TTDL-ZABTER-13-PA-004

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-004

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་རྩ་སྒྲུབ་ཉི་མའི་དཀྱིལ་འཁོར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༩སྔགས་ཀྱི་སྲུང་མ་སྒྲུབ་པ་ལ༔ དམར་གཏོར་བརྗིད་ལྡན་མེ་རི་དང་༔ ཙིཏྟ་ཞིང་གི་དབྱུག་པས་བརྒྱན༔ མཆོད་རྫས་འབྱོར་ཚོགས་འདོད་རྒུ་བཤམས༔ སྭ་བྷཱ་ཝ་ཡིས་སྣང་སྲིད་ཆོས༔ ཐམས་ཅད་སྟོང་པའི་དབྱིངས་སུ་སྦྱངས༔ བྷྱོ༔ སྟོང་ཉིད་ནམ་མཁའ་རྣམ་དག་དབྱིངས༔ སྨུག་ནག་གྲུ་གསུམ་ཨེ་ཡི་མཁར༔ པད་ཉི་བམ་གྱི་གདན་སྟེངས་སུ༔ བྷྱོ་ལས་དབྱིངས་ཀྱི་རྗེ་མོ་ནི༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་འདོར་སྟབས་རབ་ཏུ་བསྒྲད༔ རལ་པ་འབྲུ་གཅིག་གནམ་དུ་གཟིང་༔ སྤྱན་གཅིག་སྲིད་གསུམ་ས་ལེར་གཟིགས༔ མཆེ་གཅིག་ཟླ་ལྟར་མན་དུ་གཙིགས༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ ཕྱག་གཡས་ཞིང་གི་དབྱུག་པ་དང་༔ མཛུབ་རྩེར་གཡུ་སྤྱང་ཁྲ་ཐབས་འགྱེད༔ གཡོན་པས་དགྲ་སྙིང་དམར་རློན་བསྣམས༔ མགོ་ཕྲེང་རྒྱན་སྤྲས་མེ་དཔུང་འབར༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ བྷྱོ༔ ནམ་མཁའ་ས་ཆུ་མེ་རླུང་དང་༔ འཁོར་འདས་སྟོང་པའི་དབྱིངས་ཆེན་མོ༔ ཨེ་ཀ་ཙ་ཏི་འཁོར་དང་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཤིག༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ བྷྱོ༔ འཁོར་འདས་ཡོངས་ཀྱི་སྤྱི་རྗེ་མོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་ཕོ་མོ་ལྷ་འདྲེར་བཅས༔ སྐུ་ཡི་དབྱིངས་སུ་བསྡུས་ནས་སུ༔ དུ་མ་རོ་གཅིག་ཉིད་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་མཆོད་པ་འབུལ་བ་ནི༔ བྷྱོ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་གྱིས༔ མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར༔ མི་ཟད་རྒྱན་གྱི་འཁོར་ལོའི་ཚོགས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོར་འབུལ༔ བཞེས་ནས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་ཧཱ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་མ་ཧཱ་མཱཾ་ས་རཀྟ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་ནི༔ བྷྱོ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ འཁོར་འདས་དྲག་མོའི་སྐུར་བཞེངས་པ༔ འཁོར་འདས་གཉིས་ཀྱི་སྒྱུ་འཕྲུལ་སྟོན༔ སྲིད་པའི་ལེགས་ཉེས་གཉེར་ཁ་འཛིན༔ ཞིང་བཅུའི་སྲོག་གི་གཤེད་དུ་འབེབས༔ མ་མོ་མཁའ་འགྲོ་ཁྲ་ཐབས་འགྱེད༔ སྡེ་བརྒྱད་གདུག་པ་བྲན་དུ་བཀོལ༔ གཞི་བདག་ལྷ་འདྲེའི་སྲོག་སྙིང་འདྲེན༔ བཀའ་སྲུང་ཕོ་མོ་ལས་ལ་འགྱེད༔ འཁོར་འདས་དབང་མོ་ཁྱོད་ལ་བསྟོད༔ མཐུ་སྟོབས་དྲག་ཤུལ་དངོས་གྲུབ་སྩོལ༔ སྙན་དང་གྲགས་པ་རྒྱས་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ དེ་ནས་འབོད་པ་ནི༔ བྷྱོ༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་ས་མ་ཡ་ཛ་ཛཿདེ་ནས་རྦད་པ་ལ༔ བྷྱོ༔ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་མ་བྷྱོ་ཛ་ཧྲཱིཾ་ས་མ་ཡ༔ དགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ དེ་ནས་བསད་པ་ལ༔ བྷྱོཿམ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་མ་བྷྱོ་ཛ་ཧྲཱིཾ་བཛྲ་ས་མ་ཡ༔ དགྲ་བོའི་བླ་ཚེ་སྲོག་གསུམ་མཱ་ར་ཡ་སོད་སོད་ཕཊ་ཕཊ༔ དེ་ལྟར་ཉམས་སུ་ལེན་བྱེད་པས༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ བགེགས་དཔུང་མ་ལུས་གསོད་ཅིང་བརླག༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ བསླུ་མེད་རྡོ་རྗེའི་ཐ་ཚིག་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་དབོན་པོ་ཆོས་དབང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།སངས་རྒྱས་བསྟན་པ་རྒྱས་པར་ཤོག།དགེའོ།།།།