TTDL-ZABTER-13-PA-064

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-064

༠༠༠༠བརྡ་ཡིག༢༣༨ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམར་པོ་ལྷ་གསུམ་གྱི་སྒྲུབ་པ་ལྕགས་ཀྱུ་སྙིང་འཛིན་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༤༠བཀའ་སྲུང་དབང་གི་ལྷ་གསུམ་གྱི༔ དྲིལ་སྒྲུབ་ཉམས་སུ་ལེན་པ་ལ༔ འབྱོར་ཚོགས་གཏོར་མ་ཅི་རིགས་བཤམས༔ སྔགས་དང་ཏིང་འཛིན་སྟོབས་ཤུགས་ཀྱིས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་རཱ་གའི་ཁྲིའི་སྟེང་དུ་པདྨ་དང་ཟླ་ཕྱེད་ཀྱི་གདན་ལ་རང་ཡི་དམ་གྱི་ཐུགས་ཀའི་སྲོག་ཡིག་ལས་ཨཾཿཡིག་དམར་པོ་མེ་སྟག་ཡར་བ་ལྟར་བབས་ཏེ་འོད་ཟེར་ཡར་འཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་ནམས་འབྱུང་བ་བཞིའི་བཅུད་དང་དྭངས་མ་ཐམས་ཅད་ཚུར་འདུས་ཨཾཿལ་ཐིམ༔ ཨཾཿཡིག་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་གསལ་ལྕགས་ཀྱུ་དང་རླུང་ཞགས་བསྣམས་པ་ཞབས་གཉིས་དོར་སྟབས་སུ་བཞེངས་ཏེ་གསང་བའི་རྡོ་རྗེ་བསྒྲེང་བ་སྤྱི་བོར་ཟླ་བ་ཚེས་ཤིང་ལྟེ་བར་ཉི་མ་འཆར་བ་རལ་པ་མཐིང་ནག་ས་ལ་སླེབས་པའོ༔ དེའི་གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་གཡས་ལྕགས་ཀྱུ་དང་གཡོན་ཉི་ཟེར་གྱི་ཞགས་པ་བསྣམས་ནས་ཡབ་ཀྱི་སྐུ་ལ་རེག་པ་མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་དྲན་པ་ཙམ་གྱིས་རེ་བ་སྐོང་བར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱོགས་བཞིར་སྤྲུལ་པ་ལས་ཀྱི་ལྷ་མོ་རྣམ་བཞི་ལྕགས་ཀྱུ་དང་རང་རྟགས་ཀྱི་ཕྱག་མཚན་བསྣམས་པར་བསྐྱེད་དོ༔ སླར་ཡང་རང་ཡི་དམ་གྱི་སྲོག་ཡིག་ལས་ཡི་གེ་ཀྵ་ཧྲཱིཿའཕྲོས་ཏེ་ལྷ་ཆེན་དབང་ཕྱུག་ཆེན་པོའི་གཡས་ལོག་ཏུ་བབ་པ་ལས་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་ཤིང་རྔམས་པ་ཕྱག་བཞི་གཡས་གཉིས་རལ་གྲི་དང་གྲི་གུག་བསྣམས་ཤིང་གཡོན་གཉིས་སྙིང་ཞགས་དང་ཐོད་ཁྲག་འཛིན་པ་ཡུམ་གསོད་བྱེད་དམར་མོ་སྤུ་གྲི་དགྲ་སྙིང་ཐོགས་པ་གཉིས་མེད་དུ་སྦྱོར་བ་མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་ཆིབས་ཤིང་ལས་མཁན་སྤྲུལ་པའི་འཁོར་བརྒྱད་ཀྱིས་བསྐོར་བ་བསྐལ་པའི་མེ་རླུང་འཁྲིགས་པའི་ཀློང་དུ་བསྐྱེད་དོ༔ དབང་ཕྱུག་ཆེན་པོའི་གཡོན་ལོག་ཏུ་ཡི་གེ་ཙ་ཏྲིཿདམར་ནག་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཙིའུ་དམར་པོ་རྟ་དམར་མིག་གསུམ་ལ་ཞོན་པ་རབ་འཇིགས་ཁྲོ་གཏུམ་བལྟར་མི་བཟོད་པ་གཡས་བཙན་མདུང་དང་གཡོན་བཙན་ཞགས་བསྣམས་ནས་འཁོར་གསུམ་སྐེད་ལ་བསྐོར་བ་འཁོར་རང་འདྲའི་སྐྱེས་བུ་ཞུབ་ཆེན་དྲུག་གིས་བསྐོར་བ་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མི་མངོན་མི་ཤིགས་པའི་རྡོ་རྗེའི་གོ་ཁྲབ་གསོལ་ཞིང་སྤྲུལ་པ་ལས་ཀྱི་ཕོ་ཉ་ཁྲ་ཐབས་སུ་འགྱེད་པ་དེ་དག་གི་ཕྱི་རིམ་དཔལ་མགོན་བདུན་ཅུ་རྩ་ལྔ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྟོང་གསུམ་ཡུལ་ལྷ་གཞི་བདག་ལ་སོགས་པའི་སྣང་སྲིད་ཀྱི་དྲེགས་པ་ཅན་གྱིས་བསྐོར་ནས་ལྷ་མིའི་ཁྲོམ་འཚོགས་པ་ལྟ་བུར་བདག་གི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་བསྐྱེད་དོ༔ དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷ་ཆེན་དབང་ཕྱུག་ཆེན་པོ༔ གནོད་སྦྱིན་ཤན་པ་དམར་ནག༔ བཙན་རྒྱལ་ཙིའུ་དམར་པོ་འཁོར་དང་བཅས་པ་དམ་ཚིག་དབང་གིས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྐྱི་སེར་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་བསྐྱེད་པའི་ལྷ་ལ་སིབ་སིབ་ཏུ་ཐིམ་པར་བསྒོམ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ཧོཿདགོངས་སུ་གསོལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ༔ གནོད་སྦྱིན་ཤན་པ་དམར་ནག༔ བཙན་རྒྱལ་ཙིའུ་དམར་པོ་ཡབ་ཡུམ་སྤྲུལ་འཁོར་དང་བཅས་སོགས༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ ལྷ་གནས་གསུམ་དང་གངས་དཀར་རྒྱ་མཚོའི་འགྲམ༔ ཁམས་གསུམ་དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ དབང་དྲག་རོལ་པ་ཧེ་ཆེན་བརྡལ་བ་དང་༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ གནོད་སྦྱིན་ཤན་པ་འཁོར་བཅས་གཤེགས་སུ་གསོལ༔ བྷ་ཏ་ཧོར་དང་ཤམ་གླིང་དཀོར་མཛོད་གླིང་༔ གར་བཞུགས་གནས་ནས་གནོད་སྦྱིན་ཙི་མ་ར༔ བཀའ་སྡོད་སྤྲུལ་འཁོར་དང་བཅས་གཤེགས་སུ་གསོལ༔ སྒྲུབ་པའི་གནས་འདིར་དགྱེས་པའི་གདན་ལ་བཞུགས༔ བདག་གི་བྲན་དང་སྲུང་མར་མངའ་གསོལ་ལོ༔ དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་དང་༔ བཙོས་དང་རྗེན་ཤ་ཁྲག་དང་ཁུ་བ་རྐང་༔ རོ་བརྒྱའི་ཟས་སྣ་གཟུགས་འགྲོས་དཀོར་ནོར་དང་༔ རང་རང་དགྱེས་པའི་མཐུན་རྫས་སྣ་ཚོགས་འབུལ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་དང་༔ ཕྱི་ནང་གསང་བའི་མཆོད་རྫས་སྣ་ཚོགས་འབུལ༔ ཕྲིན་ལས་རབ་འབྱམས་འབད་མེད་མྱུར་འགྲུབ་མཛོད༔ ཨརྒྷཾ་སོགས་ནས་སྔགས་མཆོད་བརྗོད༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཁམས་གསུམ་དབང་སྡུད་དབང་ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་དྲེགས་པའི་གཙོ་བོ་ཁྱོད་ལ་བསྟོད༔ གནོད་སྦྱིན་སྡེ་རིགས་ཀུན་ལས་མངོན་མཐོ་བ༔ དབང་དང་དྲག་པོའི་ཕྲིན་ལས་མངའ་དབང་བསྒྱུར༔ གནོད་སྦྱིན་ཤན་པ་དམར་ནག་ཁྱོད་ལ་བསྟོད༔ སྲོག་བདག་ཀུན་གྱི་རྒྱལ་པོ་ཙི་མ་ར༔ སྤྲུལ་པའི་ལས་མཁན་སྐྱེས་བུ་རོལ་པ་བདུན༔ རུ་འདྲེན་སྡེ་བཞི་ལས་མཁན་བཅས་ལ་བསྟོད༔ ཁྱེད་རྣམས་བསྟེན་བསྒྲུབ་མཆོད་གསོལ་བྱས་པའི་འབྲས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ ཁ་འཛིན་སྡོང་གྲོགས་མེལ་ཚེ་སྐྱེལ་བསུ་དང་༔ འདོད་དོན་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད༔ ཁྱད་པར་གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མ་ལུས་མ་འགྱང་ཐལ་བའི་རྡུལ་དུ་རློག༔ བཀའ་དམ་གཉན་ལ་མ་འདའ་ས་མ་ཡ༔ དེ་ནས་འབོད་སྔགས་ནི༔ ཨོཾ་མ་ཧཱ་དཱེ་ཝ་ཧཱུྃ༔ ཨུ་མ་དཱེ་ཝི་ཧྲཱིང་༔ ཨེ་ཧེ་མྲ་རུ་ཙེ་གུ་ཎ་ཧྲཱི་ཏྲི་ཤུ་ལ་ཏྲི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿབསྐྱེད་དང་དམིགས་པའི་གནད་ལྡན་ན༔ ཟླ་བ་གསུམ་ལས་མི་འགྱང་བ༔ མངོན་སུམ་དབང་པོའི་སྒོ་རུ་སྣང་༔ ཕྲིན་ལས་རབ་འབྱམས་ཐོགས་མེད་འགྲུབ༔ བསྐང་གསོལ་གཏོར་མ་མང་དུ་བྱ༔ འབོད་རྟགས་ཐོན་ཚེ་ཚོགས་འཁོར་ལོ༔ རྒྱ་ཆེན་བསྐོར་ན་ལོངས་སྤྱོད་འཕེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རྣམ་འབྱོར་པ་ཀུན་བཟང་ཆོས་གྲགས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།