TTDL-ZABTER-12-NA-066
TTDL-ZABTER-12-NA-066
༠༠༠༠༠བརྡ་ཡིག༣༩༡ཡེ་ཤེས་མཁའ་འགྲོའི་ཀློང་མཛོད་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཆ་ལག་བུམ་བསྐྱེད་དབང་གི་ཆུ་བོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༣༩༡བུམ་པ་མཚན་ལྡན་མགུལ་ཆིངས་བཅས༔ ཁ་རྒྱན་དང་བཅས་ཚང་བྱས་ཏེ༔ མདུན་གྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་སྐད་ཅིག་གིས་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་བུམ་པ་མི་དམིགས་པ་བྷྲུྃ་ལས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་དུ༔ པཾ་ལས་པདྨའི་སྡོང་པོ་ཡལ་ག་ལོ་འདབ་རྒྱས་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཏེ་ཚུར་འདུས་པ་ལས་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་༔ གཡས་ཀྱི་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ༔ གཡོན་གྱི་འོག་མས་པདྨ་དཀར་པོའི་ཡུ་བ་ནས་འཛིན་ཅིང་༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་པང་དུ་ཡུམ་མཆོག་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས་འཁྲིལ་བ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ༔ ཡབ་ཡུམ་གཉིས་ཀ་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་གྱུར༔ ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རིགས་ལྔ་བདེ་གཤེགས་སྲས་དང་བཅས་པས་བསྐོར་ནས་བཞུགས་པའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པར་འཕྲོས་པས༔ དག་པ་སྐུ་གསུམ་གྱི་དབྱིངས་ནས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ ཞེས་སྤྱན་འདྲེན་དང་བཞུགས་གསོལ་ཕྱག་འཚལ་དང་མཆོད་འབུལ་བསྟོད་པ་དང་བཅས་པ་རྫོགས་ནས་འཛབ་བཟླ་བ་ནི༔ ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿདཀར་པོའི་མཐའ་བསྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བསྟིམ༔ འཁོར་འདས་གཉིས་ཀྱི་གཟི་བྱིན་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཐིམ་པ་ལས་སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་མེར་གྱིས་གང་བར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སླར་ཡང་མཆོད་བསྟོད་བྱས་མཐར༔ ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཅེས་བསམ་ལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་ཀློང་གི་མཛོད་ལས་བསྒྱུར་ཏེ་སློབ་བུ་ཆོས་འབྱོར་གྱིས་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།