TTDL-ZABTER-13-PA-046
TTDL-ZABTER-13-PA-046
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་དུག་གི་སྤུ་གྲི་ལ་བཅོལ་གཏམ་བྱ་བ་ཡིད་བཞིན་བང་མཛོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༧༩གཟའ་མཆོག་ཆེན་པོ་བསྒྲུབ་པ་ཡི༔ རྣལ་འབྱོར་བསྐྱེད་རྫོགས་གདིང་ལྡན་ལ༔ སྙིང་ཉེ་མཐུ་ཆེ་ལས་མྱུར་ཕྱིར༔ ཟངས་སམ་ལྕགས་ཀྱི་སྣོད་མཆོག་ཏུ༔ བཤོས་བུ་ཤ་ཁྲག་དམར་གྱིས་བརྒྱན༔ འབྲུ་སྣ་ཟས་སྣ་སྤོད་ཀྱི་རིགས༔ མདོར་ན་འབྱོར་ཚོགས་ཅི་རིགས་བཤམས༔ འགུག་གཞུག་བྱས་ནས་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པའི་ངོ་བོ་ལ༔ མཐུན་རྫས་འདོད་རྒུའི་རྣམ་པར་སྤེལ༔ ནམ་མཁའ་མཛོད་ཀྱི་སྔགས་མང་བརྗོད༔ ཧཱུྃ་ཛཿདྲེགས་པའི་གཙོ་བོ་རཱ་ཧུ་ལ༔ གཟའ་མཆོག་ཆེན་པོ་དགོངས་སུ་གསོལ༔ སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་༔ སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདེ་གཤེགས་རིན་ཆེན་སྙིང་པོ་དང་༔ གསང་བའི་བདག་པོ་རྡོ་རྗེ་ཅན༔ རིག་འཛིན་པདྨ་ཐོད་ཕྲེང་སོགས༔ བརྒྱུད་གསུམ་བླ་མའི་བཀའ་དམ་ཚིག༔ གཏའ་རུ་བཞག་ཅིང་དཔང་བཙུགས་ནས༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་གི་ཟས་ནོར་ལོངས་སྤྱོད་དཀོར༔ མ་ལུས་སྲུང་བའི་སྲུང་མ་མཛོད༔ གཏད་དོ་གཉེར་རོ་ཁྱོད་ལ་བཅོལ༔ མི་རྣམས་སྲུང་བའི་སྲུང་མ་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་བསྒྲལ་ཞིང་བརླག་པར་མཛོད༔ ཁང་ཁྱིམ་སྲུང་བའི་སྲུང་མ་མཛོད༔ ལྟོག་འགོང་དབུལ་སྲི་བསེ་རག་ཐུལ༔ ཟས་ཀྱི་གཉེར་འཛིན་སྲུང་མ་མཛོད༔ འགོང་འདྲེ་ཕོ་མོ་ཆམ་ལ་ཕོབ༔ ནོར་རྣམས་སྲུང་བའི་སྲུང་མ་མཛོད༔ གཞན་ནོར་སྟོབས་ཀྱིས་འཕྲོག་བྱས་ཏེ༔ བང་མཛོད་ནོར་གྱིས་གང་བར་མཛོད༔ ཕྱུགས་རྣམས་སྲུང་བའི་སྲུང་མ་མཛོད༔ གྲངས་དང་འཕེལ་ཁ་རྒྱས་པར་མཛོད༔ རྐུ་འཕྲོག་བྱེད་པའི་དགྲ་བོ་དང་༔ གོད་སྲི་ཕུང་སྲི་བརླག་པར་མཛོད༔ གོ་མཚོན་སྲུང་བའི་སྲུང་མ་མཛོད༔ སྲ་མཁྲེགས་རྣོ་དབལ་ནུས་ལྡན་མཛོད༔ མདོར་ན་བདག་ཉིད་རྣལ་འབྱོར་གྱིས༔ བདག་ཏུ་བཟུང་བའི་དཀོར་ནོར་ཀུན༔ བཀའ་སྲུང་གཉན་པོ་ཁྱོད་ལ་གཏད༔ ཉིན་གསུམ་གྱི་བྱ་ར་མཛོད་ཅིག༔ མཚན་གསུམ་གྱི་མེལ་རྩེ་མཛོད་ཅིག༔ སྡང་བའི་དགྲ་བྱུང་ན་ཁ་རླངས་དུག་གི་སྤུ་གྲིས་སོད་ཅིག༔ གནོད་པའི་བགེགས་བྱུང་ན་མཐུ་རྩལ་ནུས་པ་དྲག་ཤུལ་གྱི་སྟོབས་དང་རྩལ་གྱིས་གཞོམ་པར་མཛོད་ཅིག༔ བྱད་བྱུང་ན་བྱད་སྣ་ཁོ་རང་ལ་རང་གཤེད་དུ་ཕོབ་ཅིག༔ བདག་རྣལ་འབྱོར་སྒྲུབ་པ་པོ་ལ་དགྱེས་པའི་ཞལ་སྟོན་ཅིག༔ གྲུབ་པའི་རྟགས་མཚན་སྟོན་ཅིག༔ འདོད་པའི་དོན་སྒྲུབས་ཤིག༔ ཚེ་དང་བསོད་ནམས་སྤེལ་ཅིག༔ དཔལ་དང་འབྱོར་པ་བསྐྱེད་ཅིག༔ འཁོར་དང་བསྟན་པ་སྲུངས་ཤིག༔ ཆག་ཆེ་དང་ཉམ་ང་བཟློག་ཅིག༔ མདུན་གྱི་འཁར་བ་གྱིས་ཤིག༔ རྒྱབ་ཀྱི་བརྟེན་ས་གྱིས་ཤིག༔ མི་ལ་ན་ཚ་མ་བཏང་༔ ཕྱུགས་ལ་གོད་ཁ་མ་བཏང་༔ ནོར་རྫས་ལ་སྟོར་བརླག་མ་བཏང་༔ བསམ་པ་ལ་བར་ཆད་མ་བཏང་༔ ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའི་ལས་ཐམས་ཅད་བསམ་པ་བཞིན་དུ་ཐོགས་པ་མེད་པར་སྒྲུབ་པའི་ཕྲིན་ལས་མཛོད་ཅིག༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ གཟའ་མཆོག་ཆེན་པོ་ཡིད་བྱེད་ཅིང་༔ ཚིག་དོན་ཡིད་ལ་དྲན་བཞིན་གསལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་རྟོགས་ལྡན་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།