TTDL-ZABTER-12-NA-055

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-055

༠༠༠༠༠༠བརྡ་ཡིག༣༡༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྤྱི་དཔལ་ཆེན་པོའི་མངོན་རྟོགས་བཞུགས་སོ༔ ན་མོ་གུ་རུ་ཝེ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ བླ་མེད་བླ་མ་དཀོན་མཆོག་གསུམ༔ ཆེ་མཆོག་དཔལ་ལ་སྐྱབས་སུ་མཆི༔ སྲིད་པ་སྡུག་བསྔལ་རྒྱ་མཚོ་ལས༔ འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ༔ དེ་ནས་ལྷ་བསྒོམ་པ་ལ༔ ཧཱུྃ༔ གཟུང་འཛིན་སྟོང་ཉིད་ཆེན་པོར་ཞིག༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ རང་སྣང་དོན་གྱི་འོག་མིན་ཆེར༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་སྤྱན་དགུ་གཡོ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ གཡས་གསུམ་གནམ་ལྕགས་རྡོ་རྗེ་དང་༔ གཡོན་གསུམ་བྷནྡྷ་ར་རི་བསྣམས༔ ཞབས་བཞིས་དྲེགས་པ་ལྷ་ཀླུ་གནོན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ ཡུམ་མཆོག་གནམ་ཞལ་འཁྲིལ་སྦྱོར་རོལ༔ ཕྱག་གཉིས་ཁ་ཊྭཱྃ་ཐོད་ཁྲག་སྟོབ༔ ཁྲོ་མོ་མི་བཟད་གཟིག་ཤམ་གསོལ༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ སྐུ་དབྱིངས་རྒྱ་མཚོ་ལྟ་བུའི་ཀློང་༔ བདུན་བརྒྱ་ཉེར་ལྔའི་ལྷ་བཀོད་པ༔ གཟའ་སྐར་བཀྲ་བཞིན་རང་ཤར་བསྒོམ༔ ཐུགས་ཀློང་ཀུན་ཏུ་བཟང་པོ་མཐིང་༔ གཅེར་བུ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་ལྟེར༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་མ་ལུས་བཅུད་དུ་དྲིལ༔ གྲགས་སྟོང་སྐྱེ་མེད་སྔགས་སྒྲ་སྒྲོགས༔ ཨོཾ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བསྙེན་པ་འབྲུ་འབུམ་བསྒྲུབ་པ་ནི༔ དེ་ཡི་ཉིས་འགྱུར་ལས་སྦྱོར་ལ༔ བསྙེན་པའི་ཕྱེད་ཆ་ཙམ་དུ་བཟླས༔ དེ་ཚེ་དམིགས་གསལ་དབྱེར་མེད་ལས༔ ཤེས་པ་གཞན་དུ་མ་ཡེངས་ན༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ དེ་ཡི་དབང་མཆོག་བསྐུར་བ་ལ༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀ༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་རྫོགས༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ གསང་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ ཤེར་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱུད་ལ་དགོངས་པས་བྱིན་གྱིས་རློབས༔ ཚིག་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་བདུད་རྩི་རྡོ་རྗེ་དང་༔ ཤེལ་རྡོ་བྱིན་པ་འདིས་ཆོག་གོ༔ གཏོར་མ་གནས་བཞིར་གཏུག་ཀྱང་རུང་༔ དམིགས་གསལ་གནད་དང་ལྡན་པ་གལ༔ འབྲེལ་བ་ཐོགས་ཚད་སངས་རྒྱས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཞི་སྐོར་བདེ་ལྡན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།