TTDL-ZABTER-13-PA-037

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-037

༠༠༠༠བརྡ་ཡིག༡༢༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་གཏེར་གྱི་བདག་པོའི་སྒྲུབ་པ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་བཛྲ་པ་ཎ་ཡེ༔ རྒྱ་གར་སྐད་དུ༔ བ་སུ་སུན་དྷ་པ་ན་ཡེ༔ བོད་སྐད་དུ༔ ནོར་གྱི་བདག་པོ་ཞེས་བྱ་བ༔ ༠༠༠༠བརྡ་ཡིག༡༢༨སཱུཪྻ་ན་ཏ་པའི་ཤ་སྐད་དུ་དེ་ཀའི༔ རྣལ་འབྱོར་དབང་ཐང་དཔལ་ཉམས་པས༔ ལོངས་སྤྱོད་དཔལ་འབྱོར་རྒྱས་འདོད་ན༔ ཨཿཞེས་སྟོང་པ་ཁྱབ་བརྡལ་ལ༔ པརཿཞེས་འདོད་རྒུ་རང་བྱུང་བ༔ ཙིཏྟཿའཁོར་འདས་ཀུན་གྱི་སྙིང་༔ མ་བྱས་རང་བྱུང་རང་ཤར་བ༔ འདི་ཡིས་འདོད་རྒུའི་ཡོན་ཏན་ཀུན༔ སྤེལ་ཞིང་བསྒྱུར་ཏེ་དབྱིངས་སུ་འཇུག༔ འདི་བསྒྲུབ་རེ་དོགས་བགེགས་བསྐྲད་ཕྱིར༔ ལྷ་རུ་འཛིན་པ་དཀར་གྱིས་མཆོད༔ འདྲེ་རུ་འཛིན་པ་དམར་གྱིས་བཀར༔ རང་ཉིད་ཡི་དམ་གང་རུང་ལ༔ རྣམ་པ་ཕྱག་ན་རྡོ་རྗེ་རུ༔ གསལ་བའི་ངང་ནས་འདི་ལྟར་རོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གསང་བདག་ཕྱག་ན་རྡོ་རྗེ་མཐིང་༔ ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ གློག་དམར་ལྟ་བུའི་ལྗགས་འདྲིལ་ཞིང་༔ གངས་རི་ལྟ་བུའི་ཚེམས་ཕྲེང་ཅན༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲིགས༔ རྡོ་རྗེ་གཡས་ལ་སྦྲུལ་ཞགས་གཡོན༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཐོད་ཕྲེང་གྱིས་བརྒྱན་སྟག་ཤམ་ཀླུབས༔ ཡེ་ཤེས་མེ་དཔུང་འབར་འཁྲིགས་ཀློང་༔ སྣང་སྲིད་དྲེགས་པ་ཟིལ་གནོན་བསམ༔ མདུན་དུ་རིན་ཆེན་སྣ་ཚོགས་པའི༔ ཁང་བཟང་གསེར་གྱི་རྒྱལ་མཚན་ཅན༔ རྒྱ་ཆེ་བཀོད་ལེགས་ཡངས་པའི་དབུས༔ གསེར་ཁྲི་པདྨ་ཟླ་གདན་དབུས༔ བླ་རྟེན་མི་དམིགས་སྟོང་པའི་ངང་༔ ཙིཏྟ་ཧཱུྃ་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་དབང་བྱིན་བསྡུས༔ འགྲོ་དྲུག་སེམས་ཅན་བདེ་ལ་བཀོད༔ སྣོད་བཅུད་དཔལ་ཡོན་མ་ལུས་པ༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ནོར་བདག་ཨ་པར་དཀར་པོ་ནི༔ ཞལ་འཛུམ་ཁྲོ་གཉེར་སྤྱན་གསུམ་པ༔ ཕྱག་གཡས་ནོར་བུ་དབང་རྒྱལ་དང་༔ གཡོན་པས་ནོར་སྐྱུགས་ནེའུ་ལེ་བསྣམས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ གནག་སྣུམ་རལ་པ་རྟིང་རྩར་སླེབ༔ དགོས་འདོད་འབྱུང་བའི་ནོར་བུ་ཡི༔ ཕྲེང་བ་དང་ནི་དོ་ཤལ་མཛད༔ སྐུ་ཡི་བ་སྤུའི་བུ་ག་ནས༔ འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྱིས༔ སེམས་ཅན་ཀུན་གྱི་བློ་ཡིད་སེམས༔ རང་དབང་མེད་པར་དབང་དུ་བསྒྱུར༔ དྲག་ཤུལ་ནུས་པ་དཔའ་ཟིལ་གྱིས༔ ཐོགས་བཅས་ཐོགས་མེད་དགྲ་དང་བགེགས༔ དབང་སྡུད་ཟིལ་གནོན་ལས་ལ་བཀོལ༔ བྱང་ཕྱོགས་གནོད་སྦྱིན་སྡེ་རིས་འབངས༔ ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ གསང་བ་གསུམ་གྱི་ངང་དུ་བསྟིམ༔ དབྱེར་མེད་དུ་མ་རོ་གཅིག་ཏུ༔ གྱུར་ཏེ་བདག་གི་འདོད་པའི་དོན༔ རྟག་ཏུ་བསྒྲུབ་ཅིང་བཀའ་ཉན་བསམ༔ གནས་གསུམ་ཡི་གེ་འབྲུ་གསུམ་དང་༔ ཐུགས་ཀར་ཙིཏྟ་ཧཱུྃ་ཉིད་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་དང་༔ ནོར་བདག་ཆེན་པོ་བཀའ་འཁོར་བཅས༔ གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས༔ ཨ་པར་ཙིཏྟའི་རྣམ་རོལ་དུ༔ མཚོ་ལ་ཁ་ཆར་བབ་པ་ལྟར༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ཨོཾ་ཨ་པ་ར་ཙིཏྟ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ཞག་བཞིར་དམིགས་པའི་གནད་ཀྱིས་འབོད༔ དེ་ནས་འབོད་སྔགས་བརྒྱ་ཡི་མཐར༔ སྔགས་འདི་སྨྲ་བཅད་བར་མེད་བཟླ༔ ཨོཾ་ཙིཏྟ་ཡཀྴ་ཁུག་དུང་དུང་ཤོག༔ ཙིཏྟ་ཁ་ལ་ཡ་སྙིང་ལ་བྲེང་བྲེང་དུང་དུང་མི་སྙིང་བསྒུལ་བསྒུལ་སྭཱ་ཧཱ༔ ཡང་ཅིག་ཙིཏྟ་བསྐུལ་བའི་སྔགས༔ ཨོཾ་ཙིཏྟ་ནྲྀཿའགུལ་འགུལ༔ རྒྱུག་རྒྱུག༔ བྲེང་བྲེང་དུང་དུང་སྭཱ་ཧཱ༔ ཙིཏྟའི་སྲོག་སྔགས་མཁའ་འགྲོས་གནད་ལ་དབབ་པ་ལ༔ ཨོཾ་ཙིཏྟ་ཧ་རི་ནི་ས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ ཞེས་སྟན་གྱི་དྲོད་མ་ཡལ་བར་སྡོད་ཚུགས་ནས་ཡིད་དམ་ལྷའི་ང་རྒྱལ་བཟུང་༔ མི་ཚིག་གིས་བར་མ་ཆོད་པར་སྔགས་ཆུ་བོའི་རྒྱུན་ལྟར་བཟླ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ནངས་པར་ཆུའི་ཁམས་ནས་ཆུའི་ངོ་བོ་སྟོང་པ་ཨ་པར་དཀར་པོའི་རྣམ་པར་མཚོ་ལ་ཁ་ཆར་བབ་པ་ལྟར་བྱུང་ནས་བསྐྱེད་པའི་ལྷ་ལ་ཡང་ཡང་བསྟིམ༔ སྔ་དྲོ་ནམ་མཁའི་ངོ་བོ་ཨ་པར་མཐིང་གའི་རྣམ་པར་བུ་ཡུག་འཚུབས་པ་ལྟར་བྱུང་ནས་བསྐྱེད་པའི་ལྷ་ལ་ཐིམ་པར་ཡང་ཡང་བསམ་པ་དང་༔ ཉིན་གུང་ས་ཡི་ངོ་བོ་ཨ་པར་སེར་པོའི་རྣམ་པར་འབྱུང་ནས་ཐིམ་པར་བསམ་པ་དང་༔ དགོང་མོ་མེ་ཁམས་དྲོད་ཀྱི་ངོ་བོ་ཨ་པར་དམར་པོའི་རྣམ་པར་རྒྱུན་མི་ཆད་པར་ཐིབ་ཀྱིས་བྱུང་ནས་ཐིམ་པར་བསམ་པ་དང་༔ ནུབ་མོ་རླུང་གི་ངོ་བོ་ཨ་པར་ལྗང་ནག་གི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱུང་ནས་བསྐྱེད་པའི་ལྷ་ལ་སིབ་སིབ་ཐིམ་པར་བསམ་པ་དང་༔ བར་སྐབས་སུ་བྱང་ཕྱོགས་གཏེར་གྱི་གནས་ནས་གནོད་སྦྱིན་ནོར་ལྷ་གཏེར་བདག་ཐམས་ཅད་ཨ་པར་ཙིཏྟའི་རྣམ་པར་གྱུར་ཏེ་བསྐྱེད་པའི་ལྷ་ལ་ཐིམ་པར་ཡང་ཡང་བསམ་པ་དང་༔ རེས་འགའ་རང་དང་མདུན་བསྐྱེད་ཀྱི་སྙིང་ག་ནས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ དེ་དག་གི་མཐུ་སྟོབས་ནུས་པ་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་སྤྲིན་ཕུང་འཐིབ་པ་བཞིན་དུ་བྱུང་ནས་བསྐྱེད་པའི་ལྷ་ལ་ཐིམ་པར་བསམ་ནས་བཟླ་བ་གནད་དུ་ཤེས་པར་བྱའོ༔ དེ་ལྟར་བཟླས་པའི་ཚེ་ན་རབ་དངོས༔ འབྲིང་ཉམས་སྣང་༔ ཐ་མ་རྨི་ལམ་ན་ཁྱིམ་ཟས་ནོར་ལོངས་སྤྱོད་ཀྱིས་གང་བ་དང་༔ ཚོགས་མགྲོན་མང་པོ་འདུ་བ༔ ཁྲོམ་མང་འདུས་ནས་རང་ལ་ཕྱག་འཚལ་བ༔ ཟས་ནོར་མང་པོ་འབུལ་བ་དང་༔ རྟ་ཕྱུགས་གནག་ལུག་གིས་ལུང་པའམ་ཕྱུག་ལྷས་གང་བ་རྣམས་དང་༔ ཐོག་འཚེགས་པ་དང་༔ ཁྱིམ་འོད་ཀྱིས་གང་བ་དྲི་བཟང་མཚན་མ་རྣམ་བྱུང་ན་གྲུབ་པའི་ལྟས་བཟང་དུ་ལེགས་ཏེ་ཤིན་ཏུ་བཟང་བ་ཡིན༔ ཕ་རོལ་བན་བོན་སྐྱེས་བུ་ཨ་ཙ་ར་ལ་སོགས་པས་རང་ལ་རྒོལ་བ༔ འཐབ་པ༔ རྩོད་པ༔ རང་གི༔ ནོར་རྫས་ཧབ་ཤ་བྱེད་པ༔ རང་ལ་གཞན་གྱིས་སློང་མོ་བྱེད་པ༔ འཕང་ཆེ་བ་དང་རྟ་ཆུས་ཁྱེར་བ་རྣམས་བྱུང་ན་འཁུ་བའི་ལྟས་ཡིན་ཏེ༔ རང་གཏུམ་པོའི་ང་རྒྱལ་དང་ལྡན་པས་སྔགས་བརྒྱ་སྟོང་བརྗོད་ནས་ཁོ་ལ་དམ་ཆུ་བྲན་པས་ལྕེ་ལ་ཕོག་སྟེ་ཁོང་དུ་སོང་ནས་དམ་ཚིག་གི་སྲོག་ཐོབ་ཅིང་འདའ་བའི་གནས་མེད་པར་བསམ༔ རྡོ་རྗེ་གཏུམ་པོའི་ང་རྒྱལ་དང་ལྡན་བཞིན་གཏུམ་པོའི་སྔགས་བཟླ་བཞིན་ཐོད་པ་ལ་ཟངས་ཁབ་ཀྱིས་གཟེར༔ གོང་ལྟར་བཟང་པོའི་ལྟས་བྱུང་ཚེ༔ ཚོགས་བསྐང་མང་དུ་བཏང་ང་ོ༔ ཇི་ལྟར་བྱས་ཀྱང་ལེགས་ལྟས་མ་བྱུང་ན་སྔགས་མགོ་མཇུག་བཟློག་ནས་བཟླས་པས་ལྟས་ངེས་པར་འབྱུང་ང་ོ༔ ས་མ་ཡ༔ བསྐྱེད་དང་སྨྲ་བཅད་གནད་ལྡན་ན༔ ཞག་དགུ་རང་གི་འགྲུབ་པའི་ཚད༔ དེ་ཡིས་འགྲུབ་རྟགས་མ་བྱུང་ན༔ ལན་དགུར་དཔོག་པས་ངེས་པར་འགྲུབ༔ མཆོད་དང་སྦྱིན་པ་མང་བཏང་ན༔ མངའ་ཐང་རྒྱལ་པོ་དག་ལ་འགྲན༔ བཀའ་སྲུང་ཁྱབ་འཇུག་ཆེན་པོར་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་རིགས་སྲས་རིག་འཛིན་ནོར་བུས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཡིག་མེད་ཨུ་པ་དེ་ཤ་ལས་བསྒྱུར་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ངག་དབང་ཕྲིན་ལས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།