྲལ་དུ་སྨོན་ལམ་ཞིག་མཛོད་དང་། །ལྷག་ལྷག་ཉམས་ཀྱིས་དགྱེས་པའི་གད་མོ་དང་བཅས་ཏེ། །མི་འབྲལ་ལྷན་ཅིག་ས་སྤྱོད་ཞིང་ཁམས་ལ་ཆས་འགྲོ། །འདི་ལྟར་གདུང་གླུ་ཁུ་བྱུག་གཞོན་ནུ་ཡི་ངག་དབྱངས། །ཤུགས་འབྱུང་ལོངས་སྤྱོད་འཁོར་ལོའི་རོལ་རྩེད་ཀྱིས་བླངས་པས། །གུ་རུའི་ཐུགས་རྒྱུད་བསྐུལ་བའི་ཕོ་ཉ་རུ་གྱུར་ནས། །བྱིན་རླབས་བདུད་རྩིའི་སྦྲང་ཆར་ད་ལྟ་རང་ཕོབ་ཅིག །ཅེས་པའང་པདམོ་རྣམ་པར་བཀོད་པའི་ལྗོངས་སུ་སྐྱེས་པའི་བྱིས་པ་སྐལ་བཟང་ཅན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུ་པ་རྔ་ཆེན་མགོ་ཟླའི་ཡར་ངོའི་ཚེས་བཅུའི་ཉིན་ཐོལ་བྱུང་དུ་སྨྲས་པའོ། །ཞེས་རྡོ་རྗེ་མགུར་གླུ་ལ་མཇལ་བས་རྟོགས་སོ། །དེ་ཡང་གྲུབ་མཐའ་འཛིན་པ་གཞན་ལ་ལ་ནས་དགོས་པ་གང་ཡང་མེད་བཞིན་དུ་རང་ཉིད་གྲགས་སུ་རེ་བས་བསྟན་པའི་ག་བདར་ལ་ཁ་གཡར་ནས་རྒྱལ་བསྟན་སྤྱི་ལ་བྱས་རྗེས་ཀྱི་བཀའ་དྲིན་མཆོག་ཏུ་ཆེ་བ་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཚད་མའི་ཆོས་དང་གང་ཟག་རྣམས་ལ་བཤུང་བར་བགྱི་བ་པོ་རྣམས་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་ཕྱིར་ལུང་རིགས་ལ་གཞི་བཅོལ་བའི་དོགས་སེལ་རྣམ་པར་དག་པ་མཛད། རིག་འཛིན་འཇིགས་མེད་གླིང་པས། གྲུབ་པའི་ཉམས་མྱོང་ལག་ལེན་དང་། །མཁས་པའི་ལུང་རིགས་རྣམ་དག་གིས། །ཕྲག་དོག་ཅན་འདུལ་མི་ནུས་ཏེ། །ཐུབ་པ་མཆོག་དང་ལྷས་སྦྱིན་བཞིན། །ཞེས་གང་གསུངས་པ་ཐུགས་ལ་བསྟི་ཞིང་། གལ་སྲིད་དགོས་པ་ཆེ་བ་གང་ཞིག་ཡོད་ཀྱང་སྔོན་བྱོན་རོང་ཀློང་གཉིས་དང་ཕྱིས་བྱོན་མི་ཕམ་ཆོས་རྗེ་ལ་སོགས་པ་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་རྣམས་ནས་ལུང་རིགས་ཉི་མའི་འོད་ཀྱིས་མ་རྟོགས་པ་དང་། ལོག་པར་རྟོགས་པའི་ཕྱོགས་ཀྱི་མུན་པ་མཐའ་དག་རྨངས་ནས་བསལ་ཟིན་པ་ཡིན་གཤིས་སླར་ལ་ཆགས་སྡང་འགལ་འདུའི་ཕུང་པོ་བསྒྲུབ་པ་ལ་ཕྱོགས་ན་དོན་ཆུང་བར་གཟིགས་ཏེ་ཀླུ་སྒྲུབ་དང་དཔལ་ལྡན་ཨ་ཏི་ཤའི་དོན་གྱི་རྣམ་པར་ཐར་པ་ལ་གཙོ་བོར་བཟུངས། གཏམ་བྱ་ལས། ཚེ་འདིའི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱོས། །ཞེས་པ་ལྟར་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཏུ་རློམ་པ་ཀུན་ནས་རང་རང་གི་བློ་དང་འཚམས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རང་རང་གང་ལ་མོས་པ་བཞིན་དུ་དེ་དང་དེ་དག་གི་ཐེག་པ་སོ་སོ་ན་བཞུགས་ཡོད་པས་དེ་དག་ལ་ཐོས་བསམ་མཐིལ་ཕྱིན་པ་ཞིག་བྱེད་ཐུབ་ན་ལྟར་སྣང་བརྒྱ་བཤིག་སྟོང་བསྒུལ་གྱི་བསྟན་པའི་སྲི་ཞུ་མ་འགྲུབ་ནའང་དོན་ལ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ནང་འགལ་ཕུང་ཁྲོལ་དུ་མི་འགྱུར་བ་སོགས་ལ་ཕན་པ་དེ་རང་ཆེ་བ་ཡིན་ཞེས་གསུངས་ཤིང་། དེ་ཡང་རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རྒྱལ་བའི་བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་བཅོས་རྩོམ་པ་ནི་མཁས་པའི་བྱ་བ་ཡིན་ལ། དེའང་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་གཟིགས་པའམ་དངོས་སམ་བརྒྱུད་པའི་ལྷ་དང་བླ་མས་གནང་བ་སྦྱིན་པ།ཐ་ནའང་རིག་པའི་གནས་ལྔ་ལ་མཁས་པ་སྟེ་བསྟན་བཅོས་རྩོམ་པ་པོའི་མཚན་ཉིད་གསུམ་དུ་གསུངས་པ་ལས་གཅིག་ཤོས་ལ་ལྟོས་པ་ཙམ་དུ་མ་ཡིན་པར་མཚན་ཉིད་གསུམ་ཀ་ཚང་བའི་ཕྱིར་དེང་དུས་དབང་གིས་རང་གཞན་གྱི་ཡིག་ཆ་ཐམས་ཅད་དཀོན་པར་གྱུར་པ་ན་སྔ་འགྱུར་རང་ལུགས་འཛིན་པ་རྣམས་ལ་སྨན་དུ་རེ་བའི་ཐུགས་བསྐྱེད་རྣམ་པར་དག་པས་འཐོར་བ་སྡུད་པ།གབ་པ་ཕྱུང་བ། རྒྱས་དོན་བསྡུ་བ། བསྡུས་དོན་བཀྲལ་བ། འཁྲུགས་བསྡེབས་པ་བཅས་ཀྱི་སྒོ་ནས་སྔ་འགྱུར་བསྟན་པའི་རྣམ་བཞག་སོགས་བསྟན་བཅོས་གལ་འགང་ཆེ་བ་སྣ་ཚོགས་པ་བསྡོམས་བཀའ་འབུམ་པོད་ཉི་ཤུ་རྩ་ལྔ་སྐོར། སྔ་འགྱུར་བཀའ་མའི་རྒྱབ་ཆོས་གསར་སྒྲིགས་དང་བཅས་པ་བསྡོམས་པོད་བཅུ་ཕྲག་ལྔ་ལྷག་བཅས་བསྟན་པའི་བཙས་སུ་བསྐྲུན། ཕྱི་མཐར་གཟིགས་པའི་གསུང་རྟེན་པུསྟི་ཀ་བརྒྱ་ཕྲག་མང་པོ་རྒྱ་གར་འཕགས་པའི་ཡུལ་དུ་སྤྱན་དྲངས་ནས་སྔ་འགྱུར་བཀའ་མ་རིན་པོ་ཆེ་དེང་སང་དཔེ་རྒྱུན་དང་། དབང་ལུང་གི་རྒྱུན་གཉིས་ཀ་སྲོག་མཐུད་དུ་བྱུང་། ཐུགས་རྒྱུད་རྣམ་པ་ཀུན་ཏུ་ཞི་བ་དྲི་མེད་ནམ་མཁའི་རང་བཞིན་ལྟར་ཡངས་ཤིང་དུལ་བའི་ཡོན་ཏན་ནི། དཔལ་མགོན་ཀླུའི་དབང་པོས། གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །རྗེ་མཐོར་ཕྱིན་ཡང་ང་རྒྱལ་དྲེགས་པ་མེད། །ཅེས་ཇི་ལྟར་གསུངས་པ་བཞིན་དགུང་ལོ་གཞོན་པའི་དུས་ནས་ཀྱང་ཐུགས་གཤིས་རང་བཞིན་གྱིས་བཟང་ཞིང་དུལ་བས་ཕྱི་ནང་སྐུ་འཁོར་ཞལ་སློབ་དང་། རྒན་གཞོན་བར་མའི་སྐྱེ་རྒུ་སུ་འདྲ་ཞིག་ལའང་ཐ་ན་སྤྱན་གྱིས་གཟིགས་ཕྱོགས་དང་། གསུང་གི་བགྲོ་བ་ཚུན་བསྡིགས་པའི་རྣམ་པ་སྐད་ཅིག་ཙམ་ཡང་སྟོན་པར་མི་མཛད་པ་ཙམ་དུ་མ་ཟད་བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་བཀུར་བ་ལས་མི་ཆོས་ཀྱི་འཕེར་རྒྱ་དང་། ལྷ་ཆོས་ཀྱི་ཤེས་རྒྱ་ལ་སོགས་པའི་སྒོ་ནས་ཕ་རོལ་རྣམ་པར་གནོན་པའི་གཟི་བྱིན་བསྒྲུབ་པ་ལ་ཀུན་ཏུ་ཆེ་ཐང་མི་བསྐྱེད། རྗེ་ཉིད་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོར་བཞུགས་ཤིང་མཚན་སྙན་གྱི་གྲགས་པ་འཛམ་གླིང་ན་ཁྱབ་པས་ཆོས་ལུགས་ཕྱོགས་རིས་ཅན་ནམ་འདོད་རྔམས་ཅན་རྗེ་ཉིད་ལ་མ་དད་པའི་བླ་དཔོན་མི་དྲག་འགའ་ནས་རང་འདོད་དང་། སྲིད་དོན་ཁོ་ནའི་ཆེད་དུ་རྗེ་ཉིད་བེད་སྤྱོད་གཏོང་བ་སོགས་ཀྱི་སྐབས་སུའང་གཞན་ཕྱོགས་ཀྱི་འདོད་པ་ཉམས་པ་དང་། རང་ཕྱོགས་སྲུང་ཞིང་དཔུང་སྟོབས་བསྐྱེད་པ་ལ་སོགས་གཏན་ནས་མི་མཛད་པ་སྨོས་ཅི། གནོད་ལན་ཕན་པས་མཇལ་བ་ནི། །སྐྱེས་བུ་དམ་པའི་ངང་ཚུལ་ཡིན། །ཅེས་པ་ལྟར་རྟག་ཏུ་རྒྱལ་སྲས་ཞི་བ་ལྷའི་རྣམ་པར་ཐར་པ་ཁོ་ནའི་རྗེས་སུ་བཅོས་མ་མིན་པར་སོང་། ཆོས་ཅན་འཁྲུལ་པའི་རྟོག་ཚོགས་བཟང་ངན་ཐམས་ཅད་ཆོས་ཉིད་ཀ་དག་གི་ཀློང་དུ་དབྱེ་བསལ་མེད་པར་རོ་མཉམ་པས་གཉུག་མར་གནས་པའམ་གློ་བུར་ལྷགས་པའི་སྐྱེ་བོ་བཟང་ངན་སུ་ཞིག་ནས་ཡིན་པ་དང་མ་ཡིན་པ་གང་ཞིག་ཞུས་ཀྱང་དེ་ཁོ་ནའོ། །དེ་དེ་བཞིན་ནོ། །ཤིན་ཏུ་ལེགས་སོ་ཞེས་ཞུ་བ་པོའི་ཚིག་གི་རྗེས་སུ་བྲག་ཆ་བཞིན་དུ་ཟློ་བ་ཙམ་ལས་གཞན་པའི་ངེས་ངེས་ཏིག་ཏིག་གི་རྩིས་གདབ་གང་ཡང་མེད། དེ་ཙ་ན་ངེས་པ་དོན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལ་གོ་མྱོང་རྟོགས་གསུམ་ཡོད་པ་རྣམས་ནི་སླར་ལ་ཕྱིར་མི་ལྡོག་པའི་དད་པའི་ས་ལ་བཀོད། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་གང་ལའང་རྟག་བརྟན་ཐེར་ཟུག་ཏུ་འཛིན་པའི་མཚན་མའི་འདུ་ཤེས་ཀྱིས་ཀུན་ནས་རྣམ་པར་བསླད་པ་ཉིད་ཀྱི་ཕྱིར་བཅོལ་ཆུང་ཡིད་རྟོན་མི་འཕེར་བ་ལྟ་བུ་མཐོང་བ་སྟེ་རྒྱུད་ལས། ཆོས་རྣམས་ཟད་སར་ཕྱིན་པ་དང་། །རང་གི་གྲུབ་པའི་མཐའ་ཡང་འཇིག །ལྟ་སྒོམ་སྤྱོད་པའི་མཐའ་སྟོང་པས། །ཆོས་སྐུའི་སྣང་བ་ཡོད་མ་ཡིན། །སྐུ་དང་ཡེ་ཤེས་རྒྱུན་ཆད་པས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མདོར་ན་གང་ཡང་གནས་པ་མེད། །སོང་མེད་འོང་བ་མེད་པའོ། །ཞེས་ཇི་སྐད་གསུངས་པའི་དོན་ལས་མ་གཡོས་པས་ལྷ་དང་བཅས་པའི་འཇིག་རྟེན་པའི་སྐྱེ་རྒུ་གང་འདྲ་ཞིག་གིས་ཀྱང་དགོངས་པའི་གཏིང་ནམ་ཡང་དཔོག་པ་མེད་པའི་རང་བཞིན་ནི་ཡོན་ཏན་མཛོད་ལས། མཐའ་དག་ཡོན་ཏན་འབྱོར་པའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་བསྒྲུབ་སྐྱོ་ངལ་བཟོད། །སྲིད་པའི་མཚོ་ལས་སྒྲོལ་བས་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བས་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབས། །ཞེས་ཀུན་མཁྱེན་འཇིགས་མེད་གླིང་པས་ཇི་ལྟར་གསུངས་པ་བཞིན་དུ་དོན་ལ་གནས་པ་ཁོ་ནའོ། །རླབས་ཆེན་ཕྲིན་ལས་དུས་ལས་མི་ཡོལ་བའི་མཛད་པ་ཡང་། སྦས་ཡུལ་རྒྱལ་པོ་པདྨ་བཀོད་དུ་སྦས་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གསར་དུ་བཏབ་སྟེ་དགེ་འདུན་གྱི་སྡེ་བཙུགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་བཞེད་བོད་ལ་མཐའ་དམག་མི་འབྱུང་བའི་སོ་ཁ་སྲུང་བའི་བསྟན་པའི་བཙས་སུ་ཡོངས་སུ་གྲགས་པའི་ཁོངས་སུ་བཏོགས་པ་ཀོང་ཡུལ་བུ་ཆུ་གཏེར་གྱི་ལྷ་ཁང་དང་ཉེ་བ་ན་བདེ་ཆེན་སྟེང་གི་ལྷ་ཁང་ཉམས་གསོ། ཟངས་མདོག་དཔལ་རིའི་ཞིང་བཀོད་རྟེན་དང་བརྟེན་པར་བཅས་པ་དང་། སྔགས་སྡེ་བླ་མ་གླིང་། སྒྲུབ་སྡེ་རྣམ་གྲོལ་ཆོས་གླིང་སོགས་གསར་དུ་བཙུགས་པ། རྒྱ་གར་གྲོང་ཁྱེར་མཱནྟ་ཌི་དང་ཉེ་བ། ར་ཧར་སའམ་མཚོ་པདྨ་ན་སྒྲུབ་སྡེ་དང་ལྷ་ཁང་། རྒྱ་གར་ཀ་སྤུངས་ན་ཟངས་མདོག་དཔལ་རིའི་ཞིང་བཀོད། རྡོ་རྗེ་གླིང་དུ་ཆོས་བཅུའི་དུས་མཆོད་ཀྱི་ཚོགས་པ། ཕྱི་གླིང་ཨ་རིའི་ཡུལ་དུ་ཆོས་ཚོགས་ཡེ་ཤེས་སྙིང་པོ་དང་། ཨོ་རྒྱན་ཆོས་རྫོང་། ཕ་རན་སེ་ལ་རྡོ་རྗེ་སྙིང་པོ་དང་། ཨོ་རྒྱན་བསམ་ཡས་ཆོས་གླིང་སོགས་དུས་སྐབས་དང་འཚམས་པར་བདག་རྐྱེན་ཞལ་བཀོད་སོགས་གནང་སྟེ་བསྟན་པའི་རྨངས་གཞི་མང་པོ་གསར་དུ་བསྐྲུན། དེ་ཡང་རྗེ་རང་ཉིད་ཀྱི་ངོས་ནས་ཇི་སྐད་དུ། དཔལ་སྤྲུལ་རིན་པོ་ཆེ་ནས།ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་མིན་རང་དོན་ཡིད་ལ་བྱེད་མ་ཡིན། །མཚན་མའི་རྣམ་རྟོག་ཡིད་ལ་བྱེད་མིན་གང་ཡང་ཡིད་ལ་མི་བྱེད་པའི། །རྣམ་རྟོག་མེད་འདིར་སྡོམ་གསུམ་ཀུན་འདུས་རྣམ་པར་དག་ཅིང་འཇུག་པ་སྟེ། །རྒྱ་མཚོ་ཆེ་ལ་ཆུ་བོ་ཇི་བཞིན་རང་གི་ངང་གིས་དབྱེར་མེད་དོ། །ཞེས་བཤད་པ་བཞིན་སྡོམ་པ་དང་སྡོམ་པ་མིན་པའི་ཀུན་རྟོག་གི་སྤྲོས་པའི་དྲྭ་བ་ཀུན་ལས་ཡོངས་སུ་འདས་ཀྱང་། གཞན་རྒྱུད་ཀྱིས་བསྡུས་པའི་དགེ་རྩ་ལ་དགོངས་ཏེ་དུས་སྐབས་ཅི་རིགས་པར་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་ལ་མཁན་པོའི་བདག་རྐྱེན་མཛད་དུ་བཞུགས་ནས་ངེས་པ་ལྔ་དང་བྲལ་ཞིང་། འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་དང་མི་ལྡན་པའི་བློ་གསལ་གཞོན་ནུ་མང་པོར་བསྐུལ་མ་གནང་སྟེ་མཁན་ཆེན་ཞི་བ་འཚོའི་སྡོམ་པའི་རྒྱུན་མ་ཉམས་པ་ལས་བསྙེན་པར་རྫོགས་སུ་བཅུག་པ་སོགས་བསྟན་རྩ་དགེ་འདུན་གྱི་སྡེ་ལ་སྨན་པའི་སླད་དུ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་འཕགས་པའི་གང་ཟག་རེ་རེ་ནས་ཡིན་ཀྱང་སྤེལ་གང་ཐུབ་མཛད། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་སྲུང་བ་རྣམས་ལ་དངོས་པོའི་མཐུན་རྐྱེན་སྦྱོར་བ་སོགས་མཛད། དེ་ལས་དམ་པ་རྣམས་ནི་དངོས་དང་དངོས་མེད་ཀྱི་མཆོག་འཛིན་གྱི་ལྟ་བ་དང་ནམ་ཡང་འཛའ་བ་མ་ཡིན་པས་ཇི་སྐད་དུ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་དང་བཤེས་སྤྲིང་ལས། པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་གྱི། །ཞེས་ཇི་ལྟར་གསུངས་པ་བཞིན་རབ་ཏུ་བྱུང་བའི་དངོས་པོ་ཁོ་ནས་འཁོར་བ་ལས་ཐར་གྱི། དེ་ལས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས་གཞན་གཏན་ནས་མེད་དོ་ཞེས་པ་ལྟ་བུའམ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ལ་སྔགས་ལམ་ཁོ་ན་མྱུར་གྱི་དེ་ལས་ལམ་གཞན་གང་ལ་ཞུགས་ཀྱང་དམན་ནོ་ཞེས་པ་ལ་སོགས་གདུལ་བྱ་སོ་སོའི་ཁམས་སམ་དབང་པོ་དང་འཁྲི་བ་མ་ཡིན་པའི་དགེ་རྩ་ཆུད་ཟ་བར་བྱེད་པའི་འདུ་ཤེས་ཆུང་ངུས་ལམ་བསྟན་པ་མ་ཡིན་པར་ཕལ་པོ་ཆེ་ལས། གང་དག་ཐམས་ཅད་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་བབས་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །ཅེས་པ་བཞིན་གདུལ་བྱ་རང་རང་གང་ལ་མོས་པ་བཞིན་དུ་དེ་དང་མཐུན་པའི་ལམ་བསྟན། རིགས་ཀྱི་བདག་པོ་ཕུག་སྤྲུལ་འགྱུར་མེད་ངེས་དོན་དབང་པོའི་ཞལ་ནས། ངས་རིན་ཆེན་གཏེར་མཛོད་ལན་གྲངས་ཚར་ལྔ་བཏོན་པ་ཡིན། ཁྱེད་ནས་ཚར་བཅུ་འདོན་ཡོང་ཞེས་ལུང་བསྟན་པ་བཞིན། ཐོག་མར་དགུང་ལོ་ཤིན་ཏུ་གཞོན་པའི་སྐབས་ན་སངས་རྒྱས་གླིང་པའི་གཏེར་གནས་ཀོང་པོ་བྲག་གསུམ་མཚོ་རྫོང་དུ་གཏེར་མཛོད་དབང་ལུང་གསུང་། དེ་སྐབས་འབྲུག་ལྷ་རིན་ཆེན་སྟེང་ན་སྐུ་ཞབས་སྐལ་བཟང་ལགས་ཞུ་བ་ཡུལ་དེར་མཁྱེན་པ་ཆེ་བར་གྲགས་པ་ཞིག་བཞུགས་པ་ནས་ལོ་ངོ་ཉི་ཤུའང་མ་ལོན་པའི་བྱིས་པ་ཞིག་ནས་གཏེར་མཛོད་འདོན་པ་འདི་ཤིན་ཏུ་མི་རིགས་སོ་སྙམ་སྟེ་སོམ་ཉི་མང་དུ་བྱུང་ནས་སུན་ཕྱུང་བའི་སླད་དུ་ཉམས་སད་པར་བྲག་གསུམ་མཚོ་རྫོང་ཁུལ་དུ་བརྟོལ་ནས་དཔྱད་པས་རྗེ་ཉིད་ནས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཤིན་ཏུ་རྣམ་པར་དག་པའི་སྒོ་ནས་གསུངས་པ་མཇལ་བས་ཤིན་ཏུ་གནོང་ཞིང་འགྱོད་དེ་བཤགས་པ་ཕུལ། རིང་པོར་མ་ལོན་པར་རང་གི་རིགས་སྲས་ཀུན་བཟང་དང་། འགྱུར་མེད་ལགས་གཉིས་འཁྲིད་དེ་རྗེའི་ཞབས་སར་བཅར་ནས་ཕ་བུ་གསུམ་ཀ་རྗེས་སུ་འཛིན་པར་གསོལ་བ་བཏབ་པ་བཞིན་རྗེས་སུ་བཟུང་བས་རིམ་བཞིན་ཐུགས་ཀྱི་སྲས་སུ་གྱུར། ལྷག་པར་སྐུ་ཞབས་འགྱུར་མེད་ལགས་ནི་གཞོན་པའི་དུས་ནས་བཟུང་ཕྱིས་རྗེ་ཉིད་རྒྱ་གར་དུ་ཞལ་བསྒྱུར་ཏེ་ཀ་སྤུངས་སུ་རྒྱུན་གཏན་ལྟ་བུར་བཞུགས་གདན་འཇགས་པའི་བར་དུ་མཉེས་པ་གསུམ་གྱི་སྲི་ཞུ་སྒོ་ཀུན་ནས་བསྒྲུབ་པར་བྱེད་པའི་ཐུགས་སྲས་ཀྱི་དྭངས་མ་ཞིག་ཏུ་གྱུར། ལྷ་ས་དང་། བསམ་ཡས། ཁྲ་འབྲུག་ཅེས་བོད་ཀྱི་ཆོས་འཁོར་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གིས་གཙོས་པའི་གནས་ཆེན་ཁྱད་པར་འཕགས་པ་སོ་སོར་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ལན་གྲངས་བཅུ་ཐམ་པ་གསུངས།པདྨ་གླིང་པའི་ཆོས་སྐོར་བཅུ་གསུམ་ལན་གསུམ། སྐུ་གོང་མ་ཁྲག་འཐུང་བདུད་འཇོམས་གླིང་པའི་གཏེར་ཆོས་ཀྱི་དབང་ལུང་ལན་གྲངས་མང་པོ། སྔ་འགྱུར་བཀའ་མའི་དབང་ལུང་ཡོངས་རྫོགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། སྔ་འགྱུར་རྙིང་མའི་རྒྱུད་འབུམ་བཀླག་ལུང་། བཀའ་བརྒྱད་སྒྲུབ་དབང་ཆེན་མོ། ཀར་གླིང་ཞི་ཁྲོའི་རྒྱབ་ཆོས། འཇའ་ཚོན་པོད་དྲུག་གིས་གཙོས་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར། དེ་དག་ཀྱང་ཞིབ་མོ་རྣམ་པར་འཐག་པའི་ཕྱག་ལེན་གཙང་ལ་འདེབས་པ་མྱུར་བས། གང་གི་ཚེ་ནའང་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་སྟན་ཐོག་གཅིག་ཏུ་ཚང་སྤྲུགས་སུ་བསྩལ་བས་བར་མ་ཆོད་པ་ལ་སོགས་འགལ་རྐྱེན་གྱི་རྣམ་པ་དཀོན་པའི་དངོས་པོ་ཅན་དུ་བྱས་གཤིས་ཡུལ་ཕྱོགས་རིང་པོ་ནས་འོངས་པའི་དོན་གཉེར་གྱི་སློབ་བུ་རྣམས་དཀའ་ཚེགས་ཆུང་ཞིང་། འདོད་དོན་བདེ་བླག་ཏུ་སྨིན་པ་སོགས་ཀྱི་རེ་འབྲས་ཡོངས་སུ་གྲུབ་པར་མཛད། གཞན་ལ་ཕན་པའི་ཕྲིན་ལས་གཞན་རྣམས་སྨོས་ཅི། རིན་ཆེན་བཙོ་བཀྲུ་དང་། ཟླ་ཤེལ་བདུད་རྩི་མ་ལ་སོགས་ནད་བརྒྱ་སྨན་གཅིག་མ་བགྲང་བ་ལས་འདས་པས་གཙོས་སྨན་གྱིས་རིགས་སྣ་ཚོགས་པས་སྐྱེ་རྒུའི་ལུས་ཀྱི་འདུ་བ་འཕེལ་ཟད་འཁྲུགས་པའི་ནད་ ཀྱི་སྨག་རུམ་མཐའ་དག་ལྷག་མེད་དུ་བཅིལ་བ། སྐྱེ་བོ་མང་པོ་ཆོས་དང་འཇིག་རྟེན་གྱི་བྱ་བཞག་ཟིན་པ་མེད་པ་ལ་འཛིན་པ་ཤུགས་དྲག་ཏུ་བཞུགས་ཏེ་སྐབས་འཚམས་སུ་རང་རང་གི་གཉེན་པོ་ དུས་ཐོག་ཏུ་ཚུལ་བཞིན་བསྟེན་མ་ཐུབ་པས་འཇུར་དྲན་གྱི་གེགས་སུ་སོང་ནས་སེམས་འཚོ་ཟིན་མ་ཐུབ་པར་སེམས་ནད་ཀྱིས་ཚབ་ཆེར་གདུངས་པ་རྣམས་ལ་སེམས་ཀྱི་གདུང་བ་སེལ་བའི་སྨན་ ཁ་རུ་ཟོས་པའམ། སྣ་རུ་འདུག་པར་བྱས་པ་ཙམ་གྱིས་སེམས་ནད་ལས་གྲོལ་ཏེ་སེམས་བདེ་བར་གནས་པ་དང་། དེ་ཡང་ཨོ་རྒྱན་ཆེན་པོའི་གསུང་ལས། བདེ་གཤེགས་མ་ལུས་མཆོད་པའི་ རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལངས། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་ འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་པས་ས་བཅུ་ནོན་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ནི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་ཟློག །བདུག་པས་དུག་ཀྱང་གཞིལ་བར་ནུས། །བྱུག་པས་ནད་གདོན་མ་ལུས་སེལ། །བསྲེག་ན་གདོན་བགེགས་ཐམས་ཅད་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དངལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གར་སྒྲུབ་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་རྡོ་རྗེའི་ལྗགས་ཀྱིས་བསྔགས་པ་ལྟར་བདུད་རྩིའི་རྒྱུད་ལས། གཙོ་བོ་དམ་རྫས་བདུད་རྩི་ལྔ། །རྩ་བ་བརྒྱད་ལ་ཡན་ལག་སྟོང་། །དམ་རྫས་རྩི་བཅུད་སྨན་དུ་སྦྱར། །ཞེས་ཇི་ལྟར་འབྱུང་བ་བཞིན་རྩ་བ་བརྒྱད་དང་། ཡན་ལག་གི་སྨན་རྒྱ་བལ་མོན་བོད་ལ་སོགས་པ་ཡུལ་གྲུ་གང་དང་གང་དུ་དུག་རིགས་མ་ཡིན་པའི་སྨན་གྱི་རིགས་བཟང་པོ་གང་དང་གང་ཞིག་ཐོན་པ་སྟོང་དུ་ཚང་བར་བསགས་པའི་སྟེང་། སྣང་ཞིང་སྲིད་པའི་རྩི་བཅུད་ཐམས་ཅད་སྨན་དུ་སྦྱར་བར་གསུངས་པ་ཕྱག་ལེན་དུ་ཡང་དག་པར་ཐེབས་པར་མཛད་དེ། སྤྲོས་མེད་དཔའ་བོ་གཅིག་སྒྲུབ་དང་། སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་ལ་སོགས་གནས་དང་དུས་ཀྱི་རྒྱུ་རྐྱེན་བཟང་པོ་དང་འཚམས་པ་བསྡུ་སྒྲུབ་མཛད་དེ། མཐོང་ཚོར་མྱོང་རེག་གི་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་བསྐྱངས་པ་འདི་གཅིག་པུའི་བཀའ་དྲིན་ཡང་གཞལ་དུ་མེད། གང་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་རྩལ་ཆོས་སྐྱོང་སྲུང་མ་རྣམས་ནས་ཕྲིན་ལས་ཇི་ལྟར་བཅོལ་བ་བཞིན་ཐོགས་པ་མེད་པར་བསྒྲུབས་པ་དང་། ཁྱད་པར་གནོད་སྦྱིན་ཆེན་པོ་བཤན་པ་དམར་ནག་ནས་རྟག་ཏུ་འགོ་ཞིང་མེལ་ཚེ་གཡེལ་བ་མེད་པར་བྱེད་པ་ནི་རེ་ཞིག་གི་ཚེ་སེམས་ཅན་ལས་ངན་ཅན་འགའ་ནས་སྐུ་ལ་བདོ་བར་བརྩམས་པ་ན་དེ་མ་ཐག་ཏུ་བསྐྲད་པའི་ཕྲིན་ལས་ཐོགས་པ་མེད་པར་བསྒྲུབས་པའང་། སྔར་དགུང་ན་གཞོན་པའི་དུས་སྐབས་ཤིག་ན་སྐུ་འཁོར་ཡུམ་སྲས་རགས་བསྡུས་དབུས་གཙང་ཕྱོགས་སུ་གནས་གཟིགས་སུ་ཕེབས་པའི་སྐབས་ན་སྒམ་པ་ལ་བརྒྱུད་ཕེབས་སྐབས་ཇག་པ་མི་འགའ་དང་འཕྲད་ནས་གཅིག་གིས་ཉིད་ཀྱི་ཆིབས་ཀྱི་སྲབ་ཁ་ལ་འཇུས་ཏེ་ལྷན་དུ་ཡུན་རིང་ཙམ་འགྲོགས་པའི་སྐབས་ན་སྐུ་ཡི་མདུན་གྱི་ཕྱོགས་ནས་གང་ནས་བྱུང་ཆ་མེད་པར་གློ་བུར་གྲྭ་གཞོན་ཤིན་ཏུ་དཔའ་བའི་ཉམས་ལྡན་མང་པོ་ཞིག་ཐོན་བྱུང་བས་རྐུན་ཇག་དེ་དག་དོགས་འབྲོག་ཆེས་ཆེར་ལངས་ཏེ་ཆིབས་ཁ་བཏང་ནས་གར་སོང་ཆ་མེད་དུ་བྱེར། གྲྭ་གཞོན་དེ་རྣམས་ཀྱང་ཇག་པ་དེ་དག་གི་རྗེས་སུ་བསྙགས་པ་ལྟ་བུར་སོང་ནས་གར་སོང་ཆ་མེད་དུ་ཡལ་ཏེ་སྐུ་ལ་ཉེ་ཞོ་གང་ཡང་མ་བྱུང་། སྐུ་འཁོར་རྣམས་ནས་གྲྭ་གཞོན་དེ་དག་དགོན་པ་གང་འདྲ་ཞིག་ནས་འོང་བ་ཡིན་གྲང་སྙམ་སྟེ་བགྲོ་བ་བྱེད་པ་ན་རྗེ་ཉིད་ཀྱི་ཞལ་ནས་དེ་དག་གནོད་སྦྱིན་བཤན་པ་དམར་ནག་ཡིན་དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ་བ་ནས་འོངས་བ་ཡིན་ཅེས་གསུངས། སྐུ་ཚེའི་བར་སྨད་མཚམས་ནས་གློ་བའི་སྙུན་གཞི་ཇེ་སྡུག་ལྟ་བུར་སོང་སྟེ་མགུལ་གློ་རྒྱུན་མཐུད་ཁོག་ཅིང་། ལྗགས་དབུགས་མི་བདེ་བ་སོགས་སྙུན་གྱི་རྣམ་པ་ཚབ་ཆེར་བཞེས་པའི་སྐབས་ལ་བྱང་གླིང་ཨ་རིའི་ཡུལ་གྱི་ཞིང་ཆེན་ཁོ་ལ་རྭ་གྲོ་ཟེར་བའི་གྲོང་ཁྱེར་ནང་། སྐུ་འཁོར་རྣམས་ཀྱིས་གསོལ་བཏབ་པ་བཞིན་སྨན་ཁང་དུ་སྨན་པ་མཁས་པའི་སར་བརྟག་དཔྱད་བྱེད་དུ་ཕེབས་སྐབས་སྨན་པས་མི་འདི་ད་ལྟ་བར་དུ་ཅི་འདྲ་བྱས་ནས་འཚོ་ཐུབ་པ་ཡིན་ནམ་གློ་བ་ཕལ་ཆེར་མེད་པ་ཤར་ཚར་འདུག་ཟེར་ནས་ཧ་ལས། དེའི་རྗེས་སུའང་ཨ་རིའི་ཞིང་ཆེན་གཞན་དང་། བལ་ཡུལ། ཧོང་ཀོང་། ཕ་རན་སེ་སོགས་ལ་སླར་ཡང་ཕེབས་ཏེ་ལོ་ཤས་རིང་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ནི་དབང་བཅུ་མངའ་བའི་ཡོན་ཏན་སྟོབས་སུ་གྱུར་པ་ཁོ་ནའོ། །མཐར་གནས་མེད་སྤྲུལ་སྐུའི་བླ་མའི་ཡོན་ཏན་གྱིས་འདུལ་བྱ་རྟག་འཛིན་ཅན་རྣམས་འདུལ་བའི་དུས་ལ་བབས་པ་ན། ཐུན་མོང་མ་ཡིན་པ་སངས་རྒྱས་སྤྲུལ་པ་སྐུའི་གཟུགས་ལ་རང་ངོས་ནས་འཆི་ལུགས་བཟང་ངན་གྱི་སྤྲོས་པའི་རྣམ་གཞག་ཀུན་ལས་ཡོངས་སུ་འདས་མོད། གདུལ་བྱ་གཞན་རྣམས་བསྟན་པ་ལ་གཟུད་པའི་སླད་དུ་ལམ་རྟགས་ཀྱི་བདེན་དོན་སྟོན་པར་བྱ་བའི་ཕྱིར་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཐུགས་ཆོས་ཟད་བློ་འདས་ཆེན་པོའི་དགོངས་པའི་དབྱིངས་སུ་དེངས་པའི་རྟགས་སུ་ཕྱིའི་སྐུ་གདུང་ཁྲུ་གང་ཙམ་ཞིག་རྗེས་འཇུག་གི་དད་པའི་རྟེན་དུ་བཞག་ནས་བཀའ་དང་བསྟན་བཅོས་རྣམས་ལས་གསུངས་པ་ལྟར། འབྲི་གང་བྲལ་བའི་ཉི་མ་གླིང་ཆེན་གཞན་ལ་བསྐོར་བའམ། ཕྱི་གླིང་བའི་འདོད་ཚུལ་བཞིན་འཛམ་གླིང་ཉི་མའི་དཀྱིལ་འཁོར་ལ་བསྐོར་བར་འདོད་ཀྱང་རུང་སྟེ་གང་ལྟར་གཡོ་བའི་ཆོས་ལས་མ་འདས་པའི་གཤིས་ཀྱིས་ས་སྟེང་གི་ཆུ་སྣོད་བྱེ་བ་ཕྲག་བརྒྱ་མང་པོར་སྣང་བའི་ཉི་མའི་གཟུགས་བརྙན་ལ་འཕེལ་འགྲིབ་སྣང་བ་བཞིན་དུ་རེ་ཞིག་ཞིང་འདིར་སྣང་བའི་གཟུགས་སྐུའི་སྣང་བརྙན་བསྡུས་ཏེ་པདྨ་འོད་ཀྱི་ཕོ་བྲང་ན་རྟག་ཏུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བདག་ཉིད་དུ་འཕེལ་འགྲིབ་བྲལ་བར་བཞུགས་པའི་སྤྲུལ་གཞི་སངས་རྒྱས་པདྨ་འོད་འབར་གྱིས་ཐུགས་ཀར་བསྡུས་སོ། །ཐུགས་སྲས་སློབ་མའི་ཚོགས་ཀྱི་རིགས་འདིར་འབྲི་བར་མ་ལང་བའི་རྒྱུ་མཚན་ནི་དགུང་ལོ་ཆེས་གཞོན་པའི་དུས་ནས་དབང་ལུང་བཀའ་ཆོས་གནང་བ་དབུ་བཙུགས་པ་ནས་བཟུང་སྐུ་ཚེ་མཐར་ཕྱིན་པའི་བར་དུ་བོད་དང་བོད་ཆེན་པོ། འབྲས་ལྗོངས་དང་འབྲུག་ཡུལ། ལ་དྭགས་དང་བལ་ཡུལ། རྒྱ་གར་དང་རྒྱ་ནག་ཡུ་རོབ་དང་ཨ་རི་ལ་སོགས་སུ་ཆོས་ཀྱི་འཁོར་ལོ་གྲངས་ཀྱིས་མི་ཆོད་པ་བསྐོར་བས། གནས་དུས་དེ་དག་གི་སྐབས་སོ་སོར་བརྒྱ་སྟོང་ཁྲི་ཕྲག་མང་པོ་འཛོམ་པའི་དངོས་སློབ་རྣམས་ནི་མི་བརྗེད་པའི་གཟུངས་ཐོབ་པའི་སྐྱེས་བུ་འགའ་ནས་འབྲི་བར་ནུས་པ་མ་གཏོགས་བརྗེད་ངས་ཆེ་བའི་མི་ལ་ཡོན་ཏན་མེད་ཅེས་པ་ལྟར་བདག་ལྟ་བུས་འབྲི་བར་མ་ལངས་པས་མཉམ་པ་ཉིད་དུ་བཞག །གང་ལྟར་ཡང་བླ་ ཆེན་གདུགས་ཐོགས། མི་ཆེན་དབང་བཙན་དང་མཁས་པའི་གྲགས་པ་ཐོགས་པ། གྲུབ་པའི་ཉམས་མྱོང་ཡོད་པའི་རྣལ་འབྱོར་པ་ཕོ་མོ། དད་དང་མོས་གུས་ཁོ་ནས་གྲོལ་བ་ཐོབ་པ་བགྲངས་ལས་ འདས་པར་བྱུང་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པའོ། །ད་ནི་ཀུན་སྤངས་སངས་རྒྱས་རྡོ་རྗེའི་གསུང་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན་གྱིས་མཐའ་བརྒྱན་ཏེ་བདེ་ལེགས་སུ་བྱ་བ་ནི། རྣམ་ ཀུན་མཆོག་ལྡན་བདེ་ཆེན་རྡོ་རྗེའི་གར། གསོལ་འདེབས་འདིའི་ཚིག་གོང་འོག་ཅུང་མི་འདྲ་བ་འདུག །མཆན། ཚངས་པ་རྔ་སྒྲ་འོད་གསལ་སྙིང་པོའི་ཞིང་། །རབ་འབྱམས་རྒྱ་མཚོར་སྤྲོ་བསྡུའི་བྱེད་པོ་ནི། །ཁྱབ་བདག་དཔལ་ ལྡན་བླ་མར་གསོལ་བ་འདེབས། །ཤཱཀྱའི་བསྟན་ལ་སྤྲུལ་པའི་དགྲ་བཅོམ་དང་། །པཎ་གྲུ་རིག་འཛིན་ཐ་མལ་སྦས་ཚུལ་སོགས། །མ་ངེས་འཕྲུལ་གྱི་རོལ་མོ་རིམ་གཅིག་ཅར། །དུས་གསུམ་ ཀུན་ཏུ་སྟོན་ལ་གསོལ་བ་འདེབས། །ཁྱད་པར་པད་འབྱུང་རྗེ་དང་བདུད་འཇོམས་པའི། །འཁྲུལ་མེད་འབྱུང་འགྱུར་ལུང་བསྟན་དོན་མངོན་གྱུར། །སྦས་ཡུལ་རྒྱལ་པོ་པདྨ་བཀོད་ཞིང་དུ། །བཙད་པོའི་རིགས་སུ་བལྟམས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་བཟང་པོའི་བག་ཆགས་སད། །གུ་རུས་ཞལ་གཟིགས་འགྲོ་འདུལ་གླིང་པ་ཞེས། །མཚན་གྱིས་དབང་བསྐུར་ཟབ་གཏེར་བདག་པོ་རུ། །ལུང་བསྟན་དབུགས་དབྱུང་ཐོབ་ལ་གསོལ་བ་འདེབས། །ཡེ་ཤེས་མཁའ་འགྲོས་ཁ་བྱང་དངོས་སུ་སྤྲད། །ཆོས་སྐྱོང་སྲུང་མས་བུ་བཞིན་མེལ་ཚེ་མཛད། །འབར་བ་གསུམ་དང་འདུ་བ་རྣམ་གསུམ་དབང་། །ཀུན་གྱིས་གཙུག་ཏུ་བཀུར་ལ་གསོལ་བ་འདེབས། །གྲུབ་མཆོག་འགྱུར་མེད་ངེས་དོན་དབང་པོ་སོགས། །བཤེས་གཉེན་མང་བསྟེན་སྨིན་གྲོལ་རྒྱབ་བརྟེན་བཅས། །བུམ་པ་གང་འབྱོར་གསན་བསམ་བསྒོམ་པ་ཡིས། །ཐུགས་རྒྱུད་ཡོངས་སུ་ཕྱུག་ལ་གསོལ་བ་འདེབས། །དུས་ཀྱི་མཐར་ཡང་སྔ་འགྱུར་བཤད་སྒྲུབ་བསྟན། །མི་ནུབ་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་ཀྱིས། །སྦས་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་སོགས། །དགེ་འདུན་འདུས་སྡེ་བཏབ་ལ་གསོལ་བ་འདེབས། །དོན་ཆེན་ལ་དགོངས་རང་སྐལ་ས་ཡི་གཏེར། །འདོན་པའི་རྩོལ་བཏང་བཀའ་རྙིང་བསྟན་སྐྱོང་ཕྱིར། །བརྒྱུད་སྲོལ་ཀུན་འདུས་མཛོད་ཆེན་རྣམ་ལྔ་ཡི། །བསྟན་པའི་རྒྱལ་མཚན་བསྒྲེངས་ལ་གསོལ་བ་འདེབས། །དྲང་དོན་དཀའ་ཐུབ་ངལ་བས་དུབ་མིན་པར། །བདེ་མྱུར་ཨ་ཏི་བླ་མེད་གསེང་ལམ་ནས། །གྲུབ་པའི་ས་མཐོར་གཤེགས་པའི་མངོན་རྟོགས་ཀྱི། །ཡོན་ཏན་གཅིག་ཅར་འབར་ལ་གསོལ་བ་འདེབས། །རྒྱུ་འབྲས་ཐེག་པའི་ལྟ་སྒོམ་གྲུབ་མཐའི་གནད། །མ་འདྲེས་འབྱེད་ལ་གཞན་དྲིང་མི་འཇོག་པའི། །སྐྱེས་ཐོབ་ཤེས་རབ་ཀློང་བརྡོལ་ཟླ་བྲལ་གྱི། །མཁས་པའི་དབང་པོར་བསྔགས་ལ་གསོལ་བ་འདེབས། །ཞི་བདེ་དམན་པའི་མཐའ་ལ་མི་ཞེན་པར། །ཕྱིན་དྲུག་བསྡུ་དངོས་བཞི་ཡིས་ཚད་མེད་འགྲོ། །མངོན་མཐོ་ངེས་ལེགས་བྱང་ཆུབ་གོ་འཕང་ལ། །བཀྲི་བའི་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །རྩོད་དུས་སྙིགས་མའི་སྐྱེ་འགྲོའི་མཆོད་སྡོང་དུ། །རྔ་ཡབ་དཔལ་རི་ཕོ་བྲང་རྟེན་བརྟེན་པ། །སྒྲུབ་པའི་སྡེ་བཅས་སྔོན་མེད་རབ་བསྐྲུན་པའི། །བསྟན་པའི་རྒུད་སེལ་མཆོག་ལ་གསོལ་བ་འདེབས། །གཞན་ཡང་གླེགས་བམ་ཕྱི་མོས་ལེགས་མཚོན་པའི། །རྟེན་གསུམ་རྣམ་མང་བསྟན་པའི་བཙས་སུ་བཞེངས། །བོད་ཁམས་ཕན་བདེའི་རྩ་ལག་གཉེན་གཅིག་པུར། །པདྨས་མངགས་པའི་ཕོ་ཉར་གསོལ་བ་འདེབས། །ལྷོ་འབྲུག་བལ་བོད་མདོ་ཁམས་རྒྱ་དཀར་ནག །མ་ལུས་ཞབས་བཅགས་ཆོས་དང་དམ་རྫས་སོགས། །ཞལ་མཇལ་གསུང་ཐོས་གཏམ་གྱིས་འབྲེལ་བ་ཚུན། །པདྨ་འོད་དུ་འཁྲིད་ལ་གསོལ་བ་འདེབས། །སྐྱེས་ཆེན་རྒྱལ་བློན་དྲྭ་མའི་ཚོགས་རྣམས་ཀྱིས། །ཞབས་ལ་བཏུད་ཀྱང་ཁེངས་དྲེགས་མི་མངའ་ཞིང་། །ཆོས་བརྒྱད་རོ་སྙོམས་ཐ་མལ་སྦས་ཚུལ་གྱི། །བརྟུལ་ཞུགས་ཁོ་ན་སྐྱོང་ལ་གསོལ་བ་འདེབས། །ཞིང་ཁམས་བསྒྲོད་དང་བླ་མ་ལྷས་རྗེས་བཟུང་། །མཁའ་འགྲོའི་ལུང་བསྟན་དག་སྣང་འབྱམས་ཀླས་གཟིགས། །དེ་ལྟ་ནའང་གསང་བ་བསྲུངས་ལ་དགྱེས། །བདག་བསྟོད་མཆོག་འཛིན་སྤངས་ལ་གསོལ་བ་འདེབས། །དུས་བབས་དགོངས་གཏེར་མཁའ་འགྲོའི་སྙིང་ཁྲག་བཅུད། །འདུས་གསལ་སྙིང་པོ་གང་འབྲེལ་འཚེང་བའི་ཆོས། །གཏན་ལ་ཕབ་ཅིང་ལས་ཅན་བུ་ལ་བསྩལ། །གཏེར་བྱིན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །བླ་རྫོགས་ཐུགས་གསུམ་བཀའ་དགོངས་ཕུར་པ་སོགས། །གཏེར་རྙིང་དུ་མ་འཁྲུགས་བསྡེབས་གབ་ཕྱུངས་ནས། །ཀུན་གྱི་འཇུག་བདེའི་ཆོག་ཁྲིགས་མན་ངག་གིས། །གསང་བསྟན་གསལ་བར་མཛད་ལ་གསོལ་བ་འདེབས། །མདོར་ན་མཁྱེན་བརྩེ་ནུས་པའི་དཔལ་འབར་བས། །སྲིད་ན་རྩོད་མེད་འགྲན་བྲལ་སྤྲུལ་པའི་སྐུར། །ཡོངས་སུ་གྲགས་པ་དོན་ལྡན་མགོན་ཁྱོད་ཀྱི། །གསང་གསུམ་ཡོན་ཏན་དྲན་པས་གསོལ་བ་འདེབས། །མ་འོངས་ཀླ་ཀློའི་དཔུང་འཇོམས་རིགས་ལྡན་སྐུར། །བཞེངས་ནས་འབྲས་བུའི་བསྟན་པ་སྤེལ་བའི་མཐར། །རྣམ་འདྲེན་སྟོང་རྩའི་ཕྲིན་ལས་དང་མཉམ་པའི། །སངས་རྒྱས་མོས་པར་གྱུར་ལ་གསོལ་བ་འདེབས། །མཚུངས་མེད་རྗེ་བཙུན་བླ་མའི་རྣམ་པར་ཐར། །རྗེས་སུ་དྲན་པས་གསོལ་བ་བཏབ་པའི་མཐུས། །སྐྱེ་ཞིང་སྐྱེ་བར་ཁྱེད་ཞབས་འབྲལ་མེད་བསྙེན། །དོན་བརྒྱུད་དགོངས་པ་སྙིང་ལ་འཕོ་བར་ཤོག །མཐའ་བྲལ་རིག་སྟོང་གཉུག་མའི་ལྟ་བ་རྟོགས། །འོད་གསལ་ཁོར་ཡུག་བསྒོམ་པ་ཚད་དུ་འཁྱོལ། །སྐྱེས་གྲོལ་སྤྱོད་པས་བོགས་དབྱུང་གདིང་འཆོས་ནས། །ཚེ་གཅིག་ཡེ་ཤེས་བླ་མར་སངས་རྒྱས་ཤོག །ཅེས་པའང་རྡོ་རྗེའི་མཆེད་དམ་པ་རིག་བཟང་རྡོ་རྗེས་ནན་བསྐུལ་མ་ལྡོག་པར་གར་སྐྱིད་སྤང་པོ་སྙོམས་ལས་ཀྱིས་འདའ་བ་སངས་རྒྱས་རྡོ་རྗེས་བླ་མའི་ཡོན་ཏན་རང་ཉིད་ཀྱིས་གང་མཐོང་ཚད་དང་གཏེར་ལུང་སྔ་ཕྱིར་ཁུངས་བྱས་ནས་མགྲོན་བུའི་རྣ་རྒྱན་ཅན་གྱི་ཚུལ་ལས་གཞན་དུ་བགྱིས་ཏེ་དབུས་འགྱུར་ར་ས་འཕྲུལ་སྣང་གི་ཉེ་འདབ་གྲུབ་ཐོབ་ཆེན་པོ་ཐང་སྟོང་པའི་གདན་ས་དཔལ་ལྕགས་པོ་རིའི་མགུལ་དུ་སྦྱར་བ་འདི་དགེ་ལེགས་འཕེལ། སརྦ་མངྒ་ལཾ། །


༄༅། །གཞན་ཡང་གདུལ་བྱའི་ཁམས་དབང་བསམ་པ་དང་། །སྐལ་པའི་ཁྱད་པར་བདག་དང་རྗེས་མཐུན་པར། །གང་ལ་གང་འདུལ་དེ་དང་དེར་སྣང་བའི། །རྣམ་འགྱུར་ཕ་མཐའ་ཡས་ལ་གསོལ་བ་འདེབས། །དེ་ལྟར་སྒྲོན་མའི་བསྐལ་པ་བཟང་པོ་འདིར་སྔོན་བྱུང་འདས་པའི་དུས་སུ་ཞིང་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བ་ན་གདོད་མའི་མགོན་པོའི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནུས་ལྡན་རྡོ་རྗེ་འཆང་བྱོན་པ་ལས་བརྩམས་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་པའི་སྤྲུལ་པའི་དགྲ་བཅོམ་ཤཱ་རིའི་བུ་དང་། གྲོང་ཁྱེར་གསེར་གྱི་བྲེ་ན་བྱུང་བའི་དགེ་སློང་མཁས་པ་གྲུབ་པ་ཆེན་པོའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་པ་བྲམ་ཟེ་ཆེན་པོ་ས་ར་ཧ། བལ་ཡུལ་ཡམ་བུའི་ཡུལ་དུ་བྱོན་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར། རྒྱ་གར་གྱི་པཎ་གྲུབ་བོད་ཀྱི་ཡུལ་དུ་རང་གི་མ་ཉི་ཚེ་བའི་དམྱལ་བར་སྐྱེས་པ་འདྲེན་པའི་སླད་དུ་བྱོན་པ་ཇོ་བོ་སྨྲྀ་ཏི་ཛྙཱ་ན། བོད་ཡུལ་ནུབ་ཕྱོགས་གཙང་སྨད་སྣར་ལུང་རོང་དུ་བྱོན་པ་རོང་ཟོམ་པཎྜི་ཏ་ཆེན་པོ་ཆོས་ཀྱི་བཟང་པོ།མདོ་ཁམས་འབྲི་རྫ་སྒང་གི་སའི་ཆར་བྱོན་པ་ཀཿ ཐོག་པ་དམ་བདེ་གཤེགས། གཙང་ཉང་སྟོད་ཁུལ་དུ་བྱོན་པ་དཔལ་ལྡན་གླིང་རྗེ་རས་པ། དཔལ་ལྡན་ས་སྐྱ་པའི་བསྟན་བདག་འགྲོ་མགོན་ཆོས་རྒྱལ་འཕགས་པ། ལྷོ་སྨོན་སྤ་གྲོའི་ཡུལ་དུ་བྱོན་པ་གྲུམ་གྱི་མཁར་ནག་པ། མདོ་སྨད་ས་ངན་གྱི་ཡུལ་བྲག་དཀར་དུ་བྱོན་པ་ཧེ་པ་ཆོས་བྱུང་། མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་ཁབ་དང་ཉེ་བའི་སའི་ཆར་བྱོན་པ་རིག་འཛིན་བདུད་འདུལ་རྡོ་རྗེ། རིག་འཛིན་བདུད་འདུལ་རྡོ་རྗའི་སྐུ་སྐྱེ་དེ་མ་ཐག་པ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན། མདོ་ཁམས་འབའ་ཡུལ་དུ་བྱོན་པ་བདུད་འདུལ་རོལ་པ་རྩལ། མདོ་ཁམས་མེ་ཉག་ར་བ་སྒང་གི་སའི་ཐིག་ལེ་ཝ་ཞབས་སེང་གེ་བྲག་དཀར་རམ་འདྲ་ལྕགས་ཁུང་དུ་བྱོན་པ་ཁྲག་འཐུང་བདུད་འཇོམས་གླིང་པ། གངས་ཅན་བོད་ཀྱི་ཤར་ཕྱོགས་སྦས་ཡུལ་རྒྱལ་པོ་གསུམ་གྱི་ཡ་གྱལ་པདྨ་རྣམ་པར་བཀོད་པའི་གནས་སུ་བྱོན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཛམ་གླིང་ཡུལ་དྲུག་གི་ནང་ཚན་བྱང་ཕྱོགས་ཤམྦྷ་ལ་རུ་བྱོན་པར་འགྱུར་བ་རིགས་ལྡན་རྒྱལ་པོ་ལྕགས་འཁོར་ཅན། བསྐལ་པ་མཛེས་པར་སྣང་བ་ལ་ཞིང་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་དུ་བྱོན་པར་འགྱུར་བ་བདེ་གཤེགས་མོས་པ་མཐའ་ཡས་ལ་སོགས་མདོར་ན་འདས་པའི་དུས་སུ་རྒྱ་གར་འཕགས་པའི་ཡུལ་དང་། གངས་ཅན་བོད་ཀྱི་ཡུལ་དུ་ངོ་མཚར་རྨད་དུ་བྱུང་བའི་སྤྲུལ་པའི་སྐུ་ཡི་སྐྱེས་པ་རབས་ཀྱི་ཕྲེང་བ་ཚར་དུ་དངར་བ་དུ་མ་བྱོན་པ་ཙམ་དུ་མ་ཟད་གཞ༵ན་ཡ༵ང་ཇི་སྐད་དུ། རྒྱ་མཚོའི་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བ་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་གསུངས་པ་ལྟར། གདུལ༵་བྱའི༵་ཁམས་དེ་དག་བསྡུ་ན་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཀྱི་ཁམས་ཏེ་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་འབྲས་བུ་ཁ༵མས་གསུམ་དུ་སྐྱེ་བའི་འགྲོ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་དབང་པོ་དང་། འཕགས་པའི་གང་ཟག་གི་རྒྱུད་ཀྱིས་བསྡུས་པའི་རྣམ་བྱང་གི་དབ༵ང་པོ་དང་། སེམས་ཅན་རང་རང་གི་སེམས་ཀྱི་བས༵མ་པ༵་སྣ་ཚོགས་པ་ད༵ང་། གང་ཞིག་འགྲོ་བ་གཞན་དང་ཐུན་མོང་སྤྱོད་ཡུལ་དུ་གྱུར་པའམ་ཐུན་མོང་མིན་པའི་གནས་དང་ལོངས་སྤྱོད་ལ་སོགས་པ་འགྲོ་བ་རང་རང་གི་སྐལ༵་པ༵འི་ཁྱད༵་པ༵ར་དག༵་ད༵ང་རྗེ༵ས་སུ་མཐུ༵ན་པ༵ར་གདུལ་བྱ་གང༵་ལ༵་འདུལ་བྱེད་ཀྱི་ཐབས་གང༵་ཞིག་གིས་འདུ༵ལ་བ་དེ༵་ད༵ང་དེ༵ར་སྣང༵་བ༵འི་སྐུ་ཡི་རྣམ་པ། གསུང་གི་ཆོས། ཐུགས་ཀྱི་བརྩེ་བ་སྟེ་སྐུ་གསུང་ཐུགས་ཀྱི་རྣམ༵་འགྱུར༵་འདི་ཙམ་མོ་ཞེས་ཕ༵་རོལ་གྱི་མཐ༵འ་ལ་ཐུག་པ་མེད་པས་བྱིས་པ་སོ་སོའི་སྐྱེ་བོའི་བསམ་པ་ལས་ཡ༵ས་པའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་མངའ་བ་སྟེ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །ཇི་སྐད་དུ། ཡོན་ཏན་མཛོད་ལས། དེ་ལས་ཡང་སྤྲུལ་རྣམ་པ་བརྗོད་མི་ལང་། །འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། །ལྷ་རྣམས་གདུལ་བྱེད་ཚངས་དབང་བདེ་འབྱུང་སོགས། །མི་ལ་ཉན་རང་བྱང་སེམས་འཁོར་ལོས་སྒྱུར། །དེ་བཞིན་ལྷ་མ་ཡིན་ལ་ཐགས་བཟང་རིས། །བྱ་ལ་ཤིང་རྟ་མོ་དང་རི་དྭགས་ཕྱིར། །སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་སོགས། །མདོར་ན་དམྱལ་བ་ཡི་དྭགས་གང་དང་གང་། །འདུལ་བྱེད་དེ་དང་དེ་འདྲའི་གཟུགས་སྤྲུལ་ནས། །སེམས་ཅན་དོན་ལ་ནམ་ཡང་གཡེལ་བ་མེད། །འདི་ནི་འཇིག་རྟེན་དྲུག་གི་ཞིང་རྣམས་སུ། །ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱི། །གནས་རིགས་བདེ་སྡུག་མཐོ་དམན་ལྟར་སྣང་བའི། །རང་སྣང་མཐུན་པའི་སྟོན་པས་དོན་མཛད་ཅིང་། །ཆོས་ཀྱང་མ་ངེས་གདུལ་བྱའི་བློ་རྟོག་ལྟར། །གང་ཞིག་རྨི་ལམ་ནང་དུ་སངས་རྒྱས་མཐོང་། །རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་ཡང་། །ངོ་བོ་ཉིད་མེད་རང་བཞིན་མ་གྲུབ་ལ། །བདག་མེད་སྟོང་པ་གསོག་ཏུ་རིག་བྱ་ཞེས། །ཟབ་མོའི་མདོ་སྡེ་དག་ལས་གསུངས་པས་ན། །འཁོར་འདས་རྨི་ལམ་ལྟ་བུའི་རོལ་པ་ལ། །སྣང་བའི་སངས་རྒྱས་ངོ་བོ་དག་ནའང་། །སྤྲུལ་པ་གདུལ་བྱ་ཉིད་ལྟར་སྣང་བའི་ཕྱིར། །མ་དག་ཐུགས་རྗེས་རོལ་པའི་སྤྲུལ་པ་ཡང་། །ཇི་སྲིད་འཁོར་བའི་རྗེས་འགྲོ་རྒྱུན་མི་ཆད། །དེ་ཉིད་ངང་ནས་སྣ་ཚོགས་སྤྲུལ་པ་ནི། །རང་བཞིན་བྱོན་དང་འདུ་བྱེད་ལས་བྱུང་བ། །འབུར་དུ་བྱས་དང་རིས་སུ་བྲིས་པ་དང་། །གནྡྷོ་ལ་དང་ཁང་བཟང་སྐྱེད་མོས་ཚལ། །མྱ་ངམ་ཐང་ལ་སྤྲུལ་པའི་གྲོང་ཁྱེར་དང་། །པདྨ་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །གྲུ་གཟིངས་ཟམ་པ་ཤིང་རྟ་ཟས་གོས་སོགས། །སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་དང་། །སྐྱེ་བོ་མུ་གེའི་ཚེ་ན་ཉ་བོ་ཆེ། །མི་གཙང་འདམ་དུ་གསེར་གྱི་བུང་བ་སོགས། །སྤྲུལ་པ་སྣ་ཚོགས་རྣམ་ཀུན་བདེ་བའི་གཞིར། །རྟོག་པ་མེད་ཅིང་གཡོ་བ་མེད་པ་ལྟས། །དོན་ཆེན་གྱི་ནི་དཔལ་དུ་ཉེ་བར་གནས། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ལེའུ་གསུམ་པ་ལས། བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང་། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཞེས་ཇི་ལྟར་གསུངས་པ་བཞིན་དོན་ལ་ཡང་དག་པར་གནས་པ་ཁོ་ནའོ། །


