TTDL-ZABTER-13-PA-020
TTDL-ZABTER-13-PA-020
ཡེ་ཤེས་སྒྱུ་འཕྲུལ་རོལ་པ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྱག་རྒྱ་ཁམས་གསུམ་དབང་སྡུད་བཞུགས་སོ༔ ན་མོ་གུ་རུ་ཡེ༔ ༠༠༠༠བརྡ་ཡིག༦༧ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་མདུན༔ ཆོས་བཟང་ལྷ་ཡི་མདུན་ས་རུ༔ རཱ་གའི་གཞལ་ཡས་ཁང་དབུས་སུ༔ རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ པདྨ་ཉི་མ་ཟླ་ཕྱེད་སྟེང་༔ ཧྲཱིཿལས་དྲང་སྲོང་ལྷའི་བླ་མ༔ དམར་གསལ་བག་དྲོ་ལྷུན་ཆགས་པ༔ ཤིན་དུ་ཆགས་པའི་གོས་རྒྱན་སྤང་༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་དང་༔ འོད་ཕུང་བསྐལ་པའི་མེ་ལྟར་འབར༔ རལ་པ་ཐོར་ཚུགས་ཟླ་ཕྱེད་བརྒྱན༔ ཕྱག་གཡས་ལྕགས་ཀྱུ་གཡོན་ཞགས་པ༔ མཆན་ཁུང་གཡས་སུ་གཏེར་བུམ་བརྟེན༔ ལིང་ག་བསྒྲེང་ཞིང་འོད་དམར་མཆེད༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ གཡོན་ཏུ་ལྷ་མོ་ཨུ་མ་དམར༔ མཚན་དཔེས་མཛེས་ཤིང་ལང་ཚོ་རྒྱས༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ ཡབ་ལ་བཏུད་ཅིང་སྐུ་ལ་རེག༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ བདེ་ཆེན་འབར་བའི་འོད་དམར་འཁྲིགས༔ སྔོ་ལྗང་རལ་པ་ཐོད་དུ་བཅིང་༔ དེ་ལྟར་ཡབ་ཡུམ་གཉིས་མེད་པའི༔ དགྱེས་ཆགས་དགའ་བདེའི་ཉམས་དང་ལྡན༔ མེ་ཏོག་ཀུ་མུཏ་ཨུཏྤ་ལ༔ ཐོད་གདེངས་དང་ནི་དོ་ཤལ་བྱས༔ ཤར་དུ་འགུགས་བྱེད་ཆེན་མོ་ཡི༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ ལྷོ་རུ་འཆིང་བྱེད་ཆེན་མོ་ཡི༔ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་ཏུ་རྨོངས་བྱེད་ཆེན་མོ་ཡི༔ ཕྱག་ན་ལྕགས་ཀྱུ་ལྕགས་སྒྲོག་བསྣམས༔ བྱང་དུ་མྱོས་བྱེད་ཆེན་མོ་ཡི༔ ཕྱག་ན་ལྕགས་ཀྱུ་དྲིལ་བུ་བསྣམས༔ ཀུན་ཀྱང་གཞོན་དུ་བཅུ་དྲུག་ཚོད༔ མཛེས་སྡུག་མཚན་དཔེའི་ལང་ཚོས་སྤྲས༔ འོད་ཕུང་བསྐལ་པའི་མེ་ལྟར་འབར༔ ཁམས་གསུམ་མ་ལུས་དབང་སྡུད་ཅིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ དེ་ལྟར་བསྐྱེད་རིམ་གནད་ལྡན་པས༔ གནས་གསུམ་རྡོ་རྗེའི་སྙིང་པོ་དང་༔ རང་རང་སྲོག་གི་ཡི་གེ་ལས༔ འོད་འཕྲོས་རྒྱལ་བའི་ཞིང་ཁམས་དང་༔ འབྱུང་ལྔའི་ངོ་བོ་དབྱིངས་ཀྱི་ལྷ༔ དཀར་སེར་དམར་ལྗང་མཐིང་ཀ་ཡི༔ ཁ་དོག་ལྡན་པའི་ལྷ་ཆེན་པོ༔ བསྒོམ་པ་དང་འདྲའི་སྤྱན་དྲངས་བསྟིམས༔ དེ་ནས་འབོད་པའི་གནད་དམ་པ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ༴དམ་ཚིག༴སྒོ་གསུམ༴བདག་གི༴ཕྱི་ནང་གསང༴ཐུགས་དམ་བསྐང༴གདུང་དབྱངས༴ཕྲིན་ལས༴མ་གཡེལ་མ་འགྱངས་ས་མ་ཡ༔ འབོད་པའི་སྔགས་ནི་འདི་ལྟ་སྟེ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིང་ཛ༔ དེ་ནི་གཙོ་བོའི་འབོད་པ་སྟེ༔ གཙོ་འཁོར་དྲིལ་བསྒྲུབ་འབོད་པ་ནི༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིང་༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿབཛྲ་ས་མ་ཡ་ཛཿཞེས་འབོད་སྔགས་རྟགས་མ་འབྱུང་བར་དུ་བརྗོད༔ སླར་ཡང་བསྒྲུབ་སྔགས་བཟླ་བ་ལ༔ ཨོཾ་མ་ཧཱ་དྷཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིང་༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ སརྦ་བ་སུ་སིདྡྷི་ཧཱུྃ་ཛཿཤེས་པ་གཞན་དུ་མ་ཡེངས་པར༔ ཏིང་འཛིན་བརྟན་པོའི་གནད་ལྡན་ན༔ ཟླ་བ་དྲུག་གི་ཚད་ཐེམས་ཚེ༔ མངོན་སུམ་ལྷ་ཞལ་མཇལ་བར་འགྱུར༔ ལས་སྔགས་བསྒྱུར་བ་གཞན་ནས་ཤེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་ནི་བོན་སྐྱེས་གཡུང་དྲུང་ཕུན་ཚོགས་ཀྱིས་ནན་དུ་བསྐུལ་ངོར་དེའི་ངོ་སྐལ་དུ་བདུད་འཇོམས་སྟག་ལྷ་མེ་འབར་གྱིས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།།།