TTDL-ZABTER-12-NA-075

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-075

༠༠༠༠༠བརྡ་ཡིག༤༡༥ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་གབ་དོན་སྲོག་གི་ཡང་ཐིག་རྡོ་རྗེའི་གོ་ཁྲབ་བཞུགས༔ ༠༠༠༠༠བརྡ་ཡིག༤༡༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༤༡༦དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གསང་གསུམ་རྡོ་རྗེའི་ལྷུམས་འཇུག་པའི༔ རྣལ་འབྱོར་ཅན་གྱི་སྐལ་བ་རུ༔ བསྔགས་པའི་སྲུང་དང་བསད་བཟློག་པའི༔ ཡང་ཟབ་རྡོ་རྗེའི་གོ་ཁྲབ་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ དང་པོ་བསྐྱེད་རིམ་གནད་ལྡན་པས༔ དམ་རྒྱས་སྒྲུབ་པ་ལྷུར་བླངས་ཏེ༔ ལྟས་མཚན་མངོན་དུ་གྱུར་པའི་ཚད༔ ལོ་གསུམ་ཟླ་གསུམ་ཞག་གསུམ་དུ༔ བར་མེད་སྒྲུབ་པ་བྱེད་པའི་མི༔ རྣམ་པར་སྨིན་པའི་རིག་འཛིན་འཐོབ༔ ལྷ་འདྲེ་མི་གསུམ་བྲན་དུ་ཁོལ༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ ཚེ་ཕུག་མཐར་ཕྱིན་མངའ་ཐང་རྒྱས༔ ཕྱི་མ་དག་པའི་མཁའ་སྤྱོད་དུ༔ གཏན་དུ་བདེ་བའི་དཔལ་ཐོབ་འགྱུར༔ དེ་ལྟར་གནད་དང་ལྡན་པ་ལ༔ འབྲས་བུ་མངོན་དུ་མ་གྱུར་ན༔ པད་འབྱུང་བདག་གིས་དེ་བསླུས་པས༔ དེ་ཕྱིར་གནད་དང་ལྡན་པ་ཡིས༔ ཉམས་སུ་ལོངས་ཤིག་བརྒྱུད་འཛིན་རྣམས༔ ཡང་གཅིག་ཡི་དམ་དཔལ་ཆེན་པོའི༔ བསྒོམ་བཟླས་གནད་དང་ལྡན་པ་ཡིས༔ གྲུབ་པའི་ལྟས་མཚན་ཡིད་བརྟན་པོ༔ བྱུང་ནས་ལས་གང་བཀོལ་འདོད་ཀྱང་༔ རིང་པོར་མི་ཐོགས་མྱུར་དུ་འགྲུབ༔ དེ་ལྟར་ཡི་དམ་ལྷ་གང་རུང་༔ འགྲུབ་ལྟས་མངོན་དུ་མ་གྱུར་བར༔ ལས་བཀོལ་བ་དག་འགྲུབ་པར་དཀའ༔ དོན་དེ་ཚུལ་བཞིན་ཤེས་པར་གྱིས༔ ད་ནི་ལས་ཚོགས་བཀོལ་འདོད་ན༔ དང་པོ་རང་གི་སྒོ་གསུམ་པོ༔ རྡོ་རྗེ་གསུམ་གྱི་ལྷུམས་འཇུག་ལ༔ སྣང་ཞིང་སྲིད་པ་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་ཉིད་སྤྲོས་མཐའ་བྲལ་བར་བརྡལ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རིག་པ་རྒྱུ་ཡི་ཡི་གེ་ཧཱུྃ༔ དེ་ལས་འོད་ཕུང་མར་འཕྲོས་པས༔ ཡེ་ཤེས་བསྐལ་བའི་མེ་ལྟ་བུ༔ འབར་བའི་ཀློང་དུ་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་རྫོགས་པའི་དབུས༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔ ཁྲི་རྐང་པད་ཟླ་ཉི་གདན་ལ༔ བདུད་བཞི་རྒྱལ་བསེན་བསྣོལ་བའི་སྟེང་༔ རྡོ་རྗེ་ཧཱུྃ་གིས་མཚན་པ་བབ༔ དེ་ལས་འོད་ཟེར་ཡར་འཕྲོས་པས༔ རྒྱལ་བ་མཆོད་ཅིང་དབང་བྱིན་བསྡུས༔ མར་འཕྲོས་འཁོར་བ་ཆོས་སྐུར་བསྒྲལ༔ སྣོད་བཅུད་འབྱུང་བའི་བཅུད་ནུས་དང་༔ ཚེ་བསོད་བསྡུས་ཏེ་བཅུད་དུ་དྲིལ༔ ཡོངས་གྱུར་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར་ཞིང་གཡོན་དམར་པོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་ཁྲོ་གཉེར་འཁྲུགས༔ སྨ་ར་སྨིན་མ་དམར་སེར་ལས༔ མེ་ཚགས་འཕྱོ་ཞིང་གློག་འོད་འཕྲོ༔ ཕྱག་དྲུག་གཡས་ཀྱི་དང་པོ་ནི༔ གསེར་གྱི་རྡོ་རྗེ་རྩེ་དགུ་དང་༔ གཡོན་གྱི་དང་པོས་ཁ་ཊྭཱྃ་བསྣམས༔ བར་པས་རྡོ་རྗེ་རྩེ་ལྔ་དང་༔ སྡིགས་མཛུབ་རྩེ་ནས་བསྐལ་མེ་འབར༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བསྒྲད༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ དར་སྣ་ལྔ་ཡི་ཅོད་པན་དང་༔ སྙན་ཆ་ཟླ་བ་ཉི་མས་བརྒྱན༔ ཐལ་ཚོམ་ཁྲག་གི་ཐིག་ལེ་དང་༔ ཞག་གི་ཟོ་རིས་ཐོད་སྦྲུལ་བརྒྱན༔ གླང་ཆེན་མི་ལྤགས་སྟོད་གཡོགས་དང་༔ སྟག་ཤམ་རྡོ་རྗེའི་གོ་ཁྲབ་གསོལ༔ ཡེ་ཤེས་མེ་དཔུང་འབར་འཁྲིགས་ཀློང་༔ འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད༔ མཐིང་གསལ་སྤྱན་གསུམ་ནམ་མཁར་གཟིགས༔ ཞལ་གདང་ལྗགས་འདྲིལ་མཆེ་བ་གཙིགས༔ ཁམ་ནག་རལ་པ་སྐུ་རྒྱབ་འཕྱང་༔ ཕྱག་གཉིས་ཁ་ཊྭཱྃ་ཐོད་ཁྲག་བསྣམས༔ སྐུ་སྟོད་མི་ལྤགས་གཡང་གཞི་དང་༔ སྐུ་སྨད་གཟིག་གི་ཤམ་ཐབས་གསོལ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྲིལ༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ སྦྲུལ་དང་ཐོད་ཕྲེང་རུས་རྒྱུན་གསོལ༔ སྤྱི་བོར་རྒྱལ་རིགས་འཇོམས་པའི་ཁྱུང་༔ མཐིང་ནག་དུག་སྦྲུལ་ཟས་སུ་ཟ༔ མགྲིན་པར་བྲམ་ཟེ་འཇོམས་པའི་ཁྱུང་༔ དམར་པོ་ཟངས་སྦྲུལ་ཟས་སུ་ཟ༔ ཐུགས་ཀར་རྗེ་རིགས་འཇོམས་པའི་ཁྱུང་༔ དཀར་པོ་དུང་སྦྲུལ་ཟས་སུ་ཟ༔ ལྟེ་བར་དམངས་རིགས་འཇོམས་པའི་ཁྱུང་༔ སེར་པོ་གསེར་སྦྲུལ་ཟས་སུ་ཟ༔ གསང་བར་གདོལ་བ་འཇོམས་པའ་ིཁྱུང་༔ ལྗང་ནག་གཡུ་སྦྲུལ་ཟས་སུ་ཟ༔ ཀུན་ཀྱང་གནམ་ལྕགས་མཆུ་སྡེར་ཅན༔ གཤོག་པས་ཉི་ཟླ་ཙོག་པོར་འཕེན༔ སྐུ་ལས་རྡོ་རྗེའི་སེར་བ་འབེབས༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔ མིག་ནི་ཉི་མའི་འོད་ཟེར་འབར༔ བསྐལ་བའི་མེ་དཔུང་འབར་ཞིང་འཕྱོ༔ སྤྱི་བོར་པདྨ་ཉི་གདན་ལ༔ གསང་བདག་རྡོ་རྗེ་གཏུམ་པོ་ནི༔ མཐིང་ནག་ཁྲོ་གཏུམ་རྔམས་ཤིང་བརྗིད༔ ཕྱག་གཡས་རྡོ་རྗེ་གཡོན་སྦྲུལ་ཞགས༔ ཞབས་གཉིས་འདོར་སྟབས་ཁྲོ་ཆས་རྫོགས༔ ཕྲག་པ་གཡས་སྟེང་པད་ཉི་ལ༔ གཤིན་རྗེ་ནཱ་ག་རཀྴ་མཐིང་༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་པ༔ རིན་པོ་ཆེ་ཡི་པྲོག་ཞུ་གསོལ༔ གཡས་རྣམས་གྲི་གུག་ཀླུ་གཉན་འགུགས༔ གཡོན་པ་དགུ་ཡིས་སྡོམ་ཞིང་ཟ༔ སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ༔ མེ་ཡི་རལ་པ་གནམ་དུ་གཟེང་༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ ཕྲག་གཡོན་དབང་ཆེན་རྟ་མགྲིན་དམར༔ ཕྱག་གཡས་ལྕགས་ཀྱུས་ཁམས་གསུམ་འགུགས༔ གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་འགྱེད༔ པད་ཉི་རྒྱལ་བསེན་བསྣོལ་བའི་སྟེང་༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཁྲོ་གཏུམ་གར་དགུའི་ཉམས་ལྡན་པའི༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ པུས་མོ་གཡས་སྟེང་མེ་དཔུང་ཀློང་༔ སྤྲུལ་པ་ལྕགས་སྡིག་ནག་པོ་ལས༔ རང་འདྲ་གྲངས་མེད་སྐར་ལྟར་འཁྲིགས༔ རྒྱལ་བསེན་དམ་སྲིའི་སྙིང་ཁྲག་འཐུང་༔ པུས་མོ་གཡོན་སྟེང་དུག་རླངས་ཀློང་༔ སྲིད་པའི་དུར་ཕག་མགོ་དགུ་ལས༔ དུར་ཕག་ནག་པོ་སེར་ལྟར་འཕྲོས༔ ས་བདག་ཀླུ་གཉན་རྒྱལ་བསེན་དང་༔ སྡེ་བརྒྱད་འབྱུང་པོ་ཟས་སུ་ཟ༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ རྡོ་རྗེའི་སྙིང་པོ་འབྲུ་གསུམ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རབ་འབྱམས་རྒྱལ་བ་སྲས་དང་བཅས༔ རྡོ་རྗེ་གཞོན་ནུའི་རྣམ་རོལ་དུ༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿཅི་མང་བརྗོད་ནས་བསྟིམ༔ ཏིཥྛ་བཛྲ༔ ན་མོ་པུ་རུ་ཤ་ཡ་ཧོཿམ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ ཁྱབ་བདག་རྡོ་རྗེ་ཆོས་ཀྱི་སྐུ༔ ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ༔ ཐོགས་མེད་ཤེས་རབ་ཕུར་པ་སྟེ༔ སྐུ་གསུམ་ལྷུན་གྲུབ་རྫོགས་ལ་བསྟོད༔ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔ རྒོད་དང་གཤེ་དང་དྲག་ཤུལ་དང་༔ སྙིང་རྗེ་རྔམས་དང་ཞི་ཚུལ་ལྡན༔ འབར་བའི་གར་དགུ་རྫོགས་ལ་བསྟོད༔ མི་འཇིགས་རྡོ་རྗེ་འཇིགས་བྱེད་ཆེ༔ གང་འདུལ་ཕྲིན་ལས་ཆུ་ཟླའི་གར༔ ཁྲག་འཐུང་རོལ་པའི་རྒྱན་དུ་ཤར༔ བདུད་ཀྱི་བདུད་དགྲ་བདུད་འདུལ་བ༔ སྤྱི་དཔལ་ཆེན་པོ་ཁྱོད་ལ་བསྟོད༔ དེ་ནས་བཤགས་པ་ནི༔ མ་རིག་དབང་དུ་གྱུར་པ་ཡིས༔ ལོག་ལམ་འཁོར་བའི་གཉིས་འཛིན་སྒྲིབ༔ སྒྲིབ་བྲལ་ཆེན་པོ་ཁྱོད་ལ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ དེ་ནས་འཛབ་དམིགས་ནི༔ རང་ཉིད་རྡོ་རྗེ་སྲིན་པོ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ མཐིང་ནག་རྡོར་དྲིལ་བསྣོལ་སྟབས་འཛིན༔ པད་ཉིའི་གདན་ལ་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀར་ཉི་གདན་ལ༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་མཐིང་སྤུ་ཤད་ལྟ་བུ་ལ༔ སྔགས་ཕྲེང་བཻ་ཌཱུཪྻ་ཡི་མདོག༔ མེ་སྟག་ཕྲ་མོ་ལྟ་བུས་བསྐོར༔ ཧཱུྃ་ལས་ཡེ་ཤེས་མེ་མཆེད་པས༔ དངོས་འཛིན་བག་ཆགས་རྣམ་སྨིན་ལུས༔ ནད་གདོན་སྡིག་སྒྲིབ་མ་ལུས་པ༔ སྦུར་མ་མེ་ལ་བསྲེགས་བཞིན་གྱུར༔ ཡེ་ཤེས་སྒྱུ་མ་ཟང་ཐལ་སྐུ༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སྐབས་སུ་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷ༔ རྟེན་དང་བརྟེན་པ་དང་བཅས་པ༔ འོད་ཕུང་འཇའ་སྤྲིན་ལྟ་བུ་རུ༔ བསྡུས་ཏེ་བདག་ཐིམ་གཟི་བྱིན་དང་༔ མཐུ་སྟོབས་ནུས་པ་འབར་བར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་ཡིས་བསྙེན་པ་ཚད་དུ་བསྐྱལ༔ དེ་ནས་སྒྲུབ་པའི་སྔགས་དམིགས་ལ༔ གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས༔ རྩ་གནས་སྤྲུལ་པའི་ཁྱུང་ལྔ་དང་༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ལྷ༔ རྣམ་རོལ་ཀཱི་ལ་ཁྲོ་བོ་བཅུ༔ ཁྲ་ཐབས་སྒོ་སྐྱོང་ཕུར་སྲུང་ཚོགས༔ སྤྲུལ་དང་ཡང་སྤྲུལ་བཀའ་སྡོད་བཅས༔ ཉི་མ་དང་ནི་ཟེར་བཞིན་དུ༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧཾཿཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འདི་ལ་འབུམ་ཕྲག་གཅིག་བརྗོད་ནས༔ ལས་ལ་སྦྱོར་བའི་དྲག་སྔགས་ནི༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཐུ་སྟོབས་ནུས་པ་ཐམས་ཅད་དང་༔ འཁོར་འདས་གཟི་བྱིན་དྭངས་བཅུད་བསྡུས༔ སྲོག་གི་འཁོར་ལོར་ལམ་གྱི་འདྲེས༔ ལྷ་ཚོགས་སྐུ་ཡི་ཆ་རྣམས་ལས༔ མེ་དཔུང་ཐུན་མཚོན་ཁྲ་ཐབས་འཕྲོས༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ བསྲེགས་གཏུབ་རྗེས་ཤུལ་མེད་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ ཆེ་གེ་མོའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ སྙིང་ཐུཾ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ༔ ཀརྨ་ཤཱིགྷྲཾ་ཀ་ར་ཡེ་མ་ར་སེ་ན༔ པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འབུམ་ཕྲག་གཅིག་བརྗོད༔ བདག་ཉིད་རྡོ་རྗེ་སྲིན་པོ་དང་༔ སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི༔ དྲག་པོ་ལྷ་གསུམ་གོ་ཆའི་ལྷ༔ སྤྲུལ་པ་ལྕགས་སྡིག་ཕག་ནག་ལས༔ རང་འདྲ་དཔག་མེད་རབ་འཕྲོས་པས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི༔ ས་བདག་ཀླུ་གཉན་སྡེ་བརྒྱད་དང་༔ རྒྱལ་བསེན་འགོང་པོ་སྡེ་ཚོགས་ཀུན༔ རྩྭ་སྐམ་དག་ལ་མེ་མཆེད་བཞིན༔ བསྲེགས་གཏུབ་ཧབ་ཧབ་ཟས་སུ་རོལ༔ རྣམ་པར་ཤེས་པ་ཆོས་སྐུར་བསྒྲལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཌ་ནག་པོ་ཏི་པ་རཱ་ཙ་ཕེ་ཁྱི་མ་ས་མ་ཡ་ཛཿཧཱུྃ་བཾ་ཧོ་ཀཱ་ལ་རཱུ་པ་ནཱ་ག་བི་ན་ཡ་ག་མཱ་ར་ཡ་རྦད་སོད་ཛྭ་ལ་རཾ་རཾ་སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ འདི་འབུམ་ཕྲག་གཅིག་བརྗོད་མཐར༔ བདག་ཉིད་དྲག་པོའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་མེ་ལྕེའི་ཕུང་པོར་གསལ༔ སྣང་སྲིད་ཁམས་ཀྱི་གནོད་བྱེད་དང་༔ ནད་རིམས་ཡམས་ནད་མ་ལུས་པ༔ རྩྭ་ཕུང་དག་ལ་མེ་མཆེད་བཞིན༔ རྗེས་ཤུལ་མེད་པར་བསྲེགས་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་པཉྩ་ཁྲོཾ་ག་རུ་ཌ་ཛཿཧཱུྃ་བཾ་ཧོཿཨོཾ་ལྷང་ལྷང་ཚེར་ཚེར་ཀྲིག་ཀྲིག་ཤག་ཤག་ཤོལ་ཤོལ་ཐུམ་ཐུམ་གས་པུར་ནན་སོད་སོད༔ འདི་ལ་ཤམ་བུ་གྲངས་འབུམ་བཟླ༔ ཀུན་ཐུབ་རྒྱལ་པོའི་དྲག་སྔགས་འདི༔ སྣང་སྲིད་ཡོ་ལོག་འབྱུང་ཀྱང་བཟློག༔ ཐེ་ཚོམ་ཡིད་གཉིས་མ་བྱས་ན༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱང་༔ དྲག་སྔགས་ཟབ་མོ་འདིས་གཞོམ་འགྱུར༔ ས་མ་ཡ༔ རང་ཉིད་ཕག་ཁྱུང་ལྷར་བསྒོམ་ནས༔ སླར་ཡང་བསྲུང་བཟློག་བསད་པ་གསུམ༔ གཅིག་དྲིལ་སྔགས་མཆོག་རྒྱལ་པོ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ༔ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་བྷྱོ་ཛཿཔདྨ་ཤ་ཝ་རི་ཕཊ་ནན་པར་ཤིག་ནཱ་ག་ནན་ཏདྱ་ཐཱ་སརྦ་ཝི་རི་ཏ་ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ འདི་ཕྱིའི་དགེ་ལེགས་ཀུན་འབྱུང་ཞིང་༔ ཉེས་པ་ཀུན་སེལ་སྔགས་རྒོད་འདི༔ དང་པོ་སྨྲ་བཅད་དམ་རྒྱ་ཡིས༔ བར་མེད་ཟླ་གཅིག་བདུན་གཅིག་བཟླ༔ དེ་ནས་ཉིན་བཞིན་བརྒྱ་ཕྲག་སྟེ༔ ཆགས་མེད་ཁ་འདོན་བྱེད་པའི་མི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ བྱད་ཕུར་རྦོད་གཏོང་དམོད་པའི་རིགས༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང་༔ ཀླུ་གཉན་ས་བདག་རྒྱལ་བསེན་སོགས༔ དུས་ངན་ཡོ་ཡངས་ནད་རིམས་ཡམས༔ འགོ་བའི་རིམས་ནད་ཐམས་ཅད་ཀུན༔ ཀུན་ཐུབ་སྔགས་མཆོག་རྒྱལ་པོ་འདི༔ བསྲུང་དང་སད་དང་བཟློག་པར་བྱེད༔ མཐིང་ཤོག་དྭངས་ཤིང་ངོས་འཇམ་ལ༔ རིན་ཆེན་གསེར་གྱིས་འདི་བྲིས་ཏེ༔ རང་སྔགས་སྟོང་གིས་རབ་གནས་བྱ༔ མགུལ་དུ་བཅིང་བས་བྱད་ཕུར་དང་༔ རྦོད་གཏོང་ནད་རིམས་འགོས་ནད་ཀུན༔ བཟློག་ཅིང་བསྲུང་བར་ཐེ་ཚོམ་མེད༔ འདི་ནི་རྟག་ཏུ་བཟླས་བརྗོད་ན༔ ཚེ་འདིར་ལེགས་པའི་ཡོན་ཏན་འཕེལ༔ ཕྱི་མ་པདྨ་འོད་དུ་འཕོ༔ ཚ་བའི་ནད་རིགས་ཐམས་ཅད་ལ༔ བོང་དཀར་སྤང་རྩིའི་ཕྱེ་མར་བཏབ༔ གྲང་བའི་ནད་རིགས་ཐམས་ཅད་ལ༔ ཆང་རྙིང་བསྐོལ་བའི་རླངས་པར་བཏབ༔ གཉན་གྱི་ནད་རིགས་ཐམས་ཅད་ལ༔ བོང་ནག་བོང་སེར་བོང་དམར་དང་༔ སྦྲུ་ནག་གླ་རྩི་འདྲེ་འཇིགས་དང་༔ སྐྱེར་པའི་བར་ཤུན་རྣམས་པ་བཏབ༔ ཁོང་དུ་བཏང་ཞིང་རྨ་སྐྲང་ལ༔ ནན་ཆེར་བྱུག་པས་ནད་ལས་གྲོལ༔ འདི་ནི་ཁྱུང་རྒོད་ཧ་ལ་སྟེ༔ ཁྱུང་རྒོད་ཧ་ལའི་སྔགས་ཀྱིས་བཏབ༔ ཡུང་དཀར་བསྣན་པས་རྒྱལ་གདོན་ཐུབ༔ མཁྲིས་པའི་ནད་རིགས་ཐམས་ཅད་ལ༔ སྐྱེར་ཤུན་རྩ་མཁྲིས་ཧོང་ལེན་ལ༔ དོམ་མཁྲིས་བསྣན་ཏེ་སྔགས་ཀྱིས་བཏབ༔ ཕུལ་བས་གནད་ལས་གྲོལ་བར་འགྱུར༔ དྲག་སྔགས་དུག་གི་སྤུ་གྲི་འདི༔ ནད་གདོན་བར་ཆད་ཐམས་ཅད་དང་༔ སྡེ་བརྒྱད་གདུག་པའི་ཁ་གནོན་འགྱུར༔ ས་མ་ཡ༔ འདི་ལ་བསྲུང་བའི་རྫས་བསྟན་པ༔ གླ་རྩི་གུ་གུལ་སྤྲུ་ནག་དང་༔ བཙན་དུག་མུར་ནག་ཨ་རུ་ནག༔ ཡུངས་དཀར་ཟངས་རྩི་ནག་པོ་དང་༔ འཕྱི་བ་གྲུམ་པ་མི་དང་རྟ༔ ཝ་དང་སྤྲེའུ་དྲེད་མོ་དང་༔ སྲེ་མོང་སྤྱང་ཀུ་འཕར་བ་སོགས༔ དྲི་ངན་བསྣམ་པའི་སྲོག་ཆགས་ཀྱི༔ ཤ་སྣ་ཁྲག་སྣ་ལྷན་ཅིག་བསྟུམ༔ སྔགས་ཁྲི་བཏབ་ནས་མགུལ་དུ་བཅིང་༔ དེ་ཡིས་གཉན་རིམས་མཐའ་དག་དང་༔ རྒྱལ་གདོན་གདུག་པའི་རྒོལ་བ་བཟློག༔ ཡང་ཅིག་རྫས་ཀྱི་སྦྱོར་བ་ནི༔ ཁྱི་སྤྱང་བྱི་ལའི་བྲུན་དང་ནི༔ སྟག་ཤ་ར་མའི་ར་གཞོབ་དང་༔ རྟ་བོན་ཁྱུང་ལྔ་ལྷན་ཅིག་བསྲེ༔ ཏེ་ལོ་སྲེ་མོའི་ཤ་དང་ནི༔ ཨ་རུ་ནག་པོ་དང་བཅས་པ༔ བསྟུམ་ལ་སྔགས་ཀྱིས་ངར་བཏབ་པ༔ དེ་ཡིས་རིམས་ནད་མཐའ་དག་ཐུབ༔ དེ་ནས་འཁོར་ལོའི་སྲུང་བ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་ཧཱུྃ་ནྲྀཿབྲིས་ནས་མཐར༔ འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ནད་རིམས་ཡམས་ནད་རྒྱལ་བསེན་ཀླུ་གཉན་སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེ་ལ་བཟང་པོ་དྲུག་དང་ཆོས་སྨན་བྱུགས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཁྲོཾ་ཧེ་ཕེ་བྷྱོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཧཱུྃ་ཁྲོཾ་བྷྱོ༔ ཨོཾ་ཁྲོཾ་བྷྱོ༔ ཨཱཿཁྲོཾ་བྷྱོ༔ ཧྲཱིཿཁྲོཾ་བྷྱོ༔ ཏྲཱཾ་ཁྲོཾ་བྷྱོ༔ ཨོཾ་ཧྲཱིཿཧཱུྃ༔ ཞེས་བྲི༔ རྩིབས་མཆན་རྣམས་སུ༔ སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་ཕེ་ལཾ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མི་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཿཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ སརྦ་ཛྭ་ར་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨ་པྲ་ཏི་ཧ་ཏ་བྷ་ལ་ཧཱུྃ་ཕཊ༔ སརྦ་བིགྷྣཱན་ཨནྟ་ར་ཡ་བི་ན་ཤ་ཀ་ཡཱ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་རཏྣ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་པདྨ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ག་རུ་ཌ་ཧཱུྃ་ཕཊ༔ ཨོཾ་ནག་པོ་ཏི་པ་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་ཕེ་ཁྱི་མ་ཀཱ་ལ་ཛ་སརྦ་རཱ་ཙ་ནཱ་ག་ཛྭ་ར་མཱ་ར་ཡ་བྷྱོ་ཕཊ༔ འཆང་བ་པོ་ལ་རཀྵ་རཀྵ་སྭཱ་ཧཱ༔ ཀུན་གྱི་ཡིག་མགོ་ཕྱི་ལ་བསྟན༔ དེའི་ཕྱི་རིམ་བསྟན་པ་སྤྱི་པོ་སྙིང་པོ་དང་༔ རྟེན་འབྲེལ་སྙིང་པོའི་མཐར༔ འཆང་བ་པོ་ལ་འགོ་བའི་ནད་རིམས་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་རིམ་མེ་རིས་བསྐོར་བྱས་ཏེ༔ རྫས་ནི་ནག་པོ་དགུ་སྦྱོར་དང་༔ གྲི་ལྕགས་ཕྱེ་དང་ཡུངས་དཀར་ནག༔ ལྟེ་བ་མ་གཏོགས་ཀུན་ལ་བྱུགས༔ འགོ་བའི་ནད་རིམས་ཀུན་ཐུབ་འགྱུར༔ ས་མ་ཡ༔ དེ་ནས་བཟློག་པའི་འཁོར་ལོ་ལ༔ སྲུང་བ་ལྷ་ཡི་སྔགས་སོ་ཅོག༔ མཇུག་ཏུ་བྲམ་ཟེ་ནག་པོའི་སྔགས༔ ཨོཾ་བྷ་ཧུ་ན་ཁེ་ཙ་ན་དུ་ཧེ་ཧུ་བྷི་ཤ་མ་ཧུར་ཧོམ་དྲི་རུ་ཁེ་བྷེ་ཤོ་ན་ཏི་བྷི་ན་ཡ་སྭཱ་ཧཱ༔ ཅི་མང་བྲིས་ཏེ་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿརཱ་ཙ་ཏྲི་ཤོ་ནཱ་ག་གཉན་པར་པ་ཏ་མཱ་ར་ཡ་རྦད་བྷྱོ་བཟློག་སརྦ་ཛྭ་ར་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ཛྭ་ར་པྲ་ཤ་མ་ནི་སྭཱ་ཧཱ༔ སརྦ་ཛྭ་ར་མཱ་ར་ཡ་རྦད་སོད་བྷྱོ་བཟློག༔ འགོ་བའི་ནད་རིམས་ཡམས་ནད་དུས་མཐའི་འབྱུང་གདོན་ནད་ཀྱི་དུ་རུ་ཀ་སརྦ་མཱ་ར་ཡ་ནན་ཨེ་ཀ་བྷྱོ་བཟློག༔ ཨེ་ས་བཟློག༔ མཱ་ར་ཡ་བྷྱོ་བཟློག༔ ཅེས་བྲིས་ཏེ་དྲིལ་ལ་སྒྲུབ་རྟེན་དུ་བཙུགས་ཏེ༔ ཞག་བཅུ་གཅིག་ལ་བསྒྲུབ་ནས་གཡོན་འཁོར་དུ་འཛུག༔ དེའི་སྔ་ལོགས་སུ་སྡེ་བརྒྱད་མཆོད་པ་ཉེས་པ་ཀུན་སེལ་ཡས་གླུད་མདོས་དང་གསུར་བསྔོས་དཔུང་ཆེན་དང་གྲངས་མང་པོ་བཏང་སྟེ་རླུང་ལ་བསྐོར་བ་དང་དར་ལ་བྲིས་ཏེ་ཕྱར་བས་ནད་རིམས་ཐམས་ཅད་བཟློག་པར་འགྱུར༔ སྡེ་བརྒྱད་དང་ལྷ་འདྲེའི་ཡོ་ལངས་ངན་པ་ཐམས་ཅད་འདིས་བཟློག་པར་འགྱུར་རོ༔ དུས་ངན་བདུད་ཀྱི་སྨོན་ལམ་ལོག་པའི་སྟོབས་ལས་བྱུང་བའི་ནད་ཀྱི་དུ་རུ་ཀ་ཐམས་ཅད་རྩྭ་སྦུར་ཕྲ་མོ་མེས་བསྲེགས་པ་བཞིན་དུ་གཞོམ་པར་འགྱུར་རོ༔ དེ་ལྟར་ལྷ་བསྒོམ་སྔགས་བཟླས་དང་༔ རྫས་དང་སྲུང་འཁོར་བཟློག་འཁོར་རྣམས༔ དང་པོ་འགྲུབ་པའི་ལྟས་བྱུང་ནས༔ ཚུལ་བཞིན་ལག་ལེན་ཐེབས་གྱུར་ན༔ གང་ལ་དམིགས་པའི་དོན་ཀུན་འགྲུབ༔ མི་ཕྱུགས་འདྲེ་ནད་རིམས་གོད་ཁ༔ གཟའ་ཀླུ་རྒྱལ་འགོང་བྱད་རྦོད་གཏོང་༔ མ་ལུས་བཟློག་འགྱུར་ཐེ་ཚོམ་མེད༔ དང་པོ་མཆོད་སྦྱིན་མ་བྱས་ན༔ འཁོར་ལོ་འདི་ནི་གཉན་པའི་ཕྱིར༔ སྡེ་བརྒྱད་ལྷ་འདྲེས་ཆོ་འཕྲུལ་རྩུབ༔ བཀའ་ལས་བྱུང་བའི་ཟབ་ཁྱད་ཅན༔ ཙཀྲ་བཅུ་གསུམ་བསྣན་ཀྱང་རུང་༔ འདི་ལ་ཆེར་བརྩོན་རྣལ་འབྱོར་པས༔ ཚེ་འདིར་རྐྱེན་བཟློག་བར་ཆད་སེལ༔ ཕྱི་མ་དོན་ཆེན་འགྲུབ་པར་འགྱུར༔ བཀའ་རྒྱ་ཐུབ་པ་གང་རུང་ལ༔ རྣོ་ནུས་བྱིན་རླབས་ཤིན་ཏུ་ཆེ༔ དམ་ཉམས་ལག་ཏུ་མ་ཤོར་བར༔ བཀའ་སྲུང་མ་མོ་བཅུ་གཉིས་དང་༔ དབང་ཕྱུག་མ་ཧཱ་དཱེ་ཝས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་མཆོག་དམ་པ་སྤྲུལ་པའི་སྐུ་ལུང་རྟོགས་རྒྱ་མཚོ་དང་ཀུན་བཟང་བསྟན་འཛིན་དང་འདུས་པ་རྣམས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་མཁའ་འགྲོ་མ་ལས་ཀྱི་དབང་མོའི་ཡང་གསང་སྲོག་གི་ཐིག་ལེའོ།།དགེའོ།།དགེའོ།།དགེའོ།།