TTDL-ZABTER-12-NA-051

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-051

༠༠༠༠བརྡ་ཡིག༣༠༣བླ་མ་དྲག་པོའི་རྣལ་འབྱོར་པས༔ ཉམས་ཆག་བསྐང་ཞིང་ཚོགས་རྫོགས་ཕྱིར༔ ཚོགས་ཀྱི་མཆོད་པ་འབུལ་བ་ལ༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ རྃ་ཡྃ་ཁྃ༔ མ་དག་གཉིས་འཛིན་དྲི་མ་སྦྱངས༔ ཡེ་ཤེས་ཆེན་པོའི་རྣམ་འཕྲུལ་ལས༔ མཆོད་སྤྲིན་ནམ་མཁའ་དང་མཉམ་བརྡལ༔ བདེ་སྟོང་བདུད་རྩིའི་བཅུད་དུ་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བླ་མ་དྲག་པོའི་དཀྱིལ་འཁོར་ལྷ༔ རྩ་གསུམ་ཆོས་སྐྱོང་སྲུང་མར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ ཏིང་འཛིན་འཕྲུལ་གྱི་འདོད་ཡོན་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ སྲུང་མར་བཅས་པའི་ཐུགས་དམ་བསྐང་༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བླ་མ་དྲག་པོ་རིགས་ལྔ་དང་༔ རྩ་གསུམ་དམ་ཅན་རྒྱ་མཚོ་ལ༔ འདོད་ཡོན་བདུད་རྩིའི་ཚོགས་མཆོད་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་དྲག་པོའི་སྤྱན་སྔ་རུ༔ བདག་གི་ཉེས་བྱས་ཉམས་ཆག་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་བསྒྲལ་ཞིང་བསྟབ་པ་ལ༔ ཧཱུྃ༔ བདག་མེད་བརྟུལ་ཞུགས་ཆེན་པོ་ཡིས༔ གཟུང་འཛིན་རཱུ་ཏྲ་དབྱིངས་སུ་བསྒྲལ༔ དུག་ལྔ་ཕུང་ལྔ་ཁམས་སྐྱེ་མཆེད༔ མཉམ་ཉིད་བདེ་བ་ཆེན་པོར་རོལ༔ རཱུ་ཏྲ་ཧ་ལ་པཉྩ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་དྲེགས་པ་ཅན༔ ལྷག་སྐྱོང་ཕོ་མོ་འདིར་གཤེགས་ཤིག༔ ལྷག་མའི་བཤལ་ཆུ་འདི་བཞེས་ལ༔ ཁས་བླངས་བཞིན་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ བླ་མ་དྲག་པོའི་སྐུར་བཞེངས་ཤིག༔ བྱང་ཆུབ་བསྒྲུབ་ལ་བར་ཆོད་པའི༔ དགྲ་བགེགས་གནོད་བྱེད་རྡུལ་དུ་རློགས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ནས་ཆད་ཐོ་ནི༔ ཧཱུྃ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ རྩ་བའི་བླ་མ་ཡན་ཆད་ཀྱི༔ དུས་གསུམ་རྒྱལ་བའི་བཀའ་དམ་ལ༔ གནས་པའི་བཀའ་བསྲུང་ཆོས་སྐྱོང་རྣམས༔ དམར་གྱི་གཏོར་མ་འདི་ལོངས་ལ༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ བཛྲ་ས་མ་ཡ༔ དེ་ནས་བརྟན་སྐྱོང་ལ༔ ཧཱུྃ༔ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ འཁོར་བཅས་འདིར་གཤེགས་གཏོར་མ་ལོངས༔ སྒོ་བཞིའི་མཐའ་དམག་ཆོམ་ལ་ཕོབས༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་ནི༔ ཧཱུྃ༔ བདག་རྟོག་མ་ཏྲཾ་རཱུ་ཏྲའི་སྡེ༔ བདག་མེད་སྟོང་པའི་མཁའ་རུ་བྲུབ༔ ཡེ་ཤེས་རོལ་པའི་རྟ་བྲོ་བརྡུང་༔ མཉམ་ཉིད་བདེ་བ་ཆེན་པོར་མནན༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རྩ་གསུམ་དམ་ཅན་རྒྱ་མཚོ་དགོངས༔ སྐུ་གསུང་ཐུགས་ཀྱི་གསང་མཛོད་ནས༔ མཆོག་དང་ཐུན་མོང་དབང་དངོས་གྲུབ༔ མ་ལུས་བདག་ལ་སྩལ་དུ་གསོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ བདག་ནི་མ་རིག་དབང་གྱུར་པས༔ སྒོ་གསུམ་མི་དགེའི་ལས་བསགས་པ༔ གནོང་ཞིང་འགྱོད་སེམས་དྲག་པོས་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿབདག་གི་ཚེ་རབས་ཐམས་ཅད་དུ༔ ཚོགས་གཉིས་བསགས་པའི་རྣམ་དཀར་དགེ༔ བསྡུས་ཏེ་འགྲོ་བ་ཡོངས་ལ་བསྔོ༔ ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག༔ དེ་ནས་རྟག་ཆད་བསལ་བ་ནི༔ ཧཱུྃ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷ༔ ཆོས་ཉིད་བརྡལ་ཁྱབ་དབྱིངས་སུ་བསྡུ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཡེ་ཤེས་སྒྱུ་མའི་ལྷ་རུ་ལྡང་༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ སྣང་བ་ཞིང་ཁམས་རོལ་པར་འཕོས༔ སྲིད་པ་ཡེ་ཤེས་ལྷ་རུ་སྨིན༔ དྲན་རྟོག་ཆོས་ཉིད་ཆེན་པོར་སངས༔ འཁོར་འདས་དག་མཉམ་བཀྲ་ཤིས་ཤོག༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ ཤེས་པ་གཞན་དུ་མ་ཡེངས་ན༔ ཟླ་བ་དྲུག་གིས་དངོས་གྲུབ་ཐོབ༔ ལྷ་ཡི་ང་རྒྱལ་བརྟན་གྱུར་ན༔ འཆི་བ་ལྷུན་གྲུབ་ལོངས་སྐུར་འཕོ༔ མངོན་སངས་རྒྱས་པའི་འབྲས་བུ་ཐོབ༔ དུས་གསུམ་རྒྱལ་བའི་དགོངས་བཅུད་འདི༔ མཐོང་ཐོས་དྲན་རེག་སངས་རྒྱས་སོ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་སློབ་བུ་བསམ་རྡོར་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།