TTDL-ZABTER-12-NA-029

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-029

༠༠༠༠༠༠བརྡ་ཡིག༡༣༨ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ དྲེགས་པ་ལས་ལ་བཀོལ་བའི་བདེན་ཚིག་སྨོན་ལམ་འདོད་དོན་ལྷུན་གྲུབ་བཞུགས༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པས་མཐུ་སྟོབས་བྱིན་རླབས་ཀྱིས༔ ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཆོས་དང་དགེ་འདུན༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༔ བླ་མ་ཡི་དམ་མཁའ་འགྲོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་འཕོས་ཤིང་ཐིམ་པར་གྱུར་ཅིག༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སྨིན་ཅིང་གྲོལ་བར་གྱུར་ཅིག༔ དྲང་སྲོང་གཟའ་མཆོག་ཆེན་པོ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་བདག་གིས་ལྷ་བསྒོམ་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག༔ སྔགས་བཟླས་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག༔ བསྙེན་བསྒྲུབ་བསྐང་གསོལ་བྱས་པ་ཙམ་གྱིས་འགྲུབ་པར་གྱུར་ཅིག༔ མི་དང་མི་འགྲོགས་པ་བཞིན་དུ་མངོན་སུམ་མིག་གིས་མཐོང་ཡུལ་དུ་འགྲུབ་པར་གྱུར་ཅིག༔ མི་དང་མི་ལབ་པ་བཞིན་དུ་མངོན་སུམ་གཏམ་གྱི་ལབ་གྲོགས་སུ་མཆིས་པར་གྱུར་ཅིག༔ འགྲུབ་པར་གྱུར་ཅིག༔ བདག་གིས་གཟའ་མཆོག་ཆེན་པོ་རྦད་ཅིང་བསྐུལ་བ་ཙམ་གྱིས་གང་ལ་དམིགས་པའི་ཡུལ་དགྲ་བགེགས་དེའི་བླ་ཚེ་སྲོག་གི་སྟེང་དུ་མདའ་དང་ཐོག་དང་སྒྱོགས་རྡོ་ལྟར་འབབ་པར་གྱུར་ཅིག༔ ཡུལ་གཞན་དུ་མི་འབྱམས་པར་གྱུར་ཅིག༔ ནུས་མཐུ་ཐོགས་རྡུག་མེད་པར་རྦད་པའི་ཡུལ་དགྲ་བོ་ཐམས་ཅད་མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་བརླག་པར་གྱུར་ཅིག༔ རྩྭ་སྐམ་ལ་མེ་མཆེད་པ་བཞིན་དུ་བསྲེགས་པར་གྱུར་ཅིག༔ ས་མཁར་ལ་སྒྱོགས་རྡོ་བབ་པ་བཞིན་དུ་གཏོར་བར་གྱུར་ཅིག༔ སྔགས་མཁན་རང་ལ་སླར་མི་ལྡོག་པར་གྱུར་ཅིག༔ བསྐུལ་དང་རྦད་མཁན་རང་ལ་སླར་མི་ལྡོག་པར་གྱུར་ཅིག༔ མཐུ་ཡི་གྲགས་པས་ས་སྟེང་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར་ཅིག༔ བདག་ལྷ་མི་འཁོར་དང་བཅས་པ་ཐམས་ཅད་ཁམས་གསུམ་སྲིད་གསུམ་ལས་རྣམ་པར་རྒྱལ་པར་གྱུར་ཅིག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས༔ བྱང་ཆུབ་སེམས་དཔའ༴ཏདྱ་ཐཱ༔ པཉྩ་སོགས༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་སོགས༔ སངས་རྒྱས་སྐུ་གསུམ་མཉམ་པའི་སོགས༔ རྨད་བྱུང་སྲས་བཅས་སོགས༔ བླ་མེད་བླ་མའི་ཐུགས་རྗེ་སོགས༔ དེ་རྣམས་རེ་རེ་བཞིན་བདུན་ཕྲག་རེ་བརྗོད་པར་བྱའོ༔ འདི་ཡང་ཆོས་སྐྱོང་གང་ལའང་སྦྱར་རུང་ངོ་༔ གཞན་ཡང་སྨོན་ལམ་འགྲུབ་པའི་བདེན་བརྗོད་དང་སྔགས་ཅི་རིགས་བརྗོད་ཅིང་མཐར་མ་རྫོགས་ཀྱི་བར་དུ་མི་ཚིག་གིས་བར་མ་ཆོད་པ་གནད་དམ་པ་ཡིན༔ ཞེས་པ་འདི་ཡང་སློབ་བུ་འཇམ་དཔལ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས་བསྒྱུར་བ་དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།