TTDL-ZABTER-12-NA-002

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-002

༠༠༠༠༠བརྡ་ཡིག༣རྫོགས་པ་ཆེན་པོའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བླ་མ་དང་འཇམ་དཔལ་དབྱེར་མེད་ཀྱི་གསོལ་འདེབས་བདུད་རྩིའི་ཐིག་པ་བཞུགས་སོ༔ ཨེ་མ་ཧོ༔ གནས་འོག་མིན་ཟངས་མདོག་དཔལ་རི་ན༔ ཕ་ཀུན་མཁྱེན་པད་འབྱུང་འཇམ་པའི་དབྱངས༔ ཡིད་མོས་གུས་གདུང་བས་གསོལ་བ་འདེབས༔ སེམས་མ་རིག་རྣམ་གཡེང་འཁྲུལ་འཁོར་འདི༔ ཐུགས་གསལ་བའི་སྒྲོན་མེས་བསལ་དུ་གསོལ༔ ལས་མང་བསགས་བག་ཆགས་འཐུག་པོ་འདི༔ ཐུགས་དག་བྱེད་ཆུ་ཡིས་སྦྱང་དུ་གསོལ༔ འཁྲུལ་བདག་འཛིན་དུག་གི་སྡོང་པོ་འདི༔ ཐུགས་མཁྱེན་བརྩེའི་རལ་གྲིས་བཅད་དུ་གསོལ༔ བུའི་ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ དུས་འབད་མེད་སྟན་ཐོག་འདི་ཉིད་དུ༔ ཕ་ཁྱེད་དང་དབྱེར་མེད་འགྲུབ་གྱུར་ཅིག༔ ལུས་ཚེ་རབས་གང་ནས་གང་བརྒྱུད་ཀྱང་༔ རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང་༔ ལས་བྱ་བ་དམ་པའི་ཆོས་སུ་འགྱུར༔ ཕ་ཁྱེད་ཀྱི་དགོངས་སྤྱོད་ཅི་འདྲ་ཡང་༔ བུ་བདག་ཀྱང་དེ་འདྲར་འགྱུར་བར་ཤོག༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿདྷཱིཿཞེས་ཉིན་རེར་བརྒྱ་རེ་མ་ཆགས་ན༔ ཚེ་འདི་རྗེས་འཇམ་དཔལ་གོ་འཕང་ཐོབ༔ བཀའ་བསླུ་བ་མེད་དོ་ས་མ་ཡ༔ ཞེས་པའི་གསོལ་འདེབས་བདུད་རྩིའི་ཐིག་པ་འདི༔ རྟ་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན༔ སྐར་མ་ལྷ་མཚམས་ཤར་བའི་ཉིན་གུང་ལ༔ སྤྲང་འཁྱམས་ལྷ་བཙུན་བདུད་འཇོམས་རྡོ་རྗེ་ལ༔ འཇམ་དཔལ་ཡེ་ཤེས་སེམས་དཔས་དངོས་སུ་གསུངས༔ ཁོ་བོ་ཉམས་དགའ་དྲི་བཟང་སྒྲུབ་ཁང་གང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དགེའོ།།དགེའོ།།དགེའོ།།