TTDL-ZABTER-13-PA-041
TTDL-ZABTER-13-PA-041
༠༠༠༠བརྡ་ཡིག༡༤༡ཆོས་ཉིད་ནམ་མཁའི་ཀློང་ལས༔ ནོར་བདག་ཨ་པར་དཀར་པོའི་ཚོགས་མཆོད་མི་ཟད་རྒྱན་འཁོར་བཞུགས་སོ༔ བཛྲ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༤༢བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་སྐལ་ལྡན་རྣམས༔ ལོངས་སྤྱོད་འབྱོར་པ་ལྡན་པའི་ཕྱིར༔ ནོར་བདག་ཨ་པར་དཀར་པོ་ཡི༔ ཚོགས་མཆོད་མི་ཟད་རྒྱན་འཁོར་བསྟན༔ དང་པོ་འབྱོར་བ་ལྡན་བྱས་ཏེ༔ ཚོགས་མཆོད་རྒྱ་ཆེན་འབུལ་བ་ན༔ ཕྱིས་ནས་ལོངས་སྤྱོད་རྒྱ་ཆེར་འཕེལ༔ དེ་ཕྱིར་ཚོགས་མཆོད་རིམ་པ་ལ༔ ཤ་ཆང་བཟའ་བཏུང་སྤོད་ཀྱི་རིགས༔ དཀར་གསུམ་ཤིང་ཏོག་འབྲུ་སྣ་དང་༔ མདོར་ན་བཟའ་བཏུང་གང་འོས་ཚོགས༔ རི་རབ་རོལ་མཚོའི་ཚུལ་དུ་བཤམས༔ དེ་ནས་འབག་རྩོག་སྦྱངས་པ་ལ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་འཕྲོས་གཟུང་འཛིན་དྲི་མ་བསྲེགས༔ ཡཾ་ལས་རླུང་གིས་དངོས་འཛིན་གཏོར༔ ཁཾ་ལས་ཆུ་ཡིས་སེར་སྣ་སྦྱངས༔ རཾ་ཡཾ་ཁཾ༔ དེ་ནས་བྱིན་གྱིས་བརླབ་པ་ལ༔ ཧཱུྃ༔ ཆོས་ཉིད་དག་པའི་མཁའ་ཀློང་ནས༔ འཇའ་ཚོན་དང་ནི་སྨིག་རྒྱུ་བཞིན༔ འདོད་ཡོན་ནམ་མཁའ་མཛོད་དུ་འཕྲུལ༔ ཟག་མེད་བདེ་སྟོང་བདུད་རྩི་ཡི༔ བཅུད་ལྡན་ཕྱི་ནང་གསང་མཆོད་ཀྱིས༔ དཔག་ཡས་ནམ་མཁའི་ཁམས་གང་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ལ༔ ཧཱུྃ༔ ཀ་དག་སྤྲོས་བྲལ་མཁའ་དབྱིངས་ལས༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕོ་བྲང་གསེར་གྱི་རྒྱལ་མཚན་ནས༔ ས་བརྒྱད་གནོན་པའི་སེམས་དཔའ་སྟེ༔ ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ འདོད་ཡོན་ནམ་མཁའ་མཛོད་ཀྱི་བདག༔ ཨ་པར་ཙིཏྟ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་བདག༔ ཛམ་ལྷ་རིགས་ལྷ་གཤེགས་སུ་གསོལ༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ དབང་དྲག་རོལ་པའི་སྐུར་སྟོན་པ༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ གཞན་ཡང་གནས་ཡུལ་དུར་ཁྲོད་དང་༔ མཁའ་སྤྱོད་ས་སྤྱོད་འོག་མིན་ནས༔ དངོས་གྲུབ་གཏེར་གྱི་བདག་པོ་སྟེ༔ དཔའ་བོ་དང་ནི་མཁའ་འགྲོ་མ༔ མ་ལུས་ལུས་པ་མེད་པ་རུ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བྱིན་རླབས་འོད་ཕུང་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་ཉི་ལི་ལི༔ གཡེར་ཁ་དྲིལ་ཆུང་སི་ལི་ལི༔ གར་ཁྱུག་བྲོ་བརྡུང་ཁྲིགས་སེ་ཁྲིག༔ སྙན་པའི་གླུ་དབྱངས་འུ་རུ་རུ༔ སྣ་ཚོགས་གར་གྱི་རྣམ་འགྱུར་གྱིས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ དེ་ནས་བདུད་རྩི་འབུལ་བ་ལ༔ ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཟག་མེད་བདུད་རྩི་འདི༔ བཀའ་བརྒྱུད་བླ་མའི་ཚོགས་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་འདི༔ ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་གི་དངོས་གྲུབ་མྱུར་དུ་སྩོལ༔ དམ་ཚིག་ཅན་གྱི་བདུད་རྩི་འདི༔ མ་དང་མཁའ་འགྲོའི་ཚོགས་ལ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་འདི༔ གནོད་སྦྱིན་ནོར་ལྷའི་ཚོགས་ལ་འབུལ༔ ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧཱུྃ༔ རོ་བརྒྱ་ནུས་པ་སྟོང་ལྡན་པའི༔ བཅུད་ལྡན་དཔལ་གྱི་ཞལ་ཟས་འདི༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ ནོར་གྱི་བདག་པོ་ཨ་པ་ར༔ ལོངས་སྤྱོད་གཏེར་གྱི་བདག་པོ་ཡི༔ འཁོར་དང་ཡང་འཁོར་བཅས་ལ་འབུལ༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་༔ དམ་པ་སྐུ་གཉིས་འགྲུབ་པར་ཤོག༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ན་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ མ་ལུས་གསན་ཅིང་དགོངས་སུ་གསོལ༔ བདག་གི་སྒོ་གསུམ་བག་མེད་པས༔ ཉེས་བྱས་ཉམས་ཆག་སྡིག་ལྟུང་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ག་ཎ་ཙཀྲ་སཏྭ་སོགས༔ དེ་ནས་བསྒྲལ་བ་བྱ་བ་ལ༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ཤན་པ་འབུམ༔ སྤུ་གྲི་རླུང་གི་གཤོག་པ་ཅན༔ གསོད་བྱེད་མཚོན་ཆ་ངར་མ་ཐོགས༔ ཛཿལས་མཁའ་འགྲོ་ལྕགས་ཀྱུ་མས༔ སྒབ་འདྲེ་གདུག་པའི་སྙིང་ནས་དྲོངས༔ ཧཱུྃ་ལས་ལས་བྱེད་ཞགས་པ་མས༔ དགྲ་བགེགས་སྐེ་ནས་ཆིངས་ལ་ཤོག༔ བཾ་ལས་ལས་བྱེད་ལྕགས་སྒྲོགས་མས༔ དགྲ་བགེགས་ཡན་ལག་རྣམ་བཞི་སྡོམ༔ ཧོཿལས་ལས་བྱེད་དྲིལ་བུ་མས༔ དགྲ་བགེགས་དབང་པོ་མྱོས་སུ་ཆུག༔ ཕུར་པ་ཅན་གྱིས་སྙིང་ལ་རྒྱོབ༔ རལ་གྲི་ཅན་གྱིས་དུམ་བུར་གཏུབ༔ ཐུན་དང་མཚོན་གྱིས་ཆར་ཕོབ་ལ༔ ཕུང་ལྔ་ཁམས་དང་སྐྱེ་མཆེད་བཅས༔ ཐལ་བའི་རྡུལ་བཞིན་བརླག་ནས་ཀྱང་༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ས་མ་ཡ་དགྲ་བགེགས་མཱ་ར་ཡ་ཐུལ་ཐུལ་ཧུར་ཐུམ་རྦད་བྷྱོ༔ ཞེས་པ་ཐུན་གྱིས་བྲབ་ཅིང་དྲག་སྔགས་བརྗོད༔ དེ་ནས་ཞལ་དུ་བསྟབས་པ་ལ༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་ཀུན༔ ཤ་རི་ཁྲག་གི་རྒྱ་མཚོ་རུ༔ བསྒྱུར་ཏེ་ཡེ་ཤེས་དབྱིངས་ཀྱི་ལྷའི༔ ཞལ་དུ་བསྟབ་བོ་ལྷག་མེད་རོལ༔ དགྲ་བགེགས་གནོད་བྱེད་ཕོ་མོའི་མ་ཧཱ་མཾ་ས་མ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿདེ་ནས་ལྷག་མ་འབུལ་བ་ལ༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དབང་བསྐུར་བྱིན་རླབས་གཉེར་གཏད་ཅིང་༔ དཀྱིལ་འཁོར་མཐའ་སྐྱོངས་བསྟན་སྲུང་བའི༔ གཉེར་བླངས་དབང་ཕྱུག་འབར་མ་སོགས༔ ལྷག་ལ་དབང་བའི་ལྷག་སྐྱོང་རྣམས༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་རོལ༔ ཕྱི་ནང་བར་ཆད་དབྱིངས་སུ་གསོལ༔ བསྟན་དགྲ་གདུག་པ་ཚར་ཆོད་ལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་མ་ཧྲཱིང་བྷྱོ་ཛཿསརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཨུཙྪི་ཥྚ་བ་ལིང་ཏ་ཁཱ་ཧི༔ དེ་ནས་ཆད་ཐོ་བཏང་བ་ལ༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ གསང་སྔགས་བཀའ་ཡི་སྲུང་མ་རྣམས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ དེ་འོག་བར་གྱི་བསྐལ་པ་ལ༔ གསང་བདག་དྲེགས་པ་ཀུན་འདུལ་གྱིས༔ དམ་བཏགས་དབང་བསྐུར་གཉེར་གཏད་པའི༔ ཡེ་ཤེས་འཇིག་རྟེན་དྲེགས་པ་ཅན༔ མ་ལུས་འདིར་གཤེགས་གཏོར་མ་ལོངས༔ དེ་འོག་བསྐལ་པའི་ཐ་མ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་དྲེགས་པ་ཕོ་མོའི་ཚོགས༔ རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ལ༔ ཆད་མདོ་དམར་གྱི་གཏོར་མ་ལོངས༔ སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ༔ སྒབ་འདྲེ་གདུག་པའི་སྙིང་ཁྲག་རོལ༔ བསྟན་འགྲོ་བདེ་ལ་འགོད་པར་མཛོད༔ གཡར་དམ་ཅི་བཞིན་ཕྲིན་ལས་མཛོད༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་མདོ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཏགས་གཉེར་གཏད་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བཀའ་སྡོད་བཅས༔ རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ལ༔ བཤལ་ཆུའི་གཏོར་མ་འདི་བཞེས་ཤིག༔ དམ་ཚིག་གཉན་པོ་དྲན་གྱིས་ལ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མདོར་ན་བསྒྲུབ་ལ་བར་གཅོད་པའི༔ གནོད་བྱེད་མ་ལུས་རྡུལ་དུ་རློགས༔ མ་མ་ཧྲཱིང་ཧྲཱིང་ཨེ་དཾ་བ་ལིང་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ ཆོས་དབྱིངས་རོལ་པའི་མཁའ་ཀློང་དུ༔ མི་སྲུན་གདུག་པའི་རཱུ་དྲ་བྲུབ༔ ཡེ་ཤེས་རྔམས་པའི་རྟ་བྲོ་བརྡུང་༔ འཁྲུལ་མི་ཤེས་པའི་དབྱིངས་སུ་མནན༔ ཆོས་ཉིད་རིག་པའི་དམ་རྒྱས་བསྡམས༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུཾ་ལཾ༔ སུཾ་ལཾ༔ སྒབ་འདྲེ་སྟྭཾ་བྷ་ཡ་ནན༔ དུ་ཏྲི་མཱ་ར་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧོཿརྩ་གསུམ་དམ་ཅན་སྲུང་མའི་ཚོགས༔ མ་ལུས་བདག་ལ་གསན་ཅིང་དགོངས༔ བསྙེན་ཅིང་བསྒྲུབ་པའི་ཚད་དམ་ཐེམས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ གསང་བ་མཆོག་གི་དབང་དངོས་གྲུབ༔ མ་ལུས་ལུས་པ་མེད་པ་རུ༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ མི་ཟད་གཏེར་གྱི་བདག་པོ་ཡིས༔ འདོད་དོན་ཐུན་མོང་དངོས་གྲུབ་ཀུན༔ སྩོལ་ལ་མི་ཟད་གཏེར་དུ་སྤེལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་ཧོཿསརྦ་དྷརྨ་པཱ་ལ་སརྦ་རཏྣ་བ་སུ་སིདྡྷི་ཧོཿདེ་ནས་བཤགས་པ་བྱ་བ་ནི༔ ཧོཿརྩ་གསུམ་སྲུང་མའི་སྤྱན་སྔ་རུ༔ བདག་གི་སྒོ་གསུམ་བག་མེད་པས༔ མ་རིག་མ་ཚོར་མི་ཤེས་ཤིང་༔ སྒྲུབ་པའི་དམ་ཚིག་དང་འགལ་བའི༔ ཉམས་ཆག་ཉེས་ལྟུང་རྟོག་སྒྲིབ་ཀུན༔ མི་འཆབ་མི་སྦེད་གནོང་འགྱོད་ཀྱིས༔ བཤགས་སོ་དག་ཅིང་ཚངས་པར་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿའདི་དང་དུས་གསུམ་དགེ་ཚོགས་ཀུན༔ བསྡུས་ཏེ་འགྲོ་བ་ཡོངས་ལ་བསྔོ༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ རྣམ་མཁྱེན་རྫོགས་སངས་རྒྱས་གྱུར་ཅིག༔ ལན་གསུམ༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧོཿརྟེན་དང་བརྟེན་པའི་དཀྱིལ་འཁོར་ཀུན༔ འཇའ་ཚོན་དབྱིངས་སུ་ཞིག་པ་བཞིན༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ངང་༔ ཀུན་སྣང་ཁྱབ་བརྡལ་ཆེན་པོར་ཨཱཿདེ་ནས་ཆད་མཐའ་བསལ་བ་ལ༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་སྒྱུ་མའི་སྐུ༔ རྒྱན་དང་ཆ་ལུགས་རྫོགས་པ་རུ༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ མི་ཤིགས་རྡོ་རྗེའི་གོ་ཁྲབ་བགོ༔ བཛྲ་ཙཀྲ་རཀྵ་རཀྵ་ཧོཿདེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་སྐུའི་དཔལ༔ གང་འདུལ་ཐུགས་རྗེའི་སྤྲུལ་པའི་སྐུར་སྟོན་མཛད༔ སྐུ་གསུམ་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག༔ མ་རིག་འཁོར་བར་འཁྱམས་པའི་སེམས་ཅན་ཀུན༔ རང་རིག་ཀ་དག་ལྷུན་འབྱམས་མངོན་གྱུར་ནས༔ ཆོས་ཉིད་དེ་བཞིན་ཉིད་ཀྱི་གདིང་ཐོབ་སྟེ༔ རང་གྲོལ་རང་དབང་ཐོབ་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ དེ་ལྟར་རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ གཏེར་བདག་དམ་ཅན་སྲུང་མ་སྐད་ཅིག་གི༔ ཚོགས་ཀྱི་ཞིང་དུ་ཡིད་ཀྱིས་བཀོད་ནས་སུ༔ སྣོད་བཅུད་འདོད་ཡོན་སྣང་བ་ཐམས་ཅད་ཀུན༔ འདོད་ཡོན་ཚོགས་ཀྱི་འཁོར་ལོར་བསྒྱུར་སྤེལ་ཏེ༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་ཕྱིར༔ ཕུལ་བས་མཆོག་ཐུན་དངོས་གྲུབ་འབད་མེད་འབྱུང་༔ གནོད་སྦྱིན་གཏེར་གྱི་བདག་པོ་ཨ་པ་ར༔ དངོས་སུ་བསྐྱེད་ཅིང་གསལ་བའི་གཟེར་གདབ་སྟེ༔ བརྟན་པ་ཐོབ་ནས་སྣང་སྲིད་སྣོད་བཅུད་ཀུན༔ དེ་ཡི་ཀློང་དུ་ཆུབ་པར་བྱ་བ་ཡིན༔ རྒྱ་མཚོའི་དབྱིངས་སུ་གཟའ་སྐར་ཤར་བ་ལྟར༔ རོལ་པ་གཅིག་དུ་ཤེས་པ་མཆོད་ཏུ་གནད༔ དེ་ལྟར་སྣང་སྲིད་དབང་དུ་བསྒྱུར་བའི་གནད༔ མེད་ན་འདོད་དོན་དངོས་གྲུབ་དེ་ཙམ་མོཿགནད་འདི་ཚུལ་བཞིན་ལྡན་པའི་སྐྱེས་བུ་དེ༔ སྣང་སྲིད་དབང་བསྒྱུར་ལོངས་སྤྱོད་མངའ་ཐང་རྒྱས༔ ཕྱི་ནང་བར་ཆད་གེགས་རྐྱེན་འབྱུང་མི་སྲིད༔ ཡིད་བཞིན་ནོར་བུ་ལྟ་བུའི་གདམས་པ་འདི༔ བཀའ་སྲུང་གནོད་སྦྱིན་ཤན་དམར་ཁྱོད་ལ་གཏད༔ ཚུལ་བཞིན་ཉམས་སུ་ལེན་པའི་སྐྱེས་བུ་ཡི༔ འདོད་ཡོན་འབད་མེད་ལྷུན་གྱིས་འགྲུབ་པ་དང་༔ རྐྱེན་ངན་སྒབ་འདྲེ་བར་ཆད་རྡུལ་དུ་བརླག༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག་དགེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།