TTDL-ZABTER-12-NA-060
TTDL-ZABTER-12-NA-060
༠༠༠༠བརྡ་ཡིག༣༤༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཤིན་རྗེ་འཆོལ་བར་ཁྲོས་པའི་སྒྲུབ་ཐབས་བདུད་ཀྱི་དཔུང་འཇོམས་བཞུགས་སོ༔
༠༠༠༠༠བརྡ་ཡིག༣༤༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འཆི་བདག་ཟིལ་གནོན་ནཱ་ག་རཀྴ་ནི༔ གང་གིས་སྒྲུབ་པའི་སྐྱེས་བུ་གང་སུ་དག༔ ཕྱི་ནང་གསང་བའི་བར་ཆད་རྐྱེན་ལས་གྲོལ༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ལ༔ རབ་དབེན་ཚལ་དུ་དཀྱིལ་འཁོར་བཀོད་ལེགས་སྟེང་༔ རྟེན་གསུམ་དང་ནི་གཏོར་མ་བཀོད༔ ཕྱི་ནང་མཆོད་རྫས་སྣ་ཚོགས་བཤམས༔ དཀར་ཕྱོགས་སྐྱོང་ལ་དཀར་མཆོད་དང་༔ ནག་ཕྱོགས་རིགས་ལ་དམར་གཏོར་འབུལ༔ བགེགས་ལ་གླུད་དང་ཆངས་བུ་དང་༔ འབྲས་ཆན་ཤ་དུམ་སྣ་ཚོགས་བསྔོ༔ དེ་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ་བསྐྱར༔ གཉིས་པ་བྱང་སེམས་བསྐྱེད་པ་ལ༔ ཀྱཻ་མ༔ སྲིད་པ་ལས་ཀྱི་ཁྲི་མུན་དུ༔ སྡུག་བསྔལ་གསུམ་གྱིས་བཅིང་བ་ཡི༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ བྱང་ཆུབ་སེམས་ཀྱིས་རྒྱས་གདབ་བོ༔ གསུམ་པ་བཀའ་བསྒོ་བྱ་བ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ང་ནི་གཏི་མུག་རྡོ་རྗེའི་སྐུ༔ མ་རིག་འཇིགས་བྱེད་ཆེན་པོ་སྟེ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ རྡོ་རྗེ་འཇིགས་བྱེད་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ དྲག་པོ་ཆེན་པོའི་དྲག་ཤུལ་གྱིས༔ མགོ་འགས་སྙིང་བསྲེགས་དམྱལ་བར་ལྟུང་༔ དེ་བས་དམ་ལས་མ་འདའ་བར༔ འདོད་ཡོན་གཏོར་མ་འདི་ལོངས་ལ༔ བཟུང་བ་ཐོང་ལ་བཅིང་བ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཁྱོག༔ ཟོས་པ་སྐྱུག་ལ་ནད་ཕྱིར་ཕྱུང་༔ སོ་སོ་རང་རང་གནས་སུ་དེངས༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ བཞི་པ་མཚམས་གཅོད་བྱ་བ་ལ༔ ཧཱུྃ༔ བདག་ཉིད་དྲག་པོའི་སྤྲུལ་པ་ལས༔ ཐུན་མཚོན་མེ་རླུང་ཁྲོ་ཆུང་སྡིག༔ འཕྲོས་པས་བགེགས་བསྐྲད་ཚུར་འདུས་པས༔ སྲུང་གུར་རིམ་པ་དྲུག་ཏུ་གྱུར༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཀྵ་རཀྵ་ཧཱུྃ༔ ལྔ་པ་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ལ༔ ཨཱཿའཁོར་འདས་དག་མཉམ་བྱང་ཆུབ་སེམས༔ མངོན་གྱུར་ཆེན་པོའི་སྒོ་ཕྱེས་ཤིག༔ ལྷ་དང་རིག་པ་གཉིས་སུ་མེད༔ རང་བྱུང་ཆེན་པོ་ལ་ཕྱག་འཚལ༔ པྲ་ཝེ་ཤ་ཡ་ཕཊ༔ ན་མོ་ན་མ་ཧོ༔ དྲུག་པ་བྱིན་དབབ་པ་ནི༔ ཧཱུྃ༔ གཞི་དབྱིངས་ཀ་དག་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ རང་བྱུང་ཡེ་ཤེས་སྤྲུལ་པའི་སྐུ༔ མངོན་གྱུར་ཆེན་པོར་བྱིན་ཆེན་ཕོབ༔ བཛྲ་ཨ་ཝེ་ཤ་ཡ་ཨཱཿབདུན་པ་མཆོད་རྫས་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ དབང་པོ་ཡུལ་གྱི་འཆར་སྒོ་རུ༔ འདོད་ཡོན་ལོངས་སྤྱོད་མི་ཟད་གཏེར༔ ཕྱི་ནང་གསང་མཆོད་ནམ་མཁའ་མཛོད༔ རང་བྱུང་མཆོད་པའི་མཆོག་ཏུ་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས༔ ཤཔྡ་རཱུ་པ་ནས༔ སྤཪྵེ་དྷརྨ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་བོ་དྷི་ཙིཏྟ་སརྦ་ག་ཎ་པཱུ་ཛ་ཧོ༔ གཉིས་པ་དངོས་གཞིར་རྣམ་གྲངས་བརྒྱད༔ དང་པོ་དཀྱིལ་འཁོར་ལྷ་བསྐྱེད་ནི༔ ཨཱཿའཁོར་འདས་མ་བཅོས་སྟོང་ཉིད་ཆེན་པོར་མཉམ༔ རང་གསལ་སྒྲིབ་གཡོགས་བྲལ་བ་རིག་པའི་གཤིས༔ རྒྱུ་ཡི་ས་བོན་ཨོཾ་ལས་འོད་འཕྲོས་པས༔ ཡེ་ཤེས་མེ་རི་འབར་བའི་ཞིང་ཁམས་སུ༔ བཙན་དུག་ངད་རླངས་འཕྱོ་བའི་རྒྱ་མཚོའི་ཀློང་༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་སྟེང་༔ པདྨ་ཟླ་བ་ཉི་མའི་ཁྲི་ཡི་ཁར༔ གདུག་པ་འཆི་བདག་ཕོ་མོ་བསྣོལ་བའི་སྟེང་༔ ཧཱུྃ་མཐིང་བབ་པའི་འོད་ཀྱིས་རྒྱལ་ཀུན་མཆོད༔ འགྲོ་དྲུག་སེམས་ཅན་ཀུན་གྱི་ལས་ཉོན་སྦྱངས༔ གཟི་བྱིན་དྭངས་བཅུད་ཚེ་བསོད་དང་བཅས་པ༔ ཚུར་འདུས་གཤིན་རྗེ་ནཱ་ག་རཀྴ་མཐིང་༔ དབུ་དགུ་རབ་ཏུ་ཁྲོས་པ་བལྟར་མི་བཟོད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་རར་མེ་འབར་སྨིན་མར་གློག་སྟོང་འཁྱུགས༔ རྩ་བདུན་སྤྱན་གྱིས་འཁོར་འདས་ས་ལེར་གཟིགས༔ ལྗགས་འདྲིལ་མ་ཏྲཾ་རཱུ་ཏྲའི་ཁོང་ཁྲག་འདྲེན༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་འབར༔ སྟེང་ཞལ་དབུས་མར་རིན་ཆེན་པྲོག་ཞུ་གསོལ༔ རྩ་ཕྱག་གཉིས་ན་གྲི་གུག་སྦྲུལ་ཆུན་བསྣམས༔ གཡས་བརྒྱད་གྲི་གུག་ཕྱར་བས་ཁམས་གསུམ་འགུགས༔ གཡོན་པ་བརྒྱད་ན་སྦྲུལ་གྱི་ཆུན་པོ་བསྣམས༔ སྐུ་སྨད་གདུག་པ་ཞེ་སྡང་སྦྲུལ་དུ་འཁྱིལ༔ ཤར་དུ་ཁྱུང་གདོང་དཀར་པོས་རྗེ་རིགས་འཇོམས༔ ལྷོ་རུ་ཕག་གདོང་སེར་པོས་དམངས་རིགས་འཇོམས༔ ནུབ་ཏུ་དྲེད་གདོང་དམར་པོས་བྲམ་ཟེ་འཇོམས༔ བྱང་དུ་ཁྭ་གདོང་ནག་པོས་གདོལ་པ་འཇོམས༔ ཀུན་གྱི་གཡས་གཡོན་ལྕགས་ཀྱུ་ཕུར་པ་གདེངས༔ སྟེང་ཕྱོགས་ཡེ་ཤེས་བྱ་ཁྱུང་རིགས་ལྔ་ལྡིང་༔ ཀླུ་གཉན་ས་བདག་ཐམས་ཅད་ཟས་སུ་ཟ༔ དུག་རླངས་མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ ཐུགས་ཀར་ཡེ་ཤེས་འོད་ཀློང་ཟླ་བའི་སྟེང་༔ འཇམ་དཔལ་དམར་སེར་རལ་གྲི་པོ་ཏི་བསྣམས༔ དེ་ཡི་ཐུགས་ཀར་པདྨ་ཉི་གདན་ལ༔ ཧཱུྃ་མཐིང་མཐའ་བསྐོར་ཡིག་འབྲུ་བཞི་ཡིས་བསྐོར༔ རང་སྒྲས་སྣང་སྲིད་ཤིག་ཤིག་ཡོམ་ཡོམ་འགུལ༔ ཞལ་ནས་དྲག་སྔགས་མེ་སྟག་འཕྲོ་བ་བཞིན༔ བར་མ་ཆད་པར་སྐར་ལྟར་འཁྲིགས་པ་ལས༔ ཀླུ་གཉན་ས་བདག་ཐམས་ཅད་གཞོབ་ཏུ་བསྲེགས༔ སྔགས་ཀྱི་འོད་ཟེར་ཉི་ལྟར་འབར་བ་ཡིས༔ གཉན་དུག་གྲིབ་དང་ཆུ་སེར་ཐམས་ཅད་ཀུན༔ རྫས་ལ་མེ་མཆེད་བཞིན་དུ་བསྲེགས་པར་བསྒོམ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ སྙིང་གར་ཧཱུྃ་མཐིང་ནག་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་སྐུ་གསུམ་དག་པའི་དབྱིངས་ནས་རྒྱལ་བ་སྲས་དང་བཅས་པ་གཤིན་རྗེ་ནཱ་ག་རཀྴའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པ་ཅན་དུ་གྱུར་ཏེ་སྤྱན་དྲངས་བསྐྱེད་པའི་ལྷ་ལ་ཐིམ་པས་གཉིས་སུ་མེད་པར་བསམ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ནཱ་ག་རཀྴ་བཛྲ་ས་མ་ཡ་ཛ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ སྐུ་གསུམ་རྒྱལ་བ་སྲས་བཅས་དང་༔ འཆི་བདག་ཟིལ་གནོན་གཤིན་རྗེའི་གཤེད༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿགསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་དུ༔ ཤེས་རབ་ཡེ་ཤེས་དབྱིངས་ཀྱི་ལྷ༔ དབྱེར་མེད་དུ་མ་རོ་གཅིག་ཏུ༔ མངོན་གྱུར་ཆེན་པོར་བཞུགས་སུ་གསོལ༔ ཀཱ་ཡ་བཛྲ་ས་མ་ཡ་སྟྭཾ༔ ཝཱཀ་བཛྲ་ས་མ་ཡ་སྟྭཾ༔ ཙིཏྟ་བཛྲ་ས་མ་ཡ་སྟྭཾ༔ གུ་ཎ་བཛྲ་ས་མ་ཡ་སྟྭཾ༔ སརྦ་ཀརྨ་བཛྲ་ས་མ་ཡ་སྟྭཾ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི༔ ན་མོ༔ མ་རིག་གཏི་མུག་དྲུང་འབྱིན་པའི༔ ཤེས་རབ་ཡེ་ཤེས་ཀུན་ཏུ་འབར༔ གཤིན་རྗེ་གཤེད་ཆེན་བདུད་ཀྱི་བདུད༔ དཔལ་གྱི་དཔལ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ལྔ་པ་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་བྱང་ཆུབ་སེམས༔ རཱུ་ཏྲ་བསྒྲལ་བའི་ཤ་རུས་ཁྲག༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས༔ ཤཔྡ་རཱུ་པ་ནས༔ སྤཪྵེ་དྷརྨ་བོ་དྷི་ཙིཏྟ་མཱཾ་ས་རཀྟ་ཙིཏྟ་པཱུ་ཛ་ཧོ༔ དྲུག་པ་བསྟོད་པ་བྱ་བ་ལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་ཡེ་སངས་རྒྱས༔ གདོད་ནས་སྤྲོས་པའི་མཐའ་དང་བྲལ༔ བདག་ལྟའི་རཱུ་ཏྲ་བསྒྲལ་བ་ལས༔ བདག་མེད་མཉམ་ཉིད་ཡེ་ཤེས་བྱུང་༔ ཀ་དག་ཆོས་སྐུ་མངོན་གྱུར་གཤིས༔ ལྷུན་གྲུབ་རོལ་པའི་ཡེ་ཤེས་ཤར༔ བདུད་ཀྱི་བདུད་ཆེན་གཤིན་རྗེའི་གཤེད༔ སྲིད་པ་དབྱིངས་སུ་འཇིགས་མཛད་ཅིང་༔ མ་རིག་རྟེན་འབྲེལ་ལུགས་འབྱུང་ཆོས༔ རིག་པ་ཡེ་ཤེས་ཆེན་པོ་རུ༔ ལུགས་བཟློག་སྲིད་པའི་གཞི་རྩ་གཏོར༔ ཀླུ་ཡི་རྒྱལ་པོ་ཀླུ་ཡི་བདུད༔ འཁོར་བའི་སྲོག་བདུད་མི་སྲུན་པ༔ རྡོ་རྗེ་སྲིན་པོ་ཁྱོད་ལ་བསྟོད༔ ཁྱོད་ཀྱི་ཕྲིན་ལས་སྤྲུལ་པ་ལས༔ རྡོ་རྗེ་གཞོན་ནུ་ལས་ལ་འགྱེད༔ དུག་ལྔའི་རང་གཟུགས་མགོ་བརྙན་ངོམས༔ འབུད་ཤིང་མེ་ཡིས་རང་བསྲེགས་བཞིན༔ ཀླུ་ལྔའི་དབང་པོས་ཀླུ་སྲོག་གཅོད༔ ཀླུ་བདུད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁྱོད་ཀྱི་གཟི་བརྗིད་མཐོང་ཙམ་གྱིས༔ ཁམས་གསུམ་ཀུན་གྱི་བདེ་དང་སྡུག༔ དྲན་མེད་མྱོང་མེད་ངང་དུ་མྱོས༔ རྡོ་རྗེ་ཅན་ཡང་བྲེད་ཅིང་དངངས༔ ཁྲོ་བོ་ཆེན་པོ་རྣམས་ཀྱིས་ཀྱང་༔ མཚོན་ཆ་བོར་ནས་ཕྱོགས་བཅུར་འབྲོས༔ ཁྱབ་བདག་སྤྱི་དཔལ་ཁྱོད་ལ་བསྟོད༔ བདུད་པ་བཤགས་པ་བྱ་བ་ནི༔ ཧོཿཀུན་བཟང་ཆེ་མཆོག་གཤིན་རྗེའི་གཤེད༔ ཀ་དག་ཡེ་ཤེས་མངོན་གྱུར་དབྱིངས༔ གདོད་ནས་རང་བྱུང་ཡེ་ཤེས་ཞལ༔ མ་རིག་འཁྲུལ་པའི་ནོངས་པ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད༔ བརྒྱད་པ་འཛབ་བསྐུལ་ནི༔ ཧཱུྃ༔ ཁྱབ་བརྡལ་ལྷུན་འབྱམས་མཚན་མ་བྲལ༔ ཆོས་ཉིད་ངང་ལས་ཡེ་ཤེས་ཤར༔ ཡེ་ཤེས་རྩལ་ལས་ལྷར་སྣང་ངོམས༔ བསྐུལ་ལོ་ཐུགས་རྗེས་རྒྱུད་བསྐུལ་ལོ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཕུང་ཁམས་གཤེགས་པ་གཤེགས་མ་བཞེངས༔ དབང་ཡུལ་དཔལ་ཆེན་སྐུ་རུ་བཞེངས༔ རྟོག་ཚོགས་ཁྲོ་བོའི་རོལ་པར་བཞེངས༔ སྐུ་ནི་སྒེག་དཔའ་འཇིགས་སུ་རུང་༔ གསུང་ནི་རྒོད་གཤེ་དྲག་ཤུལ་ལྡན༔ ཐུགས་ནི་སྙིང་རྗེ་རྔམས་ཞིའི་ངང་༔ གར་གྱི་རོལ་པས་ད་བཞེངས་ལ༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ དབང་བྱིན་དངོས་གྲུབ་ཆར་ལྟར་ཕོབས༔ རིག་འཛིན་རྣམ་བཞིའི་གོ་འཕང་མཆོག༔ ད་ལྟ་ཉིད་དུ་ཐོབ་པར་མཛོད༔ བཟླས་པའི་སྔགས་ནི༔ ཨོཾ་ཕེ་ལང་ཧཱུྃ༔ ཞེས་ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་ང་རྒྱལ་དང་འགྲོགས༔ མི་ཚིག་གིས་བར་མ་ཆོད་པར་སྔགས་བཟླས་པ་ལ་འབད༔ དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བསྐྱེད་པའི་ལྷའི་རྣམ་པར་རྒྱུན་མི་ཆད་པར་བྱུང་ནས་མཚོ་ཆེན་པོ་ལ་ཁ་བ་བབ་པ་ལྟར་སྒྲུབ་རྫས་ལ་ཐིམ་པར་ཡང་ཡང་བསམ་པ་ནི་བསྙེན་པའི་གནད་ཡིན་ནོ༔ དེ་དུས་ཉི་མ་ཤར་བ༔ ནམ་མཁའ་གཡའ་དག་པ༔ མཚོ་སྐམ་པ༔ ཀླུ་ནོར་ཤི་བ༔ སྲོག་ཆགས་གསོད་པ༔ ཁང་པ་མེས་ཚིགས་པ༔ མཁའ་ལ་འཕུར་བ༔ ཉི་ཟླ་གདན་དུ་བཏིང་བ༔ སྡེ་ཡུལ་མང་པོ་དབང་བསྒྱུར་བ༔ སྐྱེ་འགྲོ་མང་པོས་ཕྱག་འཚལ་ལ་བཀུར་སྟི་བྱེད་པ༔ གཞན་ཡང་དབང་བསྐུར་ཆོས་བཤད་བྱེད་པ༔ རི་ཀུན་ལས་མཐོ་བའི་རྩེ་མོར་ཕྱིན་པ༔ བྲག་བཤིག་པ༔ ཤིང་བཅད་པ༔ རོལ་མོ་སྒྲོགས་པ༔ གཞན་གྱིས་ཟས་ནོར་སྟེར་བ་རྣམས་བྱུང་ན་འགྲུབ་པའི་རྟགས་ཡིན༔ ལུས་ལས་འབུ་སྲིན་ཐོན་པ་གདོན་འདོན་པའི་རྟགས་དང་༔ རྣག་ཁྲག་ཐོན་པ་ནད་ཐོན་པའི་རྟགས་ཡིན་ནོ༔ བཟང་པོའི་རྟགས་མཚན་བྱུང་ཡང་མཆོག་འཛིན་མི་བྱ༔ ངན་པའི་རྟགས་མཚན་བྱུང་ཡང་དོགས་པ་དང་ངན་པར་མི་འཛིན་པ་གནད་དུ་ཤེས་པར་གྱིས༔ གོང་བསྙེན་པ་ལ་བྱེ་བ་བཟླས་པ་ན།ལས་སྦྱོར་ལ་འབུམ་འདོན་དེས་རིགས་འགྲེས་སྦྱར་རོ།།མཆན།བསྙེན་རྟགས་མཚན་བྱུང་ནས་ལས་སྦྱོར་དྲག་སྔགས་འདི་ལ་འབད༔ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཱ་ཙ་ཧཱུྃ་ཕཊ༔ དེ་ཉིད་བཟླས་པའི་དུས་སུ་བདག་བསྐྱེད་ལས་མེ་མཆེད་པས་བར་ཆད་གདོན་བགེགས་བག་ཆགས་ལས་ཉོན་ཐམས་ཅད་ཐུལ་གྱིས་བསྲེགས་པར་ཡང་ཡང་བསམ་མོ༔ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ འབྱོར་ཚོགས་འདོད་ཡོན་བྱེ་བྲག་ཀུན༔ རི་རབ་རོལ་མཚོའི་ཚུལ་དུ་བཀོད༔ དང་པོ་ཚོགས་རྫས་བྱིན་རླབས་ནི༔ རཾ་ཡཾ་ཁཾ༔ སྣང་སྲིད་འདོད་ཡོན་ཆོས་སོ་ཅོག༔ གཉིས་མེད་སྟོང་ཉིད་ཆེན་པོར་ཞིག༔ སྟོང་ཉིད་དབྱིངས་སུ་སྒྱུ་འཕྲུལ་བཞིན༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐྱབས་གནས་ཀུན་འདུས་བླ་མ་དང་༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེ༔ གཤིན་རྗེའི་གཤེད་ཆེན་བདུད་ཀྱི་བདུད༔ ནཱ་ག་རཀྴ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཀྱི་ཞིང་དང་མཆོད་གནས་སུ༔ དྲག་པོ་ཆེན་པོ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿགསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ དྲག་པོ་ཆེན་པོའི་དཀྱིལ་འཁོར་དུ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཕྱི་ནང་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ བཞི་པ་བཤགས་པ་བྱ་བ་ནི༔ ཧོཿཡི་དམ་ལྷ་ཚོགས་དགོངས་སུ་གསོལ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་བག་མེད་དབང་གྱུར་པས༔ ཉེས་བྱས་ཅི་མཆིས་ཚོགས་ཀྱིས་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད༔ ལྔ་པ་ཉམས་པ་བསྒྲལ་བ་ལ༔ ཧཱུྃ༔ གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ༔ དྲག་པོ་ཆེན་པོ་དྲག་ཤུལ་གྱིས༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ ལྷ་ཡང་རུང་སྟེ་ཕྱེ་མར་ཐུལ༔ ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་མཱ་ར་ཡ་རྦད་སོད༔ དྲུག་པ་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ བདུད་ཀྱི་བདུད་ཆེན་གཤིན་རྗེའི་གཤེད༔ ནཱ་ག་རཀྴ་ཞལ་ཕྱེས་ཤིག༔ ཉམས་པ་བདུན་ལྡན་དགྲ་བགེགས་ཀྱི༔ ཕུང་ཁམས་སྐྱེ་མཆེད་ཞལ་དུ་བསྟབས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ བདུན་པ་ལྷག་མ་འབུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྐྱོང་ཚོགས༔ དམ་ཚིག་དབང་གིས་འདིར་གཤེགས་ལ༔ སྔོན་གྱི་ཆད་དོན་ཁྲིམས་བཞིན་དུ༔ ལྷག་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་བསྐུལ་བ་བྱ་བ་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་ངོམས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་ལ༔ བརྟེན་ཅིང་འབྲེལ་བའི་དགྲ་དང་བགེགས༔ བདག་མེད་རྡོ་རྗེའི་མཚོན་གྱིས་ཤིག༔ ཡུལ་མེད་ཟང་ཐལ་ཆེན་པོར་སྒྲོལ༔ རྟོག་མེད་མཉམ་པ་ཉིད་དུ་སོད༔ དུས་ལ་བབ་པོ་ས་མ་ཡ༔ དགུ་པ་ཆད་མདོ་བཏང་བ་ནི༔ ཧཱུྃ༔ སྔོན་ཚེ་ཀུན་བཟང་རིགས་ལྔ་དང་༔ རྡོ་རྗེ་འཆང་དང་རྡོ་རྗེ་ཆོས༔ ཨོ་རྒྱན་པདྨ་ཐོད་ཕྲེང་སོགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་བའི༔ ཆད་དོན་དམ་ཅན་སྲུང་མ་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་མཛོད༔ དམ་ཚིག་ཇི་བཞིན་ཕྲིན་ལས་སྒྲུབས༔ དམ་ལ་མ་འདའ་ས་མ་ཡ༔ བཅུ་པ་བརྟན་མ་སྐྱོང་བ་ནི༔ བྷྱོ༔ སངས་རྒྱས་བསྟན་པ་བསྲུང་བ་ཡི༔ མ་མོ་མོ་རྒྱུད་སྡེ་དཔུང་དང་༔ མ་སྲིང་བརྟན་མ་བཅུ་གཉིས་སོགས༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ བསྟན་འགྲོ་བདེ་ལ་འགོད་པ་དང་༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ ཞིང་བཅུའི་དགྲ་བགེགས་རྡུལ་དུ་རློགས༔ མ་འདའ་བཛྲ་ས་མ་ཡ༔ བཅུ་གཅིག་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ སྟོང་པ་ཉིད་ཀྱི་བྲུབ་ཁུང་དུ༔ བདག་རྟོག་མ་རིག་འདྲེ་གདོན་བྲུབ༔ བདག་མེད་རྟོགས་པའི་པའི་བྲོ་བརྡུང་བས༔ ལྡང་མེད་རྡོ་རྗེ་ལྷུན་པོས་མནན༔ སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ བཅུ་གཉིས་པ་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ཀློང་མཛོད་ནས༔ དབང་དང་དངོས་གྲུབ་དགའ་བཞིའི་བཅུད༔ བདག་གི་སྒོ་གསུམ་སྣོད་དུ་བབ༔ དག་སྨིན་གྲོལ་བ་མངོན་འགྱུར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ བཅུ་གསུམ་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ མ་རིག་དབང་གྱུར་ལས་ཉོན་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ བཅུ་བཞི་བ་བསྔོ་སྨོན་བྱ་བ་ནི༔ ཧོཿདུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ བདག་དང་ཁམས་གསུམ་སེམས་ཅན་རྣམས༔ སྐུ་གསུམ་དབྱིངས་སུ་སངས་རྒྱས་ཤོག༔ ལན་གསུམ༔ བཅོ་ལྔ་པ་བསྡུ་རིམ་ནི༔ ཧཱུྃ༔ བསྐྱེད་པ་ཐབས་ཀྱི་དཀྱིལ་འཁོར་ལྷ༔ ཤེས་རབ་སྟོང་ཉིད་ཆེན་པོར་ཞིག༔ སླར་ཡང་མཁའ་ལ་འཇའ་ཤར་བཞིན༔ རཀྴའི་སྐུར་གསལ་གོ་ཁྲབ་བགོ༔ བཅུ་དྲུག་པ་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ རྟེན་འབྲེལ་ཟབ་མོའི་ནུས་མཐུ་ཡིས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག༔ ས་མ་ཡ༔ འདི་སྒྲུབ་སྐལ་བཟང་སྐྱེས་བུ་རྣམས༔ རྡོ་རྗེ་གསུམ་གྱི་གྲོང་འཕོས་ཏེ༔ ཕྱི་ནང་བར་ཆད་རྐྱེན་ལས་གྲོལ༔ སྲིད་པ་གསུམ་ལས་རྣམ་པར་རྒྱལ༔ ཚེ་འདི་མངོན་སངས་རྒྱས་འགྱུར་རོ༔ ལྷ་དང་དཀྱིལ་འཁོར་བསྒྲུབ་པ་ཀུན༔ མཐར་ཐུག་ཆོས་ཉིད་ཆེན་པོ་རུ༔ གཉིས་མེད་རོལ་པར་དམིགས་པ་ཡི༔ མངོན་གྱུར་རྫོགས་པ་ཆེན་པོ་རུ༔ གྲོལ་བ་གནད་ཀྱི་མཐར་ཐུག་གོ༔ འདི་ནི་བསྒྲུབ་པ་དངོས་གྲུབ་ཉེ༔ བཀའ་སྲུང་ལས་ཀྱི་གཤིན་རྗེས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་རང་སློབ་རྡོ་རྗེ་རྣམ་པར་རྒྱལ་བ་དང་།བློ་གྲོས་དབང་པོ་གཉིས་ཀྱིས་གཙོས་བུ་སློབ་འགས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེའོ།།དགེའོ།།དགེའོ།།ལེགས་སོ།།