TTDL-ZABTER-13-PA-026
TTDL-ZABTER-13-PA-026
༠༠༠༠བརྡ་ཡིག༨༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་བརྟེན་པའི་པྲ་མོ་ཁམས་གསུམ་གསལ་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༩༠པྲ་མོའི་ལག་ལེན་རིམ་པ་ལ༔ ལྷ་ཆེན་གྲུབ་པའི་རྟགས་ཐོན་ནས༔ རྟག་ཏུ་མཆོད་གསོལ་ཆགས་མེད་བཏང་༔ རྡེའུ་དཀར་པོ་གཅིག་དང་ནི༔ ནག་པོ་བརྒྱད་ནི་གཙོ་འཁོར་ཚུལ༔ དང་པོ་མོ་བརྡར་བྱ་བ་ལ༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམས་ལ་ཕྱག་མཚལ་ཞིང་སྐྱབས་སུ་མཆིའོ༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པ་དང་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས༔ ལེགས་ཉེས་ཇི་ལྟར་འདུག་ཀྱང་དེ་ལྟར་གསལ་བར་ཕོབ་ཅིག༔ དྲང་སྲོང་ལྷའི་བླ་མ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཁམས་གསུམ་སྣང་སྲིད་ཀྱི་དབང་ཕྱུག་ཆེན་པོ༔ ཡུམ་མཆོག་ལྷ་མོ་ལུགས་སྐྱེས་མ༔ སྲས་མཆོག་ལེགས་ལྡན་ནག་པོ༔ སྤྲུལ་པའི་ལྷ་མོ་འགུགས་བྱེད་མ༔ འཆིང་བྱེད་མ༔ སྡོམ་བྱེད་མ༔ མྱོས་བྱེད་མ༔ དཔལ་མགོན་བདུན་ཅུ་རྩ་ལྔ༔ སྣང་སྲིད་དྲེགས་པའི་ཚོགས་དང་བཅས་པ་ཐམས་ཅད་བཀའ་དམ་གཉན་པོ་དཔང་དུ་བཙུག་ནས་འབོད་དོ༔ རྫུ་འཕྲུལ་གྱི་དབང་གིས་འདིར་གཤེགས་ཤིང་བཞུགས་ནས༔ བདག་གི་པྲ་མོ་ལེགས་ཉེས་ཇི་ལྟར་འདུག་ཀྱང་དེ་ལྟར་གསལ་བར་ཕོབ་ཅིག༔ གསལ་བར་སྟོན་ཅིག༔ གང་འདོད་ལྟར་སྨྲོས་ནས༔ གབ་གསང་མེད་པར་མོ་འདིའི་རང་གཞུང་ལྟར་ཕོབ་ཅིག༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཛ་ཛཿཔྲ་མོ་གསལ་བར་ཕོབ་ཅིག༔ ཅི་མང་བརྗོད་ནས་ཕུ་བཏབ་ཅིང་སྤྲུགས་ནས་རིམ་བཞིན་མོ་གཞིར་འཕང་༔ ༈གཅིག་ལ་བབ་ན་ཅི་ལ་བཏབ་ཀྱང་བཟང་༔ ལྷ་ཕྱྭར་གང་བསྒྲུབ་རིང་པོར་མི་ཐོགས་འགྲུབ༔ གཞི་ཕྱྭར་དགའ་བདེར་དགེ་ལེགས་ཡོན་ཏན་འཕེལ༔ མགྲོན་ཕྱྭར་དགྲ་མེད་མགྲོན་པོ་དོན་ཡང་འགྲུབ༔ གྲོགས་ཕྱྭར་དགའ་མགུར་ལྡན་པས་ཡིད་ཚིམས་བྱེད༔ ཨེ་འདུམ་ནའང་འདུམ་ཞིང་ཕན་ཚུན་མཐུན༔ ནད་ཕྱྭར་ནད་པ་མི་འཆི་མྱུར་དུ་འཚོ༔ ཨེ་འཕྲད་འཕྲད་ཅིང་ཨེ་ཐུབ་བྱས་ན་ཐུབ༔ ཨེ་སླེབ་སླེབ་ཅིང་ཨེ་རྒྱལ་བྱས་ན་རྒྱལ༔ ཨེ་འགྲུབ་ཨེ་དགེ་བྱས་ན་འགྲུབ་ཅིང་དགེ༔ སྲིད་ཕྱྭར་བུ་འབྱུང་བར་ཆད་རྐྱེན་ལས་གྲོལ༔ དགྲ་ཕྱྭར་དགྲ་མེད་བོར་བ་འཕྲལ་དུ་རྙེད༔ གཞན་ཡང་ཅི་ལ་བཏབ་ཀྱང་ལེགས་པའི་མཆོག༔ ༈གཉིས་བབ་བསྒྲུབ་ཕྱྭར་བཏབ་པ་དེ་མི་འགྲུབ༔ གཞི་ཕྱྭར་འདྲེ་འཚུབས་ཆེ་སྟེ་རིམ་གྲོར་འབད༔ ནད་པ་མོ་འདྲེ་མོ་གདོན་གནོད་པས་བཏབ༔ བླ་ཁྱེར་བཅོས་སུ་མེད་པའི་སྐབས་སུ་བབ༔ ནད་མེད་སྲོག་ཕྱྭར་བཏབ་ཀྱང་མྱུར་དུ་འཆི༔ ཚོང་དང་དོན་གཉེར་ཕམ་དང་ཉེས་འགྱོད་ཆེ༔ མགྲོན་ཕྱྭར་ཉེས་ཆེ་དགྲ་ཕྱྭར་དགྲ་འཇིགས་ཆེ༔ བོར་བ་མི་རྙེད་ལས་གཞན་གང་མི་འགྲུབ༔ ཨེ་འཕྲད་མི་འཕྲད་ཨེ་སླེབ་སླེབ་མི་སྲིད༔ ཨེ་ཐུབ་མི་ཐུབ་ཨེ་འཐོན་མི་འཐོན་འགྱུར༔ གཞན་ཡང་ཅི་ལ་བཏབ་ཀྱང་ཤིན་ཏུ་ངན༔ ༈གསུམ་བབ་ལྷ་ཕྱྭར་གྲུབ་ཟིན་འཕྲལ་ལས་འགྲུབ༔ གཞི་ཕྱྭར་བཀྲ་ཤིས་ནད་པར་འདྲེ་གདོན་མེད༔ སྲོག་ཕྱྭར་སྲོག་བརྟན་མགྲོན་ཕྱྭ་ཚོང་ཕྱྭ་དང་༔ དོན་ཕྱྭར་དོན་འགྲུབ་ཨེ་ཐོན་བྱས་ན་སླེབ༔ བོར་བ་རྙེད་ཅིང་དགྲ་མེད་ཨེ་ཐུབ་ཐུབ༔ གཞན་ཡང་ཅི་ལ་བཏབ་ཀྱང་ཤིན་ཏུ་ལེགས༔ ༈བཞི་བབ་གཞི་ཕྱྭར་རྒྱལ་གདོན་འཚེ་བ་ཆེ༔ ནད་པར་རྒྱལ་པོའི་གདོན་གྱིས་ཟིན་པ་ལ༔ རིམ་གྲོ་ཆེན་པོ་བྱས་ན་འཚོ་ཡང་སྲིད༔ ལྷ་ནི་ཡུན་རིང་བསྒྲུབ་ན་འཚོ་ཡང་སྲིད༔ ཐག་རིང་མགྲོན་པོར་དགྲ་བོའམ་སྟོར་བརླག་མང་༔ བོར་བ་དགྲ་ཡིས་ཁྱེར་ཟིན་རྙེད་པ་མིན༔ ཨེ་ཐོན་བྱས་ན་མི་སླེབ་དགྲ་རྐུན་རྒོད༔ གཞན་ཡང་ལས་གང་བསྒྲུབ་ཀྱང་ཕྱིས་པ་ཆེ༔ འུར་ངོ་སྐྲག་དངངས་འཇིགས་བྲེད་ཆེ་བའི་མོ༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་སྨད་ཙམ༔ ༈ལྔ་བབ་ལྷ་ཕྱྭར་ལྷ་མྱུར་འགྲུབ༔ གཞི་ཕྱྭར་དགེ་ལེགས་བརྟན་པ་དང་༔ གདོན་ཕྱྭར་བཙན་དང་ཐེའུ་རང་གདོན༔ ནད་ཕྱྭར་ནད་པ་རིམ་གྲོས་འཚོ༔ སྲོག་ཕྱྭར་ཚེ་སྲོག་གེགས་སྐྱོན་མེད༔ ཚོང་ཕྱྭ་དོན་ཕྱྭ་མགྲོན་ཕྱྭར་བཟང་༔ ཨེ་འཕྲད་འཕྲད་ཅིང་ཨེ་ཐོན་ཐོན༔ དགྲ་ཕྱྭར་དགྲ་མེད་བོར་བ་རྙེད༔ ཨེ་འདུམ་འདུམ་ཞིང་ཨེ་ཐུབ་བྱས་ན་ཐུབ༔ སྲིད་ཕྱྭར་བུ་འབྱུང་བསྡེབ་ན་མཐུན༔ ༈དྲུག་བབ་གཞི་ཕྱྭར་སྟོར་བརླག་ཧབ་ཤ་འབྱུང་༔ གང་བསྒྲུབ་ལྷ་དེ་ལས་འཕྲོ་མེད་པས་རིང་༔ སྲིད་ཕྱྭར་བུ་མོ་མང་སྟེ་གྲོགས་བསྡེབ་འབྱེད༔ ནད་པ་མི་འཚོ་འཆི་བའི་དུས་ལ་ཐུག༔ གདོན་ཕྱྭར་རྒྱལ་པོ་མོ་འདྲེ་ཟུང་འགྲོགས་གནོད༔ ཨེ་སླེབ་ཕྱི་དལ་ཆེ་སྟེ་དོན་ཕྱྭར་ཆུང་༔ མགྲོན་པོར་ཉེས་འགྱོད་ཆེ་སྟེ་དཀའ་ཆེན་འབྱུང་༔ དགྲ་ཕྱྭར་དགྲ་རྐུན་འཚེ་བ་ཤིན་ཏུ་རྒོད༔ བོར་བ་དགྲ་ལག་ཤོར་ཏེ་སླར་མི་རྙེད༔ ཨེ་འཕྲད་མི་འཕྲད་ཨེ་ཐུབ་ཐུབ་མི་སྲིད༔ འདི་ནི་འུར་ཟིང་ཆེ་བའི་མོ་ཡིན་སྐད༔ ༈བདུན་བབ་ལྷ་ནི་གང་བསྒྲུབ་མྱུར་དུ་འགྲུབ༔ གཞི་ཕྱྭར་ཉེས་མེད་རིམ་གྲོའི་དུས་མཆོད་འབད༔ སྲིད་ཕྱྭར་བུ་དང་བུ་མོ་ཆ་མཉམ་འབྱུང་༔ གྲོགས་བསྡེབས་མཐུན་ཞིང་དོན་ཕྱྭར་དོན་དེ་འགྲུབ༔ དགྲ་ཕྱྭར་དགྲ་རྐུན་འབྱུང་ཡང་གནོད་མི་ནུས༔ བོར་བ་རིང་ནས་རྙེད་དེ་ཕས་རྒོལ་ཐུབ༔ མགྲོན་ཕྱྭར་ཕྱི་དལ་ཆེ་ཡང་ཉེས་འགྱོད་མེད༔ ནད་ཕྱྭར་ནད་ཡུན་རིང་ནའང་རིམ་གྲོས་འཚོ༔ གདོན་ཕྱྭར་སྡེ་བརྒྱད་བྱད་ཁ་ཆེ་བའི་ང་ོ༔ ཁ་མཆུ་འདུམ་ཞིང་རྒྱལ་ཁ་འདྲ་མཉམ་ཙམ༔ གཞན་ཡང་ཅི་ལ་བཏབ་ཀྱང་འབྲིང་ཙམ་མོ༔ ༈བརྒྱད་བབ་གཞི་ཕྱྭར་བཏབ་ན་ལེགས་པ་ལ༔ ལྷ་གསོལ་དུས་མཆོད་ཆག་པས་ལྷ་འཁྲུགས་ཡོད༔ གང་བསྒྲུབ་ལྷ་དེ་དབང་ལུང་མེད་པའི་ངོ་༔ བོར་བ་འཕྲལ་རྙེད་དོན་གཉེར་དོན་དེ་འགྲུབ༔ ཕས་རྒོལ་ཐུབ་སྲིད་ཨེ་འཕྲད་བྱས་ན་འཕྲད༔ དགྲ་ཕྱྭར་དགྲ་མེད་ཡོད་ཀྱང་དགྲ་ཕམ་ང་ོ༔ ཨེ་སླེབ་བྱས་ན་མྱུར་དུ་སླེབ་པའི་ངོ་༔ ནད་ཕྱྭར་ནད་པ་འཕྲལ་དུ་སོས་ནའང་༔ སླར་ཡང་ནད་ཀྱིས་ཐེབས་ནས་འཚོ་དཀའ་བས༔ རིམ་གྲོ་ཆེ་ཆུང་དག་ལ་བསྐོར་བརྟན་བྱ༔ ནད་མེད་སྲོག་ཕྱྭར་བཟང་ངན་མོ་བཏབ་ན༔ སྲོག་ཕྱྭར་ཉེས་མེད་ཚེ་སྲོག་བརྟན་ཞེས་ཟེར༔ ལས་ཀ་བྱས་ན་ལེགས་ཤིང་འགྲུབ་པའི་ངོ་༔ ༈དགུ་བབ་ས་མཁར་གསར་དུ་འཛིན་པ་ལ༔ འཕྲལ་ཕུག་ཀུན་ཏུ་དགེ་ལེགས་འཕེལ་རྒྱས་འགྱུར༔ གཞི་ཕྱྭར་ཟངས་དཀར་འོ་མས་གང་ཞེས་འབྲིང་༔ རིམ་གྲོ་བསོད་ནམས་ཆེན་པོ་བསགས་ལ་འབད༔ ལྷ་བསྒྲུབ་འགྲུབ་ཟིན་ཕྲིན་ལས་གང་བརྩམས་འགྲུབ༔ བོར་བ་རང་རྩར་ཡོད་དེ་འཕྲལ་དུ་རྙེད༔ དོན་གང་གཉེར་ཀྱང་དོན་དང་ལྡན་པར་འོང་༔ ཕར་རྒོལ་མི་ཐུབ་དགྲ་མགོ་ཡན་པར་འཆོར༔ ནད་པ་ཤི་མ་ཟིན་ན་སོས་པ་ཡིན༔ ནད་པ་གཞན་ཡང་ནད་ཚབ་ཆེ་བ་ནི༔ རིམ་གྲོས་མི་བཟློག་བླ་དང་བྲལ་བའི་ངོ་༔ གདོན་ཕྱྭར་ས་བདག་ཀླུ་གདོན་སྡང་བའི་ངོ་༔ ཨེ་སླེབ་བྱས་ན་རང་སར་མ་ཐོན་ན༔ ཞག་དགུ་ཚུན་ལ་མི་སླེབ་ངོ་རུ་བཤད༔ དགྲ་ཕྱྭར་དགྲ་རྐུན་གནམ་ལོ་འདིར་མི་འབྱུང་༔ མགྲོན་པོར་བཏབ་ན་ཉེས་དང་འགྱོད་པ་མེད༔ ཚོང་རྒྱལ་དོན་འགྲུབ་རིང་ནས་སླེབ་པའི་ངོ་༔ དེ་ནི་མོ་ཡི་མཐར་ཕེབས་པ་ཡིན་པས༔ རྒྱལ་པོ་མི་དཔོན་བླ་ཆེན་དག་ལ་བཟང་༔ སྲིད་ཕྱྭར་བུད་མེད་གྲོགས་དང་བསྡེབ་པ་མཐའ༔ ༈ཇི་ལྟར་ངན་ཡང་རིམ་གྲོར་བསྐོར་ནས་སྨོད༔ ཇི་ལྟར་བཟང་ཡང་ལན་གསུམ་བསྐྱར་བཏབ་པས༔ བབ་ཚུལ་བརྟགས་ནས་ངེས་པར་ཐག་ཆོད་བྱ༔ ལྷ་ཆེན་བསྒྲུབ་མཆོད་བྱས་པའི་སྐྱེས་བུ་ཡིས༔ མི་དེས་མངོན་ཤེས་ཚད་མར་འགྱུར་ངེས་སོ༔ འདི་ཡིས་མི་མཐོང་བྱ་བ་གཅིག་ཀྱང་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་རིགས་སྲས་པདྨ་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།