TTDL-ZABTER-13-PA-003
TTDL-ZABTER-13-PA-003
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཨེ་ཀ་ཙ་ཏིའི་སྲོག་དབང་ཡིད་བཞིན་འཁོར་ལོ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥བསྟན་པའི་དགྲ་བོ་བསྒྲལ་བའི་ཕྱིར༔ སྔགས་སྲུང་མ་མོ་བསྒྲུབ་པ་ལ༔ དང་པོ་དབང་གི་སྒོར་འཇུག་པ༔ གནད་ཀྱི་ཡང་གཅེས་དམ་པ་ཡིན༔ དེ་ཡི་ལག་ལེན་རིམ་པ་ལ༔ བགེགས་ལ་ལན་ཆགས་ཆངས་གླུད་གཏོང་༔ དཀྱིལ་འཁོར་བཀོད་ལེགས་མཛེས་པ་ལ༔ དམ་རྫས་འཚོགས་ནས་བསྒྲུབ་པ་བྱས༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམས༔ མནྜལ་ཕུལ་ནས་གསོལ་འདེབས་ལ༔ ཀྱཻ་ཧོཿསངས་རྒྱས་ཀུན་དངོས་བླ་མ་རྗེ༔ ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི༔ སྔགས་སྲུང་དབྱིངས་ཀྱི་སྤྱི་རྗེ་མོའི༔ སྲོག་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ་བརྗོད༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དམ་ཚིག་གཉན་པོ་བསྲུང་མཛོད་ལ༔ བསྟན་པའི་དགྲ་བགེགས་ཚར་གཅོད་མཛོད༔ དེ་ཕྱིར་ཁྱོད་ལ་དབང་བསྐུར་བྱ༔ དེ་ནས་དམ་ཆུ་ཐོགས་ལ༔ ཀྱཻ༔ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱིས༔ གསང་བ་ཆེན་པོ་མནའ་ཡི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ལྕེ་ལ་བཞག༔ མ་མོ་བསྒྲུབ་པའི་དམ་བཅའ་ཟུང་༔ ས་མ་ཡ་ན་ར་ཀན༔ དེ་ནས་དམ་ཆུ་ལྕེ་ལ་བཞག༔ སླར་ཡང་དམ་ཆུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོའི་ཆུ་འདི་འཐུང་༔ སྔགས་སྲུང་ཨེ་ཀ་ཙ་ཏི་ཁྱོད༔ འདི་ལ་འགོ་ཞིང་ཕྲིན་ལས་སྒྲུབས༔ ས་མ་ཡ་ན་ར་ཀན༔ དེ་ནས༔ མ་ཧཱ་ཤུ་ནྱ་ཏཱས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སློབ་མ་དེ་ཉིད་དཔལ་ལྡན་དབྱིངས་ཀྱི་རྗེ་མོའི་སྐུ་དངོས་སུ་གསལ་བར་གྱུར༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ༔ སློབ་མའི་སྒོ་གསུམ་རྟེན་ལ་བཞུགས༔ སྤྲུལ་པས་སྣང་སྲིད་ཁྱབ་མཛོད་ལ༔ དགྲ་བགེགས་གདུག་པ་ཚར་གཅོད་མཛོད༔ མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཛ་ཛ༔ ཕེཾ་ཕེཾ་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་གཏོར་མ་ཨེ་ཀ་ཙ་ཏི་དངོས་སུ་གསལ་བ་སློབ་མ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ སྐུ་ལ་སྐུ་ཐིམ་པས་བུམ་དབང་ཡོངས་སུ་རྫོགས་པ་ཐོབ༔ གསུང་གསུང་ལ་ཐིམ་པས་གསང་བའི་དབང་ཐོབ༔ ཐུགས་ཐུགས་ལ་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ གཉིས་མེད་དུ་གྱུར་པས་དེ་ཁོ་ན་ཉིད་ཀྱི་དབང་ཐོབ༔ དབྱེར་མེད་དུ་གྱུར་པས་ཕྲིན་ལས་རབ་འབྱམས་ཀྱི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ཞིང་གི་དབྱུག་པ་གཡས་སུ་གཏད་ལ༔ ཀྱཻ་ཧོ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ལ༔ ཞིང་གི་དབྱུག་པ་འདི་གཏད་པས༔ འཁོར་འདས་དབང་བསྒྱུར་དབང་ཐོབ་ཅིང་༔ མ་མོའི་དབང་ཕྱུག་མཆོག་ཐོབ་ཤོག༔ མ་མ་ཨེ་ཀ་ཙ་ཏི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དགྲ་སྙིང་ཐོགས་ལ༔ ཧཱུྃ༔ ཁམས་གསུམ་སེམས་ཅན་ཡོངས་ཀྱི་སྙིང་༔ ཁྱད་པར་འབྱུང་བ་ལྔ་ཡི་སྲོག༔ མ་མོའི་དབང་ཕྱུག་ཁྱོད་ལ་གཏད༔ ཁམས་གསུམ་ཡོངས་ལ་དབང་ཐོབ་ཤོག༔ མ་མ་ཨེ་ཀ་ཙ་ཏི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དམར་གཏོར་ཐོགས་ལ༔ ཧཱུྃ༔ དམར་གྱི་གཏོར་མ་འདི་གཏད་པས༔ གཏོར་མ་ལྷ་རུ་དྲན་ཙམ་ནས༔ དབྱིངས་ཀྱི་རྗེ་མོ་དེའི་མདུན་སར༔ འགྲུབ་ཅིང་མངོན་སྤྱོད་དབང་ཐོབ་ཤོག༔ མ་མ་ཨེ་ཀ་ཙ་ཏི་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྲུབ་ཁུང་ལིང་ག་ཐོགས་ལ༔ ཧཱུྃ༔ བྲུབ་ཁུང་ནག་པོ་གྲུ་གསུམ་པ༔ གསོད་པའི་མཚོན་ཐུན་སྣ་ཚོགས་དང་༔ བསྲེགས་བྱེད་ཧོམ་དང་གནོན་བྱེད་རམ༔ སྐལ་ལྡན་ཁྱོད་ལ་གཏད་པར་བྱ༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་ཀྱི༔ དགྲ་བསད་མནན་བསྲེགས་དབང་ཐོབ་ཤོག༔ མ་མ་ཨེ་ཀ་ཙ་ཏི་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བསྒྲུབ་ཡིག་ཐོགས་ལ༔ ན་མོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་ཟབ་མོའི་བདེན་སྟོབས་ཀྱིས༔ སྔགས་སྲུང་ཨེ་ཀ་ཙ་ཏི་དང་༔ སྲིད་པ་མ་མོའི་དཀྱིལ་འཁོར་ལྷའི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ནས༔ རབ་འབྱམས་ཕྲིན་ལས་ཐམས་ཅད་དང་༔ ཁྱད་པར་དྲག་པོའི་མངོན་སྤྱོད་ལས༔ གང་བརྩམ་ཐོགས་མེད་མྱུར་འགྲུབ་ཤོག༔ ཨོཾ་མ་མ་ཨེ་ཀ་ཙ་ཏི་རུ་རུ་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་སརྦ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ དབང་འདི་ཐོབ་ནས་སྲིད་འཚོའི་བར༔ བསྐང་གསོལ་རྒྱུན་མི་འཆད་པར་བྱ༔ དེ་ཡི་ཕྲིན་ལས་འགྲུབ་འགྱུར་རོ༔ ཕྱི་ནང་བར་ཆད་གེགས་རྐྱེན་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་སློབ་དམ་པ་བློ་གྲོས་དབང་པོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།