TTDL-ZABTER-13-PA-038

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-038

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་ནོར་གྱི་བདག་པོའི་ཕྱག་རྒྱ་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གནོད་སྦྱིན་ནོར་གྱི་བདག་པོ་ཡི༔ ཕྱག་རྒྱ་འཁོར་ལོས་བསྒྱུར་བ་ལ༔ རང་ཉིད་ཡི་དམ་གནས་འགྱུར་ཏེ༔ གསང་བདག་རྡོ་རྗེ་གཏུམ་པོར་གསལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས་ཀོ྅་ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་དབུས་སུ༔ རིན་པོ་ཆེ་ནོར་བུ་བརྩེགས་པའི་ཁྲི་ཡི་ཁར༔ པདྨ་དང་ཟླ་བའི་གདན་ལ་ཏྲིཿཡིག་དཀར་པོ་གསལ་བ་ལས་འོད་འཕྲོས་པས་གནོད་སྦྱིན་ནོར་ལྷའི་ཚོགས་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་ཏྲིཿལ་ཐིམ༔ ཏྲིཿཡོངས་སུ་གྱུར་པ་ལས་ཧཱུྃ་ཧཱུྃ་གནས་སུ་གྱུར་པ་ལས་གནོད་སྦྱིན་ནོར་གྱི་བདག་པོ་ཨ་པར་ཙིཏྟ་སྐུ་མདོག་དཀར་པོ་ཁྲོ་བོའི་ཆ་བྱད་ཅན་སྤྱན་མིག་འབུར་ཞིང་འདྲིལ་ལ་ཁད་པ་བག་དྲོ་ཞིང་ལྷུན་ཆགས་པ་རལ་པ་རྟིང་རྩར་སླེབ་པ༔ ཕྱག་གཡས་རིན་པོ་ཆེའི་ནོར་བུའི་དབྱུག་པ་དང་༔ གཡོན་པས་ནེའུ་ལེའི་རྐྱལ་པའི་ཁ་ནས་ནོར་ལོངས་སྤྱོད་ཀྱི་ཆར་ཆེན་པོ་འབེབས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་དེ་སྐུ་ལ་འོད་དང་འོད་ཕུང་འབར་བའི་གནོད་སྦྱིན་ནོར་གྱི་བདག་པོ་འཁོར་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ༔ གཞན་ཡང་འོད་དང་འོད་ཟེར་རྒྱུན་མི་ཆད་པར་འབྱུང་བ་ལྔའི་ཁམས་ནས་འབྱུང་བ་ལྔའི་ནོར་བདག་ཐམས་ཅད་དང་༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས་ནོར་བདག་ཛམ་ལྷ་རིགས་ལྔ་འཁོར་དང་བཅས་པ་རྣམས་དང་༔ རྒྱལ་བ་སྲས་དང་བཅས་པ་ནོར་བདག་ཆེན་པོའི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པར་བསྒོམ་ལ༔ ཡཀྴ་ཨ་པ་ར་ཙིཏྟ་ས་མ་ཡ་ཛ་ཛཿཞེས་འབོད་སྔགས་དེ་ཅི་མང་བརྗོད་ཅིང་དམིགས་པའི་གནད་དང་ལྡན་པར་བྱ༔ དེ་མཐར་གསོལ་མཆོད་ལ་འབད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་ཀུན་བཟང་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེའོ།།།།