༄༅། །ནམ་ཞིག་ཐུབ་བསྟན་ཀླ་ཀློས་སྐབས་བཙལ་ཚེ། །ཤམྦྷ་ལ་རུ་རྡོ་རྗེ་རྣོན་པོ་ཞེས། །རིགས་ལྡན་རྒྱལ་པོའི་སྲིད་པ་ཉེར་བཟུང་སྟེ། །མཐའ་དམག་གཞོམ་པར་མཛད་དེར་གསོལ་བ་འདེབས། །ནམ༵་ཞིག༵་འགྲོ་བའི་བསོད་ནམས་ཀྱི་རེ་ཁ་རིམ་བཞིན་བྲི་བར་གྱུར་པ་ན་སྲིད་པའི་ཁམས་ན་ཕན་པ་དང་བདེ་བའི་གསོས་སྨན་འབའ་ཞིག་ཏུ་གྱུར་པ་མཉམ་མེད་ཐུབ༵་པའི་དབང་པོའི་བསྟན༵་པ་ལ་ལས་ཀྱི་མཐའ་དང་སྨོན་ལམ་ལོག་པའི་བདུད་དང་དམ་སྲིད་རྣམས་ཡུལ་མཐའ་འཁོབ་ཏུ་སྐྱེས་ཤིང་། རྣམ་པ་མི་ཡི་གཟུགས་ལ་ཤེས་རྒྱུད་ནགས་ཀྱི་མི་རྒོད་བཞིན་དུ་རེངས་ལ་གདུག་རྩུབ་ཆེ་བ། ལུགས་གཉིས་ཀྱི་ཁྲིམས་སྲོལ་བཟང་པོའི་དམ་འོག་ཏུ་མ་ཆུད་པའི་ཀླ་ཀློ་སྤྱི་དང་། ཁྱད་པར་ཚེ་སྔོན་ལས་ངན་ཚབ་ཆེན་བསགས་པའི་བག་ཆགས་འཐུག་པོས་འཚེ་བ་ཆོས་སུ་འདོད་པའི་གྲུབ་པའི་མཐའ་ལ་ཤིན་ཏུ་ཞེན་ཅིང་ཆགས་ཏེ་རང་གཞན་གྱི་ཚེ༷་སྲོག་བསྟུངས་པའི་བྱ་བ་རླངས་པོར་སྤྱོད་པ་ལ་མཆོད་སྦྱིན་ཆེན་པོར་རློམས་ཏེ་རྟག་ཏུ་དགའ་བཞིན་སྤྲོ་བཞིན་དུ་འཇུག་པ་སྦྲང་རྩིའི་བློ་གྲོས་ཀྱི་རྗེས་སུ་འབྲངས་པའི་ཀླ༵་ཀློས༵་སྐབ༵ས་བཙ༵ལ་བ་སྟེ་ཐོ་བརྩམས་པའི་ཚེ་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གང་དུ་དཔལ་ལྡན་འབྲས་དཀར་སྤུངས་པ་དང་འདྲ་བའི་མཆོད་སྡོང་ཆེན་པོ་བཞུགས་པའི་གནས་སུ་ཆོས་རྒྱལ་ཟླ་བ་བཟང་པོ་ལ་གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་བདེ་འབྱུང་འཛིན་པའམ་ཤ༵མྦྷ༵་ལ༵་རུ༵་རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་དཔལ་དབྱངས་དངོས་མཚན་གྱི་རྣམ་གྲངས་གཞན་དུ་རྡོ༵་རྗེ༵་རྣོ༵ན་པོ༵་ཞེ༵ས་གྲགས་པ་སྟེ། དེའི་རྣམ་པར་འཕྲུལ་པ་ཆོས་རྒྱལ་ཟླ་བ་བཟང་པོས་ཐོག་དྲངས་པའི་རི༷གས་ལྡ༷ན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་སྙིང་རྗེ་ཁྲོས་པའི་གཡུལ་ལ་དགྱེས་པའི་ཆོས་ཀྱི་རྒྱལ༵་པོ༵འི་སྲིད༵་པ༵་ཉེར༵་བར་བཟུང༵་སྟེ༵་ཆོས་དར་བའི་ཡུལ་དབུས་སྒྲོན་མའི་ཞིང་དུ་མ་སྐྱེས་པའི་མཐ༵འ་འཁོབ་ཀྱི་སྡིག་ཏོ་ཅན་སྲིན་པོ་མི་ཡི་གཟུགས་སུ་བརྫུས་ཏེ་ཆས་པའི་དམ༵ག་གི་དཔུང་རྣམས་ཉི་མའི་ཚ་ཟེར་གྱིས་བ་མོ་ལ་བྱ་བ་བྱེད་པ་བཞིན་དུ་གཞོ༵མ་པ༵ར་མཛ༵ད་པ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དེ་ཡང་འཛམ་བུའི་གླིང་ལ་ཡུལ་དྲུག་ཏུ་གྲགས་པའི་ནང་ཚན་བྱང་ཕྱོགས་སུ་ཤམྦྷ་ལ་སྟེ་བདེ་འབྱུང་འཛིན་པ་ཞེས་ཡུལ་གྱི་བཀོད་པ་ཁྱད་པར་འཕགས་པ་དེར། ས་བཅུའི་སེམས་དཔའ་ཆེན་པོ་རྣམས་རྒྱལ་པོའི་ཚུལ་འཛིན་པ་བརྒྱུད་མར་བྱོན་པ་ལས་ཐོག་མའི་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་ལ་བཅོམ་ལྡན་འདས་ཉིད་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་པས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་གསུངས། དེ་ནས་རྒྱལ་པོ་བདུན་འདས་པའི་གདན་རབས་བརྒྱད་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ཉིད་རིགས་ལྡན་འཇམ་དཔལ་གྲགས་པའི་རྣམ་པར་བྱོན་ནས། ཡུལ་དེའི་བྲམ་ཟེ་རིག་བྱེད་པའི་གཞུང་སྨྲ་བ་སོགས་རིག་པ་སྣ་ཚོགས་ཀྱི་བརྟུལ་ཞུགས་འཛིན་པ་ཐམས་ཅད་ལ་བླ་མེད་རྡོ་རྗེ་ཐེག་པའི་དབང་བསྐུར་བྱིན་ཏེ་ཐེག་པ་མཆོག་གི་རིགས་གཅིག་ཏུ་བྱས་པས་རྒྱལ་པོ་དེའི་རིང་ནས་རིགས་ལྡན་ཞེས་པའི་མཚན་ཆགས་པ་སྟེ། དཔེར་ན་རིགས་ལྡན་པདྨ་དཀར་པོ། རིགས་ལྡན་བཟང་པོ། རིགས་ལྡན་རྣམ་པར་རྒྱལ་བ། རིགས་ལྡན་བཤེས་གཉེན་བཟང་པོ། རིགས་ལྡན་རིན་ཆེན་ཕྱག རིགས་ལྡན་ཁྱབ་འཇུག་སྦས་པ། རིགས་ལྡན་ཉི་མ་གྲགས། རིགས་ལྡན་ཤིན་ཏུ་བཟང་། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ། རིགས་ལྡན་རྒྱལ་དཀའ། རིགས་ལྡན་ཉི་མ། རིགས་ལྡན་སྣ་ཚོགས་གཟུགས། རིགས་ལྡན་ཟླ་བའི་འོད། རིགས་ལྡན་མཐའ་ཡས། རིགས་ལྡན་ས་སྐྱོང་། རིགས་ལྡན་དཔལ་སྐྱོང་། རིགས་ལྡན་སེངྒེ།རིགས་ལྡན་རྣམ་གནོན། རིགས་ལྡན་སྟོབས་པོ་ཆེ། རིགས་ལྡན་མ་འགགས་པ། རིགས་ལྡན་མི་ཡི་སེངྒེ། རིགས་ལྡན་དབང་ཕྱུག་ཆེ། རིགས་ལྡན་མཐའ་ཡས་རྣམ་རྒྱལ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་ཞེས་གྲགས་པ་ལྟར་རོ། །རིགས་ལྡན་གྲགས་པ་དེ་ལ་སྟོན་པས་རྩ་བའི་རྒྱུད་ཀྱི་དོན་བསྡུས་པ་བསྡུས་རྒྱུད་ལེའུ་ལྔ་པ་གསུངས་པ་ཡིན་ཏེ། བསྡུས་པའི་རྒྱུད་ཆེན་པོ་ལས།དཔལ་ལྡན་ཤཱཀྱའི་རིགས་ལ་རབ་གསལ་མི་ཡི་བདག་པོ་བདུན་ཏེ་བརྒྱད་པ་གྲགས་པ་ཡང་། །འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་ཡི་མཆོག་གིས་བཏུད་པ་རྡོ་རྗེའི་རིགས་ཀྱི་རིགས་ལྡན་ཏེ། །རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པའི་རིགས་རྣམས་དག་ནི་རིགས་གཅིག་དག་ཏུ་བྱེད་པར་འགྱུར། །ཡང་དག་ཐེག་པར་མངོན་འཛེགས་ལྷ་མིན་རིགས་ལ་འཇིགས་སྟེར་དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ས་ལ་དུས་ཀྱི་འཁོར་ལོ་རབ་ཏུ་གསལ་བར་བྱེད་པར་གྱུར། །ཞེས་དང་།རྒྱུད་དེའི་ཡེ་ཤེས་ལེའུ་ལས། ཆོས་ཀྱི་རྒྱལ་པོ་གྲགས་པས་བྲམ་ཟེ་ཉི་མའི་ཤིང་རྟ་ལ་གསུངས་པ། དེ་ལྟར་འཇིག་རྟེན་དབང་ཕྱུག་བདག་ནི་སྲིད་པ་གསུམ་གྱི་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ། །སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་ལྷ་གཞན་དག་ནི་ནམ་ཡང་མ་ཡིན་ནོ། །ཞེས་དང་བྲམ་ཟེ་ཉི་མའི་ཤིང་རྟས་བསྟོད་པ། ཁྱོད་ནི་རྒན་ཡང་གཞོན་ནུ་མཐའ་དག་རྒྱལ་བའི་སྲས་པོ་ཡིན་ཡང་ཐོག་མར་དང་པོའི་སངས་རྒྱས་ཁྱོད། །བུད་མེད་སྦྱོར་ཞིང་ཚངས་པར་སྤྱོད་ལྡན་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། །ཁྱོད་ནི་ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །ཁྱོད་ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་དོན་དུ་གྲགས་པ་ཁྱོད་ནི་རབ་ཏུ་འཇུག །ཅེས་གསུངས་པ་བཞིན་ནོ། །རྒྱལ་པོ་འཇམ་དཔལ་གྲགས་པ་དེ་ཉིད་ཀྱི་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོས་བསྡུས་པའི་རྒྱུད་ལ་འགྲེལ་ཆེན་དྲི་མ་མེད་པའི་འོད་མཛད། རྒྱལ་པོ་ཟླ་བ་བཟང་པོ་ནས་བརྩིས་པའི་གདན་རབས་སུམ་ཅུ་རྩ་གཉིས་པ་དང་། རིགས་ལྡན་གྲགས་པ་ནས་བརྩིས་པའི་གདན་ར་བས་ཉེར་ལྔ་པ་ལ་སླར་ཡང་རྗེ་བཙུན་འཇམ་དཔལ་དབྱངས་དངོས་རྒྱལ་པོ་གྲགས་པ་ཉིད་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་རྣམ་པར་བཞེངས་ནས་ཀླ་ཀློའི་ཕྱོགས་འཇོམས་པར་འགྱུར་བ་ཡིན་ཏེ། བསྡུས་པའི་རྒྱུད་ཀྱི་འཇིག་རྟེན་ལེའུ་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར། །ཞེས་དང་། དེ་ཡི་དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲངས་པ་དག་གི་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། །དམ་པ་རྣམས་ལ་ཞི་བའི་གཟུགས་ཏེ་བདེ་སྟེར་ཞེས་པ་དེ་བཞིན་ཀླ་ཀློའི་རིགས་ལ་མཐར་བྱེད་ཉིད། །རྡོ་ཡི་རྟ་བཅིབས་འཁོར་ལོ་ཅན་ནི་ཕྱག་ན་མདུང་ཐུང་མཐའ་དག་དགྲ་ལ་སྣུན་བྱེད་ཉི་མའི་གཟི། །ཞེས་གསུངས་ཤིང་། རིགས་ལྡན་དྲག་པོ་དམག་གི་དཔུང་རྒྱ་ཆེན་པོ་དང་ལྷ་ཆེན་པོ་བཅུ་གཉིས་ཀྱི་དཔུང་གྲོགས་བཅས་ཏེ་ཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་འཁྲུགས་པ་དྲག་པོའི་ཚུལ་གྱིས་ཀླ་ཀློའི་ཕྱོགས་མ་ལུས་པ་བཅོམ་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་རྡོ་རྗེའི་ཐེག་པ་གསལ་བར་མཛད། སྲས་ཚངས་པ་ཤམ་བྷ་ལའི་རྒྱལ་ས་དང་། དབང་པོ་ཛམ་གླིང་གཞན་གྱི་རྒྱལ་པོར་བཀོད་ནས་དམ་པའི་ཆོས་འཕེལ་བར་མཛད་པས་མི་རྣམས་ཀྱི་ཚེ་དང་བདེ་བ་གོང་དུ་འཕེལ་ཞིང་། རིགས་ལྡན་ཉིད་ཤམ་བྷ་ལའི་ཕོ་བྲང་དུ་ཕྱིན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའི་ཚུལ་གྱིས་དེ་དུས་ཀྱི་འཁོར་རྣམས་དང་འབྲེལ་བ་ཐོགས་པ་དང་བཅས་པ་ཐམས་ཅད་བདེ་བའི་གནས་སུ་འགྲོ་བར་འགྱུར་ཏེ། ལུང་སྔ་མ་ལས། དཔུང་ནི་ཐམས་ཅད་བདག་གིས་གཡུལ་དུ་ཀླ་ཀློ་བཅོམ་ནས་ཁྱབ་འཇུག་དྲག་པོ་དང་བཅས་རིགས་ལྡན་ནི། །ཀེ་ལཱ་ཤ་ཡི་རི་བོ་ལྷ་ཡིས་བཀོད་པའི་གྲོང་ཁྱེར་གང་དུ་འཁོར་ལོ་ཅན་དག་གནས་པར་འགྲོ། །དེ་ཡི་དུས་སུ་འཛིན་མ་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་དང་འདོད་པ་ནོར་རྣམས་རྫོགས། །འབྲུ་རྣམས་དགོན་པར་སྐྱེ་བ་དང་ནི་ཤིང་རྣམས་འབྲས་བུ་བརྟན་པོས་དུད་པ་དེ་དག་འབྱུང་བར་འགྱུར། །ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་ན། །རིགས་ལྡན་གྲུབ་པར་འགྱུར་ཏེ་ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལཱ་ཤ་ཡི་རྒྱབ་ཏུའོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །


༄༅། །མ་འོངས་བསྐལ་བཟང་འདྲེན་པ་ཡོངས་ཀྱི་མཐར། །བདེ་གཤེགས་མོས་པ་འོད་མཐའ་ཡས་པའི་སྐུར། །བཞེངས་ནས་ཚད་མེད་འདུལ་བ་རྣམ་པ་བཞིས། །འགྲོ་ཁམས་དོང་ནས་སྤྲུགས་ལ་གསོལ་བ་འདེབས། །རྣམ་འདྲེན་དང་པོ་སངས་རྒྱས་འཁོར་བ་འཇིག་དང་། གཉིས་པ་གསེར་ཐུབ། གསུམ་པ་འོད་སྲུང་སྟེ་འདས་པའི་སངས་རྒྱས་རྣམས་དང་། ད་ལྟར་གྱི་སངས་རྒྱས་བདག་ཅག་སྙིགས་མ་ལྔ་བདོའི་འགྲོ་བའི་སྐྱབས་དང་སྐྱོབ་པ་རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། འདིའི་བསྟན་པའི་རྗེས་སུ་མི་ཕམ་མགོན་པོ་རྒྱལ་བ་བྱམས་པའམ་མ་བྱོན་སངས་རྒྱས་མཻ་ཏྲི་ཡ་ལ་སོགས་རིམ་བཞིན་བྱོན་པ་བསྐལ་པ་བཟང་པོའི་མདོ་ལས་ཇི་སྐད་ལུང་དུ་བསྟན་པ་བཞིན་མ༵་འོ༵ངས་བསྐ༵ལ་བཟ༵ང་འགྲོ་བའི་འདྲེན༵་པ༵་ཡོ༵ངས་ཀྱི༵་མཐ༵ར་ཐེག་པ་ཆེན་པོའི་གཞུང་ལས་ཇི་སྐད་བསྟན་པ་བཞིན་སེམས་ཅན་གྱི་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུ་སྟོང་པ་ཉིད་ཀྱིས་ཁྱབ་པ་དང་། གནས་སྐབས་གློ་བུར་དྲི་མའི་སྦུབས་སུ་འཐུམས་པའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་ངོ་བོ་དང་། སྒྲིབ་གཉིས་དག་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་ལ་ཆོས་ཉིད་རང་གི་ངོས་ནས་གཞལ་ན་བཟང་ངན་མཐོ་དམན་ཆེ་ཆུང་སོགས་ཀྱི་ཁྱད་པར་ནམ་ཡང་དབྱེར་མེད་ཅིང་། སེམས་ཅན་རྣམས་སངས་རྒྱས་འབྱུང་རུང་གི་རིགས་སུ་གྱུར་པ་སྟེ་རྒྱུ་མཚན་གསུམ་གྱི་སྒོ་ནས་རྒྱུ་བདེ་བར་གཤེགས་པའི་སྙིང་པོར་གྲུབ་པ་དང་། དེ་ལ་བརྟེན་ནས་ལམ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་དགེ་བ་འབའ་ཞིག་ལ་གཞོལ་བས་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བརྟེན་ཅིང་། དེ་ལས་འབྲས་བུ་སུ་ག་ཏ་སྟེ་སྔོན་གྱི་རྒྱལ་བ་རྣམས་བདེ་བ་ནས་བདེ༵་བར་ཇི་ལྟར་གཤེ༵གས་པ་བཞིན་དུ་གཤེགས་ཤིང་། སྔར་སློབ་པ་ལམ་གྱི་སྐབས་སུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སྐབས་ན་སྨོན་པ་ཚད་མེད་བཞི་ལ་བློ་ཇི་ལྟར་སྦྱངས་པ་བཞིན་དུ་སེམས་ཅན་གྲངས་ཀྱིས་ཚད་བཟུང་མེད་པ་ལ་དམིགས་ནས་སངས་རྒྱས་གཞན་ཐམས་ཅད་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་འཁོར་དང་ཞིང་ཁམས་ཀྱི་བཀོད་པའི་ཡོན་ཏན་ཐམས་ཅད་ཆུ་བོ་བྱེ་བ་ཕྲག་བརྒྱ་རྒྱ་མཚོ་ཆེན་པོ་གཅིག་ཏུ་འཁྱིལ་བ་བཞིན་དུ་བདག་ཉིད་གཅིག་གིས་ཁུར་ཆེན་པོར་བཞེས་པའི་དགོངས་པའམ་མོ༵ས་པ༵་འོ༵ད་སྣང་མཐ༵འ་ཡ༵ས་པ༵འི་ཞིང་འཛིན་པའི་སྐུར༵་བཞེ༵ངས་ན༵ས་སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་རྗེས་སུ་བསྟན་པས་འདུལ་བ། ཐུགས་རྣམ་མཁྱེན་རིག་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ་ཚ༵ད་མེ༵ད་པའི་འདུལ༵་བ༵་རྣམ༵་པ༵་བཞི༵ས་གདུལ་བྱ་གཞན་རྒྱུད་ཀྱིས་བསྡུས་པའི་འགྲོ༵་བའི་ཁ༵མས་རྣམས་སྡུག་བསྔལ་མཐའ་མེད་པའི་དོ༵ང་དུ་ལྷུང་བ་ན༵ས་སྤྲུ༵གས་པ་སྟེ་བསླངས་ནས་གཏན་དུ་བདེ་བའི་ས་བྱང་ཆུབ་ཀྱི་གོ་འཕང་མཆོག་ལ་འགོད་པར་མཛད་པ་དེ་ལ༵་གསོ༵ལ་བ༵་འདེ༵བས་སོ། །དཀོན་མཆོག་བརྩེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ལས་གསུངས་པ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་ལག་ན་རྡོ་རྗེ་རྡོ་རྗེ་ཐོགས་ནས་འདུག་པ་ལ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བའི་བདག་པོ་ཁྱོད་ནི་དེ་བཞིན་གཤེགས་པའི་ཞབས་འབྲིང་བ་ཉེ་བ་ན་འདུག་པ་ཡིན་པས། དེ་བཞིན་གཤེགས་པའི་གསང་བའི་གནས་ཉན་རང་གི་ཡང་ཡུལ་ལས་འདས་ན་སེམས་ཅན་ཕལ་པའི་ལྟ་ཅི་སྨྲོས་པའི་གནས་ལ་སྤོབས་པར་གྱིས་ཞེས་བསྐུལ་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་ལག་ན་རྡོ་རྗེ་ལ་དེ་ལྟར་བཤད་པར་བསྐུལ་བས་གསང་བའི་བདག་པོས་སྨྲས་པ། གང་ཚུན་ཆད་བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་དེ་ཚུན་ཆད་ཁོ་བོ་བྱང་ཆུབ་སེམས་དཔའི་ཞབས་འབྲིང་ན་འདུག་འདུག་པ་ལས། བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་མཐོང་བ་རྣམས་ཀྱི་ཕྱོགས་ཙམ་འདི་དང་འདི་ལྟ་བུའོ་ཞེས་བཤད་པས་སེམས་ཅན་ཚད་མེད་པའི་དོན་བྱས་སོ། །དེའི་ཚེ་འཁོར་གྱི་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་འདི་ལྟ་བུའི་སྤོབས་པ་དང་ལྡན་པ་གསང་བའི་བདག་པོ་འདིས་དགེ་བའི་རྩ་བ་གང་དུ་བསྐྱེད། སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས། སྨོན་ལམ་ཅི་འདྲ་བཏབ་པས་འདི་ལྟར་འགྱུར་རོ་སྙམ་པའི་བསམ་པ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ཀྱི་བསྐལ་པ་ཆེས་གྲངས་མེད་བསམ་གྱིས་མི་ཁྱབ་པ་ན་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འབྱུང་ངོ་། །དེའི་ཚེ་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཐུབ་ལ། མི་རྣམས་ཀྱང་དུས་མིན་དུ་འཆི་བ་མེད་པ་དང་། འཇིག་རྟེན་གྱི་ཁམས་དེ་ཡང་ཤིན་ཏུ་འབྱོར་ཤིང་བདེ་བ་དང་སེམས་ཅན་རྣམས་ཉོན་མོངས་ཆུང་ཞིང་ལེགས་པར་བཤད་པ་ཤེས་པའི་མཐུ་དང་ལྡན་པ་ཤ་སྟག་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དེར་མཛེས་པར་སྣང་བ་ཞེས་བའི་གླིང་བཞི་པའི་འཇིག་རྟེན་བར་མ་རབ་ཏུ་འབྱོར་པ་བདེ་བ་ཐ་གྲུ་ཡངས་པ་དེར། ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བ་རྒྱ་ཆེན་པོའི་འབྱོར་པས་བརྒྱན་པར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་གླིང་བཞི་ལ་དབང་བ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་བྱུང་ངོ་། །དེ་ལ་བུད་མེད་རིན་པོ་ཆེ་དང་འདྲ་བའི་བཙུན་མོའི་འཁོར་བདུན་འབུམ་དང་། དཔའ་ཞིང་ཡན་ལག་མཆོག་གི་གཟུགས་དང་ལྡན་པའི་བུ་སྟོང་ཡོད་པ་ཐམས་ཅད་ཀྱང་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་གོ། །དེའི་ཚེ་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་དང་ལྡན་པར་བཞུགས་ཏེ། རྒྱལ་པོ་ཡུལ་འཁོར་སྲུང་གིས་ལོ་བྱེ་བ་ཚང་བར་ཡིད་དུ་འོང་བའི་ལོངས་སྤྱོད་ཀུན་གྱིས་བསྙེན་བཀུར་བྱས་ནས། བག་ཡོད་པས་ཆོས་ཉན་ཅིང་མངོན་པར་ཤེས་པ་ལྔ་སྐྱེད་པར་བྱས་སོ། །དེའི་ཚེ་རྒྱལ་བུ་གཞོན་ནུ་དེ་དག་གིས་ཡབ་ཡུལ་འཁོར་སྲུང་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཙན་དན་སྦྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་ཡངས་ཤིང་རྒྱ་ཆེ་བ། ཆུ་ཞེང་དུ་དཔག་ཚད་བཅུ་ཡོད་པ་ལྟ་ན་སྡུག་པ་བཀོད་པས་ལེགས་པར་བརྒྱན་པ་ཙན་དན་དེའི་སྲང་ཕྱེད་ཀྱི་རིན་དུ་འཛམ་གླིང་རིལ་པོས་ཀྱང་མི་ཆོག་པ་དེ་ལྟ་བུ་བྱས་ནས། ཁང་པ་དེར་རྒྱལ་པོ་ཡུལ་འཁོར་སྲུང་དང་རྒྱལ་བུ་དེ་དག་དང་བཙུན་མོའི་འཁོར་གཡོག་དང་གཉེན་དུ་བཅས་པ་ཞུགས་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་དང་བཅས་ཏེ་སྟེང་གི་བར་སྣང་ལ་འགྲོ་བར་སྤྲུལ་ཏེ་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་བཀོད་པའི་རྒྱལ་པོ་ག་ལ་བ་དེར་སོང་ནས་ཁང་པ་བརྩེགས་པ་དེ་ས་ལ་བཞག་ཅིང་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