TTDL-ZABTER-13-PA-006
TTDL-ZABTER-13-PA-006
ཆོས་ཉིད་ནམ་མཁའི་ཀློང་འཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་ཡང་གསང་གི་སྒྲུབ་པ་ཡིད་བཞིན་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༥ཟངས་ལྕགས་སྣོད་དུ་གཏོར་མ་ནི༔ ཟུར་གསུམ་ཁྲུ་གང་ཁྲག་གིས་བྱུགས༔ སྙིང་དང་ཞིང་དབྱུག་ཤ་ཡིས་བརྒྱན༔ མཐིང་ནག་དར་གྱི་ལྡིང་གུར་ཕུབ༔ དེ་ནས་བསྒྲུབ་པའི་རིམ་པ་ལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ མདུན་མཁར་པད་ཉི་རོ་ཡི་སྟེང་༔ བསྐལ་པའི་མེ་རླུང་འཚུབས་མའི་ཀློང་༔ མ་ལས་དབྱིངས་ཀྱི་རྗེ་མོ་ནི༔ སྨུག་ནག་ཁྲོ་གཏུམ་རྔམས་ཤིང་བརྗིད༔ རལ་པ་འབྲུ་གཅིག་གནམ་དུ་གཟིང་༔ སྤྱན་གཅིག་འཁོར་འདས་ས་ལེར་གཟིགས༔ མཆེ་གཅིག་དགྲ་སྙིང་ཁུང་ནས་འབྱིན༔ ཞབས་གཅིག་དགྲ་གདོན་བསྣོལ་སྟབས་གནོན༔ ཕྱག་གཡས་ཞིང་གི་དབྱུག་པ་ཕྱར༔ གཡོན་པས་དགྲ་སྙིང་དམར་རློན་བསྣམས༔ ནུ་གཡས་སྒྲུབ་ལ་དངོས་གྲུབ་བབས༔ གཡོན་པས་དགྲ་ལ་ཁྲག་གནད་གཏོང་༔ རྒྱན་དུ་མི་མགོའི་ཕྲེང་བ་དང་༔ གོས་སུ་ཞིང་ཆེན་གཡང་གཞི་གསོལ༔ གནས་ལྔར་མེ་ལོང་གཟུགས་བརྙན་བཞིན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྡོ་རྗེ་སྙིང་པོ་ཨོཾ་དཀར་དང་༔ ཨཱཿདམར་ཧཱུྃ་མཐིང་སྭཱ་སེར་པོ༔ ཧཱ་ལྗང་ལས་ནི་རང་མདོག་གི༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་༔ འབྱུང་ལྔ་དབྱིངས་ཀྱི་ཡུམ་ཆེན་ལྔ༔ དབྱིངས་ཀྱི་རྗེ་མོའི་རྣམ་རོལ་དུ༔ མཚོ་ལ་ཁ་ཆར་བབ་པ་ལྟར༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ མཐུ་ནུས་གཟི་བྱིན་བསྐྱེད་པར་གྱུར༔ དེ་ནས་འབོད་སྔགས་འདི་ཉིད་སྤྲོ་བསྡུའི་དམིགས་པའི་གནད་ཀྱིས༔ ཆུ་བོའི་གཞུང་ལྟར་རྒྱུན་མི་འཆད་པར་བཟླའོ༔ མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཡ་ཧྲཱིཾཿཛ་ཛཿབར་སྐབས་སུ་བསྐང་གསོལ་གྲངས་མང་བསགས༔ དེ་ལྟར་བསྒོམ་དམིགས་ཀྱི་གནད་དང་ལྡན་པས་བསྒྲུབ་ན་ཁྱིམ་འོད་ཀྱི་གང་བའམ༔ གཏོར་མ་ལ་མེ་འབར་བའམ་ཐོག་འཚགས་པ་སེར་བ་བྱུང་བའམ༔ ཉམས་དང་རྨི་ལམ་གྱི་སྣང་ངོར་བུད་མེད་མང་པོ་འདུ་བ་དང་༔ དབྱིངས་ཀྱི་རྗེ་མོའི་ཞལ་མངོན་སུམ་དུ་མཐོང་བ་སོགས་གྲུབ་པའི་ལྟས་མཚན་རིང་པོར་མི་ཐོགས་པར་འབྱུང་ངེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་སློབ་བུ་རིག་རྩལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཨེ་ཀ་ཙ་ཏི་འཁོར་དང་བཅས༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ མངྒ་ལཾ།།།།