TTDL-ZABTER-12-NA-074

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-074

༠༠༠༠༠བརྡ་ཡིག༤༡༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བསྒོམ་བཟླས་བདེ་ཆེན་མྱུར་ལམ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༡༡འཁོར་འདས་སྟོང་ཉིད་ཆེན་པོ་རུ༔ བཤིག་ཅིང་སྒྱུ་མ་ལྟ་བུ་ཡི༔ ཏིང་ངེ་འཛིན་གྱི་གནད་ལྡན་པའི༔ སྐྱབས་འགྲོ་སེམས་བསྐྱེད་བརྗོད་པར་བྱ༔ ཨོཾ་མ་ཧཱ་གུ་ནྱ་ཏཱ་ཛྙཱ་ན་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རོལ་པ་རུ་ཞིག་པར་གྱུར༔ སྟོང་པའི་ངང་ལས་རང་གི་རིག་པ་ཧཱུྃ་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་ལས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་བྷྲཱུྃཿལས་ཐོད་པ་ར་རི་གསུམ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་བཏེགས་པའི་ཁྲི་ལ་པདྨ་དང་ཉི་མ་བདུད་བཞི་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་དུ་རང་གི་རིག་པ་ཧཱུྃ་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་དེ་ཉིད་བབ་སྟེ་གནས་སུ་གྱུར་པ་ལས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞིས་བདུད་བཞི་ཕོ་མོ་བསྣོལ་བའི་སྟེང་དུ་གྱད་ཀྱི་འདོར་སྟབས་སུ་བརྫིས་ཤིང་གནོན་པ༔ གཡས་ཞལ་ཟླ་ལྟར་དཀར་ཞིང་གཡོན་ཞལ་མེ་ལྟར་དམར་བ༔ དབུས་ཞལ་བཻ་ཌཱུརྱ་ལྟར་མཐིང་ནག་ཏུ་འབར་བ༔ ཞལ་གདངས་ཤིང་ལྗགས་གློག་དམར་ལྟར་དུ་འདྲིལ་བ༔ སྤྱན་དགུ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུགས་པ༔ སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་མེའི་ཚྭ་ཚྭ་སྐར་ལྟར་འཁྲིགས་ཤིང་འཚུབས་པ་ཚེམས་དང་མཆེ་བ་གངས་རི་ལྟར་དཀར་ཞིང་ཁྲོ་གཉེར་ཆུ་ཡི་རླབས་བཞིན་དུ་འཁྲུགས་པ་དབུ་སྐྲ་དམར་ནག་སྲིད་པའི་རྩེ་རུ་མེ་ལྟར་ཏུ་འབར་ཞིང་ཐོད་སྐམ་ལྔས་དབུ་ལ་བརྒྱན་པ༔ ཕྱག་དྲུག་གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ༔ བར་མ་ན་རྩེ་ལྔ༔ གཡོན་གྱི་དང་པོ་ན་ཁ་ཊྭཱྃ༔ བར་མའི་སྡིགས་མཛུབ་ཀྱི་རྩེ་ནས་མེ་དཔུང་དམར་ནག་རབ་འབར་བ༔ ཐ་མ་གཉིས་ན་གནམ་ལྕགས་ཀྱི་ཕུར་པ་འདྲིལ་བ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་བར་སྣང་གི་ཁམས་སུ་བསྒྲད་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་ནག་ཁ་ཊྭཱྃ་དང་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་ཞལ་སྦྱོར་བ༔ ཞབས་གཡོན་པ་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་གཡས་པས་རོ་ཡི་སྙིང་གར་བརྫིས་པ༔ སྐུ་ལ་གཟིག་ཤམ་དང་གཡང་གཞི་ཀླུབ་ཅིང་ཐོད་པ་དང་སྦྲུལ་གྱིས་རབ་ཏུ་བརྒྱན་པ་ཁྲོ་མོའི་ཚུལ་ཐམས་ཅད་རྫོགས་པའོ༔ ཡབ་ཡུམ་གཉིས་ཀ་ལས་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བ་ལས་མེ་སྟག་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་པའི་སྤྱི་བོར་བྱ་ཁྱུང་ནག་པོ་རྭ་བར་དུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་རིགས་བདག་ཏུ་རང་ཤར་བར་བསྒོམ་མོ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་པདྨ་དང་ཉི་ཟླའི་སྟེང་དུ་ཡེ་ཤེས་སེམས་དཔའ་སྐུ་མདོག་མཐིང་ནག་ཞི་འཛུམ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རྡོ་རྗེ་དྲིལ་བུ་བསྣོལ་ཐབས་སུ་བསྣམས་ནས༔ ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ དེ་ནས་ལས་རིམ་བསྡུས་པ་ནི༔ ཧཱུྃ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ནས༔ སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཕུར་པའི་ལྷ༔ སྤྱན་འདྲེན་གནས་འདིར་བཛྲ་ས་མཱ་ཛཿདམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་རུ༔ བརྟན་པར་བཞུགས་ནས་དབང་བྱིན་དངོས་གྲུབ་སྩོལ༔ རང་སྣང་རིག་པའི་ལྷ་ལ་མཇལ་ཕྱག་འཚལ༔ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན་དུ་འབུལ༔ འཁོར་འདས་འུབ་ཆུབ་གདོད་མ་གཞི་ཡི་ལྷར༔ གཉིས་མེད་རིག་པའི་ངང་ནས་ཕྱག་འཚལ་བསྟོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ དེ་ལྟར་སྟན་གྱི་དྲོད་མི་ཡལ་བར་སྡོད་ཚུགས་པ་དང་༔ མི་ཚིག་གིས་བར་མི་ཆོད་པར་སྔགས་བཟླ་བ་དང་༔ ཤེས་པ་གཞན་དུ་མི་ཡེངས་པར་ལྷའི་ང་རྒྱལ་བཟུང་བ་ལས་མི་འདའ་བར་སྒྲུབ་ནུས་ན་ཟླ་བ་དྲུག་གིས་ངེས་པར་འགྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་སློབ་བུ་རིག་བཟང་གིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།