TTDL-ZABTER-12-NA-033

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-033

༠༠༠༠༠བརྡ་ཡིག༡༨༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྡོ་རྗེ་བླ་མ་ཡིད་ལ་བྱས་ནས་སུ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ་བ་འདེབས༔ ཨེ་མ་ཧོ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་རྫོགས་རིགས་ལྔ་གངས་ཆེན་མཚོ༔ ཐུགས་རྗེའི་བདག་ཉིད་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་དཔལ་ལ་གསོལ་བ་འདེབས༔ དུག་གསུམ་དབྱིངས་སུ་སྒྲོལ་བར་བྱིན་གྱིས་རློབས༔ རིགས་ཀྱི་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་སེམས༔ གསང་སྔགས་ཀུན་གྱི་བདག་པོ་རྡོ་རྗེ་ཆོས༔ སྤྲུལ་པའི་སྐུ་མཆོག་རིག་འཛིན་དགའ་རབ་རྗེ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་ཤྲཱི་སེང་༔ ཆོས་ཉིད་ཀློང་བརྡོལ་མཉྫུ་མི་ཏྲ་དང་༔ འཕོ་ཆེན་གྲུབ་པ་ཛྙཱ་ན་སཱུ་ཏྲ་ལ༔ གསོལ་བ་འདེབས་སོ༴ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་འབྱུང་༔ བདེ་གཤེགས་ཡོངས་རྫོགས་བཀའ་བབ་ཁྲི་སྲོང་རྗེ༔ ཤེས་རབ་ཡུམ་ཆེན་མཁའ་འགྲོ་མཚོ་རྒྱལ་ཞབས༔ གསོལ་བ་འདེབས་སོ༴ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ༔ པད་འབྱུང་དངོས་སྣང་གར་དབང་འཇིགས་མེད་གླིང་༔ རིག་འཛིན་འཇིགས་མེད་རྒྱལ་བའི་མྱུ་གུ་ལ༔ གསོལ་བ་འདེབས་སོ༴རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་གྱི༔ ཐུགས་རྗེའི་རྣམ་སྤྲུལ་འགྲོ་བའི་དཔལ་དུ་ཤར༔ ཨོཾ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལ༔ གསོལ་བ་འདེབས་སོ༴རྒྱལ་བ་རྣམས་ཀྱི་ཕྲིན་ལས་དཔལ་གྱུར་ཏེ༔ གདུལ་བྱ་འདུལ་མཛད་ཆུ་ཟླའི་རོལ་གར་གྱིས༔ བསྟན་འགྲོའི་དཔལ་མགོན་དམ་པ་སྤྲུལ་པའི་སྐུ༔ རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས༔ བདག་འཛིན་རྩ་བ་ཆོད་པར་བྱིན་གྱིས་རློབས༔ གཉིས་སྣང་དབྱིངས་སུ་ཞིག་པར་བྱིན་གྱིས་རློབས༔ ཁྲེགས་ཆོད་གཞི་ཡི་གནས་ལུགས་མངོན་གྱུར་ཅིང་༔ ཐོད་རྒལ་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ཏེ༔ དོན་གཉིས་མཐར་ཕྱིན་སྐུ་གཉིས་མངོན་གྱུར་ནས༔ འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག༔ དེ་ལྟར་རྣམ་གསུམ་དད་པས་གསོལ་བཏབ་ན༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་རྒྱུད་ལ་འཕོ༔ སྒོ་གསུམ་རྡོ་རྗེ་དབྱིངས་སུ་སྨིན་གྲོལ་ནས༔ མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་ཐོབ་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་སློབ་བུ་ཀུན་བཟང་ཆོས་གྲགས་དང་ཀུན་བཟང་བསྟན་འཛིན་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།