ཏེ་ཆོས་ཉན་ཏོ། །དེ་བཞིན་གཤེགས་པས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་མགུ་བར་མཛད་ནས་རྒྱལ་པོ་དེས་རྒྱལ་སྲིད་ཐམས་ཅད་སངས་རྒྱས་ལ་ཕུལ་ལོ། །དེར་ཟླ་བ་ཉ་བའི་དུས་ཞིག་ན་རྒྱལ་པོ་ཡུལ་འཁོར་སྲུང་སྐྱེད་མོས་ཚལ་དུ་རོལ་མོའི་ཚོགས་ཀྱིས་རྩེ་ཞིང་དགའ་བར་བྱེད་པ་ན། ཆུང་མ་དམ་པ་མ་སྨད་པ་ཞེས་བྱ་བ་དང་དཔེ་མེད་མ་ཞེས་བྱ་བ་གཉིས་ཁྲུས་བྱས་ཏེ་སེང་གེའི་ཁྲི་པདྨའི་འབྱུང་གནས་བཟང་པོ་ལ་འདུག་པ་དང་། དེ་གཉིས་ཀྱི་པང་དུ་རྒྱལ་བུ་གཞོན་ནུ་མཛེས་པ་ལྟ་ན་སྡུག་པ་གཉིས་སྐྱིལ་མོ་ཀྲུང་བཅས་པར་བརྫུས་ཏེ་བྱུང་ངོ་། །དེར་སྐད་ཅིག་དེ་ལ་སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་ཀྱེ་མ་ཁྱེའུ་འདི་ནི་ཆོས་སེམས་པའོ། །འདི་ནི་ཆོས་ཀྱི་བློ་གྲོས་སོ་ཞེས་སྒྲ་བྱུང་བས་ཁྱེའུ་གཉིས་ཀྱི་མིང་དེ་ལྟར་གྱུར་ཏོ། །ཁྱེའུ་དེ་གཉིས་བྱུང་མ་ཐག་ཏུ་སྐྱིལ་ཀྲུང་མ་བཤིག་པར་ཆོས་ཀྱི་ཚིགས་བཅད་བརྗོད་ཅིང་མའི་པང་པ་ནས་བབ་སྟེ་ཡབ་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་བསྐུལ་བས་ཡབ་ཡུམ་སྲས་བཅས་སངས་རྒྱས་ཀྱི་དྲུང་དུ་སོང་སྟེ་ཆོས་ཉན་པས་སེམས་ཅན་མང་པོའི་དོན་བྱས་སོ། །དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་གིས་དབེན་པར་ཁང་པ་བརྩེགས་པའི་ནང་དུ་འདུག་ནས་བསམ་པ། བདག་གི་གཞོན་ནུ་འདི་དག་བླ་མེད་བྱང་ཆུབ་ལ་བཞུགས་པ་ཤ་སྟག་ཡིན་ན་འདི་ཐམས་ཅད་ཀྱི་ནང་ནས་ཐོག་མར་སུ་ཞིག་འཚང་རྒྱ་བ་བརྟག་སྙམ་དུ། རིན་ཆེན་སྣ་བདུན་གྱི་བུམ་པར་གཞོན་ནུ་དེ་དག་གི་མིང་བྲིས་ནས་ཞག་བདུན་དུ་མཆོད་པ་བྱས་ཤིང་བཙུན་མོ་སྲས་དང་བཅས་པའི་མདུན་དུ་ནང་གི་མིང་དེ་དག་ཕྱུངས་པ་ན། ཐོག་མར་རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་ལ་དེ་མ་ཐག་ཏུ་ས་ཆེན་པོ་གཡོས་ཤིང་སིལ་སྙན་རྣམས་མ་བཀྲོལ་བར་སྒྲ་བྱུང་སྟེ་དེ་ནི་དེ་བཞིན་གཤེགས་པ་འཁོར་བ་འཇིག་ཡིན་ནོ། །དེ་བཞིན་དུ་རྣམ་པར་རྒྱལ་བའི་སྡེ་དང་། དབང་པོ་ཞི་བ་དང་། དོན་ཐམས་ཅད་གྲུབ་པ་དང་། སྐ་རགས་ཅན་ཞེས་བྱ་བ་རྣམས་རིམ་པར་བྱུང་སྟེ། དེ་དག་ནི་གསེར་ཐུབ་དང་། འོད་སྲུང་དང་། ད་ལྟར་གྱི་སྟོན་པ་ཤཱཀྱ་ཐུབ་པ་དང་། མ་བྱོན་པའི་བྱམས་པ་རྣམས་ཡིན་ནོ། །དེ་བཞིན་དུ་མཆོག་གི་བློ་གྲོས་ཞེས་བྱ་བ་ནས་ཅོད་པན་བརྒྱན་པ་ཞེས་བྱ་བ་སྟོང་ལ་གཅིག་གིས་མ་ཚང་བའི་མིང་གི་བར་དུ་བྱུང་སྟེ། རིམ་པ་ལྟར་སངས་རྒྱས་སེང་གེ་ནས་ཡོན་ཏན་མཐའ་ཡས་གྲགས་པའི་དེ་བཞིན་གཤེགས་པའི་བར་དུ་ཡིན་ནོ། །རྒྱལ་བུ་ཐམས་ཅད་ཀྱི་ཐ་ཆུང་བློ་གྲོས་མཐའ་ཡས་ཞེས་པའི་མིང་ཀུན་གྱི་ཐ་མར་བྱུང་བ་ན་ཕུ་བོ་ཀུན་གྱིས་བདག་ཅག་གིས་སེམས་ཅན་ཐམས་ཅད་སྨིན་པར་བྱས་པས་དེའི་འོག་ཏུ་ཁྱོད་ཀྱིས་ཅི་ཞིག་བྱེད་དུ་ཡོད་ཅེས་སྨྲས་པ་དང་། ཐ་ཆུང་གིས་སྨྲས་པ། སངས་རྒྱས་ཀྱིས་ཆོས་ནམ་མཁའ་དང་འདྲ་ལ་སེམས་ཅན་ཀྱང་ཟད་པ་མེད་པས་བདག་གིས་ནི་ཁྱེད་ཀུན་གྱི་ཚེ་ཡི་ཚད་ལ་སོགས་པ་ཀུན་བསྡོམས་པའི་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་བྱེད་པར་སྨོན་ལམ་གདབ་བོ་ཞེས་སྨྲས་པ་དེ་ཡི་མོད་ལ་བར་སྣང་ལས་ལྷ་རྣམས་ཀྱི་ལེགས་སོ་ཞེས་པའི་སྒྲ་བྱུང་ངོ་། །དེ་ནི་དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བ་སངས་རྒྱས་སྟོང་གི་ཐ་མ་སྟེ། བསྐལ་པ་བཟང་པོ་འདིའི་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱི་ཚེ་ཚད་དང་དགེ་འདུན་གྱི་གྲངས་དང་མཛད་པ་ཐམས་ཅད་བསྡོམས་པ་དེ་སྙེད་ཀྱི་ཚེ་ཚད་སོགས་སུ་འགྱུར་རོ། །དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས་གཞོན་ནུ་ཆོས་སེམས་དང་ཆོས་ཀྱི་བློ་གྲོས་ལ་རིགས་ཀྱི་བུ་ཁྱེད་གཉིས་ཀྱིས་སྨོན་ལམ་ཅི་ལྟ་བུ་བཏབ་ཅེས་སྨྲས་པ། མ་སྨད་མའི་བུ་ཆོས་སེམས་པས་སྨྲས་པ། གྲོགས་པོ་བདག་ནི་ཁྱེད་ཐམས་ཅད་ཀྱི་ནང་ན་སྤྱོད་ཅིང་ལག་ན་རྡོ་རྗེར་གྱུར་ཏེ་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་ཏུ་མ་གྱུར་ལ་ཕྱི་ནང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་མོས་པ་དང་རྟོགས་པ་དེ་ལྟར་སྨོན་ལམ་འདེབས་སོ། །དཔེ་མེད་མའི་བུ་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། བདག་ནི་ཁྱེད་ཐམས་ཅད་སངས་རྒྱས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་སྨོན་ལམ་འདེབས་སོ། ཞེས་སྨྲས་སོ། །དེ་ལ་རྒྱལ་པོ་ཡུལ་འཁོར་སྲུང་ནི་སངས་རྒྱས་མར་མེ་མཛད་ཡིན་ཞིང་། བུ་སྟོང་པོ་ནི་བསྐལ་བཟང་འདིའི་སངས་རྒྱས་སྟོང་དང་། ཁྱེའུ་ཆོས་སེམས་པ་ནི་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་། ཁྱེའུ་ཆོས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་ཡིན་ནོ། །ཞེས་གསུངས་སོ། །


༄༅། །མཐར་སྨོན་ཚིག་གིས་མཇུག་བསྡུ་བ་ནི། མི་ཕྱེད་སྙིང་ནས་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཀུན་ཏུ་འཁོར་ལོའི་མགོན་ཁྱོད་ཉིད། །མི་འབྲལ་གཙུག་གི་ནོར་བུར་རྟག་བསྙེན་ནས། །གསུང་གི་བདུད་རྩིར་སྤྱོད་པའི་སྐལ་ལྡན་ཤོག །ཅེས་ཚིག་རྐང་མ་ཆགས་པདྨ་ཅན་གྱི་ས་ཡི་གྲངས་ཀྱིས་བསྟན་པ་སྟེ། དེ་ཡང་མི༵་ཕྱེ༵ད་པ་ནི་ཡིད་གཉིས་མི་ཟ་བའི་དོན་ཏེ། གསོལ་བ་སྙིང༵་གི་དཀྱིལ་ནས༵་འདེབས། །ཁ་ཙམ་ཚིག་ཙམ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ཏེ། སྲོག་གི་ཟུངས་འཛིན་པའི་དོན་སྣོད་ཀྱི་དྭངས་མ་སྙིང་སྟེ་ཙིཏྟ་ཤ་ཡི་སྒྲོན་མ་ན་གནས་པའི་ཤེས་རབ་རང་བྱུང་གི་སྒྲོན་མའི་འབྱུང་གནས་དྲི་མ་མེད་པའི་སེམས་ཀྱི་གཏིང་ནས་དང་བ་དང་། འདོད་པ་དང་། ཡིད་ཁྱེད་ཤེས་ཀྱི་དད་པ་གསུམ་གྱིས་ང་རྒྱལ་ཁེངས་དྲེགས་ཀྱི་དབང་དུ་མ་ཤོར་བར་སྒོ་གསུམ་གུས༵་པ༵ས་གསོ༵ལ་བ་བཏབ༵་པའི་མཐུ༵ས། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོའི་གོ་འཕང་མངོན་དུ་གྱུར་པའི་བར་དུ། སྐྱེ་བ་ནས་སྐྱེ་བའི་ཚེ༵་ར༵བས་ཇི་ཙམ་ལེན་དགོས་པའི་བར་ཕྱོགས་དུས་ཀུ༵ན་ཏ༵་སྤྱི་བོ་བདེ་ཆེན་འཁོ༵ར་ལོ༵འི་རྒྱན་དུ་སྐྱབས་དང་མགོ༵ན་དུ་བཞུགས་པ་ཁྱོད༵་ཉིད༵། དུས་ནམ་ཡང་མི༵་འབྲ༵ལ་བར་གཙུག༵་གི༵་ནོ༵ར་བུ༵ར་རྟག༵་ཏུ་བསྙེན༵་ནས༵།ལས་ཉོན་གྱི་ཚ་གདུང་ཡོངས་སུ་སེལ་བའི་གསུ༵ང་གི༵་ཆོས་ཀྱི་བདུ༵ད་རྩིར༵་རང་དབང་ཉིད་དུ་ལོངས་སུ་སྤྱོད༵་དུ་ཡོད་པ༵འི་སྐ༵ལ་བ་བཟང་པོ་དང་ལྡན༵་པར་ཤོག༵་ཅིག ། ༈ །ཚད་མེད་བརྩེ་ཆེན་ཐུགས་རྗེའི་གཞན་དབང་གིས། །རྗེས་བཟུང་ཐུགས་ཀྱི་སྲས་སུ་གྱུར་ནས་ཀྱང་། །གང་གི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་ནུས་པའི། །སྙིང་སྟོབས་དགེ་བའི་རིགས་སུ་སད་པར་ཤོག །སྤྲུལ་སྐུ་ཐུགས་རྗེ་ཀུན་ལ་ཁྱབ་པའི་ཚ༵ད་མེ༵ད་བརྩེ༵་བ་ཆེ༵ན་པོའི་ཐུ༵གས་རྗེ༵འི་གཞ༵ན་དབ༵ང་གི༵ས་རྗེ༵ས་སུ་བཟུང༵་བ་ནི་ཇི་སྐད་དུ། གསང་སྙིང་ལས། དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབས། །ཞེས་འབྱུང་བ་བཞིན་ཐུ༵གས་ཀྱི༵་སྲ༵ས་སུ༵་གྱུར༵་ན༵ས་ཀྱ༵ང་། མགོན་པོ་གང༵་གི༵་ཕྲི༵ན་ལ༵ས་ཕྱོ༵གས་བརྒྱར༵་སྤེ༵ལ་ན༵ས་པ༵འི་སྙིང༵་སྟོབ༵ས་གཞོན་ནུ་ནོར་བཟང་ལྟ་བུ་དགེ༵་བ༵འི་རི༵གས་སུ༵་ས༵ད་པ༵ར་ཤོ༵ག་ཅིག ། ༈ །འོག་མིན་པདྨ་འོད་ཀྱི་ཕོ་བྲང་དུ། །སྟོན་འཁོར་དགོངས་པ་དབྱེར་མེད་རོ་གཅིག་པར། །མངོན་སངས་རྒྱས་ནས་མཁའ་ཁྱབ་ཡིད་ཅན་འགྲོ། །འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག །ཅེས་སྤྱིར་གནས་ལ་སེམས་ཅན་སྤྱི་སྒོས་ཀྱི་ལས་ཀྱི་སྣང་བ་སྣ་ཚོགས་པས་ས་འོག་ས་སྟེང་། ས་བླ་སོགས་དང་། ཞིང་ལའང་ས་ལ་སྤྱོད་པ་དང་། མཁའ་ལ་སྤྱོད་པ་སོགས་ཞིང་དང་གནས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གསུངས་མོད། དོན་དུ་བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་གནས་ཀྱི་ཡོན་ཏན་ལས་ཆེས་མཆོག་ཏུ་འཕགས་པའི་ཡོན་ཏན་མངའ་བ་སངས་རྒྱས་ཀྱི་ས་ཡིས་བསྡུས་པའི་ཕྱིར་འོ༵ག་མི༵ན་གྱི་སྒྲ་ཞུགས་པ་སྟེ། དེ་ལྟ་བུའི་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་སངས་རྒྱས་རིགས་ལྔའི་སྐུ་དང་ཞིང་གི་ཡོན་ཏན་གྱི་བཀོད་པ་ཐམས་ཅད་གསུང་པདྨའི་རིགས་སུ་འདུས་པ་པ༵དྨ་འོ༵ད་ཀྱི༵་ཞིང་ཁམས་ས་དང་རྡོ་བ་ལ་སོགས་པ་བེམ་པོའི་རྫས་ལས་བསྒྲུབ་པ་མ་ཡིན་པ་འོད་དང་འོད་ལས་གྲུབ་པའི་ཞིང་ཁམས་སུ་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་ཏེ་སྐུ་གསུམ་གྱི་སྟོན་འཁོར་སྐུ་མཚན་དཔེའི་གཟི་བྱིན་གྱི་དཔལ་དུ་ལྷམ་མེ་བ། གསུང་སྒྲིབ་པ་མེད་པས་ལྷང་ངེ་བ། ཐུགས་འཁྲུལ་པ་མེད་པར་ལྷན་ནེར་བཞུགས་པ་ཚད་དང་འཛིན་པས་གཞལ་དུ་མེད་པའི་ཕོ༵་བྲ༵ང་གང་དུ༵་བཀའ་དྲིན་གསུམ་ལྡན་བདག་གི་སྟོན༵་པ་རྡོ་རྗེ་སློབ་དཔོན་གྱི་ཐུགས་དང་། སྔོན་ཚེ་ཚད་མེད་པའི་བསོད་ནམས་རྒྱ་ཆེན་པོ་བསགས་པ་ལས་ཚེ་འདིར་གང་གི་ཞབས་དྲུང་ན་འཁོ༵ར་དུ་སྐྱེས་པའི་སྐལ་ལྡན་བདག་གི་སེམས་ཆུ་ལ་ཆུ་བཞག་པ་ལྟར་དགོ༵ངས་པ༵་དབྱེ༵ར་མེ༵ད་རོ༵་གཅི༵ག་པ༵ར་གྱུར་པ་སྟེ་མངོ༵ན་པར་སང༵ས་རྒྱས༵་ནས་འབྲེལ་ཐོགས་ཀྱིས་གཙོས་པའི་མཁ༵འ་ཁྱབ༵་ཡི༵ད་ཅ༵ན་འགྲོ༵་བ་མ་ལུས་པ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་འདྲེ༵ན་པའི་དེ༵ད་དཔོ༵ན་ཆེ༵ན་པོ༵ར་བད༵ག་གྱུར༵་ཅི༵ག །དེ་ལྟར་ཕྲིན་ལས་རྒྱ་མཚོའི་རྡུལ། །ཇི་སྙེད་མཆིས་ལས་ཆ་ཤས་ཙམ། །བསྡུས་ཏེ་ལྷག་བསམ་སྲད་བུ་ཡིས། །རྣམ་ཐར་དོ་ཤལ་ཉིད་དུ་བཀོད། །སྔོན་བསགས་དགེ་བའི་ཟས་མཆོག་གིས། །དད་བརྩོན་ལང་ཚོ་རབ་དར་བའི། །སྐལ་ལྡན་དགའ་མ་མཆོག་རྣམས་ཀྱི། །མགྲིན་པའི་རྒྱན་ལ་སྒྲོན་ཕྱིར་ཡིན། །དེ་མཐུས་དགེ་ཚོགས་རྙོག་བྲལ་ཀླུང་། །རྣམ་མཁྱེན་རྒྱ་མཚོར་གཞོལ་བའི་སླད། །གཅམ་བུའི་དབུ་བ་ཙམ་མིན་པའི། །སྨོན་པའི་རླབས་ཕྲེང་འདི་ཡང་གཡོ། །གང་དག་མ་ནུའི་བུ་ཡི་གཙོ་བོ་ཀུན། །དབང་པོའི་དགྲ་ཡི་བརྟུལ་ཞུགས་མི་འཛིན་པར། །ཀུན་ལ་ཕན་པ་བསྒྲུབ་པའི་ཆབ་སྲིད་བྱུས། །སྡེ་དཔོན་བཞིན་བཟང་དམ་པའི་རྗེས་འགྲོར་ཤོག །འགྲོ་བའི་ཡིད་དབང་ཤར་གྱི་ཐིག་ལེའི་གཟུགས། །ལོག་སྨོན་མཁའ་ཡི་གླང་པོས་མ་བསྒྲིབ་པར། །རྣམ་དཀར་ཡར་ངོའི་ཕྱོགས་སུ་ཚེས་བྱས་ནས། །སྣང་ནས་སྣང་བའི་མཐའ་ལ་ཐུག་པར་སྨོན། །རྣམ་གསུམ་སྡེ་སྣོད་དྭངས་པའི་རྫིང་བུ་རུ། །ཤེས་རབ་གསུམ་གྱི་རྐྱལ་པས་འཇུག་པའི་མགྲོན། །ཚོགས་མཆོག་དགེ་འདུན་འཁོར་ལོའི་ལག་ལྡན་གྱིས། །རྒྱ་མཚོའི་གོས་ཅན་ཁྱོན་ཀུན་ཁྱབ་གྱུར་ཅིག །ཉམས་དང་རྟོགས་པའི་སྣང་གླུ་དིར་བཞིན་དུ། །ཆོས་དབྱིངས་མཁའ་ལ་འཕུར་ལྡིང་རྩེན་བྱེད་པའི། །ངེས་དོན་ཐེག་རྩེའི་རིག་འཛིན་བྷྲ་མ་རས། །གསང་བསྟན་པདྨའི་ཚལ་ཀུན་མཛེས་བྱེད་ཤོག །རིམ་དགུའི་ཐེག་པའི་རྩིབས་སྟོང་བཀྲ་བ་གསེར་གྱི་འཁོར་ལོས་མདུན་བདར་ནས། །ཚད་མེད་རྣམ་བཞིའི་ཡན་ལག་དཔུང་གིས་སྲིད་པའི་གཡུལ་ངོ་མཐར་བྱས་ཤིང་། །གསང་ཆེན་ཆོས་ཀྱི་རྒྱལ་སྲིད་འབྱོར་པས་སྐལ་བཟང་སྐྱེ་རྒུ་ཚིམས་མཛད་པ། །འཁོར་སྒྱུར་དྲིན་ཅན་བླ་མའི་ཞབས་ཟུང་ངེས་པ་ལྔ་ལྡན་ངོ་བོར་བརླིང་། །རྣམ་གསུམ་ཡོ་གའི་ཤིང་རྟ་རྣམས་ཀྱི་ཐུགས་བསྐྱེད་མ་དྲོས་མཚོ་ཆེན་ལས། །སྔོན་བྱོན་འཕགས་བོད་ལོ་པཎ་ཚོགས་ཀྱིས་ངལ་བ་བརྒྱ་ཡིས་ལེགས་དྲངས་པ། །ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མའི་བཀའ་བབ་ཆུ་བོ་རྣམ་བཞིའི་རྒྱུན། །སྐལ་བཟང་གདུལ་བྱའི་ཞིང་སའི་གསོས་སུ་ནམ་ཡང་ཉམས་པ་མེད་དར་ཤོག །ཁྱད་པར་ཟབ་གཏེར་ཕྲག་བརྒྱའི་དེད་དཔོན་རིག་འཛིན་གོང་འོག་རྣམ་གཉིས་ཀྱིས། །སྐུ་གསུམ་རིན་ཆེན་གླིང་ནས་བསྣམས་པའི་གདམས་ཟབ་ཡིད་བཞིན་དབང་གི་རྒྱལ། །སྐྱེ་རྒུའི་བསོད་ནམས་གོས་བཟང་ཏོག་ན་ལས་ཅན་དོན་མཐུན་ཚོགས་རྣམས་ཀྱིས། །བཤད་སྒྲུབ་ལས་ཀྱི་འཁོར་ལོའི་བྱ་བས་དུས་རྣམས་ཀུན་ཏུ་མཆོད་གྱུར་ཅིག །བདག་ཀྱང་དེང་བཟུང་སྐྱེ་བའི་འཕྲེང་བར་ངན་འགྲོའི་གཡང་དུ་མི་འཕྱན་པར། །ཐུབ་བསྟན་ལྷུན་པོའི་སྤོ་ན་ཆགས་པའི་ཐེག་མཆོག་རྣམ་རྒྱལ་ཁང་བཟང་དུ། །རིགས་ཀྱི་བདག་པོ་མཆོད་སྦྱིན་བརྒྱ་པས་ཆོས་མཆོག་དགའ་སྟོན་འགྱེད་པའི་སར། །མི་འབྲལ་ཚོམ་བུ་གཅིག་ཏུ་འཁོད་པའི་སྐལ་བཟང་སྣང་བས་ཉེར་འཚོ་ཤོག །ཛམ་བུའི་སྒྲ་གླིང་བུ་བསྒྱུར་བའི་ནོར་འཛིན་སྒེག་མོའི་ཕང་དུ་བསྟི་བ་བགྲང་ཡས་སྐྱེ་རྒུའི་ལུས་ཀྱི་འདུ་བ་སྙོམས་པ་མིན་པའི་གཏམ་དབེན་ཅིང་། །སྤྲིན་གྱི་མེ་ཏོག་དུས་སུ་འཐོར་ལ་ལྕུག་ཕྲན་གཞོན་ནུའི་མཛེས་པ་དངོམ་སྟེ་རྩི་སྨན་ལོ་ཏོག་གང་བུའི་མགོ་ལྕོག་རྟག་ཏུ་ལྡེམ་པ་ཉིད་དུ་མཐོང་། །སྡེ་བཞིའི་དཔལ་ལ་ཕྲག་པ་དོག་པའི་འཆིང་བ་གསུམ་གྱི་འཁྲུགས་ལོང་མཐའ་དག་དགེ་བཅུའི་ཁྲིམས་ཀྱི་དགྲ་ཆ་བཙན་པོས་མིང་གི་ལྷག་མར་ཕྱིར་བསྐྲད་དེ། །བདེ་སྐྱིད་རྫོགས་ལྡན་གསར་པའི་ཉིན་བྱེད་བསོད་ནམས་མཁའ་ལ་མགྲོན་དུ་ཁུགས་ནས་མཐོ་རིས་ཡོན་ཏན་བདུན་གྱི་དཔལ་ལ་ལོངས་སུ་སྤྱོད་པ་ཉིད་གྱུར་ཅིག །གང་ཡང་འདུས་བྱས་འཁོར་བའི་ཆོས་ཀྱི་སྨིག་རྒྱུའི་ཆུ་རིས་ཇི་ལྟར་འཁྲིགས་ཀྱང་སྐྱེ་འགྲོའི་རླུང་གི་རྫི་ཅན་མཐའ་དག་དེ་ཡི་ཕྱོགས་སུ་མ་འདྲིད་པར། །གང་དུ་སྲིད་པའི་སྐོམ་ནད་སེལ་བའི་འཕགས་ལམ་ཡན་ལག་བརྒྱད་ལྡན་བདུད་རྩི་ལྷུང་ལྷུང་འབབ་པའི་ངོགས་སུ་བརྟོལ་ནས་རང་དབང་ཉིད་དུ་སྤྱོད་བྱས་ཤིང་། །གང་ཞིག་ཞི་བསིལ་ཕུན་ཚོགས་ཡོན་ཏན་མཐའ་གྲུ་ཀུན་ནས་རབ་ཏུ་རྒྱས་པའི་ངེས་ལེགས་སྨན་ལྗོངས་དམ་པའི་དཔལ་ལྡན་རྣམ་པ་ཀུན་ཏུ་དགའ་བའི་ཞིང་། །གང་དུ་རབ་འབྱམས་རྒྱལ་རྣམས་དགོངས་པ་གཉིས་སུ་མེད་པར་འདྲེས་པའི་ས་དེར་དཀའ་བ་མེད་པར་ཕྱམ་ཅིག་བགྲོད་ནས་དུས་གསུམ་ཀུན་ཏུ་སྟན་ཅིག་ཤོག །བཀྲ་ཤིས་གང་ཞིག་གངས་ཆེན་མཚོ་ཡི་ཐུགས་ཀ་དཔ༵ལ་གྱི་བེ༵འུར་ཆགས་པའི་མི་བརྗེད་ཞིང་གི་འཛིན་མའི་ཐིག་ལེ་གསེ༵ར་ཉ༵་རོལ་པའི་མཚོ་གླིང་དུ། །ངོ་མཚར་པ༵དྨ༵་འབར་བ་ལས་འཁྲུངས་མཚན་དཔེའི་བཀྲག་ལྡན་སྐུ་ཡི་རྒྱལ༵་མཚ༵ན་མི་ཟད་ཡོན་ཏན་རྒྱ་མཚོའི་གཏེར་མངའ་བུམ༵་པ༵་བཟང་པོའི་དཔལ་འཛིན་ཅིང་། །ཕྲིན་ལས་རྣམ་བཞིའི་འཁོ༵ར་ལོ༵འི་རྩིབས་ཀྱིས་གྲོང་ཁྱེར་གསུམ་གྱི་ཐ་བ་རློག་སྟེ་ཐེག་མཆོག་ཆོས་ཀྱི་དུང༵་གི་སྒྲ་ཡིས་རྣམ་གསུམ་སྟོན་པའི་ཞིང་འགེངས་པ། །ཐོད་ཕྲེང་རྩལ་དུ་གྲགས་པའི་གདུ༵གས་དཀར་སྲིད་ཞིའི་བླ་ན་མངོན་མཐོར་འཁྱིར་བ་དེ་ཡི་ཐུགས་རྗེ་གྲིབ་བསིལ་སྣུམ་པོས་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །དེ་ལྟར་འཁྲུངས་རབ་གསོལ་འདེབས་ཀྱི་འགྲེལ་པ་རིག་འཛིན་མཁའ་འགྲོ་དགྱེས་པའི་མགུལ་རྒྱན་པདྨ་རཱ་གའི་དོ་ཤལ་ཞེས་བྱ་བ་འདི་ཡང་རིགས་བརྒྱའི་ཁྱབ་བདག་བཀའ་དྲིན་གསུམ་ལྡན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དངོས་སློབ་རང་དང་གཞོན་པའི་དུས་ནས་རྩེ་གྲོགས་དང་ཆོས་གྲོགས་སུ་གྱུར་པ་ནས་བཟུང་། རྒས་ཤིང་ཁོགས་པའི་བར་དུ་ཕན་ཚུན་ཤིན་ཏུ་བརྩེ་ཞིང་འགྲོགས་པ་སྔགས་འཆང་ཚེ་སྒྲུབ་མཐར་ཕྱིན་ནས་རིན་ཆེན་སྣ་ལྔས་གཙོས་པའི་སྔ་ཕྱིར་གནང་སྐྱེས་གྱ་ནོམ་པ་ལྷ་རེག་སྲིད་དུ་རིང་བས་སྣ་དྲངས་ཏེ་བསྐུལ་མ་གནང་བའི་ངོར་རང་ཉིད་ཐད་མཁས་པའི་ཡོན་ཏན་དང་གྲུབ་པའི་ཉམས་རྟོགས་ཀྱིས་ཕོངས་པས་འབྲི་བར་འོས་པ་མི་འདུག་ཀྱང་རྟེན་འབྲེལ་གྱི་སརྒ་མི་འཆོལ་བའི་སླད་རྒྱལ་བའི་བཀའ་དང་རྩོད་བྲལ་མཁས་པའི་བསྟན་བཅོས་ལོ་རྒྱུས་ཆོས་འབྱུང་སོགས་ལ་ཞིབ་མོའི་བློ་ཡིས་དཔྱད་ཅིང་། རང་རྒྱུད་གཟུ་ལུམ་དང་། རས་ཆོད་ལ་སོགས་མངོན་པའི་ང་རྒྱལ་གྱི་སྤྱི་བརྟོལ་མི་བསྐྱེད་པའི་བག་གཟོན་གང་ཡོང་བྱས་པའི་རིག་པའི་འགྲོས་ཀྱིས་མཚམས་སྦྱར་ཏེ། བྱང་གླིང་སྐྱེ་མེད་དབྱངས་ཀྱི་སྒྲ་ལྡན་གྱི་ཡུལ་ཆེན་ག་ལ་བར་རང་གི་བསྟི་གནས་ཀུན་བཟང་དགའ་ཚལ་དུ་རི་བོའི་ནགས་དང་ནེའུ་གསེང་ཐམས་ཅད་དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། སྔོ་ལྗང་སོགས་ཁ་དོག་སྣ་ཚོགས་པའི་ལོ་འདབ་ཀྱི་མཛེས་པ་དངོམ་ཞིང་། ཕུ་དུད་ཅན་གྱི་ཤིང་འབྲས་གཡུར་དུ་ཟ་བའི་དུས་ས་ཡོས་ཧོར་ཟླ་བརྒྱད་པའི་ཚེས་ཉེར་ལྔ་སྐུ་གསུམ་མཁའ་འགྲོ་ཚོགས་ཀྱི་མཆོད་པའི་སྤྲིན་ཕུང་ལ་སྤྱན་འདྲེན་པའི་དགོང་མོ་དབང་གི་དུས་སུ་ལེགས་པར་གྲུབ་པ་བགྱིས་པའི་གཙང་དག་ཡི་གེའི་རིས་སུ་བཏབ་པ་པོ་ནི་རང་སློབ་འབྲུག་བླ་ཕུན་ཚོགས་རྒྱལ་མཚན་ཏེ། མདོ་སྔགས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་གསང་ཆེན་རྫོགས་པ་ཆེན་པོའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།སླར་སྨྲས་པ། དུས་དྲུག་དུས་ཀྱི་དབྱུག་གུས་བསྐུལ་བ་ལས། །རྫོགས་པ་ཆེན་པོའི་ཆོས་རྔ་ཆེན་པོའི་སྒྲ། །སྣང་སྲིད་ཡེ་གྲོལ་གྲགས་སྙན་ལྡིར་བ་ཅན། །ས་གསུམ་སྐྱེ་རྒུའི་རྣ་བས་རྟག་ཐོས་ནས། །མ་རིག་མུན་པ་གཉིད་ལས་རབ་སད་དེ། །ཡེ་ནས་རྣམ་དག་ཆོས་དབྱིངས་གདོད་མའི་གཤིས། །རང་བྱུང་ཀུན་ཏུ་བཟང་པོའི་དགོངས་པའི་ཞལ། །རང་རིག་འོད་གསལ་ཉི་མ་མཐོང་བར་ཤོག །ཅེས་པའང་ཕྲིན་ལས་ནོར་བུ་ནས་སྨོན་པའོ།། །།