TTDL-ZABTER-12-NA-035
TTDL-ZABTER-12-NA-035
༠༠༠༠༠བརྡ་ཡིག༢༠༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་སྒྲུབ་པ་དངོས་གྲུབ་རྒྱ་མཚོའི་བསྐང་བ་ཉམས་ཆག་རང་གྲོལ་བཞུགས་སོ༔ ན་མོ་གུ་རུ་བིདྱཱ་དྷ་ར་ཝེ༔ རྣལ་འབྱོར་ཉམས་པ་བསྐང་བའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ༔ བརྟེན་ནས་བསྐང་བ་འདིར་བརྩོན་བྱ༔ དང་པོ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་ཉིད་ཀུན་ཟླུམ་ཐིག་ལེའི་མཁའ་ཀློང་ནས༔ ཀུན་མཁྱེན་ཀུན་གཟིགས་རིག་འཛིན་བླ་མའི་ཚོགས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་གནས་འདིར་བཞུགས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པ་ལས༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་གནས་འདིར་བཞུགས༔ བཀའ་དང་དམ་ཚིག་གཉན་པོའི་དཀྱིལ་འཁོར་ནས༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཆོས་སྐྱོང་རྣམས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་གནས་འདིར་བཞུགས༔ བཛྲ་ས་མ་ཡ་ཛཿཏིཥྛ་ལྷན༔ དེ་ནས་བསྐང་རྫས་སྤེལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ལྟར་ཉེར་སྤྱོད་ལྷ་མིའི་ལོངས་སྤྱོད་དཔལ༔ མ་ལུས་བསྡུས་ཏེ་རྩ་གསུམ་ཆོས་སྐྱོང་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་རྫས་སུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ ནང་ལྟར་དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ འདོད་ཡོན་མི་ཟད་ནམ་མཁའི་གཏེར་ཆེན་པོ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་ལ༔ རྣལ་འབྱོར་ཉམས་ཆག༴ཐུགས་རྗེས་བརྩེ་བར༴གསང་བ་སེམས་དང་སེམས་བྱུང་ལས་བསྐྱེད་པའི༔ སྣ་ཚོགས་སྣང་བའི་དཔལ་ཡོན་ཆོས་སོ་ཅོག༔ རྩ་གསུམ་དམ་ཅན༴རྣལ་འབྱོར་ཉམས་ཆག༴ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ མདོར་ན་དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་རྫས༔ ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་མཆོད་པ་སོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་པ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས་བཅས་ལ༔ རྣལ་འབྱོར་ཉམས་ཆག་བསྐང་བའི་རྫས་སུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ དེ་ནས་ཐུགས་དམ་བསྐང་བ་ལ༔ ཧཱུྃ་ཧྲཱིཿཀ་དག་བརྡལ་ཁྱབ་ཆེན་པོའི་གཞལ་ཡས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷུན་གྲུབ་བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའི༴གཞོམ་གཞིག་བྲལ་བ་རྡོ་རྗེའི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེའི༴གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ ཡང་སྤྲུལ་དགའ་རབ་རྡོ་རྗེའི༴མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཀློང་མཛོད་ནས༔ མཁས་གྲུབ་འཇམ་དཔལ་བཤེས་གཉེན༴འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པ༔ རིག་འཛིན་ཤྲཱི་སེང་ཧའི༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རིག་འཛིན་ཛྙཱ་ན་སཱུ་ཏྲའི༴དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས༴བདེ་སྟོང་གཉིས་སུ་མེད་པའི་ཕོ་བྲང་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༴རང་སྣང་དབང་བསྡུས་གཞན་སྣང་ཟིལ་གྱིས་གནོན༔ ཆོས་རྒྱལ་ཚངས་པ་མེ་ཏོག༴མཁས་གྲུབ་གཉིས་ལྡན་འགྲོ་དོན་མཐར་ཕྱིན་པའི༔ ལོ་ཆེན་བཻ་རོ་ཙ་ནའི༴ཆོས་ཉིད་ཀློང་མཛོད་ནམ་མཁའི་རྣལ་འབྱོར་པ༔ ཀུན་མཁྱེན་དྲི་མེད་འོད་ཟེར༴གྲུབ་པ་མངོན་གྱུར་དོན་གཉིས་མཐར་ཕྱིན་པའི༔ རིག་འཛིན་འཇིགས་མེད་གླིང་པའི༴དཔལ་ཆེན་བཀའ་བབས་གྲུབ་པ་མངོན་གྱུར་པའི༔ འཇིགས་མེད་རྒྱལ་བའི་མྱུ་གུའི༴གདོད་ནས་འཁྲུལ་མི་ཤེས་པའི་གདིང་ཐོབ་ཀྱང་༔ གདུལ་དཀའ་འདུལ་ཕྱིར་གཟུགས་ཀྱི་སྐུར་བཞེངས་ཏེ༔ བསྡུ་བ་རྣམ་བཞིའི་ཕྲིན་ལས་མཛད་པ་པོ༔ འཇིགས་མེད་ཆོས་ཀྱི་དབང་པོའི༴སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ རིགས་བདག་བླ་མ་དམ་པའི༴རང་ལུས་རྣམ་དག་རྒྱལ་བའི་དཀྱིལ་འཁོར་ནས༔ ཡི་དམ་ཞི་ཁྲོ་རབ་འབྱམས༴བཀའ་དང་དམ་ཚིག་གཉན་པོའི་དཀྱིལ་འཁོར་ནས༔ བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི༴རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་དགོངས༔ བདག་གི་ཚེ་རབས་ཐོག་མ་མེད་པ་ནས༔ ད་ལྟའི་བར་དུ་ལས་ཉོན་དབང་གྱུར་ཏེ༔ སྒོ་གསུམ་སྒྲིབ་གཉིས་བག་ཆགས་ཅི་མཆིས་དང་༔ སོ་ཐར་སྡོམ་པ་བྱང་སེམས་བསླབ་བྱ་དང་༔ སྔགས་ཀྱི་དམ་ཚིག་རྩ་བ་ཡན་ལག་རྣམས༔ འགལ་དང་ནོར་འཁྲུལ་ཉམས་རལ་འདས་པ་ཀུན༔ གནོང་ཞིང་འགྱོད་སེམས་དྲག་པོས་ཀུན་བསླང་སྟེ༔ རྟེན་གྱི་མཆོག་གྱུར་རྩ་གསུམ་སྤྱན་སྔ་རུ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས་པར་བགྱི༔ སླན་ཆད་སྲོག་ལ་བབས་ཀྱང་སྡོམ་བགྱིད་ཅིང་༔ གཉེན་པོ་བསོད་ནམས་ཚོགས་ཆེན་འདིར་བསགས་ཏེ༔ ན་རག་དོང་སྤྲུགས་ཡང་སྙིང་འདི་བརྗོད་བྱ༔ ཡི་གེ་བརྒྱ་པ་ཅི་མང་བརྗོད༔ དེ་ལྟར་བསྐང་བཤགས་ཟབ་མོའི་དོན་སེམས་ཤིང་༔ ན་རག་དོང་སྤྲུགས་བཤགས་པས་གནད་ཐེངས་ན༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་དག་འགྱུར༔ ཚེ་འདིར་རྣམ་མཁྱེན་ས་ལ་རེག་གྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ཀུན་བཟང་བསྟན་འཛིན་དང་ཆོས་གྲགས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།ཛ་ཡནྟུ།།