TTDL-ZABTER-12-NA-057

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-057

༠༠༠༠བརྡ་ཡིག༣༢༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བདེ་གཤེགས་སྤྱི་དྲིལ་གསང་བའི་སྒྲུབ་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༢༩ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདེ་གཤེགས་གསང་བའི་སྒྲུབ་པ་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བདག་གིས་བྱང་ཆུབ་ངེས་བསྒྲུབ་ཅིང་༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་ནས་ལྷ་བསྐྱེད་པ་ལ༔ ཨཱཿའཁོར་འདས་དག་མཉམ་སྟོང་ཉིད་ཆེན་པོར་སངས༔ སྐད་ཅིག་ལྷུན་གྲུབ་རོལ་པའི་སྒྱུ་འཕྲུལ་ལས༔ རང་བྱུང་ཡེ་ཤེས་ལྔ་ལྡན་གཞལ་ཡས་སུ༔ དྲེགས་པ་གཅལ་བཀྲམ་མི་རོའི་བམ་སྟེང་དུ༔ བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པད་ཟླ་ཉི་མ་བདུད་དང་རཱུ་ཏྲའི་སྟེང་༔ རང་རིག་ཧཱུྃ་ལས་སྤྱི་དཔལ་ཧེ་རུ་ཀ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རྔམས་པའི་ཞལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་ཕྱོགས་བཅུར་གཟིགས༔ སྨ་ར་མེ་འབར་སྨིན་མར་གློག་སྟོང་འཁྱུག༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ༔ ཐོད་སྐམ་དབུ་རྒྱན་དར་གྱི་ཅོད་པན་འཕུར༔ གཡས་ཕྱག་གསུམ་ན་རྡོ་རྗེ་འབར་བ་གདེངས༔ གཡོན་གསུམ་ཐོད་ཁྲག་འཁོར་ཞིང་སྟེང་དུ་འཕྱོ༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུས་བརྒྱན༔ གཉིས་མེད་སྟོང་པའི་བདག་ཉིད་གནམ་ཞལ་མ༔ མཐིང་སྐྱ་ཁ་ཊྭཱྃ་ཐོད་ཁྲག་ཡབ་ལ་འཁྱུད༔ རལ་པ་དམར་ནག་བར་སྣང་ཁམས་སུ་གཡེང་༔ གཟིག་ཤམ་སྨད་དཀྲིས་ཁྲོ་བོའི་ཆས་ཀུན་རྫོགས༔ བདེ་སྟོང་གཉིས་མེད་ཐབས་ཤེས་ཞལ་སྦྱོར་བའི༔ གཙུག་ཏོར་འཁོར་ལོར་བླ་མ་རིག་འཛིན་དང་༔ བདེ་ཆེན་འཁོར་ལོར་གཤིན་རྗེ་འཇམ་དཔལ་སྐུ༔ ལོངས་སྤྱོད་འཁོར་ལོར་རྟ་མགྲིན་པདྨ་གསུང་༔ ཆོས་ཀྱི་འཁོར་ལོར་ཡང་དག་རྡོ་རྗེ་ཐུགས༔ སྤྲུལ་པའི་འཁོར་ལོར་ཕུར་བ་ཕྲིན་ལས་དང་༔ བདེ་སྐྱོང་འཁོར་ལོར་མ་མོ་རྦོད་གཏོང་ལ༔ བརླ་གཡས་དྲེགས་འདུལ་འཇིག་རྟེན་མཆོད་བསྟོད་དང་༔ གཡོན་པར་སྟོབས་ལྡན་དམོད་པ་དྲག་སྔགས་ལྷ༔ བ་སྤུའི་འོད་ཀློང་དཔལ་གྱི་བཀའ་སྡོད་བཅས༔ རྒྱ་མཚོའི་གཟའ་སྐར་ཇི་བཞིན་མ་འདྲེས་ཤར༔ སྤྱི་བོར་སྐུ་གསུང་ཐུགས་ཀྱི་ཁྱུང་གིས་བརྒྱན༔ ཀུན་བཟང་ཡབ་ཡུམ་རིགས་ཀྱི་བདག་པོར་ཤར༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དུ་བསྐྱེད༔ ཐུགས་ཀར་པདྨ་ཉི་ཟླའི་གདན་སྟེང་དུ༔ ཀུན་བཟང་ཡབ་ཡུམ་འོད་ལྔའི་ཀློང་དུ་གསལ༔ དེ་ཡི་ཐུགས་ཀར་གནམ་ལྕགས་རྡོ་རྗེ་ཡི༔ ལྟེ་བར་ཧཱུྃ་མཐིང་སྤུ་ཡིས་བྲིས་ལྟ་བུའི༔ མཐའ་མར་བདེ་གཤེགས་ཡོངས་འདུས་དྲིལ་སྔགས་འཁོར༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་རྡོ་རྗེ་གསུམ་གྱི་ངོ་བོར་གནས་པ་ལས་འོད་ཟེར་འཕྲོས་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་མ་ལུས་ཤིང་ལུས་པ་མེད་པ་སྤྱན་དྲངས་ཏེ་བདག་ཉིད་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སངས་རྒྱས་པར་བསམ༔ ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་གསལ་སྣང་དང་འགྲོགས་མི་ཚིག་གིས་བར་མ་ཆོད་པར་སྔགས་ལེགས་པར་བཟླ་བ་གནད་དམ་པའོ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དེ་ནས་དྲིལ་སྔགས་ལས་སྦྱོར་དུ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གྲངས་བསྙེན་འབུམ་ཕྲག་འབྲུ་དང་བསྟུན༔ དུས་བསྙེན་དེ་ཡིས་བཞི་འགྱུར་བྱ༔ བསྙེན་བསྒྲུབ་ལས་སྦྱོར་དམིགས་པའི་ཁྱད༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ སྣ་ཚོགས་གཟུགས་སྐུའི་རོལ་པ་ཆུ་ཟླའི་གར༔ གདུལ་བྱ་ཐབས་ཀྱིས་འདུལ་པའི་སྐུར་སྟོན་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བསྒྲུབ་པའི་བསྒོམ་བཟླས་གནད་ལྡན་ན༔ ཚེ་འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ མཁའ་འགྲོ་ལས་ཀྱི་དབང་མོས་དེ་ལྟར་གདམས།།སློབ་བུ་རྡོ་རྗེ་དཔལ་གྱིས་བསྐུལ་བའི་ངོར།།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཕབ་པའོ།།དགེའོ།།