TTDL-ZABTER-12-NA-006

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-006

༠༠༠༠༠༠བརྡ་ཡིག༡༩མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ བླ་མ་རིག་འཛིན་རྒྱ་མཚོའི་གསོལ་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་ཧ་རི་ནི་ས་ཧཱུྃ༔ བདག་འདྲ་པདྨ་འབྱུང་གནས་ངས༔ སྐལ་ལྡན་ལས་ཅན་རྣམས་ཀྱི་དོན༔ གསོལ་འདེབས་བྱིན་རླབས་ཆར་འབེབས་བསྟན༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ མོས་གུས་གདུང་བས་གསོལ་བ་ཐོབ༔ ཉིན་རེ་བཞིན་དུ་ལན་གསུམ་དུ༔ འདི་ཉིད་ཉམས་སུ་ལེན་པ་རྣམས༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ མི་བསླུ་ངེས་པ་པདྨའི་བཀའ༔ བྱིན་རླབས་མོས་གུས་ཉིད་ལ་རག༔ ས་མ་ཡ༔ ༠༠༠༠༠བརྡ་ཡིག༡༩ཨེ་མ་ཧོ༔ སྣང་བ་ཁྱབ་གདལ་ཡངས་པའི་གཞལ་ཡས་ན༔ མ་ངེས་སྒྱུ་འཕྲུལ་ཐབས་ཀྱིས་འགྲོ་དོན་མཛོད༔ བླ་མ་སྐུ་གསུམ་རིག་འཛིན་རྒྱ་མཚོའི་ཚོགས༔ བདག་བློའི་མོས་ངོར་སྨིན་གྲོལ་དཔལ་དུ་རོལ༔ ས་མ་ཡ༔ གུ་ཧྱ༔ ཨོཾ་ཨཱཿཧཱུྃ༔ གདོད་ནས་ཀ་དག་ཁྱབ་གདལ་ཆོས་ཀྱི་དབྱིངས༔ གང་འདུལ་ཐབས་ཀྱིས་སྣ་ཚོགས་གར་བསྒྱུར་བ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས༔ སྤྲུལ་སྐུ་ཕྱག་རྡོར་ཡང་སྤྲུལ་དགའ་རབ་ཞབས༔ མཆོག་སྤྲུལ་རིག་འཛིན་ཤྲཱི་སིངྷ་སོགས༔ སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས༔ བརྩེ་བའི་ཐུགས་རྗེས་བདག་རྒྱུད་སྨིན་གྲོལ་མཛོད༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག༔ ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པད་འབྱུང་ཡང་སྤྲུལ་རིག་པ་འཛིན༔ ཧཱུྃ་ཀཱ་ར་དང་མཉྫུ་མི་དྲ་དང་༔ ནཱ་གརྫུ་ན་པྲ་བྷ་ཧསྟི་དང་༔ དྷ་ན་སཾསྐྲི་བ་མ་ལ་མི་ཏྲ༔ ཤཱནྟིཾ་གརྦྷ་གུ་ཧྱ་ཙནྡྲ་སོགས༔ སྒྱུ་འཕྲུལ་སྐུ་གསུམ་རིག་འཛིན་རྒྱ་མཚོ་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བརྩེ་བའི་ཐུགས་རྗེས་བདག་རྒྱུད་སྨིན་གྲོལ་མཛོད༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག༔ ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ རིགས་ཀུན་འཁོར་ལོའི་དབང་ཕྱུག་པད་འབྱུང་གི༔ སྨོན་ལམ་མཐུ་བཙན་འགྲོ་འདུལ་རིག་པ་འཛིན༔ སངས་རྒྱས་ཡེ་ཤེས་རྒྱལ་མཆོག་ནམ་མཁའི་སྙིང་༔ ཛྙཱ་ན་ཀུ་མཱ་དཔལ་གྱི་ཡེ་ཤེས་དང་༔ དཔལ་གྱི་སེངྒེ་ཡེ་ཤེས་མཚོ་རྒྱལ་མ༔ བཻ་རོ་ཁྲི་སྲོང་རྡོ་རྗེ་བདུད་འཇོམས་དང་༔ ཡེ་ཤེས་དབྱངས་དང་ལྷ་དཔལ་གཡུ་སྒྲ་སྙིང་༔ སྣ་ནམ་ཡེ་ཤེས་ཤུད་པུ་དཔལ་སེང་དང་༔ དཔལ་གྱི་དབང་ཕྱུག་དཔལ་རྡོར་རྨ་རིན་ཆེན༔ སྐ་བ་དཔལ་བརྩེགས་ཁྱེའུ་ཆུང་ལོ་ཙཱ་བ༔ དྲན་པ་ནམ་མཁའ་འོ་བྲན་དབང་ཕྱུག་དང་༔ རྒྱལ་བ་བློ་གྲོས་ལྡན་མ་རྩེ་མང་དང་༔ རྒྱལ་བ་བྱང་ཆུབ་ལང་གྲོ་ལོ་ཙཱ་སོགས༔ སྐུ་གསུམ་སྒྱུ་འཕྲུལ་རིག་འཛིན་རྒྱ་མཚོ་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བརྩེ་བའི་ཐུགས་རྗེས་བདག་རྒྱུད་སྨིན་གྲོལ་མཛོད༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག༔ ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ བཀའ་གཏེར་ལུང་དང་མན་ངག་བརྒྱུད་པ་ཡི༔ བརྒྱུད་པ་དགུ་ལྡན་བླ་མ་ཐམས་ཅད་དང་༔ གར་གྱི་དབང་ཕྱུག་བདུད་འཇོམས་རྡོ་རྗེ་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བརྩེ་བའི་ཐུགས་རྗེས་བདག་རྒྱུད་སྨིན་གྲོལ་མཛོད༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློག༔ ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ལས་ཉོན་སྡིག་སྒྲིབ་མ་ལུས་དག་གྱུར་ཅིག༔ སྐྱེ་བ་འདི་དང་ཚེ་རབས་གར་སྐྱེས་ཀྱང་༔ འཕྲལ་རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང་༔ བྱ་བྱེད་ཐམས་ཅད་དམ་པའི་ཆོས་སུ་གྱུར༔ འཁོར་བ་ངན་འགྲོའི་གནས་སུ་མི་ལྟུང་ཞིང་༔ སྐྱབས་མགོན་བླ་མ་མཆོག་དང་མི་འབྲལ་ཤོག༔ ད་ནས་བཟུང་སྟེ་འཁོར་བ་མ་སྟོང་བར༔ བྱེ་བ་ཕྲག་བརྒྱ་སྤྲུལ་པའི་རོལ་གར་གྱིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག༔ མཐར་ཐུག་ཀུན་བཟང་དགོངས་ཀློང་ཡངས་པ་རུ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ སྐུ་གསུམ་རིག་འཛིན་རྒྱ་མཚོའི་བྱིན་རླབས་དང་༔ དུས་གསུམ་རྒྱལ་བ་རྣམས་ཀྱི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུས༔ སྨོན་ལམ་འདི་བཏབ་ངེས་པར་འགྲུབ་གྱུར་ཅིག༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩ་དྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་ཆུ་ཕོ་ཕག་གི་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུའི་ནུབ་སྔགས་འཆང་བདུད་འཇོམས་རྡོ་རྗེ་ཞེས་བྱ་བ་ལ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་མངོན་སུམ་དུ་གསུངས་པའོ།།ཡི་གེ་པ་ནི་ལས་དང་སྐལ་བར་ལྡན་པ་ཟ་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།