TTDL-ZABTER-12-NA-053
TTDL-ZABTER-12-NA-053
༠༠༠༠༠༠བརྡ་ཡིག༣༠༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་ཕྱག་རྒྱ་སྣང་སྲིད་ཟིལ་གནོན་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ༠༠༠༠བརྡ་ཡིག༣༠༩ཧཱུྃ༔ སྣང་ཞིང་སྲིད་པའི་རྟེན་བརྟེན་པ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་ཉིད་དེ་བཞིན་ཉིད་དུ་ཞིག༔ ཁྱབ་བྱེད་ཤེས་རབ་རོལ་པའི་རྩལ༔ རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ བདེ་ཆེན་དབང་དྲག་དཀྱིལ་འཁོར་དུ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་དབུས༔ པད་ཉི་སྡེ་བརྒྱད་བསྣོལ་བའི་ཁྲིར༔ ཧཱུྃ་ལས་རང་ཉིད་སྐད་ཅིག་གིས༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་ནག་རྡོ་རྗེ་ཕུར་པ་གདེངས༔ ཞལ་བསྒྲད་ཨམ་གཙིགས་ཁྲོ་གཉེར་འཁྲུགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་བསྒྲད༔ དབུ་སྐྲ་དམར་སེར་གཡས་སུ་འཁྱིལ༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ ཉི་ཟླའི་སྙན་ཆ་འོད་དུ་འབར༔ ཟ་བེར་མཐིང་ཤམ་ཆོས་གོས་གསོལ༔ མི་མགོའི་ཕྲེང་བ་སེ་རལ་ཁ༔ རབ་འཇིགས་རྒྱ་སྟག་དམར་བཀྲའི་སྟེང་༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ སྐུ་ཀློང་དྭངས་གསལ་ཆེན་པོའི་མཁར༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ རྒྱ་མཚོའི་གཟའ་སྐར་ཅི་བཞིན་ཤར༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཨོཾ་རྒྱན་མཚོ་སྐྱེས་རྡོ་རྗེ་མཐིང༔ གཅེར་བུ་རྡོར་དྲིལ་བསྣོལ་ཐབས་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང་༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཧཱུྃ་དམར་ཉིད་ལ་སྔགས་ཀྱིས་བསྐོར༔ བཟླས་པས་རྒྱལ་དང་རྒྱལ་བའི་སྲས༔ མ་ལུས་རྡོ་རྗེ་གསུམ་དུ་དྲིལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཤེས་པ་གཞན་དུ་མ་ཡེངས་པར༔ བསྙེན་པའི་གནད་དང་ལྷར་སྣང་བཟུང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ ལྷ་སྣང་ཕྱག་རྒྱའི་འོད་ཟེར་གྱིས༔ འཁོར་འདས་དག་མཉམ་ཆེན་པོ་སྦྱོར༔ ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཡེ་ཤེས་སྒྱུ་འཕྲུལ་འཁྲུལ་འཁོར་གྱིས༔ འཁོར་བ་མྱང་འདས་ཆེན་པོར་བསྒྲལ༔ ས་མ་ཡ༔ དེ་ལྟར་བསྐྱེད་རིམ་གནད་ལྡན་ན༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འཕོ༔ རིང་པོར་མི་ཐོགས་མངོན་སངས་རྒྱས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་མདོ་སྔགས་རྒྱ་མཚོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།ལེགས་སོ།།སརྦ་མངྒ་ལཾ།།༈དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཆོས་དབྱིངས་འགྱུར་བ་མེད་པའི་ངང་ཉིད་ལས༔ སྣང་སྲིད་ཟིལ་གནོན་རྡོ་རྗེ་ཁྲོ་བོ་ལོད༔ དཀྱིལ་འཁོར་ཡོངས་ཀྱི་མངའ་བདག་ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བཅས་ལ་བསྟོད༔ དོན་གཉིས་ལྷུན་གྲུབ་མཆོག་གི་དངོས་གྲུབ་སྩོལ༔ མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག༔ ཅེས་པ་སློབ་བུ་རིག་བཟང་གིས་བསྐུལ་ངོར་བདེ་བའི་རྡོ་རྗེས་བྲིས་པའོ།།དགེའོ།།