TTDL-ZABTER-12-NA-068
TTDL-ZABTER-12-NA-068
༠༠༠༠༠བརྡ་ཡིག༣༩༧ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་ཕྱག་རྒྱ་ཁམས་གསུམ་རོལ་པ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༩༧མ་དག་འཁོར་བའི་སྒོ་གསུམ་པོ༔ དག་པ་ཡེ་ཤེས་སྒྱུ་མའི་སྐུའི༔ རྡོ་རྗེ་གསུམ་གྱི་གྲོང་ཁྱེར་དུ༔ གྲོང་འཕོ་གྲོང་འཇུག་འདི་ལྟ་སྟེ༔ ཧཱུྃ༔ འཁོར་འདས་སྟོང་ཉིད་ཆེན་པོར་ཞིག༔ དག་མཉམ་རོལ་པ་ཆོས་སྐུའི་མཁར༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནི༔ དམར་ནག་ཟླ་གམ་གདེངས་པའི་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་དང་༔ བསྣོལ་བའི་ཁྲི་སྟེང་པདྨ་དང་༔ ཉི་ཟླའི་གདན་ལ་རིག་པ་ཧཱུྃ༔ འཕྲོ་འདུ་ཡོངས་སུ་གྱུར་པ་ལས༔ རང་ཉིད་རྟ་མགྲིན་ནག་པོ་དང་༔ རྡོ་རྗེ་གཏུམ་པོ་གཉིས་མེད་པའི༔ ཡང་ཁྲོས་ཁམས་གསུམ་རོལ་པའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་རྡོ་རྗེ་རལ་གྲི་དང་༔ གཡོན་གཉིས་ལྕགས་ཀྱུ་པདྨ་དང་༔ ཐ་གཉིས་རྡོ་རྗེ་དུང་ཁྲག་བསྣམས༔ ཞབས་བཞི་ཕག་ནག་མགོ་དགུའི་སྟེང་༔ བཞེངས་སྟབས་གྱད་ཀྱི་འདོར་སྟབས་བསྒྲད༔ གཡས་ཞལ་དཀར་ཞིང་གཡོན་དམར་གསལ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་སྤྱན་དགུ་བསྒྲད༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ དབུ་གཙུག་རྟ་ཞལ་གསུམ་འཚེར་བས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ ཐོད་སྐམ་དབུ་རྒྱན་ཅོད་པན་དང་༔ ཀོ་རློན་གཡང་གཞི་སྟག་ཤམ་གསོལ༔ ཐོད་ཕྲེང་སྦྲུལ་གྱི་ཆུན་པོས་བརྒྱན༔ དཔྲལ་བར་ཐལ་ཆེན་ཚོམ་བུ་དང་༔ མཁུར་ཚོས་རཀྟའི་ཐིག་ལེ་དང་༔ ཞལ་ལ་ཞག་གི་ཟོ་རིས་ཤར༔ ཁམས་གསུམ་རྣམ་རྒྱལ་ཁྱུང་གཤོག་དང་༔ ཡེ་ཤེས་མེ་དཔུང་འབར་ཀློང་དུ༔ པདྨ་གཟི་ལྡན་ཁྲོ་མོ་འཁྲིལ༔ ཞལ་སྦྱོར་གྲི་གུག་ཐོད་ཁྲག་འཛིན༔ དམར་མོ་དམར་སེར་རལ་པ་འཕྱང་༔ གཡང་གཞི་གཟིག་ཤམ་ཐོད་སྦྲུལ་བརྒྱན༔ སྤྱི་བོར་བྱ་ཁྱུང་དཀར་དམར་མཐིང་༔ དུག་གསུམ་ལས་གྱུར་ཀླུ་གདོན་ཟ༔ ངར་སྐད་དྲག་པོས་ས་གསུམ་འདར༔ སྤྱན་མིག་ཉི་ཟླའི་འོད་ཟེར་འབར༔ གཤོག་པས་ཉི་ཟླ་ཚོགས་པོར་འཕེན༔ སྡེར་མོས་ཀླུ་བརྒྱད་དོན་སྙིང་འདྲེན༔ བཙན་དུག་ངད་རླངས་འཚུབས་ཤིང་འཁྲིགས༔ ཐུགས་ཀར་པདྨ་ཉི་གདན་ལ༔ སྣང་མཐའ་རྒྱན་མེད་གཅེར་བུ་དམར༔ དེ་ཡི་ཐུགས་ཀར་རཱ་ག་ལས༔ གྲུབ་པའི་རྡོ་རྗེ་རྩེ་ལྔའི་ལྟེར༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་དང་འོད་ཟེར་རབ་འཕྲོས་པས༔ དབྱིངས་ནས་ཡེ་ཤེས་པ་ཡི་ཚོགས༔ དཔག་ཏུ་མེད་པ་སྤྱན་དྲངས་བསྟིམ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་བཛྲ་ཕཊ༔ ལྷ་ལ་གསལ་སྣང་ཐོན་པ་ཡིས༔ ང་རྒྱལ་བརྟན་པའི་གདིང་དང་འགྲོགས༔ ཤེས་པ་གཞན་དུ་མ་ཡེངས་པར༔ རྩེ་གཅིག་བསྙེན་སྔགས་དག་ལ་འབད༔ སྒྲུབ་དང་ལས་སྦྱོར་གཞན་ལས་ཤེས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་དགེ་བཙུན་ཀློང་ཆེན་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བ་དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།