TTDL-ZABTER-13-PA-063
TTDL-ZABTER-13-PA-063
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཕུར་སྲུང་དམ་ཅན་རྒྱ་མཚོའི་བསྐང་གསོལ་ཆོས་ཉིད་སྤྲིན་ཕུང་ནི༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་གྱིས༔ དཀར་གསུམ་མངར་གསུམ་ཤ་ཁྲག་དང་༔ འབྱོར་ཚོགས་གཏོར་མ་སྐྱེམས་ཕུད་བཤམས༔ དངོས་འཛིན་སྟོང་ཉིད་ཆེན་པོར་བཤིག༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སླར་ཡང་སྟོང་པའི་ངང་ཉིད་ལས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ ནམ་མཁའ་མཛོད་སྔགས་བརྗོད་ནས་སླར༔ ཧཱུྃ་བྷྱོ་ཛཿསྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལས༔ དབྱིངས་ཀྱི་རྗེ་མོ་གཤེགས་སུ་གསོལ༔ སྤྲུལ་པས་སྲིད་པ་དབང་བསྒྱུར་མོ༔ སྲིད་པའི་རྒྱལ་མོ་གཤེགས་སུ་གསོལ༔ རེ་ཏཱི་མཆེད་བཞི་གཤེགས་སུ་གསོལ༔ ཤྭ་ན་མཆེད་བཞི་གཤེགས་སུ་གསོལ༔ བསྭེ་མོ་མཆེད་བཞི༴མིང་པོ་གིང་བཞི༴དབང་ཕྱུག་ཉེར་བརྒྱད༴འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཧཱུྃ༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་འདི༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་༔ རེ་མ་ཏཱི་ཡི་ཐུགས༴རེ་མ་ཏ་ཡི་ཐུགས༴རེ་མ་ཛ་ཡི་ཐུགས༴རེ་མ་ཛུ་ཡི་ཐུགས༴ཤྭ་ན་མུ་ཁའི་ཐུགས༴སྲི་ལ་མུ་ཁའི་ཐུགས༴ཀུ་ཀུ་མུ་ཁའི་ཐུགས༴རྡོ་རྗེ་དེ་བྱིན་ཐུགས༴རྡོ་རྗེ་བསྭེ་བྱིན་ཐུགས༴རྡོ་རྗེ་ཡ་བྱིན་ཐུགས༴རྡོ་རྗེ་ཕག་བྱིན་ཐུགས༴དུང་གི་སྐྱེས་བུའི་ཐུགས༴བསྭེ་ཡི་སྐྱེས་བུའི་ཐུགས༴ཟངས་ཀྱི་སྐྱེས་བུའི་ཐུགས༴ལྕགས་ཀྱི་སྐྱེ་བུའི་ཐུགས༴འཁོར་དང་བཅས་པའི་ཐུགས༴དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་༔ མདོར་ན་རྡོ་རྗེ་འཆང་དབང་དང་༔ པདྨ་ཐོད་ཕྲེང་སྤྱན་སྔ་རུ༔ ཕུར་པའི་སྲུང་མར་ཁས་བླངས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འགལ་རྐྱེན་བར་ཆར་ཞི་བ་དང་༔ ཚེ་བསོད་ཡེ་ཤེས་རྒྱས་པ་དང་༔ ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ གནོད་གདུག་དྲག་ཤུལ་སེམས་ལྡན་པའི༔ དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ བཀའ་བཞིན་བཀའ་སྲུང་མཐུ་རྩལ་ཅན༔ དེ་བཞིན་དམ་ལ་མ་འདའ་ཞིག༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་ཕུར་སྲུང་རྒྱལ་མཚོའི་ཚོགས༔ ཡིད་ལ་བྱས་ཏེ་གྲངས་མང་དུ༔ བཟླས་པས་བྲན་དང་འབངས་སུ་འཁོར༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཉེར་མཁོའི་ཆེད་དུ་བདུད་འཇོམས་པས་སོ།།དགེའོ།།།།