TTDL-ZABTER-12-NA-048
TTDL-ZABTER-12-NA-048
༠༠༠༠༠བརྡ་ཡིག༢༧༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཕྱག་རྒྱ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་བཞུགས་སོ༔ ༠༠༠༠བརྡ་ཡིག༢༧༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༧༨སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱི༔ གྲོང་འཕོ་གྲོང་འཇུག་གདམས་པ་ལ༔ ཨ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་བརྡལ༔ ཀུན་ཁྱབ་ཀུན་གཟིགས་ཡེ་ཤེས་ཀྱི༔ ལྷུན་གྲུབ་རོལ་པ་ཀུན་ཏུ་སྣང་༔ སྐད་ཅིག་མཁའ་ལ་འཇའ་ཚོན་བཞིན༔ རིག་པ་རྒྱུ་ཡི་ཡི་གེ་ཧྲཱིཿའོད་དང་འོད་ཕུང་རབ་འཕྲོས་པས༔ བཀོད་པ་རབ་རྫོགས་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿཡིག་འོད་ཀྱི་རང་བཞིན་བབ༔ སླར་ཡང་འོད་དང་འོད་ཟེར་འཕྲོས༔ ཁམས་གསུམ་སྐུ་གསུང་ཐུགས་སུ་བསྒྲལ༔ བརྟན་གཡོའི་དཔལ་ཡོན་གཅིག་ཏུ་དྲིལ༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ མཁྱེན་བརྩེ་ནུས་པའི་དབང་ཕྱུག་གི༔ ཤེས་རབ་ཡེ་ཤེས་དབང་དངོས་གྲུབ༔ ཚུར་འདུས་ཧྲཱིཿཡིག་ཉིད་ལ་ཐིམ༔ ཡོངས་གྱུར་རིགས་འདུས་བླ་མའི་སྐུ༔ གུ་རུ་བློ་ལྡན་མཆོག་སྲེད་དཀར༔ ཕྱག་གཡས་ཐོད་རྔ་དཀྲོལ་བའི་སྒྲས༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ དམ་ཅན་རྒྱ་མཚོ་དབང་དུ་སྡུད༔ གཡོན་པས་པད་ཕོར་བསྣམས་པ་ཡིས༔ སེམས་ཅན་ཀུན་གྱི་བློ་ཡིད་སེམས༔ རྒྱལ་དང་རྒྱལ་སྲས་ཤེས་རབ་དཔལ༔ འུབ་ཏུ་འདུས་ཤིང་བཅུད་དུ་དྲིལ༔ ཞབས་གཉིས་རྣལ་འབྱོར་རོལ་སྟབས་ཅན༔ དར་བེར་དམར་ལ་ནང་གོས་སྔོ༔ དབུ་ལ་དར་དམར་ལ་ཐོད་གསོལ༔ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས༔ ཡེ་ཤེས་སྤྱན་གྱིས་འཁོར་འདས་གསལ༔ ཞི་མ་ཁྲོ་འཛུམ་མཚན་དཔེས་སྤྲས༔ གཞོན་ནུ་བཅུ་དྲུག་ལོན་པའི་ཚུལ༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ སྐུ་དབྱིངས་གཏིང་གསལ་ཆེན་པོའི་ཀློང་༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཆུ་ལ་གཟའ་སྐར་བཀྲ་བཞིན་ཤར༔ སྤྱི་བོར་མཁྱེན་རབ་དབང་ཕྱུག་དང་༔ མགྲིན་པར་བརྩེ་བ་ཆེན་པོའི་གཏེར༔ ཐུགས་ཀར་མཐུ་སྟོབས་ནུས་པའི་བདག༔ ཡེ་ཤེས་འོད་ཀྱི་ཕུང་པོར་གསལ༔ དཔྲལ་བར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་དང་༔ ཁྱད་པར་རྔ་ཡབ་པདྨ་འོད༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རིག་འཛིན་བློ་ལྡན་མཆོག་སྲེད་རྩལ༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ སྤྱན་དྲངས་གཉིས་སུ་མེད་པར་ཐིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བིདྱཱ་དྷ་ར་ཨེ་ཨ་རལླི་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿཞེས་བརྒྱ་རྩ་བརྗོད་ཅིང་བཀུག་བསྟིམ་བྱ༔ ཨོཾ་ཨཱཿཧཱུྃ་གུ་རུ་བིདྱཱ་དྷ་ར་ས་མ་ཡ་སྟྭཾ༔ ཏིཥྛ་བཛྲ༔ ན་མོ་གུ་རུ་བིདྱཱ་དྷ་ར་ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོཿཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་སོགས༔ ཤཔྟ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྵེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་སྐུའི་རོལ་པ་ལས༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེས་གདུལ་བྱ་འདུལ་མཛད་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ རང་ཉིད་རིག་འཛིན་རྒྱལ་པོ་ཡི༔ ཐུགས་ཀར་པདྨ་ཉི་གདན་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་ཟླའི་གྭའུའི་ནང་༔ ཧྲཱིཿདཀར་ཉིད་ལ་སྔགས་ཀྱིས་བསྐོར༔ བདེ་གཤེགས་སྲས་དང་བཅས་རྣམས་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི༔ བཅུད་དང་སྙིང་པོ་གཅིག་བསྡུས་ཏེ༔ ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས༔ ཤེས་རབ་ཡེ་ཤེས་འབར་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱ་ར་པྲཛྙཱ་ཛྙཱ་ན་ས་མ་ཏི་སིདྡྷི་ཧཱུྃ༔ ཞེས་བཟླ༔ དེ་ནས་བསྒྲུབ་པའི་འཛབ་དམིགས་ལ༔ རང་ཉིད་ཡེ་ཤེས་སྒྱུ་མའི་སྐུའི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས༔ དམར་སེར་གཞོན་ནུ་གུར་གུམ་མདོག༔ ཞལ་གཅིག་ཕྱག་གཉིས་གཡས་པ་ན༔ ཤེས་རབ་རལ་གྲི་མེ་འབར་ཕྱར༔ གཡོན་པས་སྡིགས་མཛུབ་ས་ལ་གཟིར༔ རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན༔ དེ་ཡི་པང་དུ་གསང་བའི་ཡུམ༔ དབྱངས་ཅན་སྔོན་མོ་གཡས་རལ་གྲི༔ གཡོན་པས་ཤེལ་དཀར་མེ་ལོང་བསྣམས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ཡབ་ཡུམ་ལོངས་སྐུའི་ཆས་རྒྱན་རྫོགས༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཡི་གེ་དྷཱིཿདང་ཧྲཱིཿདཀར་ལ༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ དུས་གསུམ་རྒྱལ་བ་མ་ལུས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་བྱིན་དངོས་གྲུབ་མཐུ་དཔལ་དང་༔ རྒོལ་བ་ཐམས་ཅད་ཟིལ་གནོན་པའི༔ ཤེས་རབ་ཡེ་ཤེས་སྟོབས་ནུས་པ༔ བསྡུས་ཏེ་ཐུགས་སྲོག་ལ་དྲིལ་ཏེ༔ སྣང་སྲིད་ཟིལ་གྱིས་གནོན་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱ་ར་ཧཱུྃ་ཧྲཱིཿདྷཱིཿཧྲཱིཾཿཔྲཛྙཱ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་བཟླས་པ་གྲངས་རྫོགས་བྱ༔ གནད་ནི་སྤྲོ་བསྡུས་དམིགས་པའི་དོན༔ ཚུལ་བཞིན་ཉམས་སུ་བླང་བྱས་ན༔ ཤེས་རབ་ཡེ་ཤེས་རྩལ་དུ་འབར༔ རྩོད་དང་རྒོལ་ཚེ་སྤྱི་བོ་རུ༔ འཇམ་དཔལ་བསྒོམ་ཞིང་རང་ཉིད་ཀྱང་༔ གུ་རུ་བློ་ལྡན་མཆོག་སྲེད་བསྒོམ༔ དེ་ལྟར་གནད་དང་ལྡན་མྱུར་ན༔ རྩོད་དང་རྒོལ་བ་ཀུན་བཟློག་བྱེད༔ བཀའ་སྲུང་དབང་ཕྱུག་ཆེན་པོ་ཡིས༔ སྲུང་ལ་ཕྲིན་ལས་ཡོངས་གྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།