TTDL-ZABTER-12-NA-050
TTDL-ZABTER-12-NA-050
༠༠༠༠བརྡ་ཡིག༢༩༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གུ་རུ་པདྨ་དྲག་པོའི་རྩ་སྒྲུབ་རྒྱ་མཚོ་འཁྱིལ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༠༠༠༠༠བརྡ་ཡིག༢༩༩བདག་ཉིད་པདྨ་ཐོད་ཕྲེང་ངས༔ བརྒྱུད་འཛིན་རྡོ་རྗེའི་གདིང་ཐོབ་ཕྱིར༔ མ་དག་འཁོར་བའི་སྒོ་གསུམ་པོ༔ དག་པ་གསང་གསུམ་རྡོ་རྗེ་ཡིས༔ གྲོང་འཕོ་གྲོང་འཇུག་གདམས་པ་བསྟན༔ བརྩོན་འགྲུས་སྙིང་རུས་སྟོབས་བསྐྱེད་ཅིག༔ ཐར་བ་དོན་དུ་གཉེར་བར་གྱིས༔ བསྒོམ་བཟླས་གནད་དུ་བསྣུན་པ་ནི༔ ཧཱུྃ༔ སྣང་ཞིང་སྲིད་པའི་འཇིག་རྟེན་ཁམས༔ དོན་གྱི་འོག་མིན་ཆེན་པོར་སངས༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ ཆོས་འབྱུང་དམར་ནག་གདེངས་པའི་ཀློང་༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ རང་རིག་རྒྱུ་ཡི་ཧཱུྃ་དམར་གསལ༔ སྤྲོ་བསྡུའི་སྦྱོར་བས་རང་བྱུང་བ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ དམར་ནག་དབང་དྲག་རོལ་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ན༔ གནམ་ལྕགས་རྭ་གདེངས་རྡོ་རྗེ་དང་༔ གཡོན་པས་ལྕགས་སྡིག་མགོ་དགུ་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་ནམ་མཁར་གཟིགས༔ སྨ་ར་སྨིན་མ་དམར་སེར་འབར༔ དབུ་སྐྲ་སྲིད་པའི་རྩེ་མོར་འཁྱིལ༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན༔ ཀོ་རློན་གཡང་གཞི་སྟག་ཤམ་གསོལ༔ ཐལ་ཚོམ་ཁྲག་ཐིག་ཟོ་རིས་དང་༔ ཐོད་ཕྲེང་སྤྲུལ་གྱི་ཆུན་པོས་བརྒྱན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཁམས་གསུམ་འཁོར་བའི་སྒོ་འཕར་གནོན༔ དཔལ་ཀྱི་ཆས་རྫོགས་མེ་དཔུང་འབར༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཆུ་ཟླ་འཇའ་འོད་གཟུགས་བརྙན་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ སྒྱུ་མ་རྨི་ལམ་ཇི་བཞིན་དུ༔ གསལ་ལ་དེར་འཛིན་བྲལ་བ་ཡི༔ དཔྲལ་བར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ སྤྱན་དྲངས་དབྱེར་མེད་རོ་གཅིག་རོལ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ གཞི་དབྱིངས་བྱང་ཆུབ་སེམས་ཀྱི་ངང་༔ དུས་གསུམ་བཞུགས་དང་གཤེགས་འགྱུར་གྱིས༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ པདྨ་དྲག་པོའི་སྐུར་བཞེངས་ཏེ༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ དུས་གསུམ་འཕོ་འགྱུར་མེད་པའི་ངང་༔ གཉིས་མེད་རོལ་པར་རྟག་བཞུགས་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཕྱག་འཚལ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གདོད་ནས་ལྷན་ཅིག་སྐྱེས་པའི་ལྷ༔ རང་ངོར་རིག་པས་ཕྱག་འཚལ་ལོ༔ སྣང་སྲིད་བདེ་བ་ཆེན་པོའི་ངང་༔ རང་བྱུང་མཆོད་པའི་སྤྲིན་དུ་འབུལ༔ མ་ཧཱ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གཞི་དབྱིངས་ཡུལ་མེད་ཟང་ཟལ་ཀློང་༔ ལྷུན་གྲུབ་དག་རྫོགས་རོལ་པའི་ལྷ༔ རྒྱུ་རྐྱེན་ཡུལ་དུ་མ་གྱུར་པའི༔ དུས་གསུམ་འཕོ་འགྱུར་མེད་པ་རུ༔ ལྷན་སྐྱེས་ཡེ་ཤེས་ཆེན་པོར་རིག༔ གཟུང་འཛིན་བྲལ་བས་ཕྱག་འཚལ་བསྟོད༔ དེ་ནས་འཛབ་དགོངས་ཟབ་མོ་ནི༔ ཧཱུྃ༔ རང་ཉིད་རང་གྲོལ་ཧེ་རུ་ཀའི༔ ཐུགས་གསང་གནམ་ལྕགས་རྡོ་རྗེའི་ལྟེར༔ རིག་པ་ཧཱུྃ་དམར་འོད་འབར་བའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ གསང་བ་གསུམ་གྱི་དབང་བྱིན་དང་༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་ཐམས་ཅད་བཅུད་དུ་དྲིལ༔ བསྡུས་ཏེ་རྩ་བའི་སྔགས་ལ་བསྟིམ༔ འཁོར་འདས་ཡོངས་ཀྱི་སྲོག་ཐོབ་བསམ༔ ཨོཾ་ཨརྩིག་ནིརྩིག་ན་མོ་གྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ འབུམ་ཕྲག་བཅུ་གསུམ་གྲངས་རྫོགས་པར༔ གཞན་དུ་ཡེངས་པར་མ་གྱུར་ན༔ རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ ལྷ་འདྲེ་མི་གསུམ་བྲན་དུ་ཁོལ༔ ཕྲིན་ལས་ཐམས་ཅད་ཐོགས་མེད་འགྲུབ༔ དྲང་སྲོང་གཟའ་བདུད་རྒྱལ་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཡེ་ཤེས་མཁའ་འགྲོའི་ཀློང་བྱང་ལས་དག་པར་ཕབ་པ་སྟེ་ཡི་གེའི་རིས་བྱེད་རྣལ་འབྱོར་དབང་ཕྱུག་ཆོས་ཀྱི་རྡོ་རྗེའོ།།དགེའོ།།