TTDL-ZABTER-12-NA-009

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-009

༠༠༠༠༠༠བརྡ་ཡིག༢༧མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ སྨན་བླའི་ཆོ་ག་བསོད་ནམས་ཚོགས་ཆེན་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༢༨ན་མོ་གུ་རུ་བུདྡྷ་ཡེ༔ ༠༠༠༠༠༠བརྡ་ཡིག༢༨སྨན་བླའི་ཆོ་ག་བསོད་ནམས་ཚོགས་ཆེན་འདི༔ ལག་ལེན་རིམ་པ་དཀྱིལ་འཁོར་བཀོད་ལེགས་སྟེང་༔ མེ་ཏོག་ཚོམ་བུ་གཅིག་མཐར་བདུན་བཀོད་ཅིང་༔ དེ་མཐར་བརྒྱད་བསྐོར་དེ་མཐར་བཞི་བཀོད་ཅིང་༔ དེ་མཐར་བཅུ་གཉིས་བཀོད་པའི་མདུན་དྲང་པོར༔ ཞལ་ཟས་སྣང་གསལ་ཡོན་ཆབ་བདུན་བདུན་བཞག༔ ཉེར་སྤྱོད་འབྱོར་ཚོགས་མཆོད་པའི་ཡོ་བྱད་བཤམས༔ དང་པོ་སྐྱབས་འགྲོ་དང་ནི་སེམས་བསྐྱེད་ལ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་པ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མར་གྱུར་མཁའ་མཉམ་འགྲོ་བ་སེམས་ཅན་ཀུན༔ སྨན་པའི་རྒྱལ་པོའི་གོ་འཕང་ལ་འགོད་བྱ༔ ལན་གསུམ༔ གཉིས་པ་དངོས་གཞི་ལ༔ ན་མོ༔ བདེན་པ་གཉིས་ཀྱི་བདེན་མཐུ་བྱིན་རླབས་ཀྱིས༔ མཆོད་པའི་དངོས་པོ་བཤམས་པ་འདི་དག་ནི༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་དེ་དག་ཚོགས་གཉིས་རྫོགས་བྱེད་ཀྱི༔ མཆོད་སྤྲིན་མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ རྒྱལ་བའི་ཞིང་ཁམས་ཐམས་ཅད་ཁྱབ་གྱུར་ཅིག༔ ནམ་མཁའ་མཛོད་སྔགས་བརྗོད༔ ཧཱུྃ༔ སྣང་སྲིད་ཁམས་འདི་ལྟ་ན་སྡུག་པའི་ཞིང་༔ ནམ་མཁར་འཇའ་ཚོན་འོད་ཀྱི་དྲྭ་བ་འཁྲིགས༔ བར་སྣང་དྲི་བཟང་མཆོད་པའི་ལྷ་མོས་ཁེངས༔ ས་གཞི་འདོད་ཡོན་སྣ་ཚོགས་ཀྱིས་བརྒྱན་པའི༔ དབུས་སུ་པདྨ་འདབ་སྟོང་ཟླ་རྒྱས་སྟེང་༔ བཅོམ་ལྡན་སྨན་བླ་མཐིང་ནག་སྤྲུལ་སྐུའི་ཆས༔ ཕྱག་གཡས་མཆོག་སྦྱིན་རྣམ་རྒྱལ་ཨ་རུ་བསྣམས༔ གཡོན་པས་མཉམ་བཞག་མཛད་ཅིང་ལྷུང་བཟེད་འཛིན༔ མཚན་དཔེ་རབ་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་མཐར་བདེ་གཤེགས་བདུན་དང་ཉེ་སྲས་བརྒྱད༔ རྒྱལ་ཆེན་གནོད་སྦྱིན་སྡེ་དཔོན་བཅས་པས་བསྐོར༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་བསྟིམ༔ སརྦ་བུདྡྷ་བོ་དྷི་ས་ཏྭ་ས་མ་ཡ་ཛ་ཛ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་སེམས་ཅན་ཀུན༔ སྒོ་གསུམ་རབ་གུས་གདུང་ཤུགས་དྲག་པོ་ཡིས༔ མཚན་ལེགས་ཡོངས་གྲགས་དཔལ་ལ་ཕྱག་འཚལ་ལོ༔ སྒྲ་དབྱངས་རྒྱལ་པོའི་ཞབས་ལ༴གསེར་བཟང་དྲི་མེད་སྣང་ལ༴མྱ་ངན་མེད་མཆོག་དཔལ་ལ༴ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ༴མངོན་མཁྱེན་རྒྱལ་པོའི་ཞབས་ལ༴བཅོམ་ལྡན་སྨན་གྱི་བླ་ལ༴ཤཱཀྱ་ཐུབ་པའི་ཞབས་ལ༴ཐེག་གསུམ་དམ་པའི་ཆོས་ལ༴ཉེ་བའི་སྲས་ཆེན་བརྒྱད་ལ༴འཕགས་པའི་དགེ་འདུན་རྣམས་ལ༴རྒྱལ་ཆེན་གནོད་སྦྱིན་རྣམས་ལ༴སྨན་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་འབུལ༔ ཚེ་རབས་ཀུན་ཏུ་བསགས་པའི་སྡིག་ལྟུང་བཤགས༔ རྣམ་དཀར་དགེ་བའི་ཚོགས་ལ་རྗེས་ཡི་རང་༔ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་ཞུགས་པར་གསོལ་བ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་འགྲོ་ལ་བསྔོ༔ ཁམས་གསུམ་འཁོར་བ་སྐུ་གསུམ་ཐོབ་པར་ཤོག༔ བཅོམ་ལྡན་བདེ་གཤེགས་སྨན་པའི་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀུན༔ ད་ལྟ་ཉིད་དུ་བདག་རྒྱུད་ལ་འཕོས་ཏེ༔ དབྱེར་མེད་རོ་གཅིག་ཆེན་པོས་སངས་རྒྱས་ཤོག༔ ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱཻ་གུ་རུ་བཻ་ཌཱཪྻུ་སོགས་ཅི་ནུས་བཟླ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་ཟབ་མོ་དང་༔ མཚན་བརྗོད་ཕྱག་མཆོད་བྱས་པའི་མཐུ་བྱིན་གྱིས༔ བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་དག༔ ཇི་སྐད་ཞལ་གྱིས་བཞེས་པ་དེ་བཞིན་དུ༔ མ་ལུས་བདག་གིས་སྐད་ཅིག་འགྲུབ་གྱུར་ཅིག༔ བདག་མཐུས་འགྲོ་ཀུན་ནད་ལས་རབ་གྲོལ་ཏེ༔ བདེ་ལྡན་ལང་ཚོ་སྟོབས་ཀྱིས་ཕྱུག་གྱུར་ཅིག༔ སྡིག་སྒྲིབ་ལས་ཉོན་བག་ཆགས་ཀུན་དག་ནས༔ ཕ་རོལ་ཕྱིན་པའི་ཡོན་ཏན་ཐོབ་གྱུར་ཅིག༔ སྡུག་བསྔལ་གསུམ་གྱི་ཟུག་རྔུ་དང་བྲལ་ནས༔ སྲིད་ཞི་ལས་འདས་གཏན་བདེ་འཐོབ་གྱུར་ཅིག༔ དབང་པོ་ཉམས་དང་སྟོབས་མེད་ཉམ་ཐག་ཀུན༔ དབང་པོའི་སྐྱོན་བྲལ་ཡོན་ཏན་ལྡན་གྱུར་ཅིག༔ འཚོ་བའི་ཚེ་ཉམས་ཚེ་ཟད་སེམས་ཅན་རྣམས༔ ཚེ་འཕེལ་ཚེ་རིང་བདེ་བས་འཚོ་གྱུར་ཅིག༔ ལོ་ལེགས་འབྲུ་འཕེལ་བཞོན་ཕྱུགས་རབ་རྒྱས་ཏེ༔ མུ་གེ་མེད་ཅིང་འཚོ་ཆས་འབྱོར་གྱུར་ཅིག༔ གནས་གོས་རྒྱན་མཚོན་སྨན་ནོར་གྱིས་དབུལ་རྣམས༔ འདོད་རྒུའི་ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག༔ ལྷ་དང་མགོན་གྱིས་སྤངས་པའི་སྐྱབས་བྲལ་ཀུན༔ དཀོན་མཆོག་གསུམ་གྱི་ཐུགས་རྗེས་སྐྱབས་གྱུར་ཅིག༔ གཉེན་བཤེས་རྩ་ལག་ཡུལ་མིས་གཙེས་པ་ཀུན༔ ཁེ་རྒྱལ་དྲེགས་པའི་སྟོབས་ཀྱིས་མཛེས་གྱུར་ཅིག༔ ཕན་ཚུན་མི་མཐུན་འཐབ་རྩོད་འགྱེད་པ་ཀུན༔ བྱམས་བརྩེས་རྒྱུད་བརླན་འདུམ་ཞིང་མཐུན་གྱུར་ཅིག༔ ལོ་ཉེས་ཕྱུག་ཉེས་སད་སེར་གོད་ཡམས་སོགས༔ ལོངས་སྤྱོད་འགྲིབ་པའི་རྐྱེན་ཀུན་ནུབ་གྱུར་ཅིག༔ མཛའ་གྲོགས་གཉེན་དང་བྲལ་བའི་སྐྱེ་འགྲོ་ཀུན༔ མྱ་ངན་སྡུག་བསྔལ་ཆེ་ལས་ཐར་གྱུར་ཅིག༔ འཇིགས་དང་ཕུང་འགྱུར་རྐྱེན་གྱིས་ཟིན་པ་ཡི༔ སྐྱེ་འགྲོ་ཐམས་ཅད་དེ་ལས་དབེན་གྱུར་ཅིག༔ སྡེ་བརྒྱད་ལྷ་འདྲེའི་བྱད་སྟེམ་ལྡང་བ་རྣམས༔ གང་གིས་མི་འཇིགས་དཔལ་དང་ལྡན་གྱུར་ཅིག༔ མོ་རྩིས་རྨི་ལྟས་མཚན་མ་ངན་མཐོང་རྣམས༔ བདེ་ལེགས་ཡོན་ཏན་རྒྱས་པའི་ལྟས་གྱུར་ཅིག༔ ལྟ་བ་ལོག་དང་ཡུལ་དབང་གྱུར་པ་རྣམས༔ ཡང་དག་ལམ་ཆུད་རང་དབང་ཕུན་ཚོགས་ཤོག༔ ངན་སོང་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ ཕྱམ་གཅིག་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ བདག་གི་སྐྱེ་བ་ཚེ་རབས་ཐམས་ཅད་དུ༔ གཞན་དོན་རླབས་ཆེན་སྤྱོད་པ་འགྲུབ་གྱུར་ཅིག༔ དཀོན་མཆོག་གསུམ་དང་བདེན་པ་གཉིས་ཀྱི་མཐུས༔ སྨོན་ལམ་བཏབ་པ་དེ་དག་འགྲུབ་གྱུར་ཅིག༔ ས་མ་ཡ༔ འདི་ལྟར་ཆོ་ག་ཟབ་མོ་ལ༔ བརྩོན་ཀུན་ཡང་དག་དོན་ལྡན་ཅིང་༔ མཐར་ཐུག་རྒྱལ་བའི་སྲས་གྱུར་ཏེ༔ འགྲོ་དོན་འབད་མེད་ངེས་པར་འགྲུབ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།།།